མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་ཆར་རླུང་འཚུབ་ཁྲོད་ཀྱི་གཞོམ་གཞིག་བྲལ་བའི་ཀརྨ་པ།

བོད་ཀྱི་དུས་བབ།
༢༠༡༡/༠༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

 ཀླུ་སྨྱོན་ཧེ་རུ་ཀ

བོད་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་མང་པོའི་ཁྲོད་དུ་ཡང་དང་ཡང་དུ་མཐོང་རྒྱུ་ཡོད་པའི་ཚིག་འབྲུ་གསུམ་ནི་ཀརྨ་པ་ཞེས་པའི་ཡི་གེ་འདི་གསུམ་རེད། ཡིག་འབྲུ་འདི་གསུམ་བོད་ཀྱི་ལོ་རྒྱུས་ཆེ་འབྲིང་ཆུང་གསུམ་གྱི་ཁྲོད་ནས་ཅིའི་ཕྱིར་ཡང་ཡང་ཕྱིར་མངོན་ཡོང་དགོས་པ་རེད་ཅེ་ན། དེ་ནི་ཧ་ཅང་ལས་སླ་བ་ཞིག་སྟེ། བོད་པའི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་འགྲན་ཟླ་མེད་པ་ཞིག་བཟུང་ཡོད་པའི་ནང་བསྟན་ཆོས་ལུགས་ཀྱི་ཁྲོད་དུ་བླ་སྤྲུལ་ངོས་འཛིན་ཞུ་བའི་ལུགས་སྲོལ་རླབས་པོ་ཆེ་དེ་ཡང་ཐོག་མར་ཀརྨ་པ་ནས་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ཀརྨ་པ་རིམ་བྱོན་གྱིས་བོད་པའི་ལོ་རྒྱུས་ཁྲོད་དུ་ཆབ་སྲིད་ཁྲོད་ཤུགས་རྐྱེན་དེ་ཙམ་ཆེན་པོ་ཞིག་འཇོག་གནང་མཛད་མེད་ན་ཡང་། ཆོས་ལུགས་ཀྱི་ལོ་རྒྱུས་ཁྲོད་དུ་གོང་ས་ཏྰ་ལའི་བླ་མ་མཆོག་དང་འདྲ་བར་ཀརྨ་པ་དེ་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་དབང་མིའི་རྣམ་པར་བྱོན་པ་ཞིག་ཏུ་ཡོངས་སུ་གྲགས་ཤིང་གྲུབ་ཡོད་ཅིང་། ཁོང་གི་མཚན་ལ་ཡང་གོང་ས་མཆོག་དང་འདྲ་བར་རྒྱལ་དབང་ཀརྨ་པ་ཞེས་ཆེ་བསྟོད་ཞུས་ཡོད།  

སྤྱིར་ན་ཀརྨ་ཞེས་པ་འདི་ནི་ལེགས་སྦྱར་གྱི་ཡི་གེ་ཞིག་ཡིན་པ་དང་། དེ་ལ་བཟང་ཕྱོགས་ནས་འཕྲིན་ལས་ཞེས་བསྒྱུར་ཡོད་པ་ཅུང་ཟད་དམན་པའི་ཕྱོགས་ནས་ལས་ཞེས་བསྒྱུར་ཡོད་པས། བླ་མ་ཞིག་གི་རླུང་རྟ་ཆེ་རུ་རྒྱུགས་སྐབས་ཁོང་གི་འཕྲིན་ལས་རྒྱས་བཞིན་ཡོད་པར་སྨྲ་བ་དང་། ཡང་བླ་མ་དེའི་ཆོས་སྲིད་ཀྱི་བྱ་བར་ལམ་འགྲོ་དེ་ཙམ་མ་རྒྱུགས་སྐབས་དེ་ནི་ཁོང་གི་ལས་རེད་ཅེས་བརྗོད་སྲོལ་ཡང་ཡོད། དེ་ལ་ངོ་མཚར་རྒྱུ་ཅི་ཡང་མེད་པ་སྟེ། བདག་ཅག་གི་སྟོན་པས་ཀྱང་ཁོང་གི་ཞབས་མཐེའུ་ལ་ལྷས་བྱིན་གྱི་སྒྱོགས་རྡོ་ཕོག་པ་དང་སྐུ་རྒྱབ་ན་བ་སོགས་ཁོང་གི་ལས་ཀྱི་ལྷག་མ་ཡིན་པར་གསུངས་ཡོད་པས། རང་རེའི་བླ་ཆེན་ཀརྨ་པ་ལྟ་བུས་ཀྱང་སྐབས་རེར་འཕྲིན་ལས་རྒྱས་ཏེ་སྙན་གྲགས་འཕེལ་བ་དང་། ཡང་སྐབས་རེར་མ་ཉེས་ཁ་གཡོག་ཕོག་སྟེ་ལས་ཀྱི་ལྷག་མ་མྱོང་དགོས་པ་དེ་ནི་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་ཧ་ཅང་ལས་སླ་བོའི་སྒོ་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་ཡིན་ནམ།

ལོ་རྒྱུས་ཀྱི་རླུང་འཚུབ་ཁྲོད་དུ་ཀརྨ་པ་སྐུ་ཕྲེང་རེ་ཟུང་ལ་སྐུ་ངལ་འཕྲད་དེ་ཁོང་གི་གདན་སར་བཞུགས་མ་ཐུབ་པར་འཇང་ས་དམ་ཡུལ་དུ་ཕེབས་དགོས་བྱུང་བ་སོགས་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་དུ་བརྙེད་རྒྱུ་ཡོད་ཅིང་། དེ་དུས་སུ་ཡང་ཀརྨ་པ་ཁོང་ཉིད་ཀྱི་མཛད་པ་འཕྲིན་ལས་ལ་བར་ཆད་རེ་ཟུང་ཐེབས་ན་ཡང་སངས་རྒྱས་ཀྱི་བསྟན་པ་དེ་ཕྱོགས་གང་སར་སྤེལ་བ་ལ་ཐུགས་སྐྱེད་ནམ་ཡང་ཞུམ་པ་མེད་པར་ཕྱོགས་ཀུན་ཏུ་ཕེབས་བཞུད་གནང་བ་ཞིག་རེད་འདུག ཁྱད་པར་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་བཀའ་ཡིག་ཕེབས་པ་ནས་བཟུང་ཏྰ་ལའི་བླ་མ་དང་ཀརྨ་པ་མཆོག་གི་འབྲེལ་ལམ་དེ་ལོ་རྒྱུས་ཀྱི་སྟེང་ནས་བལྟས་ན་ཚད་གཞི་ཧ་ཅང་མཐོན་པོ་ཞིག་ལ་བསླེབས་འདུག

དམིགས་བསལ་ཀརྨ་པ་སྐུ་ཕྲེང་འདི་བར་མཚོན་ན་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་ཞུས་པའི་རྗེས་དེ་གར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་རྩིས་རབ་དང་རིམ་པ་ཞིག་བྱས་པ་ཡོངས་གྲགས་དང་། ཁྱད་པར་དུ་ཁོང་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་ཕེབས་དུས་རྒྱ་དཔོན་ཞིག་གིས་ཤེལ་བུམ་ནང་དུ་བླུགས་པའི་ཉ་ཆུང་ཆུང་འགའ་སྤྱན་འབུལ་ཞུས་ཏེ་འདི་ལ་ཐུགས་མཉེས་པོ་ཡོད་དམ་ཅེས་བཀའ་འདྲི་ཞུས་པར། དེ་དུས་དགུང་ལོ་ཧ་ཅང་ཆུང་ཆུང་ཡིན་པའི་ཀརྨ་པས། “བུམ་པ་ཆུང་ཆུང་འདིའི་ནང་དུ་ཉ་འདི་སྐྱིད་པོ་ཏོག་ཙམ་ཡོད་སྲིད། ཡིན་ན་ཡང་ཉ་འདི་ཡངས་ཤིང་རྒྱ་ཆེ་བའི་རྒྱ་མཚོའི་ནང་དུ་འགྲོ་བཅུག་པ་ཡིན་ན་དེ་ལས་ལྷག་པའི་སྐྱིད་པོ་ཞིག་ཡོང་ངེས་རེད” ཅེས་གསུངས་པ་དེ་སྐབས་དེའི་རྒྱ་གཞུང་གི་མགྲིན་ཚབ་དུས་དེབ་<<ཀྲུང་གོའི་བོད་ལྗོངས་>>ཞེས་པའི་ངོས་སུ་བཀོད་ཡོད་པ་ཁོ་བོས་མཐོང་མྱོང་། ཁོ་བོས་དེ་དུས་གོང་འཁོད་ཀརྨ་པའི་གསུང་དུམ་བུ་དེ་བཀླགས་རྗེས་ལོ་ན་རྒན་ཞིང་སྲིད་དོན་གྱི་ཉམས་མྱོང་གིས་ཁེངས་ཤིང་དྲེགས་པ་ཆེ་བའི་རྒྱ་ནག་དཔོན་རིགས་དག་གི་འཁྲིས་སུ། དགུང་ལོ་ཆུང་ཡང་དགོངས་པ་བཞེས་ཕྱོགས་ཐད་ནས་འགྲན་ཟླ་བྲལ་བའི་རང་བཞིན་ཁྱད་པར་འཕགས་པའི་ཀརྨ་པ་མཆོག་ལ་རང་དབང་མེད་པར་དད་གུས་ཤིག་སྐྱེས་མྱོང་།

རྒྱ་ནག་གཞུང་གི་མགོ་ཁྲིད་དག་ནི་བོད་ཀྱི་ཆབ་སྲིད་གནས་སྟངས་ལ་རྒྱུས་མངའ་ཆེ་ཞིང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་སྙན་གྲགས་ཅན་དག་བེད་སྤྱོད་བཏང་སྟེ་བོད་མི་རིགས་ལ་དབང་སྒྱུར་རབ་དང་རིམ་པ་ཞིག་བྱས་ཡོད་ལ། གོང་ས་ཏྰ་ལའི་བླ་མ་མཆོག་ཕྱི་ཕྱོགས་སུ་བཞུགས་ཤིང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པའི་རྗེས་ཀྱི་ལོ་ཟླ་དེ་དག་གི་ནང་དུ། ཀརྨ་པ་མཆོག་ནི་རྒྱ་ནག་གཞུང་ལ་དགོས་མཁོ་ཆེས་ཆེ་བའི་བོད་ཀྱི་བླ་ཆེན་ཞིག་ཡིན་ཞིང་། གལ་སྲིད་རྒྱ་གཞུང་གིས་ཁོ་ཚོའི་འདོད་པ་དང་མཐུན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་རྒྱལ་གཅེས་ཆོས་གཅེས་ཞེས་པའི་རྩ་དོན་དག་ཀརྨ་པ་མཆོག་གི་ཀླད་པའི་ནང་དུ་འབད་མེད་ལྷུན་གྲུབ་ཏུ་ལྡུག་ཐུབ་པ་ཞིག་བྱུང་ན། དེ་ལས་ལྷག་པའི་སྲིད་གཞུང་གི་བསམ་དོན་འགྲུབ་པ་ཞིག་འབྱུང་ཐབས་མེད་པ་ལྟ་བུ་ཡིན་ན་ཡང་། དགུང་ལོ་ཆུང་ཡང་གཟིགས་རྒྱང་ཧ་ཅང་རིང་པའི་ཀརྨ་པ་མཆོག་གིས་རང་ཉིད་གཅིག་བུ་དང་། ཡང་ན་རང་ཉིད་གང་ལ་གཏོགས་པའི་ཆོས་བརྒྱུད་གྲུབ་མཐའ་དེ་གཅིག་པུའི་ཁེ་ཕན་ལ་མ་གཟིགས་པར། གཞི་རྒྱ་ཆེ་བའི་བོད་ཀྱི་མ་འོངས་རྩ་དོན་དང་བོད་མི་དམངས་ཀྱི་རེ་བ་ངོ་མ་དེ་ལ་གདེང་འཇོག་གིས་འཛམ་གླིང་གི་སྒལ་ཚིགས་སམ་ས་གཞིའི་ཡང་རྩེར་གྲགས་པའི་རི་བོ་ཧི་མ་ལ་ཡ་བརྒལ་ནས། བོད་མིའི་དབུ་ཁྲིད་གོང་ས་ཏྰ་ལའི་བླ་མ་མཆོག་བཞུགས་པའི་རྡ་རམ་ས་ལར་ཤར་རྒྱག་ཕེབས་པ་རེད།

རང་ཡུལ་བཞག་སྟེ་མི་ཡུལ་འགྲིམས་པའི་དུས་དེ་ནས་བཟུང་སྟེ་ད་ལྟ་ལ་ཐུག་གི་བར་དུ། ཀརྨ་པ་མཆོག་གིས་དགུང་ལོ་མཐོ་ཞིང་མཛད་བྲེལ་ཆེ་བའི་གོང་ས་ཏྰ་ལའི་བླ་མ་མཆོག་གི་བཀའ་སློབ་ཚིག་གཅིག་ཡན་ཆད་ལ་གུས་རྩི་ཞུས་ཏེ་སློབ་དཔོན་དང་སློབ་མའི་བར་གྱི་དམ་ཚིག་གསེར་སྲང་སྟོང་ཕྲག་ལས་གྲུབ་པའི་འགྲན་ཟླ་མེད་པའི་མཆོད་སྡོང་ཞིག་བཞེངས་གྲུབ་ཡོད་ཅིང་། དེ་དང་མཉམ་དུ་དགུང་ལོ་གཞོན་པའི་བླ་ཆེན་ཞིག་ལ་དགོས་པའི་གནའ་རབ་དང་དེང་རབ་ཀྱི་ཤེས་བྱ་རིག་པའི་གནས་མང་པོར་ཐུགས་བརྩོན་ཆེན་པོས་སློབ་སྦྱོང་གནང་སྟེ་ངེས་པ་དོན་གྱི་པཎྜི་ཏ་སྐུ་ན་གཞོན་པ་ཞིག་ཏུ་འཚར་ལོངས་བྱུང་ཡོད།

ཡིན་ན་ཡང་ཕྱོགས་གཅིག་ནས་ཀརྨ་པ་མཆོག་བོད་ནང་བཞུགས་དུས་རྒྱ་གཞུང་གིས་ཕྱོགས་གང་ས་ནས་ཁོ་ཚོའི་ལག་ཆར་འགྱུར་བའི་རེ་བ་བྱས་ཏེ་སྲིད་འཛིན་ཅང་ཙེ་མེན་སོགས་མཐོ་རིམ་དཔོན་རིགས་ཀྱིས་མཇལ་འཕྲད་སྣ་ཚོགས་ཞུས་པ་དང་། ཕྱོགས་གཞན་ཞིག་ནས་རྒྱ་གར་གཞུང་གིས་ཀརྨ་པའི་ཡང་སྲིད་རྩོད་རྙོག་ལས་འཕྲོས་ཏེ། སི་ཏུ་རིན་པོ་ཆེ་མཆོག་རྒྱ་གཞུང་གི་སྲིད་ཕྱོགས་དང་འབྲེལ་བ་ཡོད་པར་དོགས་པ་ཟོས་ནས་ཕྱི་སྐྱོད་བཀག་འགོག་བྱས་པ་སོགས་ཀྱི་ཉེར་ལེན་གྱིས། རྒྱ་གར་གཞུང་གིས་ཀརྨ་པ་མཆོག་ལ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་མིག་ལྤགས་ཏོག་ཙམ་གཟེང་བཞིན་ལྟ་གིན་ཡོད་པ་ཡོངས་གྲགས་དང་། ཀརྨ་པ་མཆོག་རང་ངོས་ནས་ཀྱང་མཁྱེན་བརྩེ་ནུས་གསུམ་དང་མཁས་བཙུན་བཟང་གསུམ་ཁྱད་དུ་འཕགས་ཏེ་མཚན་སྙན་ཆེན་པོ་ཆགས་དུས་རང་བཞིན་གྱིས་དེ་ལ་མི་དགའ་བའི་ཕྲག་དོག་གིས་ཡིད་སེམས་མྱོས་པའི་སྐྱེ་བོ་མ་རུང་བ་དུ་མ་ཞིག་ཀྱང་ཕྱོགས་གང་སར་ཡོད་པ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆོས་ཉིད་ཅིག་ཡིན་པས། ཀརྨ་པའི་མཛད་འཕྲིན་གྱི་བར་ཆད་ཅེས་པ་དེ་ནི་ནམ་ཡང་རྐྱེན་དང་འཕྲད་ན་ལྡང་རུང་གི་ཚུལ་དུ་ཡོད་པ་ཞིག་རེད།

ཀམ་ཚང་བཀའ་བརྒྱུད་པར་མཚོན་ན་ཀརྨ་པའི་དབུ་ཞྭ་ནག་པོ་དེ་ནི་མཁའ་འགྲོ་སྟོང་གི་དབུ་སྐྲ་ལས་གྲུབ་པ་ཡིན་སྐད་ཀྱིས་ལོ་རྒྱུས་ཁྲོད་དུ་ཧ་ཅང་རྩ་ཆེར་བརྩི་སྲོལ་ཡོད་པའི་ཞྭ་མོ་ཞིག་རེད་ལ། དད་ལྡན་མང་ཚོགས་ཁྲོད་དུ་ཀརྨ་པ་དང་ཧ་ལམ་གོ་ས་མཉམ་པའི་ཆོས་ལུགས་ཀྱི་དངོས་རྫས་ཤིག་རེད་ཅེས་བརྗོད་ཆོག་པ་ལྟ་བུར་སྣང་། ཡིན་ན་ཡང་ཀརྨ་པ་འདི་བར་མཚོན་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཧ་ཅང་རིང་བའི་དབུ་ཞྭ་འདི་ལ་ཡང་དེ་ཙམ་ཆགས་ཞེན་ཆེན་པོ་གནང་མཁན་ཞིག་རྩ་བ་ཉིད་ནས་མིན་པར། དུས་ཚོད་ཀྱི་འགྱུར་བའི་ཀློང་ནས་ཆོས་ལུགས་ཀྱི་དངོས་རྫས་འདི་ཚོ་དེ་ཙམ་བློས་མི་ཐོངས་པ་ཞིག་ཏུ་ནམ་ཡང་གཟིགས་ཀྱི་མེད། དཔེར་ན་ཁོང་གིས་ཞྭ་ནག་དེ་རྒྱ་དཔོན་ཅང་ཙེ་མེན་ལ་ཡང་གཡོག་ཆོག་པ་ལྟ་བུའི་བཀའ་མོལ་གསུངས་པ་དེ་ལས་ང་ཚོས་ཁོང་གིས་ཕྱི་དངོས་པོ་ལས་ནང་སེམས་ཀྱི་མཛེས་སྡུག་དེ་གལ་ཆེར་གཟིགས་བཞིན་ཡོད་པ་མཐོང་ཐུབ།

སྐབས་བབས་ད་རེས་ཀྱི་ཀརྨ་པའི་བླ་བྲང་གི་དངུལ་དམར་དོན་རྐྱེན་འདི་ནི་ཆུང་ཆུང་བྱས་ན་བོད་པའི་ཆོས་བརྒྱུད་ཀྱི་བླ་ཆེན་ཞིག་ལ་མི་ཁྲི་ཕྲག་གིས་མ་སྐུལ་དང་བླངས་ཀྱིས་ཕུལ་བའི་དངུལ་དངོས་ཕྱིར་མངོན་པ་ཙམ་ཞིག་དང་། ཆེན་པོ་བཟོས་ན་ཡུལ་ཁྲིམས་དང་མི་མཐུན་པར་རྒྱལ་ཁབ་འདྲ་མིན་དུ་མའི་དངུལ་དམར་ཟུར་ཉར་བྱས་པའི་དོན་རྐྱེན་ཞིག་རེད། བོད་པའི་བླ་མ་དང་བླ་བྲང་གི་ལས་བྱེད་བར་གྱི་འབྲེལ་བ་སྤྱི་དང་མཚུངས་པར་ཀརྨ་པའི་བླ་བྲང་གི་ལས་བྱེད་དག་གིས་ཕྱག་ལས་གནང་སྟངས་ཐད་ཀརྨ་པས་མ་འོངས་སྔོན་གཟིགས་ཀྱིས་བཀའ་མོལ་གནད་འགག་ཅན་ཞིག་གསུངས་མྱོང་བ་སྟེ། དེ་ནི་ལོ་གཉིས་སྔོན་ཀརྨ་པ་འདི་ག་ཨ་རིའི་སེ་ཨ་རོལ་ས་གནས་སུ་ཕེབས་དུས་ན་ལེནྡྲ་ཆོས་ཚོགས་སུ་ས་གནས་བོད་རིགས་མི་དམངས་ལ་མཇལ་ཁ་བཀའ་སློབ་ཅིག་བསྩལ་དུས། ཞབས་ཞུ་བ་དག་གིས་བླ་མའི་ལས་དོན་ལ་འགོག་རྐྱེན་བཟོ་བཞིན་ཡོད་ཅེས་ཧ་ཅང་ཞལ་གསལ་བོའི་སྒོ་ནས་གསུངས་སོང་ལ། དེ་ལ་བརྟག་དཔྱད་ཞིབ་འཇུག་གནང་འདོད་ཡོད་ན་དེ་དུས་དེར་ཡོད་པའི་བོད་མི་དག་ལ་དྲིས་ན་གསལ་བོ་རེད།  ཡིན་ན་ཡང་གསལ་བོར་ཞུ་དགོས་པ་ཞིག་ལ་ཁོང་གིས་ངའི་ཞབས་ཞུ་བས་ངའི་ལས་དོན་ལ་འགོག་རྐྱེན་བཟོ་ཡི་ཡོད་ཅེས་གསུངས་མ་སོང་བར། སྤྱིར་གཏང་རྒྱུན་ལྡན་གྱི་གནས་ཚུལ་ལྟ་བུར་གསུངས་སོང་།

ངས་དེ་རིང་སྔ་དྲོར་རང་ཉིད་ཀྱི་སློབ་མ་བོད་ཕྲུག་ཨ་རིར་སྐྱེས་པ་གཉིས་ལ་གོང་ས་ཏྰ་ལའི་བླ་མའི་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>ཞེས་པའི་དེབ་དེ་ཀློག་རོགས་བྱས་དུས། སྟེས་དབང་གིས་སྤྱི་ལོ་༡༩༥༩ལོར་གོང་ས་ཏླ་ལའིོ་བླ་མ་མཆོག་བོད་ནས་རྒྱ་གར་ལུང་བར་སྐྱབས་བཅོལ་ལ་ཕེབས་དུས། བོད་དང་རྒྱ་གར་གྱི་ས་མཚམས་བརྒལ་ལ་མ་བརྒལ་གྱི་དུས་སུ་གནམ་གཤིས་སྡུག་པོ་ཞིག་གི་རྐྱེན་གྱིས་ཁོང་གི་གསོལ་གྲོད་བསྙུངས་པའི་དུས་དེར། རྒྱ་གར་གྱི་རླུང་འཕྲིན་ཁག་གིས་ཁོང་རྟ་ལས་ལྷུང་སྟེ་སྐུ་གཟུགས་ལ་བརྡབ་སྐྱོན་ཚབས་ཆེན་བྱུང་ལུགས་ཤིག་བསྒྲགས་ཏེ། མི་མང་གི་སེམས་པ་སྡུག་བསྔལ་ལ་སྦྱར་ཚུལ་ཞིག་དང་ཁ་ཐུག་ཁེལ་སོང་བས། རྒྱ་གར་གྱི་གསར་འགྱུར་ཚན་པ་འདི་དག་གིས་དུས་རབས་ཕྱེད་ཀའི་སྔོན་ནས་བཟུང་སྟེ་བོད་པའི་དབུ་ཁྲིད་ཆེན་པོ་འདི་ཚོའི་སྐོར་མགོ་ཚོས་ལ་མ་ཚོས་པའི་གནས་ཚུལ་སྤེལ་རྒྱུར་གོམས་བསྡད་ཡོད་པ་ཞིག་ཏུ་མཐོང་སོང་།

གང་ལྟར་ཐེངས་འདིར་ཀརྨ་པར་འཕྲད་པའི་གནས་ཚུལ་འདི་ནི་བོད་པའི་ཞི་བྱེད་གཅོད་ཀྱི་ཆོས་ལུགས་པ་དག་གིས་མཚན་མོར་དུར་ཁྲོད་སོགས་གཉན་ཁྲོད་དུ་ལྷ་འདྲེར་ལུས་སྦྱིན་གཏོང་དུས། གལ་སྲིད་དམིགས་པ་དེ་ལམ་དུ་འགྲོ་བཞིན་ཡོད་ཚེ་ལྷོངས་ཟེར་བའི་ལྷ་འདྲེས་ཆོ་འཕྲུལ་སྣ་ཚོགས་བསྟན་ཏེ་སྒོམ་ཆེན་གྱི་རྟོགས་པའི་གདེང་ཚད་ལ་ལྟ་སྲོལ་ཞིག་ཡོད་པ་དེ་དང་ཧ་ཅང་མཚུངས་པར། ཀརྨ་པའི་མ་འོངས་པའི་སྐུ་ཚེའི་མདུན་ལམ་རིང་མོའི་སྟེང་གི་འབྱུང་སྲིད་པའི་དཔལ་འབྱོར་དང་ཆོས་ལུགས། ཆབ་སྲིད་དང་རིག་གཞུང་སོགས་སྣེ་མང་རྙོག་འཛིང་གི་ཁྲོད་དུ་དཀའ་ངལ་ཅི་བྱུང་ལ་གདོང་ལེན་བྱེད་དགོས་པའི་ཚོད་བགམ་ཞིག་ཏུ་མཐོང་བས། བོད་མི་ས་ཡ་དྲུག་དང་བརྩེ་དུང་གི་འབྲེལ་ཐག་ཧ་ཅང་དམ་པའི་ཀརྨ་པ་མཆོག་ཐེངས་འདིའི་དངུལ་དམར་དོན་རྐྱེན་གྱི་དྲག་ཆར་རླུང་འཚུབ་འདི་ལས་རྣམ་པར་རྒྱལ་ཏེ། ཆོས་སྲིད་གང་ཐད་ནས་བོད་མི་རིགས་ཀྱི་ངེས་པ་དོན་གྱི་དབུ་ཁྲིད་ཁྱད་པར་འཕགས་པ་ཞིག་ཏུ་འགྱུར་བར་སྨོན། ཀརྨ་པ་མཁྱེན་ནོ།།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༢ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༢༤ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 10

  1. བདེ་ཆེན་ལྷུན་གྲུབ། says:
    ལོ་ 14 སྔོན།

    ༄༅། །ལས་གང་ཞིག་བརྩམས་པ་ན་ཐོག་མར་འདི་ཚར་གཅིག་བརྗོད་ན་གྲུབ་པ་བདེ་བ་ཡིད་བཞིན་དུ་བྱེད་པར་འགྱུར་བས་ཅི་ནས་ཡིད་ལ་བྱའོ། །
    ཨོཾ། །སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་བ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ། །མཚན་ཙམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན། །སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང༌། །ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང༌། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི། །ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང༌། །འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང༌། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང༌། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་དང༌། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ། །འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། །བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་ཤོག །ལྡང་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང༌། གཡུལ་དུ་འཇུག་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། བྱ་བ་བརྩམ་ཚེ་བརྗོད་ན་འདོད་དོན་འཕེལ། རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཀྱི། །དོན་ཀུན་འགྲུབ་པ་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལ་ཟླ་བའི་ཚེས་གསུམ་ལ་གཟའ་ཉི་མ་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ཡིད་མཚོ་ལས་བྱུང་བའི་ནོར་བུའི་དོ་ཤལ་ཆེན་པོའོ། །སརྦ་མངྒ་ལཾ།།

    ཉེས་པའི་དྲི་མ་དང་བྲལ་བའི་སྐྱེས་བུ་དམ་པ་རྒྱལ་མཆོག་ཀརྨ་པ། ཐོག་མར་བོད་དུ་སྤྲུལ་སྐུ་གསར་དུ་གཏོད། གཉིས་པ་རྒྱལ་མཆོག་བཅུ་བདུན་ཆེན་པོ་མཆོག་ལ་རྒྱ་ནག་དབུས་གཞུང་སྤྱི་ཁྱབ་ཁང་གིས་སྤྲུལ་སྐུ་ངོ་འཛིན་ཆོག་པའི་ཆོག་མཆན་དང་པོ་དེ་ཕུལ། རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མན་གྱིས་མཇལ་དར་ཁྱེར་ཏེ་གནམ་ཐང་དུ་ཕེབས་བསྒུགས་ཞུས། གསུམ་པ་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ཏེ་འཛམ་གླིང་གང་སར་ཁྱབ་བསྒྲགས་བྱས། གསུམ་པ་ཁ་སྔོན་དེ་དང་ཆ་འདྲ་བ་ནག་ཉེས་སྣ་ཚོགས་བཙུགས་ཀྱང་། དེ་ལས་ལྡོག་སྟེ་སྐྱེས་བུ་ཁོང་ཉིད་དྲི་མེད་གངས་རི་དཀར་པོ་ལྟར། འཛམ་གླིང་གང་སར་ཉེས་པ་མེད་པའི་ཁྱབ་བསྒྲགས་ཐེངས་གཅིག་བྱས། །

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཀརྨ་པ་མཆོག་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་རྒྱུ་ལས་མ་ཉེས་ཁ་ཡོག་ཅིག་གིས་ཕན་མི་སྲིད།ཀརྨ་པ་ནི་ངེས་དོན་གྱི་བླ་ཆེན་ཞིག་ལས་རྒྱ་གར་གྱི་ཧིབ་སྒོར་འབུམ་འགའ་རེས་ནག་པོ་བཟོ་ཐུབ་པའི་ཀརྨ་པ་ཞིག་མིན། ཀརྨ་པ་ནི་བོད་ཀྱི་དད་པ་དམ་ཚིག་གིས་ངོས་ན་བཞུགས་པ་ལས་སྒོར་མོ་འགའ་རེའི་གནད་ལ་ཐུག་མེད།

    མདོར་ན་ཀླུ་སྨྱོན་ལགས་ལ་སྐྱབས་སུ་མཆི། ཁྱེད་རང་སྙན་ངག་དང་རྩོམ་ཡིག་གི་བླ་ཆེན་ཞིག་རེད་ལགས། ཁྱེད་ཀྱི་སྐུ་རྗེས་མ་ངོས་འཛིན་སྐབས་རྩོམ་ཡིག་འབྲི་བཅུགས་ནས་སྤྲུལ་སྐུ་ཐུགས་ཐག་གཅོད་རྒྱུ་ཡིན། ཀུ་རེ། ཡག་པོ་བྲིས་འདུག་པས་དགའ་ཡོད།

    Reply
  3. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    སྐབས་རེར་བླ་མའི་དབུ་ལ་ཕྱག་གིས་རེག མཚམས་རེར་མཛེས་མའི་མདོམས་ལ་དབུ་ཡིས་མཇལ།
    མཐོ་རྒྱགས་དམའ་རྒྱག་འབྲུག་སྨྱོན་རྗེས་མཐུན་གྱི། དེང་རབས་སྨྱོན་པའི་རྒྱལ་པོ་འདི་སུ་ཞིག

    Reply
  4. གདོང་དམར་བོད་པ། says:
    ལོ་ 14 སྔོན།

    ཀླུ་སྨྱོན་ཧེ་རུ་ཀ་ལགས།
    ་་་་་་འདི་ལྟ་བུའི་ལོ་རྒྱུས་ཁ་གསལ་གོ་བདེ་པོ་བཏང་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ་་་་་་ཕྲན་གྱི་བསམ་པར།་་་་་ད་ལྟ་རྒྱལ་བ་ཀརྨ་པ་མཆོག་ལ་མཚན་སྨད་ཞུ་མཁན་རྒྱ་གར་གསར་འཕྲིན་འགོད་མཁན་ཚོར་བཙན་བྱོལ་བོད་གཞུང་མང་གཉིས་ནས་ལན་འདེབས་ཤུགས་ཆེ་མ་གནང་ཚེ།་་་་་༧གོང་ས་མཆོག་ལའང་འདེ་ལྟ་བུ་ཞུ་རྒྱུ་བློ་ཁོག་རྙེད་སྲིད་དོ།
    ་་་་་ང་ནི་རྒྱ་གར་ལ་སྐྱེས་ཀྱང་རྒྱ་གར་ལ་དགའ་གྱི་མིན་འདུག་་་་་རྒྱ་གར་ནས་བྱུང་བའི་ནང་པའི་ཆོས་ནི་ཧ་ཅང་རླབས་ཆེན་པོ་རེད།་་་ཡིན་ནའང་ནང་པ་མིན་མཁན་དང་ནང་པར་མིན་དགའ་མཁན་ད་ལྟའི་རྒྱ་གར་བ་དང་འདིའི་གཞུང་གཉིས་ཀར་དགའ་གྱི་མིན་འདུག་གོ།
    i hate india,
    karmapa is not a spy,
    only indian media can do such thing to make money….
    shame shame indian media and local indian police shame.
    what if indian media say something like this to a muslim or a hindu saint/pope/whatever….?
    i hate you india….

    Reply
  5. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ལེགས་སོ། ལེགས་སོ། དེ་དེ་བཞིན་ནོ།།

    Reply
  6. རལ་གྲི། says:
    ལོ་ 14 སྔོན།

    ཀླུ་སྨྱོན་ཧེ་རུ་ཀ་ཐུགས་རྗེ་ཆེ།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་༡༧པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག མི་འགྱུར་མི་ནུབ་མི་འཇིགས་ཁྲི་མཐོར་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་དང་། རྐྱེན་ངན་གྲོགས་ཤར་ཡོང་བའི་སྨོན་འདུན་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས་སོ། ། དགེའོ། །

    Reply
  8. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ད་རིང་དུས་ཚོད་འདི་ལྟ་བུའི་གཉེན་འཕྲང་གི་འཁྲོད་དུ། བོད་རིགས་རྩམ་ཟན་པ་ཡོངས་ལ། ཨ་ལགས་ཀླུ་སྨྱོན་མཆོག་གིས་གནས་ཚུལ་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པའི་དགོངས་འཆར་དང་ལྷན་དུ། མ་འོངས་པའི་བྱ་ཕྱོགས་སྐོར་གྱི་གནས་ཚུལ་སྤེལ་བར་སྙིང་ནས་སྤྲོ་བ་བརྟས། སླད་ཀྱང་དེ་བཞིན་གནང་བའི་རེ་བ་ཡོད།

    Reply
  9. ལྷ་ཐོག་སད་བུ། says:
    ལོ་ 14 སྔོན།

    ཡ་ཡ་ཨ་ལག་ཀླུ་སྨྱོན་འདི་ཁོག་པ་ཧ་ཅང་ཡངས་ལ་མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་ལ་མི་འཇིགས་པའི་སྤོབས་པ་ཅན་ཞིག་ཡིན་པ་གཞི་ནས་ཤེ་ཡོད།

    Reply
  10. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དྲྭ་ཡིག་ནང་འདི་ལྟ་བུའི་བསམ་འཆར་དང་ཞེན་བསྐུལ་སྤྱི་ཡོངས་ལ་སྨན་པའི་ཁ་བརྡའ། མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་སོགས་གང་མང་མང་ཡོངས་བའི་འབོད་བསྐུལ་དང་ཧེ་རུ་ཀ་ལགས་ཀྱིས་ལོ་རྒྱུས་ཡག་པོ་ཞིག་བཏང་གནང་བ་ལ་རྗེས་སུ་ཡི་རང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese