ཨ་མཆོད་འཇམ་དཔལ་ཚུལ་ཁྲིིམས།
ང་ཚོ་བཙན་བྱོལ་དུ་དམངས་གཙོ་ལག་ལེན་བསྟར་ནས་ལོ་ངོ་ལྔ་བཅུའི་གཡས་གཡོན་དུ་སོང་བའི་ཉམས་མྱོང་ལས་གནད་དོན་ཞིག་གསར་རྟོགས་བྱུང་བ་ནི་བཀའ་བློན་ཁྲི་བ་སོགས་ཆབ་སྲིད་ཀྱི་འཁོར་ལོ་སྒྱུར་པ་བོ་དག་ལ་ཤེས་ཡོན་དང་། འཇོན་ཐང་། ལྷག་བསམ་བཅས་གསུམ་གྱིས་མི་ཆོག་པའི་ཆ་རྐྱེན་བཞི་བ་ཞིག་དགོས་པ་དེ་རེད། དེ་ནི་འཇིག་རྟེན་བལྟ་ཕྱོགས་མ་ནོར་བ་ཞིག་ཡོད་དགོས་པ་དེ་རེད། འཇིག་རྟེན་བལྟ་ཕྱོགས་མ་ནོར་བ་ཞེས་པ་ནི་མཁས་མ་མཁས་ཀྱི་སྐོར་ཞིག་མིན་པར་རྒྱལ་ཁབ་ཅིག་གི་འཚོ་གནས་ལ་ཁེ་ཕན་ཡོད་མེད་ཅིག་ལ་གོ་དགོས།
ང་ཚོའི་སྲིད་ཀྱི་དབུ་ཁྲིད་ལ་བཙན་བྱོལ་ནང་དུ་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་ཚིལ་ལུ་གང་མང་ཞིག་འཇོག་ཐུབ་པ་བྱུང་ཡོད། འདི་ནི་ཕྱོགས་གཅིག་ནས་དགའ་འོས་པའི་དོན་ཞིག་ཀྱང་ཡིན། རྒྱུ་མཚན་ནི་ཡུལ་གཞན་གྱིས་སྲིད་སྟེགས་སུ་ཡུལ་དེའི་ནང་གི་གང་ཟག་རྩེ་ཕུད་རྣམས་ཧ་ལམ་ཡོང་ཐུབ་ཀྱི་མེད་པས། ནོར་བུ་རང་ལ་ཡོད་ཀྱང་ནོར་བུས་ནོར་ཉམས་མ་ལོན་པ་དང་འདྲ་ན་ཡང་རང་ཅག་གིས་དེ་ལྟར་ཐུབ་པ་ནི་ངས་བལྟས་ན་སུས་ཀྱང་དོ་སྣང་མ་བྱུང་བའི་དགེ་མཚན་ཞིག་ཀྱང་ཡིན་སྲིད།
ཉེ་བའི་ཆར་བསམ་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་བར་དུས་ཡུན་གཅིག་ཙམ་མིན་པར་བསྟུད་མར་སྐབས་གཉིས་ལ་འཇོག་ཐུབ་པ་བྱུང་ཡོད་ཅིང་། ཁོང་ནི་གོང་གི་ཆ་རྐྱེན་གསུམ་ཀ་ཚང་བའི་སྐྱེས་བུ་སྙོན་མེད་དེ་ཡིན་པར་ཀུན་ལ་ཡོངས་སུ་གྲགས་པ་དོན་ལ་ཡང་གནས་པར་སེམས།
འོ་ན་ཁོང་བཀའ་ཁྲིར་འཁོད་ནས་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་ཇི་ཙམ་བཏང་ཡོད་མེད་དང་། ལྷག་པར་དུ་བཏང་ཡོད་ན་བཟང་ཕྱོགས་དང་ངན་ཕྱོགས་སམ་དགོས་པའི་ཕྱོགས་དང་མི་དགོས་པའི་ཕྱོགས་གང་དུ་ཁ་ལོ་བསྒྱུར་ཡོད་མེད་ནི་དེ་བས་ཀྱང་བརྗོད་མི་ཐུབ་པ་ཞིག་ཏུ་གྱུར་སོང་། ངོ་མ་བཤད་ན་ཁོང་གི་ཆབ་སྲིད་ལས་འགན་རྫོགས་ལ་ཉེ་བའི་ད་སྐབས་ཁོང་གི་སྙན་གྲགས་དེ་སྔར་ལས་ལྡབ་འགྱུར་འཕེལ་ཞིང་། ཁོང་ནི་བོད་མི་རིགས་ཀྱི་ཁྱད་ནོར་ཞིག་ཏུ་ཀུན་གྱིས་སྔགས་པའི་དུས་ཚོད་ཅིག་ལ་ད་སྐབས་སླེབས་ཡོད་དགོས་ན་ཡང་། དེ་ལས་ལྡོག་སྟེ་ཁོང་གིས་ལོ་བཅུ་ལ་ཆབ་སྲིད་བསྐྱངས་བ་དེ་བོད་མི་རིགས་ཀྱི་མདུན་ལམ་བརྒྱབ་བཤོལ་ལོ་བཅུ་བཏང་ཡོད་དང་མདུན་སྐྱོད་ལོ་བཅུ་བཏང་ཡོད་པ་དོགས་པ་ཟ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། མདོར་ན་ཁོང་གིས་ལོ་བཅུ་ལ་ཆབ་སྲིད་བསྐྱངས་བ་དེས་བོད་རྒྱལ་ཁབ་ལ་ཁེ་རག་ཡོད་དམ་གྱོང་རག་ཡོད་པ་ད་ལྟ་རྩོད་གཞིར་གྱུར་སོང་།
འོ་ན། ཁོང་ལྟ་བུ་ཤེས་ཡོན་འཇོན་ཐང་ལྷག་བསམ་སུམ་འཛོམས་ཀྱི་སྐྱེས་བུ་ཞིག་ལ་ཅི་ཞིག་མ་འགྲིག་པར་མང་པོས་སྡིག་ཡུལ་དུ་གྱུར་བ་ཡིན་ཟེར་ན། ངའི་བསམ་པར་ཁོང་ལ་གོང་དུ་ཞུས་པའི་ཆ་རྐྱེན་བཞི་བ་དེ་ལྡན་མེད་པས་མིན་ནམ་སྙམ་པའི་དོགས་སློང་འདི་ཞུ་འདོད་བྱུང་། བདག་གིས་འདི་ཟམ་གདོང་རིན་པོ་ཆེ་ལ་མཚན་དམད་ཞུས་པ་ཡེ་ནས་མིན་ལ་དེ་ལྟར་ཞུ་འདོད་ཀྱང་མེད། ལར་ནས་ང་ཚོ་མི་སྐྱ་ལ་མཚན་དམད་དུ་འགྲོ་བའི་དོན་འགའ་རེ་ཁོང་ལྟ་བུ་ལ་ཆེ་བསྟོད་དུ་འགྱུར་བའི་སྐབས་ཀྱང་ཡོད་པ་བརྗོད་མ་དགོས། དཔེར་ན་༧གོང་ས་མཆོག་སྲིད་དོན་པ་མཁས་པ་ཞིག་མ་རེད་ཅེས་ཞུ་ན་དེ་ནི་ཁོང་ལ་མཚན་དམད་མིན་པར་ཆེ་བསྟོད་དུ་འགྱུར་བར་བདག་སྙམ། དེ་ལས་ལྡོག་སྟེ་ཁོང་སྲིད་དོན་པ་ཆེན་པོ་ཞིག་ཡིན་རབས་བཤད་ཚེ་ངའི་བསམ་བློ་ལ་༧ཁོང་ལ་བསྟོད་པར་འགྲོ་བ་ལས་དམའ་འབེབས་སུ་འགྲོ་བར་བསམ།
འོ་ན་ཟམ་གདོང་རིན་པོ་ཆེ་ལ་འཇིག་རྟེན་བལྟ་ཚུལ་ཡག་པོ་ཞིག་མི་འདུག་ཞུ་བ་ཡིན་ནམ་ཟེར་ན། སྤྱིར་ཡག་པོ་དང་སྡུག་པོ་ཟེར་བ་འདི་ཡང་འཇིག་རྟེན་མ་བརྟག་པའི་ངོར་ཚུགས་ཐུབ་ཏུ་གྲུབ་ཡོད་པ་ལྟ་བུ་ཞིག་སྣང་གི་ཡོད་པ་ལས་དོན་དུ་དེ་ལྟར་མེད་པར་བལྟོས་འཇོག་གིས་བཤད་དགོས་པ་ཞིག་ཡིན་པས་ཐ་སྙད་སྦྱོར་སྟངས་ཤིག་ཡིན། ང་ཚོ་འཛམ་གླིང་འདིར་སྐྱེས་པ་དལ་འབྱོར་སྙིང་པོ་ལོན་ཆེད་དང་། གཏན་གྱི་འདུན་མ་ལོན་ཆེད་དུ་སྐྱེས་པར་ངོས་འཛིན་ན་ནི་ཁོང་གི་འཇིག་རྟེན་བལྟ་ཚུལ་དེ་ཡག་པོ་ཞིག་ཡིན་པ་དང་། ཡང་ང་ཚོ་འཛམ་གླིང་འདིར་སྐྱེས་པ་དེ་འཇིག་རྟེན་གྱི་འཚོ་བ་ལ་རོལ་ཆེད་དམ་སྐྱེ་བོ་གཞན་དག་བཞིན་འཇིག་རྟེན་འདིར་ཁྱིམ་གཞིས་ཟིན་ཆེད་དུ་སྐྱེས་པར་ངོས་འཛིན་བྱེད་ན་ནི་ཁོང་གི་འཇིག་རྟེན་ལྟ་ཚུལ་དེ་སྡུག་པོ་ཞིག་ལ་བཤད་ཆོག མདོར་ན་བྱ་དངོས་གང་ཡིན་ཡང་ཡག་སྔུག་གཉིས་ལས་མེད་པ་དང་། དེ་ཡང་ཡག་པ་ཐམས་ཅད་གཙང་ཞིང་སླད་མེད་པ་ཡིད་དུ་འོང་བ་ཞིག་དང་། སྡུག་པ་ཐམས་ཅད་བཙོག་ཅིང་ཞེ་མེར་བ་ཞིག་ཡིན་དགོས་པ་ལས་དཀར་ནག་གི་ཆ་འདྲེས་མར་གནས་པ་ཡེ་ནས་ཁས་མི་ལེན་པའི་སྲོལ་ཞིག་རང་རེར་ཡོད་ན་ཡང་། དོན་དུ་བྱ་དངོས་ཀུན་ལ་ཡང་བཟང་ངན་གྱི་ཆ་འདྲེས་ནས་ཡོད་པ་མ་ཟད། ཡག་སྡུག་གི་ཐ་སྙད་འདི་ཡང་ལྟོས་ས་ལྟོས་འཇོག་གིས་སྦྱོར་དགོས་པ་ལས་གདོད་མ་ཉིད་ནས་ཡག་པ་དང་སྡུག་པར་གྲུབ་པ་ཞིག་ཡེ་ནས་མེད།
དེས་ན་ཁོ་བོས་བཤད་འདོད་པ་ནི་འཇིག་རྟེན་བལྟ་ཕྱོགས་ནོར་དང་མ་ནོར་བ་ཞེས་པ་ནི་གང་ཟག་གང་དེའི་འཇིག་རྟེན་བལྟ་ཕྱོགས་དེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཕན་ཐོགས་ཡོད་པ་དང་མེད་པ་ཞིག་ལ་གོ་རྒྱུ་ལས་གཞན་པའི་ལེགས་ཉེས་ཀྱི་རྣམ་བཞག་གང་ལ་ཡང་གོ་རྒྱུ་མིན། སྤྱིར་ན་ད་བར་གྱི་བཙན་བྱོལ་གྱི་དུས་ཚོད་ནང་དུ་རང་རེའི་རྒྱལ་རབས་ལོ་རྒྱུས་དེ་མདུན་སྐྱོད་ཆེན་པོ་འདྲ་བྱུང་མ་སོང་བར་བཤད་མི་གཏུབ་མོད། གང་ལྟར་འདོད་བློ་ཁེངས་བ་ཞིག་བྱུང་མེད་པ་ནི་ཀུན་གྱིས་ངོས་ལེན་དགོས་པར་སྣང་། དེས་ན་དེའི་རྒྱུ་རྐྱེན་གང་ཡིན་ཞེ་ན། དེ་ནི་སྲིད་གཞུང་གི་དབུ་ཁྲིད་རྣམས་ལ་ཤེས་འཇོན་ལྷག་གསུམ་འཛོམས་པ་ཞིག་ཡེ་ནས་བྱུང་མ་མྱོང་བ་མིན་པར་། ཤེས་འཇོན་ལྷག་བལྟ་བཞི་འཛོམས་ཅན་གྱི་སྐྱེས་བུ་ཞིག་མ་བྱུང་བའི་ལན་པ་ཡིན་དགོས་པར་བསམ།
ད་ལྟ་ཤེས་འཇོན་ལྷག་གསུམ་འཛོམས་དགོས་པ་ལ་ཞིབ་པར་བཤད་དགོས་པ་གང་ཡོད། ཀུན་གྱིས་གལ་ཆེན་དུ་གཟིགས་ཀྱི་ཡོད་པས་ཁོ་བོས་འདིར་གསར་བ་ཞིག་ཞུ་རྒྱུ་གང་ཡང་མེད། དེས་ན་འདིར་ཁོ་བོས་ཆ་རྐྱེན་བཞི་བ་འདིའི་སྐོར་ཅུང་ཟད་ཞུ།
ཆོས་ཀྱི་ཕན་ཡོན་དང་མིག་རྒྱང་གི་ཡོན་ཏན་ལ་རྔམ་ནས་རང་རེའི་སྲིད་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་སྲིད་གཞུང་ཞིག་ཡིན་དགོས་པའི་སྒྲུབ་བྱེད་ཇི་ལྟར་བཀོད་རུང་། དོན་དུ་སྲིད་གཞུང་ཞིག་གི་ལས་དོན་ནི་འབངས་མི་རྣམས་ཀྱི་ཚེ་འདིར་སྣང་འཇིག་རྟེན་གྱི་བྱ་བ་སྒྲུབ་རོགས་བྱེད་རྒྱུ་དེ་ཙམ་ཡིན་པ་ལས་གཟུར་དུ་མེད། ཆོས་སྲིད་ཟུང་འབྲེལ་གྱི་གལ་གནད་ལ་ཤུགས་ཇི་ལྟར་བརྒྱུབ་རུང་དོན་དུ་ཡུལ་མི་རྣམས་ལ་སྤྱོད་པ་ཡ་རབས་ཞིག་དགོས་པ་ཙམ་ལ་དམིགས་ནས་གསུང་གི་འདུག ངོ་མ་བཤད་ན་དེ་ཙམ་གྱིས་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བསྲེ་དགོས་པའི་མཐའ་མའི་སྡོམ་ཚིག་ཡེ་ནས་རྒྱག་མི་ཐུབ།
སྤྱིར་དང་ལྷག་པར་དུ་སྐལ་བ་བཟང་པོའི་དུས་སུ་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བཞག་ན་ཧ་ཅང་ལེགས་པ་ཡིན་ཀྱང་། དེའི་ངོས་གཞན་པ་ན་ལྡོག་ཕྱོགས་ཀྱི་འབྲས་བུ་ཧ་ཅང་མི་ལེགས་པ་འབྱིན་གྱི་ཡོད་སྟབས་དེ་ལས་དེ་མ་བཞག་ན་དགའ་བར་གྱུར་བ་ཡིན། དེས་ན་འདི་གསལ་བོར་བཤད་ལོས་དགོས། སྤྱིར་ན་ཁ་ཆེའི་ཆོས་འདི་མི་ཆོས་དང་མཐུན་སྟོབས་ཧ་ཅང་ཆེ་བ་ཞིག་ཡིན་ན་ཡང་། དེའི་ཆོས་ཁྲིམས་ཡུལ་ཁྲིམས་ལ་འཇོག་འདོད་པའི་རྒྱལ་ཁབ་དག་གི་ནང་དུ་དཀའ་ངལ་ག་ཚོད་འབྱུང་གི་འདུག་པ་ལ་གཟིགས་དང་། ཐ་ལི་བྷན་ཞེས་པ་འདི་ཡང་བསམ་མེད་འགའ་ཞིག་སེམས་རྣག་གིས་བྱ་སྤྱོད་སྤེལ་བ་དེ་འདྲ་གང་ཡང་མིན་པར་། ཆོས་ལུགས་ལ་དུང་ཞེན་ཧ་ཅང་ཆེ་བའི་སློབ་ཕྲུག་སྐོར་ཞིག་གི་ལས་འགུལ་སྤེལ་བ་ཞིག་རེད། འོན་ཀྱང་ང་ཚོས་དང་འཛམ་གླིང་གིས་ཁོང་ཚོ་ལ་བལྟ་ཚུལ་ག་འདྲ་ཞིག་འདུག མདོར་བསྡུས་ན་འདི་ནི་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་འཇོག་འདོད་དམ་ཆབ་སྲིད་ཆོས་བཞིན་སྐྱོང་འདོད་པའི་བསམ་བློ་ཤུགས་ཆེ་བའི་དབང་གིས་རེད། ཡིན་ན་ཡང་འདི་ཡག་རུང་ངན་རུང་ད་ལྟའི་དུས་རབས་འདིར་བསམ་བློ་འདི་རིགས་བྲིན་རྒྱུགས་མེད་པ་རེད།
དེ་ནི་ཕྱི་ལོགས་ཀྱི་དཔེ་ཞིག་རེད། ད་རང་ཉིད་ལ་སྦྱར་ནས་བཤད་ནཿ “ང་ཚོས་རྒྱལ་ཁབ་སྐྱོང་མ་ཐུབ་པ་དེ་དེངས་དུས་ཀྱི་ཤེས་ཡོན་མ་བྱུང་བས་ལན་པ་ཡིན།”་ཞེས་ཟེར་མོད། དོན་དུ་དེ་ནི་མཛེས་རྒྱན་གྱིས་སྤྲས་པའི་བཤད་སྟངས་ཤིག་ཡིན་ཞིང་། དེའི་ངོས་གཞན་ནས་བལྟས་ན“ང་ཚོའི་རྒྱལ་ཁབ་སྐྱོང་མ་ཐུབ་པ་དེ་ཆོས་ལུགས་ཀྱི་ཤེས་ཡོན་ལ་ཞུགས་ཆེ་དྲགས་པའི་ལན་པ་ཡིན།”་ཞེས་པ་དེ་རེད། ལར་ནས་དེང་དུས་ཀྱི་ཤེས་ཡོན་དང་ཡུལ་གྱི་ཆབ་སྲིད་སྐྱོང་བ་གཉིས་ལ་དེ་འདྲའི་བལྟོས་གྲུབ་ཆེན་པོ་ཞིག་ངོ་མ་བཤད་ན་ཡོད་དོན་ཀྱང་མེད། ཡོད་ངོ་མ་ནི་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ཕན་ཚུན་སྤང་འགལ་གྱི་འབྲེལ་བ་ཞིག་ཡོད། འདོད་ཆགས། ང་རྒྱལ། ཕྲག་དོག་སོགས་ལ་རང་གཅུན་མེད་པར་དེ་དག་གྲོགས་སུ་བཀུག་ནས་མི་ཆོས་སྒྲུབ་པ་ནི་སྲིད་དོན་གྱི་ལས་ཀ་ཡིན་ཞིང་། དེ་དག་གཅུན་ནས་སྒོ་ཀུན་ནས་འདུལ་བ་དེ་ཆོས་ཀྱི་ཤེས་ཡོན་ཡིན། ཉོན་མོངས་གྲོགས་སུ་འགུག་པ་འདི་ལ་དེང་དུས་ཀྱི་ཤེས་ཡོན་ཅང་ཟེར་བ་ཡིན་ནམ། དེང་དུས་ཀྱི་ཤེས་ཡོན་ཟེར་བ་ནི་གསར་རྟོགས་གསར་བ་དཔེར་ནཿ གློག་ཀླད་ཀྱི་ཤེས་བྱ། སྨན་གྱི་ཤེས་བྱ། རྗས་ཀྱི་ཤེས་བྱ་སོགས་ཚན་རིག་གི་ཤེས་བྱ་རྣམས་ལ་དེང་དུས་ཀྱི་ཤེས་བྱ་རུ་འབོད་དགོས་ངེས་སྙམ། གང་ལྟར་ཀྱང་ཆོས་ཀྱིས་སྲིད་ལ་གནོད་རབས་བཤད་ན་ཆོས་ལ་སྔགས་རྗོད་ཡིན་པ་ལས་དམའ་འབེབས་མིན་ནོ།
བཙན་བྱོལ་ནང་དུ་ཁོ་བོས་“མེས་བསྲེག་མེས་གཏུག”་ཟེར་བའི་ཚིག་ཅིག་ཤེས་བྱུང་། དེ་ནི་“གང་ལ་གང་འདུལ”་ཟེར་བའི་དོན་ཞིག་ཡིན་འདུག སྲིད་དོན་གྱི་ནང་དུ་གང་ལ་གང་འདུལ་ལམ་མེས་བསྲེག་མེས་གཏུག་གིས་བྱ་བ་ཞིག་བྱས་ནས་རང་དོན་སྒྲུབ་དགོས་པ་ལས་བྱ་བ་གང་དེ་དགེ་བ་ཡིན་མིན་ལ་རྟོགས་དཔྱོད་བྱེད་རྒྱུ་དེ་མིན། བྱ་བ་ཡང་དག་པ་ཡིན་རུང་མིན་རུང་མིའི་འཚོ་གནས་ལ་འཕྲལ་དང་ཕུག་ལ་ཕན་ཐོགས་ཀྱི་འདུག་ན་ངེས་པར་དུ་ཐེ་ཚོམ་མེད་པར་སྒྲུབ་དགོས་པ་ཡིན། བྱ་བ་ཡང་དག་པ་ཡིན་རུང་མིན་རུང་འབངས་མིའི་འཚོ་གནས་ལ་འཕྲལ་དང་ཕུག་ལ་ཕན་ཐོགས་ཀྱི་མི་འདུག་ན་སྒྲུབ་མི་ཉན།
བྱ་བ་བཟང་པོ་ཡིན་པས་སུ་འདོད་མེད་རུང་དགེ་བ་ཆེན་པོ་ཡོད་པས་ངེས་པར་དུ་བྱེད་དགོས་པ་དང་། འདི་ལས་ཀ་སྡུག་ཅག་ཡིན་པས་ང་ཚོས་ངེས་པར་དུ་བྱེད་མི་ཉན་ཞེས་བཀག་རྒྱ་གོར་གོར་རེའི་ནང་དུ་དངས་བླངས་ཀྱི་འཛུལ་བསྡད་ན་རང་གྱོང་ཁོ་ན་ལས་དོན་དག་འགྲུབ་རྒྱུ་ཧ་ཅང་དཀའ་། ད་སྐབས་དུས་ངན་སྙིགས་མ་ཤར་བར་བཤད་དམ་ཡར་རྒྱས་སུ་སོང་བར་ཐ་སྙད་གང་དུ་བཏག་རུང་། རང་རེའི་ཆོས་ཀྱི་བསླབ་བྱ་མང་དག་ཅིག་གཞིར་བཟུང་ནས་ཆབ་སྲིད་བསྐྱངས་ན་རང་ཚོ་ལ་རག་རྒྱུ་ནི་གྱོང་ཁོ་ནས་ཇི་ཡང་མེད། ཆོས་ཀྱི་བསླབ་བྱ་ག་གེ་མོ་དེ་དག་ནི་སྲིད་དོན་གྱི་ནང་དུ་ཞེ་ས་མ་ཞུས་པར་བཤད་ན་དུས་ཚོད་ཡོལ་ཟིན་པའི་ཕན་མེད་དངོས་པོ་ཡིན་པར་བཤད་ཆོག
དེ་ཡང་དེ་ལྟར་དུས་རབས་ཉེར་གཅིག་པའི་ནང་དུ་གཞི་ནས་གྱུར་བ་ཞིག་མིན་པར་། ཉུང་མཐར་ཡང་ལོ་བརྒྱ་ཙམ་གྱི་ཡར་སྔོན་ནས་དེ་ལྟར་གྱུར་ཟིན། རང་རེས་དེ་ལྟར་ངོས་མ་ཟིན་པར་རེ་བ་ཆེན་པོ་ཞིག་བྱས་ནས་ཡར་རྒྱུག་མར་རྒྱུག་འདྲ་བྱས་ནས་བསྡད་དེ་མཐར་རྒྱལ་ཁབ་ཡོངས་རྫོགས་ཕུངས་འདུག་པ་དུས་རབས་ཉི་ཤུ་བའི་ནང་གི་བོད་ཀྱི་ལོ་རྒྱུས་མི་སྣ་དག་གི་རྣམ་ཐར་ལ་བལྟས་ཤེས་ཡོང་གི་འདུག་པ་འདི་རེད། དེ་ལྟར་ཆོས་པ་ཞིག་རྣམ་དག་ཅིག་ལ་མཚོན་ན་སྲིད་དོན་གྱི་བྱ་བ་ནི་བརྒྱ་དགུ་བཅུ་ཙམ་བྱེད་མི་འོས་པའི་སྡིག་ལས་ཤ་སྟག་ཡིན་པ་དང་། སྲིད་དོན་པ་རྣལ་མ་ཞིག་ལ་མཚོན་ན་ཆོས་ཀྱི་བྱ་བ་ནི་བརྒྱ་བརྒྱད་ཅུ་ཙམ་རང་ཉིད་ཀྱི་ལས་དོན་ལ་འགལ་རྐྱེན་སྤྲོད་པའི་བྱེད་དཀའ་ལས་དོན་ཤ་སྟག་ཡིན།
དེ་དག་ནི་རྒྱལ་སྲིད་ཆོས་ཁྲིམས་བཞིན་སྐྱོང་མི་འོས་པར་བཤད་པ་ལས་རྒྱལ་སྲིད་ཁྲེལ་མེད་ལུགས་མེད་ཀྱིས་སྐྱོང་བའམ་ལེགས་ཉེས་ཀྱི་བླང་དོར་ཡེ་ནས་མེད་པར་སྡིག་པ་མིག་བཙུམ་ཁོ་ནར་ལྐུག་པའི་ངང་ཚུལ་གྱིས་སྐྱོང་དགོས་ཟེར་བ་ག་ལ་ཡིན། ལར་ནས་ཆབ་སྲིད་ལ་ནི་ཁོ་རང་ཉིད་ཀྱི་སྐྱོང་སྟངས་ཤིག་ཡོད། དེ་ནི་བཟང་ངན་ནམ་དགེ་སྡིག་གི་དབྱེ་འབྱེད་མེད་པར་འདིར་སྣང་གི་ལས་དོན་འགྲུབ་གཏན་དུ་འགྲུབ་ཆེད་སྐབས་དང་དུས་ལ་བལྟ་རྒྱུ་དེ་རེད། དེ་ཡང་ཆོས་འགྲོ་སར་ཆོས་ཀྱིས། ཧམ་པ་འགྲོ་སར་ཧམ་པས། དབང་ཡོད་འགྲོ་སར་དབང་ཡོད་ཀྱིས། ཡ་རབས་འགྲོ་སར་ཡ་རབས་ཀྱིས་སོགས་མདོར་ན་རང་དོན་དེ་སྦུག་གི་སྦུག་ཏུ་བཞག་ནས་སྐྱོང་བ་དེ་སྲིད་ཀྱི་སྐྱོང་སྟངས་མཐར་ཐུག་པ་དེ་ཡིན་ཡིན་འདུག ཡང་དུས་ཐུང་ངུའི་ནང་དུ་རྐུབ་རྡོལ་འགྲོ་བའི་བྱ་བྱེད་ཅིག་ལ་ནི་ག་ལ་བྱེད་དེ། དེ་ནི་རྒྱལ་སྲིད་སྐྱོང་ཐབས་ཕར་ཞོགས་ཐབས་ཇུས་ཕལ་བ་ཞིག་ཏུ་ཡང་མི་འགྲོ་བས་སོ།
དེ་ལྟར་སྲིད་ཁྲིམས་ཀྱི་ནང་དུ་ཆོས་ཁྲིམས་འཇོག་མི་འོས་པའམ་བཞག་ན་སྐྱོན་ཡོད་པའི་གཞི་རྩའི་བལྟ་སྟངས་ཞིག་ཀྱང་ཡོད་དགོས་ཀྱི་འདུག གོང་དུ་བཤད་པ་དེ་ནི་ཆོས་ཕྱོགས་ལ་བལྟ་སྟངས་དེ་ཡིན་ཞིང་། དེ་ནི་འཇིག་རྟེན་བལྟ་སྟངས་བྱེ་བྲག་གཅིག་རེད། ཆོས་ཕྱོགས་ལ་བལྟ་སྟངས་དེ་འདྲ་ངེས་པར་དུ་དགོས་པའི་ཀླན་ཀ་ཅང་བྱེད་ཀྱི་མེད། གཙོ་བོ་འཇིག་རྟེན་བལྟ་སྟངས་ཟེར་བའི་གནད་དོན་འདི་འདྲ་ཞིག་ཡོད་ཅེས་ངོས་སྤྲོད་ཆེད་དུ་དཔེར་མཚོན་དུ་དྲངས་པ་ཡིན།
ད་དུང་དབུ་ཁྲིད་འདི་རིགས་ལ་ཡོད་དགོས་པའི་འཇིག་རྟེན་བལྟ་སྟངས་ལ་ད་དུང་གཞན་དང་གཞན་དུ་ཡང་ལོས་ཡོད། དཔེར་ན་བལྟ་གྲུབ་ལས་ལག་ལེན་དངོས་ལ་གལ་ཆེན་དུ་བལྟ་བ་འདི་ཡང་གནད་འགན་ཅན་གྱི་འཇིག་རྟེན་བལྟ་སྟངས་ཤིག་རེད། ཟམ་གདོང་རིན་པོ་ཆེ་ལ་ལག་ལེན་ལས་གཞུང་ལུགས་གལ་ཆེན་དུ་བརྩི་བའི་བལྟ་ཚུལ་ཞིག་ཀྱང་ཡོད་པར་སྣང་། དེ་ཡང་ཁོང་གི་བྱས་རྗེས་ལ་གནོད་པ་བྱུང་བའི་རྒྱུ་རྐྱེན་ཞིག་ཏུ་ཁོ་བོས་མཐོང་།
ད་དུང་ལས་དོན་ཀུན་གྱི་གཞི་རྩ་བདེན་པ་ལ་བཅོལ་དགོས་པའི་འཇིག་རྟེན་བལྟ་ཚུལ། ཡང་དེ་ལས་ལྡོག་པར་ལས་དོན་ཐམས་ཅད་སྒྱུ་ཐབས་ལ་བརྟེན་ནས་སྒྲུབ་དགོས་པའི་འཇིག་རྟེན་བལྟ་ཚུལ། འདས་པ་ལས་ད་ལྟ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ་དང་། ཡང་དེ་ལས་མ་འོངས་པ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ། དེ་བཞིན་དེའི་ལུགས་ལྡོག་དང་ལུགས་དཀྲོགས་ཀྱི་འཇིག་རྟེན་བལྟ་ཚུལ། དེ་དང་དེ་ལ་སོགས་པའི་འཇིག་རྟེན་སྟངས་མི་འདྲ་བ་གལ་ཆེན་མང་པོ་ཡོད། དེ་འདྲ་བའི་འཇིག་རྟེན་བལྟ་ཚུལ་རྣམས་ནི་གང་ཟག་སོ་སོའི་གཏིང་ཟབ་པའི་རང་གཤིས་ལ་འཇག་ནས་ཡོད་པས་སློབ་སྟོན་པས་ཀྱང་བཅོས་དཀའ་མོ་ཡིན། ང་ཚོར་དགོས་པ་ནི་འཇིག་རྟེན་བལྟ་ཚུལ་རན་པོ་ཡོད་པའི་མི་ཞིག་བཀའ་ཁྲིའི་ཁྲི་ཐོག་ཏུ་སྟབས་ལེགས་ནས་འདེམས་ཐོན་ཡོང་དགོས་པ་དེ་རེད།
མདོར་ན་རྒྱལ་ཁབ་ཅིག་གི་ཆབ་སྲིད་སྐྱོང་བ་པོ་ལ་གོང་གི་ཤེས་འཇོན་ལྷག་གསུམ་གྱི་ཐོགས་བལྟ་ཚུལ་མ་ནོར་བ་བཅས་འདི་བཞི་ཀ་སྐྱེས་བུ་གཅིག་གི་ཐོག་ཏུ་བབས་ཡོད་ན་ད་གཟོད་སྐྱེས་བུ་དེ་ཀུན་གྱིས་སྔགས་པའི་ཆབ་སྲིད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་འདྲ། དེ་འདྲ་བའི་སྐྱེས་བུ་དེ་ནི་ལོ་རྒྱུས་སྐྲུན་པ་པོའི་རླབས་ཆེན་མི་སྣ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག་སྙམ།
དྲ་གྲོགས་ལྷ་དོན་ལགས།
ཁྱེད་ཀྱི་དོགས་འདྲི་དང་པོ་ལ། “་འོ་ན་ཟམ་གདོང་རིན་པོ་ཆེ་ལ་འཇིག་རྟེན་བལྟ་ཚུལ་ཡག་པོ་་་་་ཞེས་སོགས་སྐྱར་དུ་ལན་གཅིག་ཀློགས་རོགས་དང་། ངས་འཇིག་རྟེན་བལྟ་ཚུལ་ལེགས་པོ་འདི་རེད་སྡུག་པོ་འདི་རེད་ཅེས་ཡེ་ནས་བཤད་མེད།
གཉིས་པ་ལ། །”ཞེས་སྲིད་ཀྱི་བྱ་བར་ལེགས་ཉེས་མེད་ཚུལ་འདྲ་བོ་དང། ཡང་ལེགས་པ་ཞིག་མེད་ཚུལ་འདྲ་བོ་དང། ཡང་ཁྲེལ་མེད་ལུགས་མེད་མི་འོས་ཚུལ་འདྲ་བོ་འདི་དག་ནང་འགལ་མ་རེད་དམ།” ངས་དྲང་མོ་ཞུ་གིན་ཡོད། འདིར་ཡང་ནང་འགལ་ཞིག་མི་འདུག ངས་སྲིད་དོན་གྱི་ལས་ཀའི་ནང་དུ་ལེགས་པ་ཞིག་མེད་ཅེས་བྲིས་ཡོད་ན་ནང་འགལ་ཞིག་རེད་མོད་ངས་དེ་འདྲ་་ནམ་བྲིས་མེད། ཁྱེད་རང་གིས་བསྐྱར་དུ་ལན་གཅིག་ཀློག་རོགས། སྐྱར་བཅོས་ཤིག་བྱེད་ན་ད་སྐབས་སྲིད་དོན་གྱི་ལས་ཀའི་ནང་དུ་ལེགས་ཉེས་ཀྱི་བཤད་སྟངས་ཤིག་མེད། “ད་སྐབས”ཞེས་པའི་ཚིག་འདི་བསྣན་ན་བཟང་བ་འདྲ།
དེའི་འཕྲོས་དུམ་ཚན་འདི་ལ། ཏག་ཏག་རེད། སྲིད་དོན་གྱི་ནང་དུ་སྔོག་རྒྱུ་མང་དྲག་ན་ལག་པ་ལ་སྐྱག་དྲི་ཞིག་ལས་ཁ་རྒྱུ་མེད་སྟབས་མི་སུས་ཀྱང་འདི་ལྟར་རྩ་བ་སྔོག་འདོད་མེད། རྒྱ་དམར་ལ་དཔེ་ལེན་དགོས་པར་མི་ཞུ་ལ། ང་ཚོའི་ད་བར་གྱི་ཆོས་སྲིད་ཟུང་འབྲེལ་མ་འགྲིག་པ་རེད་ཅེས་ངས་སྔོན་ནས་ཞུས་ཟིན།
མདོར་ན་སྤྱིར་བཏང་སྲིད་དོན་ལ་བྱ་བ་མི་ལེགས་(འདི་ནི་དམ་ཆོས་ཀྱི་བསླབ་བྱ་དང་མི་མཐུན་པའི་བྱ་བ་ལ་གོ་ཆོག)པ་བྱེད་པའི་སྲིད་དོན་དང་། ལེགས་པ་བྱེད་པའི་སྲིད་དོན་གཉིས་ཡོང་གི་ཡོད་སྲིད། སྐབས་རེ་སྔ་མ་དེ་བྲིམ་པ་དང་སྐབས་ཕྱི་མ་འདི་བྲིམ་པ་ཡོང་སྲིད། གཉིས་ཀ་ཁྱད་མེད་ཀྱིས་སྲིད་དོན་གྱི་བྱ་བ་ཡིན། འགྲིག་པ་དང་མ་འགྲིག་པའི་ཁྱད་པར་བཤད་རྒྱུ་མེད། དགོས་མ་དགོས་ཀྱི་ཁྱད་པར་ཡིན།
དེའི་ཕྱིར་ང་ཚོས་སྔ་མ་བྲིམ་པའི་སྐབས་སུ་སྔ་མ་བྱེད་མ་ཐུབ་པ་རེད་བསམ།
ཨ་མཆོད་ལགས། ལན་འདེབས་གནང་བར་བཀའ་དྲིན་ཆེ། ཁྱོད་འདིའི་སྐོར་གླེང་འདོད་ཡོད་པས། ང་ཁྱོད་ཀྱི་ཀློག་མཁན་ཞིག་ཡིན་པའི་ཆ་ནས། བསམ་ཚུལ་ཡང་ཅུང་མི་མཐུན་པའི་ཆ་ནས་ངས་མུ་མཐུད་ཚིག་འགའ་གླེང་ན་འདོད།
ནང་འགལ་གྱི་ཚིག་འགའ།
གཅིག “དེའི་ཕྱིར་ཁོས་བོས་འཇིག་རྟེན་བལྟ་ཚུལ་རན་པོ་ཞེས་པ་ལས་འཇིག་རྟེན་བལྟ་ཚུལ་ལེགས་ཉེས་ཀྱི་ཚིག་གླེང་མེད་”་ཟེར་བ་དངཡང་་”་འོ་ན་ཟམ་གདོང་རིན་པོ་ཆེ་ལ་འཇིག་རྟེན་བལྟ་ཚུལ་ཡག་པོ་ཞིག་མི་འདུག་ཞུ་བ་ཡིན་ནམ་ཟེར་ན། སྤྱིར་ཡག་པོ་དང་སྡུག་པོ་ཟེར་བ་འདི་ཡང་འཇིག་རྟེན་མ་བརྟག་པའི་ངོར་ཚུགས་ཐུབ་ཏུ་གྲུབ་ཡོད་པ་ལྟ་བུ་ཞིག་སྣང་གི་ཡོད་པ་ལས་དོན་དུ་དེ་ལྟར་མེད་པར་བལྟོས་འཇོག་གིས་བཤད་དགོས་པ་ཞིག་ཡིན་པས་ཐ་སྙད་སྦྱོར་སྟངས་ཤིག་ཡིན། ང་ཚོ་འཛམ་གླིང་འདིར་སྐྱེས་པ་དལ་འབྱོར་སྙིང་པོ་ལོན་ཆེད་དང་། གཏན་གྱི་འདུན་མ་ལོན་ཆེད་དུ་སྐྱེས་པར་ངོས་འཛིན་ན་ནི་ཁོང་གི་འཇིག་རྟེན་བལྟ་ཚུལ་དེ་ཡག་པོ་ཞིག་ཡིན་པ་དང་། ཡང་ང་ཚོ་འཛམ་གླིང་འདིར་སྐྱེས་པ་དེ་འཇིག་རྟེན་གྱི་འཚོ་བ་ལ་རོལ་ཆེད་དམ་སྐྱེ་བོ་གཞན་དག་བཞིན་འཇིག་རྟེན་འདིར་ཁྱིམ་གཞིས་ཟིན་ཆེད་དུ་སྐྱེས་པར་ངོས་འཛིན་བྱེད་ན་ནི་ཁོང་གི་འཇིག་རྟེན་ལྟ་ཚུལ་དེ་སྡུག་པོ་ཞིག་ལ་བཤད་ཆོག”ཅེས་པ་འདི་ཡག་སྡུག་གི་ཚིག་གླེང་བ་མ་རེད་དམ།
གཉིས། “དེ་དག་ནི་རྒྱལ་སྲིད་ཆོས་ཁྲིམས་བཞིན་སྐྱོང་མི་འོས་པར་བཤད་པ་ལས་རྒྱལ་སྲིད་ཁྲེལ་མེད་ལུགས་མེད་ཀྱིས་སྐྱོང་བའམ་ལེགས་ཉེས་ཀྱི་བླང་དོར་ཡེ་ནས་མེད་པར་སྡིག་པ་མིག་བཙུམ་ཁོ་ནར་ལྐུག་པའི་ངང་ཚུལ་གྱིས་སྐྱོང་དགོས་ཟེར་བ་ག་ལ་ཡིན།”་་ཞེས་པ་དང་་”་ཡང་ཞུ་རིན་ཡོད་པ་ཞིག་ལ་སྲིད་དོན་གྱི་བྱ་བའི་ནང་དུ་ཐོག་མཐའ་བར་གསུམ་དུ་འགྲིག་པ་ཞིག་ཀྱང་མེད་པར་འདོད། ལར་ནས་སྲིད་དོན་གྱི་བྱ་བའི་ནང་དུ་ང་ཚོ་ལས་རྒྱ་དམར་བ་སྔོན་ཐོན་ཡིན་པ་ང་ཚོས་ཁས་ལེན་དགོས། སྡོན་ཐོན་ཟེར་དགོས་དོན་ནི་སྲིད་དོན་གྱི་ལས་ཀ་ཡིན་ན་ལེགས་པའི་བྱ་བ་ཞིག་ཡིན་མི་དགོས་པ་དེ་སྡུ་ཆེད་དུ་ཡིན། དེ་ལ་ལེགས་ཉིས་ཀྱི་བཤད་ཚུལ་གང་ཡང་ཡོད་པ་མ་རེད། སྔོན་ཐོན་ཡིན་མིན་ཙམ་གྱིས་དབྱེ་བ་ཕྱེས་ན་འགྲིག་པར་སྣང། ཁོ་ཚོས་བྱེད་པ་ནི་བདེན་དོན་དང་བཟང་སྤྱོད་ཀྱི་ངོས་ནས་བལྟས་ན་བྱ་འོས་པའི་ལས་ཀ་ཧ་ཅང་ཉུང་།”ཞེས་སྲིད་ཀྱི་བྱ་བར་ལེགས་ཉེས་མེད་ཚུལ་འདྲ་བོ་དང། ཡང་ལེགས་པ་ཞིག་མེད་ཚུལ་འདྲ་བོ་དང། ཡང་ཁྲེལ་མེད་ལུགས་མེད་མི་འོས་ཚུལ་འདྲ་བོ་འདི་དག་ནང་འགལ་མ་རེད་དམ། ཨ་མཆོད་ལགས་ཀྱིས་ཆང་མཆོད་ཀྱིན་འབྲི་བ་མིན་ནམ།
ཨ་མཆོད་ཀྱི་འདི་དག་གླེང་དགོས་པའི་དགོས་དོན་གཙོ་བོ་དེ། ང་ཚོའི་ད་བར་གྱི་ཆོས་སྲིད་ཟུང་འབྲེལ་མ་འགྲིགས་པ་རེད། ཆབ་སྲིད་ཐད་ནག་ཕྱོགས་པའི་མིའམ་སྡིག་སྤྱོད་ཀྱང་མང་ཙམ་བྱེད་དགོས་པ་རེད། དེ་བས་དཀར་ཕྱོགས་ཀྱི་ས་སྐྱོང་༸གོང་ས་མཆོག་དང་ཟམ་གདོང་སོགས་མི་འོས་པ་དང། ད་ལྟའི་བཅའ་ཁྲིམས་ཀྱང་མི་འོས་པ། སྲིད་དོན་སྔོན་ཐོན་པ་རྒྱ་དམར་སོགས་ལ་དཔེ་བལྟ་དགོས་པ་རེད། ཅེས་གོ་བ་བླངས་ན་ཏག་ཏག་ཡིན་པ་འདྲ། ངས་འདི་འདྲ་ཞིག་ལས་ཅང་གོ་མ་སོང་ལགས།
དྲ་གྲོགས་ལྷ་མོ་དོན་གྲུབ་ལགས་ཀྱིས་བཀའ་འདྲི་གནང་བ་ཟོལ་མེད་ཡིག་ཤག་གིས་ལན་ཞིག་ཕུལ་ནཿ
སྤྱིར་ན་སྐད་ཆ་འདི་རིགས་སྲིད་དོན་པས་བྱེད་པའི་སྐོར་ཡིན་ན་ཡང་སྲིད་དོན་པ་ཁོ་རང་ཚོའི་ངག་ནས་འདི་འདྲ་ནམ་ཡང་འདོན་མི་སྲིད། ཁོ་བོས་དམར་རྗེན་དུ་བཏོན་ནས་བྲིས་པའི་ཁུལ་ཡིན།
དང་པོའི་སྐོར་ལ། འདི་ལྟར་བྱེད་མཁན་ནི་རྒྱ་དམར་གཅིག་བུ་མིན་པར་ཆོས་དང་འབྲེལ་མེད་ secular་ཀྱི་སྲིད་གཞུང་ཐམས་ཅད་ཀྱིས་དེ་ལྟར་བྱེད་ཀྱི་ཡོད། དཔེར་ནཿ ཨ་རི། རྒྱ་གར་། འཇར་མན། ཕ་རན་སི། སོགས་མང་།
གཉིས་པ་དང་གསུམ་པའི་སྐོར་ལ། རྒྱ་དམར་གྱིས་བྱེད་པ་དེ་སྲིད་དོན་གྱི་ལས་ཀ་ཡིན་ཞིང་། ཁྱེད་ཀྱིས་”འགྲིག་ཡོད་པ་འདྲ”་གསུང་པ་དེ་ལེགས་པ་ཡིན་པ་འདྲ་ཞེས་པའི་དོན་ཡིན་ན་སྲིད་དོན་གྱི་ལས་ཀ་ཞིག་ལ་ལེགས་པ་ཞིག་དཀོན་པོ་ཡིན་ཞེས་ཞུ་རྒྱུ་དང་། བྱེད་དགོས་པ་དེ་ཡིན་ནམ་ཟེར་བའི་དོན་ཡིན་ན་ནི་རེད་ཅེས་ཞུ་རྒྱུ་ཡིན། ཡང་ཞུ་རིན་ཡོད་པ་ཞིག་ལ་སྲིད་དོན་གྱི་བྱ་བའི་ནང་དུ་ཐོག་མཐའ་བར་གསུམ་དུ་འགྲིག་པ་ཞིག་ཀྱང་མེད་པར་འདོད། ལར་ནས་སྲིད་དོན་གྱི་བྱ་བའི་ནང་དུ་ང་ཚོ་ལས་རྒྱ་དམར་བ་སྔོན་ཐོན་ཡིན་པ་ང་ཚོས་ཁས་ལེན་དགོས། སྡོན་ཐོན་ཟེར་དགོས་དོན་ནི་སྲིད་དོན་གྱི་ལས་ཀ་ཡིན་ན་ལེགས་པའི་བྱ་བ་ཞིག་ཡིན་མི་དགོས་པ་དེ་སྡུ་ཆེད་དུ་ཡིན། དེ་ལ་ལེགས་ཉིས་ཀྱི་བཤད་ཚུལ་གང་ཡང་ཡོད་པ་མ་རེད། སྔོན་ཐོན་ཡིན་མིན་ཙམ་གྱིས་དབྱེ་བ་ཕྱེས་ན་འགྲིག་པར་སྣང། ཁོ་ཚོས་བྱེད་པ་ནི་བདེན་དོན་དང་བཟང་སྤྱོད་ཀྱི་ངོས་ནས་བལྟས་ན་བྱ་འོས་པའི་ལས་ཀ་ཧ་ཅང་ཉུང་།
བཞི་བའི་སྐོར་ལ། འཇིག་རྟེན་བལྟ་ཚུལ་རན་པོ་ཟེར་བ་ནི་ཆ་རྐྱེན་འདི་དག་ཚང་ན་ད་གཟོད་ཡོང་བ་དང་། དེ་མ་ཚང་ན་མི་འོང་བ་ཡིན་ཞེས་པའི་མཐའ་མཚམས་སུས་ཀྱང་མི་ཞོག་པར་འདོད། མཐའ་ན་སྔོན་མའི་སྐབས་སུ་འཇིག་བལྟ་ཚུལ་བྱེ་བྲག་པ་ཞིག་རན་པོ་མེད་པའི་གྲས་སུ་ཡོད་པ་རྗེས་སུ་རན་པོའི་གྲས་སུ་འགྲོ་བ་ཡོད་སྲིད་འདོད། མདོར་ན་ཆབ་སྲིད་པ་ཞིག་གི་རང་གི་ལས་དོན་ལེགས་པར་འགྲུབ་པ་ལ་འཇིག་རྟེན་བལྟ་ཚུལ་གང་འདྲ་ཞིག་གིས་ཕན་གྱི་ཡོད་དང་གནོད་ཀྱི་ཡོད་མེད་ལ་རག་ལས་པ་ཡིན་སྙམ། དེའི་ཕྱིར་ཁོས་བོས་འཇིག་རྟེན་བལྟ་ཚུལ་རན་པོ་ཞེས་པ་ལས་འཇིག་རྟེན་བལྟ་ཚུལ་ལེགས་ཉེས་ཀྱི་ཚིག་གླེང་མེད།
དྲ་གྲོགས་ལགས། ངས་སྲིད་དོན་པ་ཞེས་པ་འདི་འདྲ་ཞིག་ལ་ངོས་འཛིན་ཞུ་གིན་ཡོད། དེ་ནོར་ཡོད་སྲིད་ཀྱང་ངས་ནི་མི་གཞན་དག་་བཞིན་རང་མཚང་མངོན་པར་མ་མཛེམས་པར་དམར་རྗེན་དུ་ཞུས་པ་ཡིན་ལགས། འདི་ནི་ཁོ་བོའི་གཤིས་ཀ་ཞིག་ཀྱང་ཡིན་པས་བཅོས་སུ་དཀའ་ལགས།
ཨ་མཆོད་ལགས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ། འདིར་གསལ་བཤད་ཅུང་ཞུ་ན། གཅིག ཉིད་ཀྱིས་”དེ་ལྟར་ཆོས་པ་ཞིག་རྣམ་དག་ཅིག་ལ་མཚོན་ན་སྲིད་དོན་གྱི་བྱ་བ་ནི་བརྒྱ་དགུ་བཅུ་ཙམ་བྱེད་མི་འོས་པའི་སྡིག་ལས་ཤ་སྟག་ཡིན་པ་དང་། སྲིད་དོན་པ་རྣལ་མ་ཞིག་ལ་མཚོན་ན་ཆོས་ཀྱི་བྱ་བ་ནི་བརྒྱ་བརྒྱད་ཅུ་ཙམ་རང་ཉིད་ཀྱི་ལས་དོན་ལ་འགལ་རྐྱེན་སྤྲོད་པའི་བྱེད་དཀའ་ལས་དོན་ཤ་སྟག་ཡིན”ཞེས་པའི་དོན་འདི་རྒྱ་དམར་ལ་དཔེར་ལྟ་འོས་ཏེ་ཆོས་མེད་རིང་ལུགས་ཡིན་པས་སྲིད་དོན་བརྒྱ་ཆ་བརྒྱ་སྒྲུབ་པས་སོ།
གཉིས། “ལར་ནས་ཆབ་སྲིད་ལ་ནི་ཁོ་རང་ཉིད་ཀྱི་སྐྱོང་སྟངས་ཤིག་ཡོད། དེ་ནི་བཟང་ངན་ནམ་དགེ་སྡིག་གི་དབྱེ་འབྱེད་མེད་པར་འདིར་སྣང་གི་ལས་དོན་འགྲུབ་གཏན་དུ་འགྲུབ་ཆེད་སྐབས་དང་དུས་ལ་བལྟ་རྒྱུ་དེ་རེད། དེ་ཡང་ཆོས་འགྲོ་སར་ཆོས་ཀྱིས། ཧམ་པ་འགྲོ་སར་ཧམ་པས། དབང་ཡོད་འགྲོ་སར་དབང་ཡོད་ཀྱིས། ཡ་རབས་འགྲོ་སར་ཡ་རབས་ཀྱིས་སོགས་མདོར་ན་རང་དོན་དེ་སྦུག་གི་སྦུག་ཏུ་བཞག་ནས་སྐྱོང་བ་དེ་སྲིད་ཀྱི་སྐྱོང་སྟངས་མཐར་ཐུག་པ་དེ་ཡིན་ཡིན་འདུག”ཅེས་པ་འདི་ཡང་རྒྱ་དམར་གྱིས་བྱས་དང་བྱེད་བཞིན་པ་རང་ཡིན་པས་དཔེར་ལྟ་འོས་པ།
གསུམ། “ཟམ་གདོང་རིན་པོ་ཆེ་ལ་ལག་ལེན་ལས་གཞུང་ལུགས་གལ་ཆེན་དུ་བརྩི་བའི་བལྟ་ཚུལ་ཞིག་ཀྱང་ཡོད་པར་སྣང་། དེ་ཡང་ཁོང་གི་བྱས་རྗེས་ལ་གནོད་པ་བྱུང་བའི་རྒྱུ་རྐྱེན་ཞིག་ཏུ་ཁོ་བོས་མཐོང་”ཟེར་བ་འདི་མི་བདེན། རྒྱ་དམར་ལ་གཞུང་ལུགས་བཟང་པོ་ཞིག་ཡོད་ཀྱང་ལག་ལེན་ཁྲོད་མི་བཀོལ་བའི་སྐྱོན་ཆེ། ཁྱོད་ཀྱིས་ཟེར་ན་དེ་ཡང་འགྲིག་ཡོད་པ་འདྲ།
བཞི། “ད་དུང་ལས་དོན་ཀུན་གྱི་གཞི་རྩ་བདེན་པ་ལ་བཅོལ་དགོས་པའི་འཇིག་རྟེན་བལྟ་ཚུལ། ཡང་དེ་ལས་ལྡོག་པར་ལས་དོན་ཐམས་ཅད་སྒྱུ་ཐབས་ལ་བརྟེན་ནས་སྒྲུབ་དགོས་པའི་འཇིག་རྟེན་བལྟ་ཚུལ། འདས་པ་ལས་ད་ལྟ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ་དང་། ཡང་དེ་ལས་མ་འོངས་པ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ། དེ་བཞིན་དེའི་ལུགས་ལྡོག་དང་ལུགས་དཀྲོགས་ཀྱི་འཇིག་རྟེན་བལྟ་ཚུལ། དེ་དང་དེ་ལ་སོགས་པའི་འཇིག་རྟེན་སྟངས་མི་འདྲ་བ་གལ་ཆེན་མང་པོ་ཡོད། དེ་འདྲ་བའི་འཇིག་རྟེན་བལྟ་ཚུལ་རྣམས་ནི་གང་ཟག་སོ་སོའི་གཏིང་ཟབ་པའི་རང་གཤིས་ལ་འཇག་ནས་ཡོད་པས་སློབ་སྟོན་པས་ཀྱང་བཅོས་དཀའ་མོ་ཡིན། ང་ཚོར་དགོས་པ་ནི་འཇིག་རྟེན་བལྟ་ཚུལ་རན་པོ་ཡོད་པའི་མི་ཞིག་བཀའ་ཁྲིའི་ཁྲི་ཐོག་ཏུ་སྟབས་ལེགས་ནས་འདེམས་ཐོན་ཡོང་དགོས་པ་དེ་རེད།” ཡར་མར་མང་པོ་བཤད་བཤད་པའི་མཐར་སྡོམ་ཚིག་གསལ་བོ་བཞག་མི་འདུག འཇིག་རྟེན་ལྟ་ཚུལ་རན་པོ་ཡོད་པའི་མི་ཟེར་བ་ལྟ་ཚུལ་དེ་རིགས་ཚང་མ་ཡོད་མཁན་ལ་ཟེར་རམ། ཚང་མའི་ཕྱོགས་སུ་མ་ལྷུང་བ་ཞིག་ལ་ཟེར་རམ། ཡང་སྙིང་ལྟ་ཚུལ་ཅི་འདྲ་ཞིག་བཟུང་ན་རན་པོ་ཡིན་ཚུལ་དེ་གསལ་བོར་བརྗོད་དགོས་པ་ཞིག་མིན་ནམ།
དུས་བབས་དྲ་བདག་ཚང་ལ་རེ་བསྐུལ་ཞུ་རྒྱུར་།
ཉེ་ཆར་ཟིན་བྲིས་འགོད་སྐབས་སྔར་ཡོད་པའི་ paste, link, font, photo, སོགས་ཀྱི་icon་ཡོངས་རྫོགས་འཆར་ཐུབ་ཀྱི་མི་འདུག ངས་རང་ཉིད་ཀྱི་གློག་ཀླད་ལ་སྐྱོན་ཞིག་བྱུང་བ་ཡིན་རྒྱུ་རེད་སྙམ་མོད། རྗེས་སུ་གྲོགས་པོ་གཞན་ཞིག་ལ་ཡང་དེ་ལྟར་བྱུང་འདུག་པས་འདི་ནི་ཁྱེད་ཅག་གི་སྐྱོན་ཞིག་ཡིན་མདོག་ཆེ། དེས་ན་གང་མྱུར་སྐྱར་བཅོས་གནང་བའི་རེ་བ་ཞུ།
དྲ་གྲགས་ལྷ་མོ་དོན་འགྲུབ་ལགས།
ཁྱེད་ཀྱི་དྲི་བ་དེ་དམར་ཤོག་ཟེར་བ་ནི་ཆོས་མེད་སྨྲ་བའི་རིང་ལུགས་ཤིག་ཡིན་པ་དང་། འཇིག་རྟེན་བལྟ་སྟངས་ཟེར་བ་ཡང་དེ་འདྲ་ཞིག་ལ་གོ་རྒྱུ་ཡིན་པ་འདྲ་བས་དེ་གསལ་བཤད་གནོངས་དང་། ཞེས་པ་དེ་ཡིན་པ་འདྲ། སྤྱིར་ན་ཁོ་བོ་རང་ཉིད་ཀྱི་འཆར་སྒོ་བརྗོད་སྐབས་དཔྱད་གཞིའི་དེབ་ཀློག་རྒྱུར་ཡེ་ནས་འདོད་པ་མེད་ཀྱང་ཁྱེད་ཀྱི་དྲི་བའི་ཆེད་དུ་ཁོ་བོ་དྲ་ཐོག་ཏུ་སོང་བས་ལན་འདི་འདྲ་ཞིག་རྙེད་བྱུང་། དམར་ཤོག་ནི་གྲལ་རིམ་མེད་ཅིང་རྒྱུ་དངོས་སྤྱི་ཐོག་ནས་བཏང་འཛིན་བྱེད་པའི་སྤྱི་ཚོགས་ཤིག་དང་། དེ་འདྲའི་སྤྱི་ཚོགས་ཤིག་འགྲུབ་པའི་ཆབ་སྲིད་བལྟ་གྲུབ་དང་སྤྱི་ཚོགས་ཀྱི་ལས་འགུལ་ཞིག་ལ་ཡང་གོ་བ་ཡིན། ཞེས་ཟེར།
• ཡང་འགྲེལ་སྟངས་སྟབས་བསྡུས་ཀྱི་བཤད་ན་དམར་ཤོག་ནི་སྒེར་བདག་སྤངས་པའི་སྤྱི་ཚོགས་དང་། གྲལ་རིམ་མེད་པར་གཅིག་སྡུད་རང་བཞིན་ཅན་གྱི་ཆབ་སྲིད་བལྟ་གྲུབ་ཅིག ཅེས་ཟེར། འདིར་སྒེར་གྱི་བདག་བཟུང་སྤངས་པ་ནི་སྐྱེ་བོ་ཕལ་བའི་ཉོན་མོངས་ཀྱི་ཁམས་དང་མི་མཐུན་པས་ད་སྐབས་དམར་ཤོག་ཡང་དག་པ་ཞིག་འཛམ་གླིང་ན་ལྷག་མེད་པ་ཡང་ཉོན་མོངས་གྲོགས་སུ་མ་བཀུག་པ་དེ་ལ་ཐུག་འདུག མ་རྩ་རིང་ལུགས་ཀྱིས་མིའི་འདོད་རྔམ་ལ་གདོང་ལེན་མ་བྱས་པར་(དགོས་ངེས་ཀྱི་སྐབས་སུ་རན་ཚོད་ཀྱིས་ཚོད་འཛིན་བྱས་ཆོག)་གྲོགས་སུ་བཀུག་པའི་སྒོ་ནས་སོང་བས་ད་སྐབས་རྒྱ་ནག་དམར་ཤོག་ཀྱང་ལམ་ཁ་དེ་ལས་འགྲོ་ས་མེད་པར་གྱུར་ཡོད།
འོན་ཀྱང་ད་སྐབས་ཀྱི་རྒྱ་དམར་ཏང་ལ་ནི་དམར་ཤོག་གི་ཡོན་ཏན་དོར་ཞིང་སྐྱོན་རྣམས་ཉར་ནས་བསྡད་ཡོད་ཙམ་རེད།།
• འཇིག་རྟེན་ལྟ་ཚུལ་ནི་འཇིག་རྟེན་གྱི་ནང་དུ་འཚོ་བའི་འཇིག་རྟེན་གྱི་གཞུང་ལུགས་ཤིག་རེད། འཇིག་རྟེན་བལྟ་ཚུལ་ནི་བདེན་གྲུབ་(འཇིག་རྟེན་དང་། རང་ཅག འཚོ་བ་བཅས་ཀྱི་སྐོར་ལ་བསམ་བློའི་སྒྲོམ་གཞི་དང་བལྟ་ཚུལ, གོ་དོན་འབྲེལ་བའི་ཡིད་ཆས།)་ཀྱི་དྲི་བ་སྣ་མང་ལ་ལན་སྣ་ཚོགས་དང་ལྡན་པའི་སེམས་ཀྱི་བློས་བསླངས་ཞིག་ཡིན། ཞེས་ཟེར་། བདེན་གྲུབ་ཀྱི་དྲི་བ་ནི་དཔེར་ནཿ འགྲོ་བ་མི་ཟེར་བ་གང་རེད། ང་ཚོ་འཇིག་རྟེན་འདིར་ཅིའི་ཕྱིར་གནས། འདིར་འཚོ་བའི་དགོས་དོན་གང་། ཁྱོད་རང་གི་མི་ཚེའི་གཞི་རྩའི་དམིགས་ཡུལ་གང་། ཁྱོད་རང་གི་རིན་ཐང་གང་། ང་ཚོས་གང་ཞིག་གང་ལྟར་ཤེས་ཐུབ་པ་དང་། དེ་ལ་ངེས་གཏན་གང་ཙམ། དངོས་བདེན་ཟེར་བའི་ནང་བེམ་པོ་དང་ཡང་ན་ནུས་པ་སོགས་འདུ་འམ། སོགས་ལྟ་བུའི་དྲི་བ་དག་ལ་ཟེར་།
• དྲ་གྲོགས་ལགས། ད་ཁྱེད་ཀྱིས་ཐུགས་བསམ་བཞེས་ནས་ངས་བཤད་འདོད་པ་དེ་གང་ཡིན་མཁྱེན་དགོས།
ཁྱེད་ཀྱི་བཀའ་འདྲི་དེ་ལ་ལན་འདེབས་ཆེད་དུ་ཁོ་བོས་ལན་འདི་དག་འཚོལ་དགོས་བྱུང་བ་བཀའ་དྲིན་ཆེ།
ཨ་མཆོད་ལགས་ཀྱི་རྩོམ་རྩལ་ཞན་སྐྱོན་དེ་བདེན་ན། རྒྱ་དམར་ཏང་དང་མི་འདྲའི་གསལ་བཤད་ཅིག་གནང་རོགས།
གོ་རྟོགས་དམའ་བས་ཁྱོད་དགོངས་མ་རྟོགས་དེ་ཡིན་ན། ཚིག་ཉུང་དོན་འདུས་ཤིག་གིས་བསྐྱར་བཤད་ཅིག་གནང་རོགས།
བསམ་་ཚུལ་དང་ཁ་ཕྱོངས་བསྟན་པར་དགའ་ཡོད་དེ། འཇིག་རྟེན་པ་མ་ཟད། འཕགས་གང་ཟག་གིས་ཀྱང་མ་མཐོང་བའི་སྒོ་ངའི་ནང་ཚིལ་ལུ་དེ་ནི་ཡ་མཚན་དངོས་བྱུང་ཞིག་རེད།
དྲ་གྲོགས་བསྟན་འཇམ་ལགས།
ཁྱེད་ཀྱིས་”༧་གོང་ས་མཆོག་ཆབ་སྲིད་༼པ་༽རྣལ་མ་མིན་ཚེ་ཆོས་འཇིག་རྟེན་གང་ལ་འང་ཤེས་རྒྱ་མཐོང་རྒྱ་དཔེན་༼དབེན་༽པའི་སྐྱེ་བུ་ཞིག་ལ་ངོས་༼འཛིན༽བྱ་དགོས།” ཞེས་གསུང་པ་དེ་ལ་ངས་དེ་འདྲ་མ་རེད་ཞུ་རྒྱུ་ཡིན། ལར་ནས་ཁོ་བོས་ཆབ་སྲིད་པ་དང་སྲིད་དོན་པ་སོ་སོར་འབྱེད་ཁུལ་བྱེད་ཀྱི་ཡོད་ལ་དེའི་སྐོར་ལ་ཁོ་བོས་ཟིན་བྲིས་ཤིག་ཀྱང་སྤེལ་ཡོད། གཟིགས་འདོད་ན་དེའི་དྲ་ལམ་འདི་ཡིན། https://tibettimes.net/wordpress/blogs.php?id=343&post_id=11324 དེའི་ཕྱིར་༧གོང་ས་མཆོག་སྲིད་དོན་པ་མིན་པར་ཆབ་སྲིད་པ་ཡིན་ཞེས་ཞུ་ཕོད་ཞུ་དགོས་པར་སྣང་། དེ་ནི་རང་གིས་རང་ལུགས་ཀྱི་དད་པ་བྱས་ཁུལ་ཡང་ཡིན།
༧གོང་ས་མཆོག་ཕྱོགས་ཀྱི་མཁས་པ་ཆེན་པོ་ཇི་ལྟར་ཡིན་པ་ནི་ཁོ་བ་ལ་ངེས་གཞན་ལས་ཆེ་ཙམ་ཡོད་བསམ་གྱིན་ཡོད། ་༧ཁོང་གི་ཆོས་ཕྱོགས་ཀྱི་ཡོན་ཏན་ལ་གུས་པའི་སེམས་པ་ཡ་མཚན་གྱིས་བརྟས་ནས་ཡོད་པ་གཞན་དང་མི་འདྲ་སྙམ་ཡོད། རང་རློམ་ཙམ་ཡིན་སྲིད།
ཁོ་བོས་འཇིག་རྟེན་ཆབ་སྲིད་པ་ཁྱིམ་འཛིན་པ་ཡིན་དགོས་པ་སོགས་ཀྱི་ཁུངས་གང་ཡང་སྐྱེལ་གྱི་མེད་ལགས། ཟམ་གདོང་རིན་པོ་ཆེའི་སྐོར་དེ་ཁོ་བོས་གོ་མ་སོང་ཡང་དེའི་མི་གླེང་ན་འགྲིག་པར་བྱེད།
འཇིག་རྟེན་པའི་ཆབ་སྲིད་པ་ཁྱིམ་གནས་ཀྱི་གང་ཟག་དགོས་པས་དོན་གང་དུ་མཆིས ་ཆོས་ལུགས་པ་ཞིག་ཡིན་ཚེ་ཆོས་ཀྱི་ལྟ་གྲུབ་མ་ནོར་ལག་ཏུ་ཐེབས་པ་ཤིག་དེ་བས་མི་དགོས་སོ ། ཟམ་གདོང་རིན་པོ་ཆེས་འཇིག་རྟེན་གྱི་ལྟ་སྟངས་ནོར་ཡོད་ཚེ་ཆོས་པ་རྣམ་དག་ནས་རྒྱང་རིང་ཆས་ཟིན་ཡོད ། ཆོས་པ་ཡང་དག་ཅིག་ལ་འབད་་དགོས་ཚེ་འཇིག་རྟེན་འདིའི་ལྡོག་འཇུག་ལ་དབྱེ་བ་འབྱེད་ཐུབ་ངེས་ཤིག་སླེབས་དགོས །
གཞན་ཞིག་ནས་བརྗོད་ན་༧་གོང་ས་མཆོག་ཆབ་སྲིད་རྣལ་མ་མིན་ཚེ་ཆོས་འཇིག་རྟེན་གང་ལ་འང་ཤེས་རྒྱ་མཐོང་རྒྱ་དཔེན་པའི་སྐྱེ་བུ་ཞིག་ལ་ངོས་བྱ་དགོས ། ཆོས་སྒྲུབ་པའི་ཐབས་ལ་མཁས་ཚེ་དེ་ཆོས་ཀྱི་ཆབ་སྲིད་པ་ཞེས་ཐ་སྙད་སྦྱར་ན་མི་ཆོག
གསལ་བཤད་ཞུ་འདོད་པ་ཞིག་ལ། ངས་རྩོམ་འདི་འབྲི་དོན་ནི་གཅིག་སྟོད་གཅིག་དམད་བྱེད་ཆེད་མིན་ལ། སྐབས་སུ་བབས་བའི་བཀའ་ཁྲི་གང་རུང་ཞིག་ལ་རྒྱབ་སྐྱོར་གྱི་ཆེད་དུ་བྲིས་པ་ཞིག་ཀྱང་དེ་བས་མིན། རང་གི་ཁྱི་ཁོག་ལ་འདི་འདྲ་ཞིག་ཤར་ཞིང་། དེ་ད་སྔོན་བཤད་མཁན་འདྲ་མི་འདུག་བསམ་ནས་བྲིས་པ་ཡིན། དེ་ནི་རྩོམ་པ་པོ་ཟེར་རམ་རྩོམ་བྲིས་པ་ཞིག་གི་བྱ་བའི་ངོས་ནས་བྲིས་པ་ཡིན་ལགས།
དྲ་གྲོགས་ལྷ་མོ་དོན་འགྲུབ་ལགས་ཀྱིས་ངའི་ཞེ་འདོད་རྟོགས་མེད་པར་སྣང་། དེ་ནི་ངའི་རྩོམ་རྩལ་ཞན་པའི་སྐྱོན་ཡིན་ལས་ཆེ་ཡང་ང་ལ་དེ་ཙམ་ལས་གང་ཡང་ཞུ་རྒྱུ་མི་འདུག
དྲ་གྲོགས་ཀརྨ་རྡོ་རྗེ་ལགས་ཀྱིས་དོན་མེད་ཀྱི་དྲི་བ་ཞིག་བཏང་འདུག གང་ལྟར་འཇིག་རྟེན་ལྟ་ཚུལ་ཟེར་བ་ནི་དབྱིན་སྐད་དུ་worldview་ཟེར་བ་དེའི་ཐད་ཚིག་ལ་བཞག་ཁུལ་ཡིན་པས་དེ་ལ་དེ་འདྲས་ཁྱབ་པ་དང་མ་ཁྱབ་པའི་དྲི་བ་གང་ཡང་ཡོང་དོན་མེད།
“སྒོང་ང་ནང་ལ་ཚིལ་ལུ་ཡོད་རེད་པེ། ཨ་མཆོ་ལགས།”
་ཧ་་ཧ་་ཧ་་ཧ་་ཧ་་ཧ་་ཧ་་ཧ་་ཧ་་ཧ་་ཧ་་ཧ།
འཇིག་རྟེན་ལྟ་ཚུལ་ཆབ་སྲིད་ལྟ་བ་གཉིས། གཅིག་ཏུ་བཞེད་པའི་སྲིད་དོན་མཁས་པ་ཞིག
ཉོན་མོངས་གྲོགས་སུ་བཀུར་ནས་འཚོ་དགོས་པའི། དུས་རབས་གསར་བའི་ཨ་མཆོད་གསར་བ་ཞིག
འདི་ལྟར་ཡར་མར་མང་པོ་བརྗོད་པ་ལས། གུང་ཁྲན་ཏང་ལ་མིག་དཔེ་ལྟོས་དང་ཞེས།
ཚིག་གཅིག་བཤད་པས་ཀུན་གོ་ཆོད་པ་ལགས།
འཇིག་རྟེན་བལྟ་ཚུལ་རན་པོ་ཡོད་པའི་མི་ཞིག་ཡིན་ན། རང་བཙན་རྩོད་མཁན་ཡིན་ཁྱབ་བམ། ཁྱེད་ཀྱིས་སྒོང་ང་ནང་གི་སེར་རིལ་བདམས་སྟངས་ནོར་མི་འདུག་གེ
སྒོང་ང་ནང་ལ་ཚིལ་ལུ་ཡོད་རེད་པེ། ཨ་མཆོ་ལགས།
རྩོམ་འདིར་ཀློག་རན་ཡོད་པའི་མ་ཚད། ཚང་མ་ལོས་ཤེས་དགོས་པའི་གནད་འགག་ཆེན་པོ་ཞིག་རེད།
དྲ་གྲོགས་ཚོས་བགྲོ་གླེང་འདིར་གནང་ན་དགེ་མཚན་ཆེ།
འོན་ཀྱང་ལྷུག་པོ་འམ་མྱུར་མོ་ཞིག་གནང་འདོད་ན་བདག་གི་ཟིན་བྲིས་ལ་ཕེབས་ནས་བགྲོ་གླེང་གནང་བར་ཞུ། ད་ལྟ་རྩོམ་འདི་ཟིན་བྲིས་ལ་འཇོག་གི་ཡིན།