མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེ་ལགས་ཀྱི་བཀའ་ཁྲིའི་ལས་འཆར།

བོད་ཀྱི་དུས་བབ།
༢༠༡༡/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་མ་འོངས་ལས་འཆར་སྐོར་གྱི་དེབ་ཆུང་ཞིག་འགྲེམས་སྤེལ་བྱས་འདུག ལས་འཆར་དེ་ནི་གཞུང་ལུགས་རང་བཞིན་གྱི་བརྩམས་ཆོས་དེ་འདྲ་མིན་པར་དྲི་བ་དྲིས་ལན་གྱི་རྣམ་པས་ལྷུག་བརྗོད་བྱས་འདུག དེར་ཁོང་གི་སྲིད་བྱུས་སྤྱིའི་རྩ་དོན་དང་། བོད་རྒྱའི་གནད་དོན་སྐོར་གྱི་ལངས་ཕྱོགས། མ་འོངས་འཛིན་སྐྱོང་གི་སྒྲོམ་གཞི། ཤེས་ཡོན་དང་དཔལ་འབྱོར་བཅས་དྲི་བ་ ༡༠ ལ་བཀའ་ལན་གྱི་ཚུལ་དུ་བཀོད་འདུག

བློ་བཟང་སེང་གེ་ལགས་ཀྱིས་ཁོང་གི་མ་འོངས་པའི་ལས་འཆར་སྤྱིའི་རྩ་དོན་གསུམ་བསྟན་དོན། “ང་ལ་ལས་དོན་བསྒྲུབ་ཕྱོགས་ཀྱི་རྩ་དོན་གསུམ་ཡོད་པ་ནི། ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ཡིན་ཞིང་། ཆིག་སྒྲིལ་གྱི་གཞི་རྩའི་རྨང་གཞིའི་ཐོག་གསར་གཏོད་ཀྱི་ཐབས་བྱུས་སྤེལ་བ་བརྒྱུད། མཐའ་མཇུག་གི་དམིགས་ཡུལ་རང་མགོ་རང་ཐོན་ཡོང་བར་འབད་བརྩོན་བྱས་ཏེ། བོད་ནང་རང་དབང་བསྐྱར་གསོའི་ལས་འགུལ་བརྩམ་རྒྱུ་ཡིན”ཟེར།   

ཡང་ཁོང་གིས་བོད་རྒྱའི་གནད་དོན་སྐོར་ལ། “བོད་རྒྱའི་གནད་དོན་ཐད་ཐོག་མར་བོད་རྒྱ་ཞི་མོལ་ཚོགས་ཆུང་དང་། དེ་བཞིན་ཚོགས་འདུ་གཞན་སྐོང་ཚོགས་བྱས་ཏེ། གཙོ་བོ་ད་ལྟའི་བོད་རྒྱའི་གནད་དོན་དང་འབྲེལ་བའི་སྲིད་བྱུས་ཀྱི་ལས་རིམ་ཁག་དང་། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་དང་དེའི་མཇུག་འབྲས་ལ་རྟོགས་ཞིབ་བྱ་རྒྱུ་ཡིན”ཞེས་དང་། “མ་འོངས་པར་བོད་ནང་སྔར་བཞིན་ངོ་རྒོལ་ལས་འགུལ་རིགས་བྱུང་སྐབས། ང་ཚོའི་ངོས་ནས་ལས་དོན་སྤེལ་ཕྱོགས་ཐད་ལེགས་བཅོས་གྲ་སྒྲིག་དགོས་པའི་རིགས་གོང་གསལ་གྱི་ཚོགས་འདུ་ཁག་གི་ནང་གྲོས་བསྡུར་གཟབ་ནན་བྱ་རྒྱུ་ཡིན”ཞེས་བཀོད་འདུག  

བོད་རྒྱའི་གནད་དོན་གྱི་ལངས་ཕྱོགས་ཐད། “བཀའ་ཁྲིར་སུ་ཕེབས་ནའང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལེའུ་ ༤ པ་དང་ ༥ པའི་དགོངས་དོན་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་ཐབས་མེད་པ་ཞིག་ཡིན། དབུ་མའི་ལམ་གྱི་གནད་དོན་ཐོག་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དང་། ༧གོང་ས་མཆོག་གི་དགོངས་གཞི་ལ་བརྩི་སྲུང་མཐའ་འཁྱོལ་བྱ་རྒྱུ་ཡིན། རྒྱ་གར་དང་རྒྱ་ནག་ནི་མ་འོངས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་གཉིས་ཆགས་རྒྱུ་ཡིན་སྟབས། ཁོང་ཚོའི་བོད་དོན་ཐོག་གི་འབྲེལ་བའང་རྙོག་འཛིང་ཆེ་རུ་འགྲོ་ངེས་རེད། བཀའ་ཤག་གསར་པའི་ངོས་ནས་བོད་པ་དང་རྒྱ་གར་གཞུང་མང་བར་གྱི་དམིགས་བསལ་འབྲེལ་བ་རྒྱུན་འཁྱོངས་བྱ་དགོས་ཤིང་། བོད་ཀྱི་གནད་དོན་སེལ་བ་ཡིན་ན་རྒྱ་གར་ལའང་ཁེ་ཕན་ཆེན་པོ་ཡོད་པའི་སྐོར་མུ་མཐུད་དེ་གསལ་བཤད་ར་སྤྲོད་བྱ་དགོས། སྐྱབས་བཅོལ་བོད་པ་དང་རྒྱ་གར་གཞུང་དམངས་བར་གྱི་འབྲེལ་བ་སྲ་བརྟན་རྒྱུན་གནས་ཆེད་དམིགས་བསལ་ལས་དོན་བརྩམ་རྒྱུ” ཞེས་བསྟན་འདུག

བློ་བཟང་སེང་གེ་ལགས་ཀྱི་ལས་འཆར་ནང་བཀའ་ཤག་གི་ཚོགས་མི་བཀོད་སྒྲིག་བྱེད་ཕྱོགས་ལ།  “བོད་མི་རྡོག་གཅིག་སྒྲིལ་བྱ་རྒྱུ་དེ་རྩ་བའི་དོན་ཆེན་དུ་གཞིར་བཟུང་། ངའི་བཀའ་བློན་ནང་བགྲེས་པ་གསུམ་དང་གཞོན་པ་བཞི་འདེམས་སྒྲུག་བྱ་འཆར་ཡོད” ཅེས་དང་། “ཐབས་ལམ་གསར་གཏོད་དང་ཐབས་བྱུས་བཅོས་བསྒྱུར་གྱི་སྲིད་བྱུས་ཐོག་རྟོགས་ཞིབ་བྱེད་སྐབས། ད་ལྟའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ཞུ་དགོས་རིགས་ངེས་པར་ཞུ་ཐུབ་པ་བྱ་རྒྱུ” མུ་མཐུད་དོན། “བཀའ་ཤག་གསར་པ་དེ་མི་མང་གི་བཀའ་ཤག་ཅིག་ཆགས་ངེས་ཡིན་ལ། མི་མང་གིས་གལ་ཆེན་དོན་ཆེན་དུ་བརྩི་བའི་གནད་དོན་ལ་ཉན་འཇོག་དང་ལག་ལེན་དུ་འཁྱོལ་ཐབས་བྱ་རྒྱུ། བཀའ་ཤག་གི་ལོ་གཉིས་པའི་ནང་ང་ཐེ་བའི་བཀའ་བློན་ཡོངས་ཆ་བགོས་ཀྱིས་བོད་མིའི་གཞིས་ཆགས་ཁག་ཚང་མར་སྐོར་བསྐྱོད་བྱས་ཏེ། ས་གནས་མི་མང་གི་དཀའ་སྡུག་རྟོགས་ཞིབ་དང་སེལ་ཐབས་བྱ་རྒྱུ་ཡིན” ཞེས་བཀོད་འདུག

 

ཤེས་ཡོན་སྲིད་བྱུས་སྐོར་གྱི་ལས་འཆར་ནང་། “ད་ལྟའི་བཀའ་ཤག་གིས་གཏན་འབེབས་གནང་བའི་ཤེས་ཡོན་སྲིད་བྱུས་དེ། སློབ་གྲྭ་ཁག་གཞན་ལའང་ལག་བསྟར་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྲིད་བྱུས་ཐོག་ད་ལྟའང་བགྲོ་གླེང་མང་པོ་ཞིག་བྱེད་ཀྱིན་ཡོད་པའི་རྐྱེན་གྱིས། སྟབས་མི་བདེ་བའི་གནས་སྟངས་བྱུང་ཡོད་པར་མ་ཟད། ཕ་མ་དང་སློབ་ཕྲུག་ཚོའང་ཐེ་ཚོམ་གྱི་གནས་སུ་ལྷུང་བའི་གནས་ཚུལ་དེ་ངས་གསལ་པོ་ཤེས་ཀྱི་ཡོད། ཤེས་ཡོན་སྲིད་བྱུས་ལག་བསྟར་འཐུས་ཚང་མ་བྱུང་བའི་སྐྱོན་གནད་དེར་བལྟས་ཏེ། ཤེས་ཡོན་ཐོག་རྐང་འགན་བཞེས་མཁན་ཚང་མས་མཉམ་རུབ་ཀྱིས་སེལ་ཐབས་བྱ་དགོས་ཤིང་། ངས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་ཐད་བསྐྱར་ཞིབ་དང་བལྟ་ཞིབ་གཟབ་ནན་བྱ་རྒྱུ་ཙམ་དུ་མ་ཟད། ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་དངོས་སུ་དོན་ཕན་ལྡན་པ་ཞིག་ཡོང་ཆེད་ལས་དོན་འཕར་མའང་བརྩམ་རྒྱུ་ཡིན། བོད་ཕྲུག་ན་གཞོན་ཚོ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་རྨང་གཞི་བཟང་པོའི་སྟེང་འཚར་ལོངས་བྱ་ཐུབ་ཆེད། སློབ་གྲྭའི་ཤེས་ཡོན་སྒྲོམ་གཞིའི་ནང་བོད་ཀྱི་སྲོལ་རྒྱུན་རིན་ཐང་དང་། རིག་གཞུང་ཡང་ཟླ་སྒྲིལ་བྱས་པའི་ཤེས་ཡོན་ལམ་ལུགས་ཤིག་བསྐྲུན་རྒྱུར་གལ་ཆེན་ཆགས་ཡོད” ཅེས་བརྗོད་འདུག

བློ་བཟང་སེང་གེ་ལགས་ཀྱིས་དཔལ་འབྱོར་གྱི་སྲིད་བྱུད་ཐད། ན་གཞོན་ལས་མེད་ཚོར་འཚོ་བའི་མཐུན་རྐྱེན་བསྐྲུན་རྒྱུ་དང་། བོད་ནས་གསར་དུ་ཕེབས་མཁན་རྣམས་བཙན་བྱོལ་སྤྱི་ཚོགས་ནང་ཟླ་སྒྲིལ་གཏོང་ཐབས་སུ་དམིག་བསལ་ལས་དོན་བརྩམ་རྒྱུ་ཡིན་སྐོར་བཀོད་འདུག “ བོད་མི་ཚོའི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་ཀྱི་ལས་གཞིའི་ཐོག་ང་ཚོས་ཉམས་ཞིབ་མཐིལ་ཕྱིན་བྱས་ཏེ། འོས་འཚམ་གྱི་ཁེ་ལས་རིགས་གསར་སྐྲུན་བྱ་དགོས། དཔལ་འབྱོར་ཡོད་ན་བོད་མིའི་ཚོང་ལས་ཐོག་མ་རྩ་བཙུགས་ཏེ། བོད་མི་སྤྱི་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་གཏོང་ཐབས་བྱ་དགོས་པའི་ལམ་སྟོན་ཁྱབ་སྤེལ་བྱ་རྒྱུ་དེ་དང་། སྐབས་འདིར་བོད་མིའི་གཞིས་སྒར་དུ་ཚོང་ལས་རིགས་གསར་སྐྲུན་བྱེད་པ་གཉིས་ཀའི་དགོས་དམིགས་གཅིག་མཚུངས་ཡིན། གལ་ཏེ་གཞིས་མིའི་ལོ་རེའི་ཡོང་སྒོ་ས་ཡ་ ༡༠ ཡིན་ན། དེའི་བརྒྱ་ཆ་ ༥༠ གཞིས་ཆགས་ནང་ཁུལ་ཚོང་ལས་གསར་འཛུགས་ཐོག་མ་འཇོག་བྱ་ཐུབ་ན། གཞིས་ཆགས་ཀྱི་དཔལ་འབྱོར་གནས་སྟངས་ཡར་རྒྱས་འགྲོ་རྒྱུ་ཉག་གཅིག་ཡིན། བོད་མིའི་དཔལ་འབྱོར་བོད་པའི་སྤྱི་ཚོགས་ནང་ཁུལ་དུ་ཁོར་རྒྱུག་བྱ་མགོ་ཚུགས་སྐབས། བོད་མིའི་ཚོང་ལས་རིགས་ཇེ་མང་ཇེ་ཆེར་འགྲོ་ངེས་ཡིན་ལ། དེ་ནས་རིམ་གྱིས་བོད་མིའི་ཚོང་ལས་གཞིས་ཆགས་ཀྱི་ཕྱི་ལོགས་སུའང་རྒྱ་ཁྱབ་བཏང་སྟེ། དཔལ་འབྱོར་གྱི་ཡོང་འབབ་དེ་བས་ཀྱང་ཆེ་བ་བཟོ་ཐུབ་ངེས་ཡིན” ཞེས་དང་། “བོད་མིའི་སོ་ནམ་ཡར་རྒྱས་ཐོག་ཐབས་ལམ་གསར་པ་ཞིག་ཡོད་པ་ནི། ད་ལྟའི་སྟོན་ཐོག་གི་ཚབ་ཏུ་ཤིང་འབྲས་སྡོང་པོ་འདེབས་འཛུགས་བྱ་རྒྱུ་དེ་ཡིན་ལ། ཤིང་འབྲས་སྡོང་པོ་རྣམས་ཐོག་མར་བཏབས་པའི་རྗེས་ལ་ལོ་ ༣ ནས་ ༥ བར་བལྟ་སྐྱོང་བྱ་དགོས་ཤིང་། དེ་ནས་འབྲས་བུ་སྨིན་མགོ་ཚུགས་པ་དང་ཞིང་པ་རྣམས་ཀྱི་ལོ་རེའི་ཡོང་ཁུངས་བརྟན་པོ་ཞིག་ཡོང་ངེས་ཡིན།”ཅེས་བརྗོད་ཡོད་འདུག དེ་བཞིན་ཁོང་གིས་བོད་པ་རང་གིས་དངུལ་ཁང་འཛུགས་དགོས་པ་དང་། དངུལ་ཁང་དེའི་དངུལ་བོད་པ་ནང་ཁུལ་དུ་སྐྱི་གཡར་བྱས་ཏེ་ལས་མེད་ཚོར་ལས་ཀ་འཚོལ་དགོས་སྐོར་ཡང་བྲིས་འདུག  

བོད་གཞུང་གི་འཛིན་སྐྱོང་དང་ལས་བྱེད་ཚོར་བདག་སྐྱོང་བྱེད་ཕྱོགས་སྐོར་ལ། “གཞུང་ཞབས་བཀོད་སྒྲིག་བྱེད་ཕྱོགས་ཐོག་ལེགས་བཅོས་ངེས་པར་དུ་དགོས་ཤིང་། གཞུང་ཞབས་ས་མིག་གཅིག་ལ་ལས་བྱེད་གཅིག་བཀོད་སྒྲིག་བྱེད་སྐབས། ས་མིག་དེར་འཁྲི་བའི་ལས་འགན་གྱི་རང་བཞིན་དང་། ལས་བྱེད་དེའི་ཤེས་འཇོན་གནས་ཚད་བར་དོ་མཉམ་འཚམ་པོ་དགོས་པ་གལ་ཆེན་ཆགས་ཡོད” འཕྲོད་བསྟེན་ཐོག “འཕྲོད་བསྟེན་གྱི་མཐུན་རྐྱེན་འཛོམས་པའི་འཛུགས་སྐྲུན་ཡར་རྒྱས་བཏང་བའི་ཐོག བོད་མིའི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་སྨན་བཅོས་ཐབས་ལམ་གྱི་རིན་ཐང་ཁྱབ་སྤེལ་དང་། ད་ལྟའི་སྨན་བཅོས་གལ་ཆེ་ཤོས་སུ་བརྩི་བའི་འཕྲོད་བསྟེན་ཐབས་བྱུས་ལེགས་བཅོས་བྱ་དགོས” ཞེས་བསྟན་འདུག  

བློ་བཟང་སེང་གེ་ལགས་ཀྱིས་བཀའ་ཁྲིའི་ལས་འགན་ཁག་ལྔ་ངོས་འཛིན་གནང་དོན། དང་པོ། བོད་ནང་གི་བོད་མི་ཚོའི་གནས་སྟངས་གསལ་རྟོགས་དང་ཁོང་ཚོར་རྒྱབ་སྐྱོར་བྱ་རྒྱུ་དང་། གཉིས་པ། བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་རོགས་རམ་འཚོལ་རྒྱུ། གསུམ་པ། བོད་ནང་རྒྱ་གཞུང་གིས་སྤེལ་བའི་སྲིད་བྱུས་ངན་པར་ཁ་གཏད་གཅོག་རྒྱུ་དང་། རྒྱ་རིགས་མི་མང་ལ་འབྲེལ་བ་བྱ་རྒྱུ། བཞི་བ། རྒྱ་གར་གཞུང་མང་གཉིས་དང་མཛའ་བརྩེའི་འབྲེལ་བ་རྒྱུན་འཁྱོངས། ལྔ་བ། བཙན་བྱོལ་བོད་མིའི་གཞུང་དང་མི་མང་གི་མགོ་ཁྲིད་བྱ་རྒྱུ་བཅས་ཡིན། གོང་གསལ་ལས་འགན་དང་པོ་བཞིའི་ཐོག་ང་ལ་རྒྱུས་མངའ་དང་ཉམས་མྱོང་འདང་ངེས་ཡོད་སྟབས། ང་ལ་བཀའ་ཁྲིའི་ལས་འགན་བསྒྲུབ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་བརྟན་པོ་ཡོད་ཟེར།

བསྡུ་སྒྲིག་བྱེད་མཁན། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

ཆུ་ཚོད་ ༡༢ སྔོན་ལ།
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
 ཚེ་དབང་དབྱངས་མཚོ་ལགས་དང་བསྟན་འཛིན་སྲི་སྒྲུབ་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༧།༣
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་གཟེངས་ཐོན་སྲི་ཞུ་བ་གཉིས།

ཆུ་ཚོད་ ༡༨ སྔོན་ལ།
Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

༢༠༢༥/༠༧/༠༢
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

༢༠༢༥/༠༧/༠༢

མཆན། 38

  1. འབྲུག says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་ དེ་རིང་ཉིན་བརྒྱབ་ཕྱག་ཚོད་བཞི་ཐོག་གཏམ་བཟང་ཞིག་གོ་ཐོས་བྱུང་བས ཁྱོད་རང་གིས་མ་འོངས་པའི་ལས་འཆར་དེ་བསམ་པའི་ཡིད་བཞིན་ལྟར་འགྲུབ་ཤོག ངའི་རེ་བ་ཆེ་ཤོས་འགྲུབ་ཚ་སོང།

    Reply
  2. GYAMTSO says:
    ལོ་ 14 སྔོན།

    ཧ་ཧ་ཧ་སྒྲོན་མེ་རྩོམ་རིག་ཁང་གི་འགན་གཅིག་ཆོག་གནང་མཁན་དཀོན་རྒྱམ་འདི་མི་རིས་པ་ཅན་ཞིག་རེད། བྱ་བ་ཆེ་ཆུང་གང་ཡིན་རུང་མཐའ་འཁྱོངས་པ་བྱེད་གལ་ཆེ། རེ་བ་གཅིག་ལ་སྔོན་མ་ནང་བཞིན་ལག་པ་མི་རིང་བའི་སྨོན་འདུན་ཡོད།

    Reply
  3. བོད་པ་ཚང་། says:
    ལོ་ 14 སྔོན།

    བློ་བཟང་སེངྒེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་བློ་སེང་ལགས་ཀྱི་གནས་ཚུལ་མཁྱེན་བཞིན་དུ་བྱེད་ཀྱི་ཡོད་དམ། ཡང་ན་ཧེབ་ལངས་ཏེ་དེའི་ཕྱོགས་སུ་སོ་སོ་ལྟ་བུ་མི་གཞན་ཞིག་འགྲོ་བའི་རྒྱུ་མཚན་ལ་བརྟེན་ནས་འགྲོ་ཡི་ཡོད་མེད་ཚེ་ཐོམ་ཞིག་ངང་གིས་བྱུང་། དཔེར་ན། ཁ་སང་མེཀ་ལོ་ཊི་བོད་ཁྱིམ་ཉིན་སློབ་ཏུ་སྒྲོན་མེ་རྩོམ་སྒྲིག་ཁང་གིས་གོ་སྒྲིག་གནང་བའི་བཀའ་ཁྲིའི་འོས་མིའི་རྒྱབ་སྐྱོར་བ་གསུམ་དང་མི་མང་དབར་ལ་བགྲོ་གླེང་ཞིག་འཚོགས་པ་རེད། དེར་ང་ཡང་ཡོད། བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་སྐུ་གཞོགས་བག་བྲོ་ལགས་རེད་འདུག དེའི་སྔོན་ལ་སྐུ་གཞོགས་ཀྱིས་བློ་སེང་ལགས་ཀྱི་སྦྱར་ཡིག་སྦྱར་པའང་མཐོང་མྱོང་། སོང་ཙང་གནས་ཚུལ་མགོ་འཚོས་ནས་རྒྱབ་སྐྱོར་ཞུ་ཡི་ཡོད་ཤག་བརྩིས་ཡིན། འོན་ཀྱང་ཧང་སང་དགོས་པ་ཞིག་ལ། སྐུ་གཞོགས་བག་བྲོ་ལགས་ལ་བློ་སེང་ལགས་ཀྱི་རྒྱབ་ལྗོངས་གནས་ཚུལ་མཐིལ་ཕྱིན་པ་དང་གནད་ལ་ཕིག་པ་གསུང་རྒྱུ་མི་འདུག དེའི་ཁར་ངས་སློབ་སྦྱོང་མཐོ་པོ་བྱས་མེད་ཚུལ་བཤད། ལྷག་པར་དུ་སྐུ་གཞོགས་ལགས་ཁ་སང་རྒྱབ་སྐྱོར་བའི་ཐོག་ནས་ཕེབས་པ་འདྲ་པོ་མི་འདུག དེ་ལས་སོ་སོ་དཀར་པོ་བཟོ་ཐབས་སུ་གསལ་བཤད་གནང་བར་ཕེབས་པ་ལྟ་བུ་མཐོང་། སྐུ་གཞོགས་ལགས་ཀྱིས་ལན་མང་ཆེ་བ་ལ། སྒེར་གྱི་གསལ་བཤད་དང་སྒེར་གྱི་སྔོན་བྱས་གནས་ཚུལ་གསུངས་པ་མང་།
    མཐའ་དོན་ཞུ་རྒྱུ་ལ། རྒྱབ་སྐྱོར་བ་རྣམས་ཀྱིས་སུ་ལ་རྒྱབ་སྐྱོར་གནང་ཡང་གནས་ཚུལ་མགོ་འཚོས་ནས་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེ།

    Reply
  4. ཁམས་འབུམ་པའི་གཞོན་ནུ། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྡོ་རྗེ་ལགས་ནས་གུས་པའི་རེ་འདུན་བཞིན་རྩོམ་བྲིས་བདེ་དེ་གནང་དགོས་གསུང་འདུག་པའི་གུས་པའི་སྙིང་ནས་ཐུགས་རྗེ་ཆེ་ཞུ།
    གུས་པའི་གློག་འཕྲིན་གིས་ཁ་བྱང་ནི་(tashi550@yahoo.com)འདི་ཡིན་ལགས།
    དུས་ཐོག་ལ་ཡིག་ལན་ཕུལ་ཡག་མ་བྱུང་བའི་དགོང་གསལ་ཡོང་བ་ཞུ།
    སྐུ་ཚེ་རིང་།།

    Reply
  5. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    བཀའ་ཁྲི་རྣམས་ཀྱིས་གཞི་ཆགས་རྣམས་བརྟན་པོ་བཟོ་རྒྱུ་མ་གཏོགས་གསར་འབྱོར་རྣམས་སྣང་མེད་དུ་རྒྱུ་ཡིན་པ་འདྲ།
    གཞི་ཆགས་རྣམས་ལ་ས་ཁང་ཆ་ཚང་ཡོད་ལ་ལོ་ལེགས་མ་བྱུང་ཚེ་རྒྱ་གར་གཞུངས་གིས་རོགས་དངུན་ཡོད་ལ་བོད་གཞུངས་གིས་ཀྱང་རོགས་རམ་་ཆད་མེད་ཡོད་།
    འོན་ཀྱང་གསར་འབྱོར་རྣམས་ལ་ས་ཁང་མེད་ལ་རོགས་དངུན་དེ་བས་ཀྱང་མེད་།
    དེ་ཚོ་ལ་་རྟེན་པོ་དགོས་ཀྱི་མ་རེད་དམ།

    ཚ་བ་བློ་བཟང་རྒྱལ་མཚན།
    ནོར་གླིང་་།

    Reply
  6. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཨ་ལ་ལ་་་་ངོ་མ་མ་དྲིས་བཤད་དང་སྐྱ་ཀ་ཁ་འདི་ཚོར་སུན་ནི་ཟིག་རེད

    Reply
  7. གངས་ཆབ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ།སྐབས་གསུམ་པའི་བཀའ་བློན་ཁྲི་པར་སུར་ཁེལ་ཀྱང་༸གོང་ས་མཆོག་གིས་ཐུགས་དགོངས་གཞི་གཞག་ཐོག་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།སྲིད་ཇུས་དབུ་མའི་ལམ་གཞི་འཛིན་ནས་རྒྱལ་སྤྱིའི་ཐོག་ནུས་ལྡན་གྱི་ལས་འགུལ་དང་བོད་མི་རིགས་དང་མི་མང་གི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་བྱ་གཞག་ཞིག་བསྒྲུབ་དགོས་པ་ལས།རང་སྣང་གང་དྲིན་གྱིས་འགྲུབ་ཡག་མེད་པའི་ཤེལ་སྒོ་ནང་གི་མོག་མོག་ཅིག་ཟ་འདོད་བྱེད་པ་ནི།དེང་དུས་ཀྱི་རྒྱ་སྤྱིའི་གནད་དོན་དང་ཁ་ཕྱོགས་གང་འདྲ་ཞིག་འགྲོ་གིན་ཡོད་མེད་ཐོག་ལ་དཔྱད་ཞིག་མ་བྱེད་པའི་ཉེ་ལེན་ཡིན་པ་ནི་སྨོས་མ་དགོས།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བློ་སེང་གི་མ་འོས་བློ་འདྲི་བྱེད་ས་ཟམ་གདོང་བླ་མ་རེད།
    བཀྲས་མཐོང་གི་མ་འོས་བློ་འདྲི་བྱེད་ས་བོད་རྒྱ་ཆེན་མི་དམངས་རེད།
    མང་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་རྒྱལ་ཁབ་ཀྱི་གནད་དོན་མི་དམངས་ཀྱིས་ཐག་བཅད་བྱེད་ཀྱི་ཡོད་པ་རེད།

    ༧གོང་ས་མཆོག་གི་དགོངས་པ་དང་དབུ་མའི་ལམ་གྱི་དམིགས་ཡུལ་མཐའ་ཐུག་ངོ་མ་བོད་ཀྱི་གནད་དོན་འདིར་བོད་རྒྱ་ཆེན་མི་དམངས་ཀྱི་ཐག་བཅད་ཡོང་ཐབས་འདི་ཡིན་པར་བཀྲས་མཐོང་ལགས་ཀྱིས་རྒྱུད་ལམ་ཁག་ཏུ་གསལ་བཤད་གནང་བཞིན་པ་རེད།

    མང་གཙོ་སྲིད་གཞུང་གི་འགོ་ཁྲིད་ཚད་ལྡན་ཡིན་མིན་ནི་མི་དམངས་ཀྱི་དམིགས་ཡུལ་དང་བསམ་ཚུལ་ལ་གུས་བཀུར་བྱེད་མིན་ལ་རག་ལུས་ཡོད། ༧གོང་ས་མཆོག་གི་མཚན་སྙན་ཁ་ལ་ཁུར་ནས་བོད་རྒྱ་ཆེ་མི་དམངས་ཀྱི་དམིགས་ཡུལ་དང་བསམ་ཚུལ་ལ་བརྩི་བཀུར་མི་བྱས་མཁན་ཚོ་ནི་སྲིད་དབང་སྒེར་འཛིན་རིང་ལུགས་ཡིན་པ་ལས་མང་གཙོ་ཁྲིམས་ལུགས་སུ་འགྲོ་གི་མེད།

    བློ་སེང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་འགྱུར་བ་དང་བརྟེན་ནས་གོ་སྐབས་འཇུས་ཐུབ་ཀྱི་གལ་ཆེ་རེད་གསུངས་ཀྱི་ཡོད། ཡིན་ནའང་ད་ལན་གྱི་འགྱུར་བ་བྱུང་བ་ནི་བལ་འབྲུག་རྒྱལ་ཁབ་གཉིས་ཀྱི་ནང་དུ་བཀའ་སྤྱིའི་འོས་བསྡུ་བྱས་མ་བཅུག་འདི་རེད། བཙན་བྱོལ་གྱི་ལོ་རྒྱུས་ནང་དུ་འོས་བསྡུ་མ་ཆོག་པའི་འགྱུར་བ་འདི་དང་པོ་ཡིན་པར་འདྲ། བློ་སེང་ལགས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་མཁས་དབང་ཡིན་པར་ཡང་ཞུ་མ་དགོས་པ་ཞིག་རེད། ཡིན་ནའང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བལ་འབྲུག་གཉིས་སུ་འོས་བསྡུ་ཆོག་པའི་ཤུགས་རྐྱེན་སྤྲད་ཐུབ་ཀྱི་མེད་པ་རེད།

    གསར་གཏོད་མེད་པ་རེད། སྦྲགས་ཐོག་ནས་འོས་བསྡུ་བྱེད་ཀྱི་ཡིན་ཞེས་ཀུན་གླེང་ནང་དུ་གསུངས་ཀྱི་འདུག དཔེར་ན། བལ་པོ་གཉེན་རྟོག་པས་འོས་སྒམ་འཕྲོགས་ཐུབ་པ་མ་གཏོགས་སྦྲགས་ཡིག་མི་འཕྲོག་པ་ཡིན་ནམ། དགོད་མི་ཤོར་ཡའི་སྐད་ཆ་རང་རེད། ཐབས་ཤེས་དེ་ལས་མེད་ན་རྒྱལ་སྤྱིའི་ཁྲིམས་ལུགས་སྦྱངས་ཡོད་མདོག་བྱས་ནས་གང་ཕན།

    གོ་སྐབས་འཇུ་ས་མེད་པ་རེད་དམ། གོ་སྐབས་འཇུས་ཐུབ་ཀྱི་མེད་པ་རེད།

    Reply
  9. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    དྲ་གྲོགས་རྡོ་རྗེ་ལགས།
    སྐུ་ཉིད་ལ་དུས་འཁོམས་བྱུང་ཚེ་ཞོགས་ལགས་ཀྱི་བརྩམས་ཆོས་དེ་འདི་ན་བསྐུར་ཐབས་གནང་རོགས།
    ttseten33@yahoo.com
    ཐཱུགས་རྗེ་ཆེ།

    Reply
  10. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    ད་བལྟོས་དང་། བློ་སེང་གི་རྒྱབ་སྐྱོར་བ་ཀླུ་མཁར་བྱམས་ལྟ་བུ་ཀྱང་ཀྱང་རེད། རྣམ་དཔྱོད་མེད་པ། ཤེས་ཡོན་གྱི་ཆུ་ཚད་དབེན་པ། རྣམ་དཔྱོད་མེད་པ་དེ་འདྲའི་མི་ཤ་སྟག་རེད་འདུག མ་གཞི་ཁག་མིན་འདུག གོང་དུ་བློ་སེང་ནས་༼ ང་ལ་ལས་དོན་བསྒྲུབ་ཕྱོགས་ཀྱི་རྩ་དོན་གསུམ་ཡོད་པ་ནི། ༽ ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་ཡིན་ཞིང་། ཟེར་། ཡང་གཤམ་ཙམ་ན་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཀའ་དྲི་ཞུ་རྒྱུ་ཡིན་ཟེར་བ་སོགས་ནང་འགལ་གྱི་སྐད་ཆ་ཧ་ཅང་མང་བར་བརྟག་ན་ཀུན་སློང་ཡང་དག་ཞིག་དང་། ལྷག་བསམ། མི་རིག་ལ་བརྩེ་ཞིང་རྒྱལ་ཁབ་ལ་དུང་བའི་རྟག་མིན་འདུག དེའི་ཕྱིར་ངས་མང་གཙོ་ལོངས་སུ་དཔྱད་ནས་བློ་སེང་སྔོན་འགྲོའི་འོས་སུ་འཕེན་ཟིན་ན་ཡང་། དངོས་གཞི་ནས་མ་འཐེན་རང་འཐེན་རེད་སོང་།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀུར་འོས་དྲ་གྲོགས་ཨ་ཚོགས་ཀླུ་མཁར་བྱམས་ལགས་་་་་ཁྱེད་རང་ཤི་ན་གསོན་རང་བཙན་འབད་བརྩོན་བྱས་མཁན་ཞིག་ཡིན་པར་ངོས་ལེན་ཡོད། གུས་ཞབས་ཡོད། ཁྱེད་ཀྱིས་བློ་སེང་ལགས་སུ་རྒྱབ་སྐྱོར་བྱས་པར་བསམ་ཚུལ་ཡོད་པ་བདེན་པ་རེད།

    བློ་སེང་བཀའ་ཁྲིར་་བཀའ་ཕེབས་པ་ཡིན་ན་འགྱུར་བ་ཞིག་ཡིན་པ་བདེན་ནའང་བཀྲས་མཐོང་ཕེབས་ན་འགྱུར་ཆེ་བ་དང་གསར་གཏོད་མང་བ་ཡོད་པ་འདོད། བློ་སེང་གིས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ཕྱོགས་རྙིང་པ་དབུ་མའི་ལམ་ལ་འགྱུར་བ་གཏོང་འདོད་མེད་པ་གསལ་པོ་རེད་ལ་གཞི་ཆགས་སྲ་བརྟན་དང་ཤེས་ཡོན་སྲིད་བྱུས་རྒྱུན་སྐྱོང་བྱེད་རྒྱུར་སོགས་ཟམ་གདོང་བླ་མའི་སྲིད་ཇུས་ལྟར་འགྲོ་ས་རེད་སྙམ།

    དེང་སང་གི་དེང་རབས་འདིར་རང་བཙན་པ་ཚོ་ཤི་ན་རོ་བདག་མེད་པའི་དུས་ཤིག་རེད། སྤྱི་ཚོགས་ནང་དུ་སྐད་ཆ་བཤད་སར་དང་ལས་འགུལ་སྦེལ་སར་རག་ཐུབ་ཀྱི་ཕར་ཞོག་ཁྱེད་ལྟ་བུ་དང་འཇམ་ནོར་བསྟན་འཛིན་བརྩོན་འགྲུས་ལྟ་བུ་སོགས་བོད་པའི་སྤྱི་ཚོགས་ནང་དུ་སྡོད་མི་ཐུབ་པ་གཅིག་ཡོང་གི་རེད་བསམ་གྱི་མི་འདུག་གམ།

    ཁྱེད་ཀྱིས་གསུངས་མྱངས་བ་ལྟར་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་ངེས་རེད། ཡིན་་ནའང་བཀྲས་མཐོང་མ་ཕེབས་ཡིན་ན་སུ་གང་གིས་འགྱུར་བ་གཏོང་གི་རེད་བསམ་བསམ་མི་འདུག ངས་བྱས་ན་ཆབ་སྲིད་དང་ཤེས་ཡོན་དཔལ་འབྱོར་གང་གི་ཆ་ནས་ཀྱང་བཀྲས་མཐོང་ཡག་བ་འདུག་སྙམ། ཁོང་མི་རྙིང་པ་ཡིན་ཀྱང་བསམ་བློའི་ནང་དུ་གསར་གཏོད་མང་པོ་འདུག་སྙམ།

    བོད་མི་རིགས་ཀྱི་འཆི་གསོན་ཅི་ཡོང་བོད་ཀྱི་སྐད་ཡིག་འདིར་སྲུང་སྐྱོབ་བྱེད་ཐུབ་མིན་ལ་རག་ལུས་བསྡད་ཡོད་པ་མཁྱེན་གསལ་རེད། བློ་སེང་རང་ཉིད་བོད་ཡིག་ཡག་པོ་མི་ཤེས་པའི་མི་ཞིག་བཀའ་ཁྲིར་ཕེབས་པ་ཡིན་ན་བོད་ཡིག་བེད་སྤྱོད་གཏོང་སའི་ཁོར་ཡུག་ཆུང་རེ་དང་དོ་སྣང་ཆུང་རེ་འགྲོ་ངེས་རེད།

    བོད་ཡིག་འདིར་དགོས་མཁོ་མེད་པའི་སྐད་ཡིག་གཅིག་ཡིན་པར་ཤུགས་བསྟན་བྱས་ཀྱི་ཡོད། གང་ཡིན་ཟེར་མཐོ་བཀའ་ཁྲིར་ཕེབས་མཁན་མི་ཞིག་ཡིན་ནའང་བོད་ཡིག་ཤེས་མི་དགོས་པར་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་ངོ་སྤྲོད་བྱེད་ཀྱི་ཡོད། འདིས་བོད་མི་རིགས་ཀྱི་ཚེ་སྲོག་ལ་བརྩི་སྲུང་མ་བྱེད་པ་བསྟན་གྱི་ཡོད།

    ཐུགས་རྗེ་གཟིགས། ཐུགས་བསམ་བཞེས་རོགས།

    Reply
  12. གངས་ཆབ། says:
    ལོ་ 14 སྔོན།

    སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་མི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་མ་འོངས་བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་ལས་འཆར་ཁག
    རྣམ་དཔྱོད་ཡངས་པོའི་ངང་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས།མི་མང་གི་སྤྱན་ལམ་དུ་འཕུལ་གནང་བར་བསྔགས་བརྗོད་ཞུ་འོས་པ་ཞིག་རང་རེད།དེ་དོན་དགའ་བསུ་གྲངས་མེད་ཡོད་པ་ཞུ།

    Reply
  13. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    ཇོ་ཅོ་རི་ཉི་མ༌༌༌ ཁྱོད་ལྟར་ན་ངས་བློ་སང་ལ་རྒྱབ་སྐྱོར་བྱས་པར་བསམ་ཚུལ་འདུག སྤྱིར་ངས་བློ་སང་ལ་རྒྱབ་སྐྱོར་བྱེད་སྟངས་སྐོར་སྔོན་ནས་ཁ་གསལ་བཟོས་ཡོད་ལ། ང་ནི་ཤི་ན་གསོན་ན་རང་བཙན་བཤད་མཁན་གྲས་ཡིན་སྟབས། ངས་སྔོན་འགྲོའི་སྐབས་རང་བཙན་བ་ཞིག་ལ་འོས་འཐེན་རྒྱུ་ཡིན་ཞེས་བརྒྱུད་ལམ་ཁག་ནས་ས་བསྒྲགས་གནམ་བསྒྲགས་བྱས་ཡོད། ད་ནི་དངོས་གཞིའི་སྐབས་ཡིན་སྟངས་གདམ་ཀའི་ཚད་ཆུང་རི་ཕྱིན་པ་རེད། འདི་གཅིག་ཡིན། ཁ་སྔོན་ཡང་ཁྱོད་ཀྱི་མཆན་ཞིག་གི་ནང་ངས་ལམ་དབུ་མ་འགྱུར་བ་གཏོང་དགོས་ལུགས་བརྗོད་པ་དང་བློ་སང་ལ་རྒྱབ་སྐྱོར་བྱས་པ་གཉིས་དག་དག་བསྡད་མི་འདུག་འདྲ་བོ་ཞིག་བྲིས་འདུག་གཱ ཡིན་ནའང་། ཁྱོད་ཚོས་ངའི་སྐད་ཆར་ཞིབ་མོ་ཅིག་ལྟས་དང་། ངས་བློ་སང་སླེབས་ན་འགྱུར་བ་འདི་གཏོང་གི་རེད་གན་གཏོང་གི་རེད་ཟེར་ནས་ལབ་མ་མྱོང་། གཙོ་བོ་ཁོ་རང་སླེབས་ཐུབ་ན་དེ་འགྱུར་བ་ཞིག་རེད་ཟེར་གྱིན་ཡོད། སྐད་ཆ་འདི་གོ་སོང་ངམ། གཞན་བཅའ་ཁྲིམས་ཀྱི་དོན་ཚན་དེ་ཚོར་ལས་བྲེལ་དཔང་གིས་ལྟ་ཐུབ་མ་སོང་། དེ་ཚོའི་གྲས་ལ་རྣམ་པ་ཚོས་ཞིབ་རྒྱས་གཟིགས་ཐུབ་ན་ཡག་པོ་རེད།

    Reply
  14. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བ་ལ་སུ་ཕེབས་ཀྱང་། ཕྱག་རོགས་བཀའ་བློན་ཚོའི་གྲལ་ལ །
    ཐེངས་འདིའི་བཀའ་ཁྲིའི་འོས་ཤོག་མང་པོ་ཐོབ་ཡོད་པའི་མི་མང་གི་ཡིད་
    ཆེས་བྱེད་ས་རེ་ཟུང་གསར་དུ་སྐོ་རྒྱུ་དང་། ༸གོང་ས་མཆོག་ལ་དམ་ཚིག་
    གཙང་ཞིང་།ཆོས་རྒྱུན་ཁག་ལ་ཕྱོགས་རིས་མེད་པ ། ནང་པའི་ཆོས་ལ་ཤེས་
    རྟོགས་ཟབ་པ །བསྟན་པ་ལ་ཐུགས་འགན་ཁུར་བའི་ད་ལྟའི་ཆོས་རིག་
    བཀའ་བློན་ཚེ་རིང་ཕུན་ཚོགས་དང་།
    ༸གོང་ས་མཆོག་གི་སྐུ་བྱ་ལ་འཐུས་ཤོར་མེད་ཅིང་། གསར་འབྱོར་དང་ཉམ་
    ཆུང་དག་གི་སྐྱིད་སྡུག་ཡར་ཞུ་ལ་ཐུགས་བརྩེ་གནང་བ ། བོད་ནང་གི་གནས་
    ཚུལ་ཉམས་ཞིབ་དང་དཀར་ནག་ཤ ན་འབྱེད་ཀྱི་ཐབས་ལ་མཁས་པའི་ད་
    ལྟའི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་རྣམ་གཉིས་རང་འཇགས་སུ་འཇོག་པ་བཅས་གལ་ཆེ་བར་སྣང་།

    Reply
  15. བོད་པ་ཚང་། says:
    ལོ་ 14 སྔོན།

    བཀའ་ཁྲི་འོས་མི་བློ་བཟང་སེངྒེ་ལགས་ཀྱིས་མ་འོངས་ལས་འཆར་འདོན་རྒྱུ་ཡིན་པར་ཨ་རིའི་བརྙན་འཕྲིན་ཀུན་གླེང་སྐབས་སུ་གསུངས་པས་བལྟོ་འདོད་ལངས་སོང་། དེའི་ཁར་དེ་རིང་དྲྭ་ཐོག་ཏུ་གསར་འགྱུར་ཚུལ་དུ་བཀོད་པར་མཐོང་སྟབས་ཐོག་མར་དགའ་བྱུང་། འོན་ཀྱང་དཀྱུས་སུ་བཀླགས་པས་ཕལ་ཆེ་བ་སྔོན་གྱི་བཀའ་དྲི་ཁག་ཏུ་གསུངས་པ་ཕྱོགས་བསྒྲིགས་གནང་བ་ལྟ་བུ་ལས་མ་འོངས་ལས་འཆར་གསར་པ་སྦྱོར་དངོས་མཇུག་གསུམ་ཚང་བ་ཞིག་ཏུ་མ་མཐོང་། འབད་བརྩོན་གནང་བར་བསྔགས་བརྗོད་ཞུ།
    འོན་ཀྱང་དགོངས་པ་བཞེས་དགོས་པ་ཞིག་ནི། ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལྟ་བུར་མཚོན་ན། སྲིད་འཛིན་གྱི་འོས་ཆོས་ཁྲོད་ནས་གཅིག་ནི། གྲོས་ཚོགས་འོག་མའི་འཐུས་མི་ཡིན་པ་ཞིག་དགོས་ཚུལ་འཁོད་འདུག་ན། ཞིབ་ཕྲ་འོག་ཏུ་ལུང་དྲངས་པ་སྟེ།
    58. (1) No person shall be eligible for election as President unless he—
    (a) is a citizen of India,
    (b) has completed the age of thirty-five years, and
    (c) is qualified for election as a member of the House of the People. ཞེས་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཆགས་པར་རྒྱུན་གཏན་འོས་ཆོས་དེ་དག་ཡོད་པའི་ཐོག ཨ་རི་ནང་དུ་ལོ་ངོ་བཅུ་བཞིའི་རིང་གཏན་འཇགས་སྡོད་གནས་དགོས་པའི་ཆ་རྐྱེན་གསལ་འདུག འོན་ཀྱང་ང་ཚོས་བཅའ་ཁྲིམས་སུ་དེ་ལྟར་གསལ་མེད་ཀྱང་། ལོ་རབས་མང་པོའི་ཉམས་མྱོང་ཁྲོད་ཀྱི་རྩ་ཁྲིམས་དེ་དག་གི་འོས་ཆོས་རེ་རེ་ལ་དགེ་མཚན་ཡོད་པ་སྨོས་མེད་རེད། གཞུང་བསྐྱང་བར་གཞུང་འཛིན་ཁྲོད་དུ་ཞུགས་ནས་ལས་ཀ་བྱེད་རྒྱུ་དང་། རྒྱལ་ཁབ་དེ་རང་དུ་གཏན་སྡོད་དགོས་པ་ཡང་། རྒྱལ་ཁབ་དེའི་གནས་ཚུལ་ཡག་པོ་ཤེས་ཐུབ་པའི་ཆེད་དུ་ཨ་རིའི་རྩ་ཁྲིམས་སུའང་ཆ་རྐྱེན་དེ་ཉིད་བཀོད་པར་ངེས། དེ་མིན་དགོས་པ་གཞན་མ་མཐོང་།
    བོད་མི་གཞོན་སྐྱེས་མང་པོ་ཞིག་གིས་བཱ་རཀ་ཨོ་བཱ་མ་(Barack Obama)ཨ་རིའི་སྲིད་འཛིན་དུ་འཁོད་པ་བཞིན། ང་ཚོའི་སྤྱི་ཚོགས་སུའང་མི་རབས་གཞོན་པ་ཞིག་དགོས་ཚུལ་ངང་ངམ་ཤུགས་ཤུགས་སུ་གསུངས་པ་ཤས་ཆེ། འོན་ཀྱང་ཨོ་བཱ་མས་འདས་པའི་ལོ་རབས་ཀྱི་ཁྲོད་དུ་ཨ་རིའི་སྲིད་འཛིན་གྱི་ཞབས་སྟེགས་སུ་མ་ཕེབས་སྔོན་ལ། ལས་དོན་གང་དང་ཅི་གནང་མིན་ཐོག་ལ་བསམ་གཞིག་བྱས་མེད་པར་ཐེ་ཚོམ་ཆེ། ང་ཚོས་ཤེས་དགོས་པ་ཞིག་ལ། ཨོ་བཱ་མས་ཧར་ཝཌ་མཐོ་སློབ་ནས་ཁྲིམས་ཀྱི་ཕྱག་ཁྱེར་བསྣམས་པ་ལ་བརྟེན་ནས་ཨ་རིའི་སྲིད་འཛིན་དུ་བསྐོས་མེད་པ་གསལ་པོ་རེད། ༼ཟུར་བརྗོད། བཀའ་ཁྲི་ཕེབས་མཁན་རྣམས་དགུང་ལོ་ཆེ་ཆུང་ཁྱད་པར་ཙམ་ལས། མི་རབས་གཉིས་པའི་གྲས་སུ་གཏོགས་པ་འདྲ་མཉམ་རེད།༽
    ད་ཡོད་ཨ་རིའི་སྲིད་འཛིན་ཨོ་བཱ་མས་དེ་སྔོན་ཕྱི་ལོ་ ༡༩༨༨ ལོར་ཧར་ཝཌ་ཁྲིམས་ཀྱི་སློབ་གྲྭ་(Harvard Law School)རུ་འཛུལ་ཞུགས་གནང་སྟེ། ལོ་རིམ་དང་པོའི་ལོ་མཇུག་ཏུ་ཧར་ཝཌ་ཁྲིམས་ལུགས་བསྐྱར་ཞིབ་(Harvard Law Review)ཞེས་པའི་རྩོམ་སྒྲིག་པ་དང་། ལོ་རིམ་གཉིས་པར་དེ་གའི་ཚོགས་གཙོར་བདམས་ཐོན་བྱུང་། དེ་ནས་ཁྲིམས་ཀྱི་ཕྱག་ཁྱེར་བཞེས་པའི་རྗེས་ལ་ཕྱི་ལོ་ ༡༩༩༢ ནས་ ༢༠༠༤ བར་དུ་ཁྱོན་ལོ་ངོ་ ༡༢ རིང་ཆི་ཀཱ་གོ་ཁྲིམས་ཀྱི་སློབ་གྲྭའི་མཐོ་སློབ་ཏུ་(University of Chicago Law School)ཁྲིམས་ཀྱི་སློབ་དཔོན་གནང་ཞིང་། དེའི་རིང་ལ་ཁོ་པས་རྩ་ཁྲིམས་དང་འབྲེལ་བའི་སློབ་ཁྲིད་གནང་ཡོད།
    དེ་བཞིན་ཕྱི་ལོ་ ༡༩༩༦ ལོར་ཨི་ལི་ནཽས་(Illinois)མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་། དེ་ནས་ཕྱི་ལོ་ ༡༩༩༨ ལོར་བསྐྱར་དུ་བདམས་གནང་བ་མ་ཟད་ཕྱག་ལས་གཟེངས་ཐོན་བྱུང་ངེས་ཀྱིས། ཕྱི་ལོ་ ༢༠༠༢ ལོར་ཐེངས་གསུམ་པར་བསྐྱར་དུ་བདམས་ཏེ། ༡༩༩༧ ཟླ་ ༡ ཚེས་ ༨ ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༤ བར་དུ་ལོ་ངོ་ ༡༢ ཧྲིལ་པོ་མངའ་སྡེ་དེ་གའི་གྲོས་ཚོགས་གོང་མའི་འཐུས་མིའི་ཕྱག་ལས་གནང་། དེ་ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་གོང་མའི་འོས་ཤོག་ཐོབ་སྟེ། སྲིད་འཛིན་ཞབས་སྟེགས་ཀྱི་འགྲན་རྩོད་ལ་མ་ཞུགས་བར་དུ་མུ་མཐུད་ཕྱག་ལས་གནང་ཡོད། མཐར་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༤ ཉིན་ཁོ་པར་ཨ་རིའི་སྲིད་འཛིན་ཐེངས་ ༤༤ པའི་འོས་ཤོག་གི་བརྒྱ་ཆ་ ༥༢༌༩ ཙམ་གྱིས་རྒྱལ་ཁ་ཐོབ་སྟེ། ཕྱི་ལོ་ ༢༠༠༩ ཟླ་ ༡ ཚེས་ ༢༠ ཉིན་ནས་སྲིད་འཛིན་ལས་ཁུངས་སུ་ཕེབས་ནས་ཕྱག་ལས་གནང་དང་གནང་མུས་ཡིན།
    རྣམ་པ་ཚོ། ཨ་རིའི་སྲིད་འཛིན་གྱིས་ཀྱང་སོ་སོའི་ཁྲིམས་ཀྱི་ཤེས་ཡོན་ཕྱག་ཁྱེར་ཡོད་པ་ཙམ་དུ་མ་ཟད། ལོ་ངོ་ ༡༢ སློབ་ཁྲིད་ཀྱི་ཁྲོད་ནས་ཉམས་མྱོང་བསགས་ཤིང་། ལྷག་པར་དུ་མངའ་སྡེའི་གྲོས་ཚོགས་གོང་མ་ནས་ཐེམ་པ་རིམ་འཛེགས་ཀྱིས་འཛིན་སྐྱོང་གི་ཕྱག་ལས་ལོ་ངོ་བཅུ་བརྒལ་བ་གནང་བའི་གཟེངས་ཐོན་ཉེར་ལེན་ལ་བརྟེན་ནས་སྲིད་འཛིན་ཞབས་སྟེགས་སུ་བསྐོས་ཏེ་འགན་བཟོད་པ་ཞིག་བྱུང་འདུག་མ་གཏོགས། འཛིན་སྐྱོང་ཉམས་མྱོང་རྩ་བ་ནས་མེད་པ་ཞིག་ཁྲིམས་ཀྱི་སློབ་སྦྱོང་མཐར་སོན་པ་ཙམ་དང་གཏམ་བཤད་གང་མང་གནང་བ་ཙམ་གྱིས་བསྐོས་མེད་པ་གསལ་པོ་རེད།
    སོང་ཙང་མཁས་དབང་བློ་བཟང་སེངྒེ་ལགས་ཀྱི་བཀའ་མོལ་གནང་སྟངས་དང་། ཁྲིམས་ཀྱི་ཡོན་ཏན་ལ་བསྔགས་བརྗོད་ཡོད་ཀྱང་། ངའི་བསམ་པར་བློ་བཟང་ལགས་༸གོང་ས་མཆོག་གིས་དབུ་འཁྲིད་པའི་བོད་གཞུང་དུ་ཞབས་འདེགས་ཞུ་བློ་མཆིས་ཚེ། སྐབས་ཤིག་རིང་བཀའ་བློན་ཞིག་གམ། གྲོས་ཚོགས་སམ། ཁྲིམས་ཞིབ་ཁང་བཅས་གང་རུང་ཞིག་ཏུ་ཕྱག་ལས་གནང་སྟེ་ལག་རྗེས་ཆེན་པོ་འཇོག་ཐུབ་ན། ཕྱིས་སུ་འོས་ཤོག་གི་བརྒྱ་ཆ་༨༠ བརྒལ་བ་ཐོབ་པའི་མངོན་འདོད་ལས་སླ་པོར་འགྲུབ་ཐུབ་སྙམ། མ་གཞི་ནས་འདས་པའི་ནང་དུ་བློ་བཟང་ལགས་ཨ་རི་ཕྱོགས་ཀྱི་བོད་མི་མང་གི་སྤྱི་འཐུས་འོས་མིར་སླེབས་བཞིན་མ་ཞུགས་པ་དེས་ད་ལན་བཀའ་བློན་ཁྲི་པའི་ཞབས་སྟེགས་སུ་འཁོད་པར་བགེགས་སུ་གྱུར་པར་ངོས་འཛིན་ཞུ་ཡི་ཡོད། བློ་བཟང་ལགས་ཀྱིས་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་སྡེ་ཚན་གྱི་ཀུན་གླེང་ཐོག་དེ་འབྲེལ་གསལ་བཤད་ཅིག་གནང་སོང་ཡང་། དེ་སྔོན་སྤྱི་འཐུས་ལ་བཞེངས་འདོད་ཡོད་ན། ད་རེས་བཀའ་ཁྲིའི་སྐབས་སུ་ཧར་ཝཌ་མཐོ་སློབ་ལ་བཞེངས་ཆོག་པའི་བཀའ་འཁྲོལ་ཞུས་ནས་ཐོབ་པ་བཞིན། སྔར་ཡང་ཞུས་ཡོད་ཚེ་གནང་ཡོད་པར་ཚོད་དཔག་བྱེད་ཐུབ། འོན་ཀྱང་དེ་དུས་བློ་བཟང་ལགས་ཀྱིས་བཀའ་ཁྲི་ཞབས་སྟེགས་དེ་ཐུགས་ལ་མ་འཁོར་བ་ཡིན་ཤས་ཆེ།
    མཐའ་དོན་བློ་བཟང་ལགས་ལ་རྒྱལ་ཁ་འཐོབ་མིན་མི་ཤེས་ཏེ། ཐོབ་དབང་དུ་བཏང་ཡང་བརྒྱ་ཆ་ ༥༥ ལས་བརྒལ་བར་དཀའ། དེ་ནི་སྔོན་འགྲོའི་འོས་གཞིའི་སྐབས་སུ་བློ་བཟང་གིས་ནུས་ཤུགས་ཆ་ཚང་བཏོན་པའི་གྲུབ་འབྲས་ལ་གཞིགས་པའི་ཚོད་དཔག་ཙམ་ཡིན། ད་ཆ་བཀའ་ཁྲིར་བཞེང་མཁན་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་ཀྱང་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་ལ་ཕེབས་བཞིན་ཡོད་སྟབས། དངོས་གཞིའི་འོས་ཤོག་ལ་འཕོ་འགྱུར་ཤུགས་ཆེར་རྒྱུ་ཕལ་ཆེར་ངེས་པ་རེད།

    Reply
  16. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་གངས་ལ་དགའ། གངས་དཀར་པོ་ཁྱེད་ཀྱིས་ཕ་ས་རེད། དེའི་བདག་པོ་གངས་བུ་ཁྱོད་རང་རེད། ཁྱེད་མྱུར་ཏུ་རྒྱལ་བའི་རྟེན་འབྲེལ་ཡོད།

    Reply
  17. རྒྱ་སྟག་དཀར་པོ says:
    ལོ་ 14 སྔོན།

    གསར་གཏོད་ཀྱི་སྤོབ་པ་དང་ཡར་རྒྱས་ཀྱི་རང་བཟོ་མཚོན་ཐུབ་པའི་བློ་བཟང་སེངྒེའི་གསུངས་དེ་ད་ལྟའི་སྤྱི་ཚོགས་འདི་ལ་ཤིན་ཏུ་རན་ཞིང་ང་ཚོ་ལ་མེད་ན་མི་རུང་བ་ཞིག་ཆགས་ཡོད་པ་སེམས་ཀྱིན་ཡོད། ཁ་ཅིག་ལ་རྣམ་དཔྱོད་ཀྱི་ངར་ང་བྲལ་བའི་ཉམས་མྱོང་ཙམ་གོ་སྐབས་བར་མེད་ཀྱི་རྒྱུད་རིམ་ནང་ཡོད་ན་ཡང་། དེས་ནི་ཕག་པ་ལོ་བདུན་ཅུ་ཅན་ཞིག་དང་འདྲ་བར་མི་ཡི་ཕྲུག་གུ་ལོ་ཁ་ཤས་ཙམ་སོན་པའི་རྣམ་དཔྱོད་དང་འགྲན་མི་བཟོད་ལ་དེ་ཡི་བྱ་ལས་ཡང་སྒྲུབ་ཐུབ་ཀྱི་མ་རེད། དེས་ན་གོ་སྐབས་ཡང་ཡང་ཐོབ་ནས་གང་ཡང་འགྱུར་ལྡོག་མ་ནུས་པའི་རྒན་རིགས་ཁ་ཤས་ཤིག་ལོ་ལྔ་ཡི་རིང་ཕྱིར་འཐེན་བྱས་ནས་རྣམ་དཔྱོད་དང་སྤྱི་ཚོགས་ཀྱི་མཁྱེན་རྒྱ་ཡོངས་པའི་ཁྲིམ་ལུགས་སོགས་ཀྱི་མཁས་དབང་བློ་བཟང་སེངྒེ་ཉིད་འུ་ཅག་གི་རེ་བ་ཆེ་ཤོས་རེད།

    Reply
  18. རྡོ་རྗེ says:
    ལོ་ 14 སྔོན།

    ཁམས་འབུམ་པའི་གཞོན་ནུ་ལགས གལ་ཏེ་ཁྱོད་ལ་ཞོགས་དུང་གི་དེབ་དེ་དགོས་ན་ངའི་གྲོགས་པོའི་གློག་ཀླད་ནང་དུ་ཡོད་པས་ཁོས་ཁྱོད་ལ་གཏང་ངེས་ཡིན
    ཁྱོད་ཀྱི་གློག་འཕྲིན་ཁ་བྱང་ང་ལ་སྤྲད་ན་འགྲིག་གམ

    Reply
  19. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    དབུ་མའི་ལམ་ལ་མཐའ་འཁྱོལ་གནང་རྒྱུ་ཟེར། ཤེས་ཡོན་སྲིད་ཇུས་ཕྱག་བསྟར་གནང་རྒྱུ་ཟེར།
    གཞིས་ཆགས་སྲ་བརྟན་ཡོང་བར་བརྩོན་རྒྱུ་ཟེར། གཞིས་ལུས་བོད་མིར་ལས་འགུལ་སྤེལ་རྒྱུ་ཟེར།
    ལས་མེད་རྣམས་ལ་ལས་ཀ་འཚོལ་རྒྱུ་ཟེར། ཕྱི་རྒྱལ་འབྲེལ་བ་སྔར་ལས་སྤེལ་རྒྱུ་ཟེར།
    ཆིག་སྒྲིལ་གསར་གཏོད་རང་མགོ་ཐོན་ཐབས་བཅས། བྱེད་རྒྱུའི་དམ་བཅའ་བརྟན་པོ་འདི་བཛེན་ཞིང།
    ངེས་དོན་ལག་ལེན་བརྒྱ་ཆ་ཕྱེད་འཁྱོལ་ན། ཁྱོད་ལས་ལྷག་པའི་བཀའ་ཁྲི་གཞན་མེད་པས།
    འདི་ལ་མི་དགའ་བ་ནི་སུ་ཞིག་ཡོད། ཁྱོད་ལ་རྒྱལ་ཁ་ཐོབ་པའི་རེ་བ་ཞུ།

    Reply
  20. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལྔ་བ། བཙན་བྱོལ་བོད་མིའི་གཞུང་དང་མི་མང་གི་མགོ་ཁྲིད་བྱ་རྒྱུ་བཅས་ཡིན། གོང་གསལ་ལས་འགན་དང་པོ་བཞིའི་ཐོག་ང་ལ་རྒྱུས་མངའ་དང་ཉམས་མྱོང་འདང་ངེས་མེད་ཀྱང་། ང་ལ་ལྔ་པ་དེ་ཚང་པས། ང་ལ་ཡང་འོས་ཐོབ་པ་དང་། བཀའ་ཁྲིའི་ལས་འགན་བསྒྲུབ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་བརྟན་པོ་ཡོད། ཀརྡོ་སྨྱོན་པས།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    མཛེས་མ་བཀྲ་ཤིས་སྒྲོལ་མའི་གླུ་དེར་སྙན་པོ་བྱུང་། ད་དུང་ཡོད་ན་ཉན་འདོད་ཡོད།

    Reply
  22. ཁམས་འབུམ་པའི་གཞོན་ནུ། says:
    ལོ་ 14 སྔོན།

    ཨ་རོགས་ཚོ་དེས་ན་བློ་སེང་གིས་གསུང་ལུགས་ལ་བལྟས་ན་རང་རེ་གཞུང་དེ་ཡར་མར་གང་རུང་ཞིག་འགྲོ་ངེས་ཡིན་ས་འདུག་ག
    གཞན་དུས་ཚོད་ག་ཆོད་བསྡད་ན་མི་འགྲིག་པ་ད་གཞི་ནས་རྟོགས་གིས་ཡོད་ས་འདུག
    ཡིན་ན་ཡང་སློབ་སྟོན་པ་ཟམ་གདོང་ཡིན་དུས་ཧ་ཅང་བཀའ་བ་སེམས།།

    དེ་བཞིན་དྲྭ་གྲོགས་ཚོ་བོད་ནས་རྩམ་བྲིས་པ་ཞོགས་དུང་ལགས་གྱིས་བྲིས་གནང་བའི་གནམ་ས་སྒོ་འགྱེད་ཞིག་པའི་དེབ་དེ་དྲྭ་ཐོག་ཀློག་ཐུབ་གི་ཡོད་ནམ། ཡོད་ཚེ་ལམ་སྟོན་ཞིག་གནང་རོགས་ཞུ།།

    Reply
  23. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    བློ་སེང་གི་བཀའ་ཁྲི་མི་འོས་མི་དང་མི་མང་བར་འབྲེལ་ལམ་གནང་ཕྱོགས་ཐད་གསར་བཏོད་ཧ་ཅང་གནང་སོང་། དེ་ཡང་བརྙན་འཁོར་དང་ལོ་རྒྱུས་དེབ་ཆུང་གཉིས་བཀའ་ཁྲི་འོས་མི་བཀྲས་མཐོང་གི་ལན་ལྡོས་གནང་འདུག་ཀྱང་མ་འོངས་ལས་འཆར་ད་བར་འདི་ཡིན་ཟེར་བའི་དེབ་ཆུང་ཞིག་སྟོན་མ་སོང་། དེ་བཞིན་སྐུ་ངོ་བཀྲ་ཤེས་དབང་འདུས་གི་ཀྱང་དེ་འདྲ་གཅིག་སྟོན་མ་སོང་།

    Reply
  24. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    གུས་མོས་དེ་རིང་འདི་ནས་སྐད་ཆ་དྲང་མོ་ཞིག་བཤད་འདོད་བྱུང་། ལོ་ཆུང་ན་དགེ་མཚན་ག་རེ་ཡོད་པ་རེད། ལོ་ཆུང་བ་དང་ལག་འཁྱེར་ཡོད་པ་བློ་བཟང་སེང་གེ་བཀའ་ཁྲིར་འོས་པའི་རྒྱུ་མཚན་རེད་དམ། དེ་ཡིན་ན་ང་ལ་ཅི་ཡང་བཤད་རྒྱུ་མེད། གལ་སྲིད་དེ་མིན་པར་སྤྱི་ཡོངས་འགོ་ཁྲིད་འོས་འདེམས་ཀྱི་གནས་ཚུལ་ལ་ཞིབ་དཔྱོད་བྱས་པ་བརྒྱུད་གང་ཞིག་འདེམས་པར་འོས་པའི་འགོ་ཁྲིད་ལ་ཚང་དགོས་པའི་ཆ་རྐྱེན་རྣམས་འོས་མི་གསུམ་ལས་ཚང་ཤོས་ཁོང་རེད་ལབ་ན་རྩ་བ་ནས་མ་རེད་ལབ་རྒྱུ་ཡིན།
    དང་པོ། ཁོ་ཁ་བདེ་བོ་ཞིག་འདུག་ལབ་ན་ངོས་ལེན་བྱེད་རྒྱུ་ཡིན། འོན་ཀྱང་སྐད་ཆ་གང་བཤད་པ་དོན་ལ་མི་གནས་ཤིང་ཨུར་གཏམ་ཤུགས་ཆེ་བ་མ་ཟད། སྐད་ཆ་མང་པོ་ཞིག་མང་ཚོགས་ལ་ཐད་ཀར་ཚོར་བ་སྤྲོད་བྱེད་ཙམ་ལ་དམིགས་པ་ལས་བསམ་བློའི་རྒྱབ་ལྗོངས་ཀྱི་མི་འདངས་པའི་གནད་དོན་འདུག
    གཉིས་པ། ཁོ་མི་མགོ་བདེ་བོ་ཞིག་རེད་ལབ་ན་ངོས་ལེན་བྱེད་རྒྱུ་ཡིན། འོན་ཀྱང་མགོ་བདེ་བ་དེ་གནས་སྐབས་ཙམ་ལས་གཏིང་ཐག་ཆོད་པ་དང་ཕུག་འཕེར་རང་བཞིན་གྱི་ཤེས་རབ་ཅན་ཞིག་མ་རེད་ལ། དེ་ལས་ཀྱང་མགོ་ཁྲིད་ཅིག་ལ་ཚང་དགོས་པའི་གཞི་རྩའི་གནད་དོན་གཅིག་ཏེ། མི་མང་མགོ་སྐོར་མི་གཏོང་ཞིང་མི་མང་ལ་བརྩེ་བ་ལྡན་པ་ཞེས་པའི་ཆ་རྐྱེན་གྱི་དྲི་ཙམ་ཡང་མི་བྲོ།
    གསུམ་པ། ཁོ་མི་གོ་སྐབས་རིང་ལུགས་པ་ཞིག་རེད་ལབ་ན་ངོས་ལེན་བྱེད་རྒྱུ་ཡིན། འོན་ཀྱང་ཁོ་ལ་བོད་པ་ཞིག་གིས་ངོས་ནས་བཤད་ན་ཆེས་མ་མཐའ་ནས་ཚང་དགོས་པའི་ཆ་རྐྱེན་དེ་བཟང་སྤྱོད་ཅེས་པ་ཞིག་གི་དྲི་ཙམ་ཡང་མི་བྲོ། མི་ཆོས་ཀུན་སྤྱོད་ནི་སྤྱིར་མི་ཞིག་ལ་ཡོད་འོས་པ་དང་། ལྷག་པར་དུ་བོད་པ་ཞིག་ལ་མཚོན་ན་ངེས་པར་ཡོད་དགོས་པ་ཞིག་ཡིན་ནའང་། བློ་བཟང་སེང་གེ་དུལ་འབྲུ་ཙམ་ཡང་མེད།
    ད་དེ་ཙམ་བྱེད་སང་ཉིན་མུ་མཐུད་ཡིན།

    Reply
  25. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིག་པ།

    ན་གཞོན་ལས་མེད་ཚོར་འཚོ་བའི་མཐུན་རྐྱེན་བསྐྲུན་རྒྱུ་དང་། བོད་ནས་གསར་དུ་ཕེབས་མཁན་རྣམས་བཙན་བྱོལ་སྤྱི་ཚོགས་ནང་ཟླ་སྒྲིལ་གཏོང་ཐབས་སུ་དམིག་བསལ་ལས་དོན་བརྩམ་རྒྱུ་ཡིན་སྐོར་བཀོད་འདུག་ཟེར།
    ཧ་ཧ་བོད་ནས་གསར་དུ་ཕེབས་མཁན་རྣམས་བཙན་བྱོལ་ནང་ཟླ་སྒྲིལ་མེད་པར་ཟུར་ཞིག་ལ་བཞག་པའི་རྒྱུ་མཚན་ཡོད་པ་རེད་པས། སྐད་ཆ་དེ་ག་འདྲ་ཞིག་ལ་གོ་མིན་ཤེས་མ་སོང་།

    Reply
  26. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཅོ་རི་ལགས་ཀྱིས་
    མ་ཤེས་ཤེས་འདོག་བྱེད་པ་ལས་གསལ་ཁ་གང་ཡད་མེད་ཟེར་བ་ཧམ་བཤད་རང་རེད་།མིག་ཡོད་བཞིནདུ་ལོང་བ་གཡང་ནས་འཁྱམ་དགོས་གང་ཡིན་ནམ་།
    ཡིན་ན་ཁྱེད་ལ་ཐུགས་ཁག་མེད་ལོ་།

    Reply
  27. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    མཁས་དབང་ཁོང་ལྟ་བུ་བཀའ་ཁྲིའི་འོས་མི་སྙེད་པ་དེ་མ་འོངས་པ་བོདམི་ཚོས་བསོད་ནམས་རེད་དྲན་གྱིས་འདུག་

    Reply
  28. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    བསྡུ་སྒྲིག་བྱེད་མཁན་དཔལ་ལྡན་ལགས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་།
    སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་༼ མ་འོངས་ལས་འཆར་༽ཟེར་བའི་དེབ་ཆུང་ཞིག་
    སྟོན་གནང་བ་སྤྲོ་བ་དང་བཅས་དེ་བསྔགས་བརྗོད་ཞུ་།

    དེབ་ཆུང་དེ་གུས་པས་ཐེང་གཉིས་གསུམ་བཀླགས་པ་ཡིན་པས་ཧ་ཅང་གཟི་བརྗེད་ལྡན་པའི་མ་འོངས་ལས་འཆར་ཤིག་དུ་མཐོང་།སོང་ཙང་ང་ཚོའི་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་མ་འོང་བཀའ་ཁྲི་ཁོང་ལ་རྒྱབ་སྐྱོར་གནང་གལ་ཆེ་བ་ཤིན་དུ་ནས་མཐོང་སོང་ལགས་།

    མ་ཚད་གཅེན་གཅུང་གཉིས་ཀྱི་རེ་འདུན་བྱས་སའི་མ་འོང་བཀའ་ཁྲི་དེ་ཁོང་སྟར་བུ་གཞོན་སྐྱེས་ཤིག་རེད་འདུག་
    སྤུན་གྲོགས་ཚོའི་གཟིགས་དང་༽

    ༡༽སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་།

    ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབསའདུག་ཅེས་། གོང་༸ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྟོན་ཡོད་།

    མ་ཚད་ཡང་དེའི་རྗེས་སུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད་། ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་པ་མ་ཚད་བུ་མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་ཅེས་གསུངས་མྱོང་།

    ༢༽སྐུ་ཡི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་བཀའ་སྤྱི་གཉིས་ཀྱི་སྐོར་གསུང་བཤད་འདི་ལྟར་གནང་འདུག་།

    ང་ཚོས་འཐུས་ཤོར་ཞེ་དྲག་ཕྱིན་འདུག་རྗེས་ལུས་ཞེ་དྲག་ཐེབས་འདུག་ཅེས་བཀའ་གནང་གི་ཡོད་རེད་།ང་ཚོས་ངེས་པར་དུ་སྐྱར་ཞིབ་དང་རྩ་འཛུགས་བྱེད་དགོས་ཀྱི་འདུག་།འདས་པའི་ལོ་༥༠་རིང་འགྲིག་ཡོད་ཀྱང་ནོར་ཡོད་ཀྱང་ང་ཚོས་གོམཔ་དེ་འདྲ་ཞིག་སྤོས་པ་རེད་།མ་འོངས་པའི་གོམ་པ་སྤོ་སྟངས་དེའི་ཐད་ལ།

    ངའི་བསམ་པར་ངེས་པར་དུ་བསྐྱར་ཞིབ་གནང་དགོས་ཀྱི་རེད་དྲིན་གྱི་འདུག་ལ་ངས་༸སྐུ་མདུན་ལངས་ཞུ་ཡི་ཡོད་།ངའི་བསམ་བློའི་ནང་ལོ་ཆུང་བའི་ནང་བུ་དང་བུ་མོ་མང་པོ་འདུག་།དེ་ཚོར་བསྐྱར་ཞིབ་སོགས་ཀྱི་ལས་ཀ་བཀོལ་རྒྱུ་དེ་།ད་ལྟ་༸སྐྱབས་མགོན་རིན་པོ་ཆེའི་དབུ་ཁྲེད་འོག་ནས་།

    འཛིན་སྐྱོང་གི་འགོ་ཁྲིད་མཁན་དང་ཕྱག་ལས་གནང་མཁན་ཚོས་།ལོ་ཆུང་བ་ཚོར་ལས་ཀ་བཀོལ་སྟངས་མཁྱེན་གྱི་མི་འདུག་ལ་།ལོ་ཆུང་བ་དེ་ཚོར་ཡིད་ཆེས་གནང་གི་མི་འདུག་་་ལོ་ཆུང་བ་དེ་ཚོར་ལས་ཀ་སྤྲོད་དགོས་ཀྱི་འདུག་།ལོ་རྒན་པ་ཚོས་དཀའ་ལས་ཞེ་དྲག་སྐྱོན་ནས་ཕྱག་ལས་གནང་པ་རེད་།

    ཁོང་ཚོར་རྒན་ཡོལ་གྱི་ཕོག་དང་ལྟ་རྟོག་གི་འོག་ནས་བཞུགས་།ལོ་ཆུང་བ་བུ་དང་བུ་མོ་མང་པོ་ཡོད་པ་དེ་ཚོ་རྩ་འཛུགས་གནང་ཐུབ་ན་།ཤས་ཡོན་དང་དཔལ་འབྱོར་སོགས་ལས་ཀ་གང་ཅིའི་ཐད་ལ་ཕྱག་ལས་གནང་ཐུབ་ཀྱི་རེད་།རྒྱ་མི་ཐད་ལ་ང་ལ་སེམས་ཁྲེལ་མེད་།ག་ལེ་ག་ལེ་གཟིགས་ཀྱི་གཟིགས་ཀྱི་གོམ་པ་སྤོས་གནང་ན་མ་འགྲིག་བ་ཡོད་མ་རེད་བསམ་གྱི་འདུག་།

    ང་ལ་སེམས་ཁྲེལ་ཆེ་ཤོས་ང་རང་ཚོ་ནང་ཁོལ་ནང་སྲ་ཐག་ཐག་བྱེད་ཐུབ་པ་།ལས་ཀ་རྩོམ་ཐུབ་པ་།དོན་དངོས་ལག་ལེན་གྱི་ཐོག་ནས་ང་ཚོ་རྡོ་རྩ་ཆིག་སྒྲིལ་ཡག་པོ་ཞིག་ཡོང་དགོས་ཀྱི་དེ་གལ་ཆེན་རེད་བསམ་གྱི་འདུག་།

    ད་ལྟའི་སྐབས་ལོ་ཆུང་བ་འདེབས་གནང་དགོས་ཀྱི་འདུག་།་་ལོ་ཆུང་བ་འདེབས་ཟེར་བ་དེ་བཀའ་བློན་ཁྲི་པ་གཅིག་པུ་ལ་ལབས་ཀྱི་ཡོད་མ་རེད་།་་བཀའ་བློན་ཁྲི་པ་ལ་རོགས་པ་མང་པོ་ཞིག་དགོས་ཀྱི་ཡོད་རེད་།བཀའ་བློན་བརྒྱད་དགོས་ཀྱི་ཡོད་ནའང་འདྲ་བཅུ་དགོས་ཀྱི་ཡོད་ནའང་འདྲ་གནད་འགག་མི་འདུག་།ལོ་ཆུང་བ་མང་པོས་ལས་ཀ་མཉམ་རུབ་བྱེ་ཐུབ་དགོས་ཀྱི་འདུག་།།
    ཅེས་གསུང་འདུག་པས་དགོངས་འཇག་ཚལ་།།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ༼བོད་རྒྱའི་གནད་དོན་གྱི་ལངས་ཕྱོགས་ཐད། “བཀའ་ཁྲིར་སུ་ཕེབས་ནའང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལེའུ་ ༤ པ་དང་ ༥ པའི་དགོངས་དོན་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་ཐབས་མེད་པ་ཞིག་ཡིན། དབུ་མའི་ལམ་གྱི་གནད་དོན་ཐོག་བཙན་བྱོལ་བོད་མིའི་གྲོས་ཚོགས་ནང་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དང་། ༧གོང་ས་མཆོག་གི་དགོངས་གཞི་ལ་བརྩི་སྲུང་མཐའ་འཁྱོལ་བྱ་རྒྱུ་ཡིན། ༽ཞེས་གསུངས་འདུག་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་བཞི་པ་དང་ལྔ་པའི་དགོངས་དོན་ནང་དུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་མེད་པ་གནས་དགོས་ཞེས་ཁ་གསལ་གང་ཡང་མཐོང་རྒྱུ་མེད།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བཞི་པ་དང་ལྔ་པ་གཉིས་སུ་ཤོག་ངོས་གྲངས་༢༦་དང་དོན་ཚན་བཅུ་དགུ་པ་ནས་དྲུག་ཅུ་རེ་གཅིག་བར་དུ་རེད། ཁྱོན་སྡོམ་པའི་དོས་ཚན་༤༢འདུག་ཀྱང་འདི་དག་གི་ནང་དུ་དབུ་མའི་ལམ་ཞེས་པའི་ཚིག་ཙམ་ཡང་མཐོང་རྒྱུ་མི་འདུག

    ལེའུ་བཞི་པ། གཞུང་གི་འཁན་འཛིན།
    དོན་ཚན་བཅུ་དགུ་པ།་་་་་་་་་་འཁན་འཛིན་གྱི་དབང་ཆ།
    དོན་ཚན་ཉི་ཤུ་པ།་་་་་་་་་་་་་་་་བཀའ་ཤག་དང་། བཀའ་བློན་ཁྲི་པ།
    དོན་ཚན་ཉེར་གཅིག་པ།་་་་་་་བཀའ་བློ་ཁྲི་པའི་འོས་བསྡུ།
    དོན་ཚན་ཉེར་གཉིས་པ།་་་་་་་བཀའ་བློན་གཞན་གྱི་འོས་འདེབས།
    དོན་ཚན་ཉེར་གསུམ་པ།་་་་་་་་་་་
    དོན་ཚན་ཉེར་བཞི་པ།་་་་་་་་་་་་་བཀའ་བློན་ཁྲི་པ་དང་། བཀའ་ཤག་གི་ཡུན་ཚད།
    དོན་ཆན་ཉེར་ལྔ་པ།་་་་་་་་་་་་་་་་བཀའ་བློན་ཁྲི་པ་དང་་། བཀའ་བློན་རྣམ་པའི་ལས་ཁུར་དམ་འཛྷོག
    དོས་ཚན་ཉེར་དྲུག་པ།་་་་་་་་་་་་་བཀའ་བློན་ཁྲི་པ་དང་། བཀའ་བློན་རྣམས་ཀྱི་ཕོགས་ཐོབ།
    དོན་ཚན་ཉེར་བདུན་པ།་་་་་་་་་་བཀའ་ཤག་ལྷན་རྒྱས།
    དོན་ཚན་ཉེར་བརྒྱུད་པ།་་་་་་་་་་༧རྗེ་བློན་ལྷན་ཚོགས།
    དོན་ཚན་ཉེར་དགུ་པ།་་་་་་་་་་་་་བཀའ་ཤག་གི་འགན་ཁུར་དང་འཕོ་འགྱུར།
    དོན་ཚན་སུམ་ཅུ་པ།་་་་་་་་་་་་་་་་གཞུང་གི་ལས་དོན་བྱེད་ཕྱོགས།
    དོན་ཚན་སོ་གཅིག་པ།་་་་་་་་་་་་་སྡེ་སྲིད་ལྷན་ཚོགས།
    དོན་ཚན་སོ་གཉིས་པ།་་་་་་་་་་་་་སྡེ་སྲིད་ལྷན་ཚོགས་ཀྱི་ཁྲི་པ།
    དོན་ཚན་སོ་གསུམ་པ།་་་་་་་་་་་་་སྡེ་སྲིད་ལྷན་ཚོགས་ཀྱི་འགན་དབང་།
    དོན་ཚན་སོ་བཞི་པ།་་་་་་་་་་་་་་་་སྡེ་སྲིད་འཕོ་འགྱུར།
    དོན་ཚན་སོ་ལྔ་པ།་་་་་་་་་་་་་་་་་་་སྡེ་སྲིད་ཀྱི་ཡུན་ཚད་དང་ཕོགས་ཐོབ།

    ལེའུ་ལྔ་པ། ཁྲིམས་བཟོའི་དབང་འཛིན།
    དོན་ཚན་སོ་དྲུག་པ།་་་་་་་་་་་་་་་་ཁྲིམས་བཟོའི་དབང་ཆ།
    དོན་ཚན་སོ་བདུན་པ།་་་་་་་་་་་་་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས།
    དོན་ཚན་སོ་བརྒྱུད་པ།་་་་་་་་་་་་་སྤྱི་འཐུས་ཀྱི་འོས་ཆོས།
    དོན་ཚན་སོ་དགུ་་པ།་་་་་་་་་་་་་་་སྤྱི་འཏུས་ལྷན་ཚོགས་ཀྱི་ཡུན་ཚད།
    དོན་ཚན་བཞི་བཅུ་པ།་་་་་་་་་་་་་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།
    དོན་ཚན་ཞེ་གཅིག་པ།་་་་་་་་་་་་་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ།
    དོན་ཚན་ཞེ་གཉིས་པ།་་་་་་་་་་་་སྤྱི་འཐུས་ཀྱི་རྒྱུན་ལས།
    དོན་ཚན་ཞེ་གསུམ་པ།་་་་་་་་་་་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར༧གོང་ས་མཆོག་གསུང་བཤད་དང་གསུང་འཕྲིན།
    དོན་ཚན་ཞེ་བཞི་པ།་་་་་་་་་་་་་བཀའ་བློན་རྣམས་ཚོགས་ཞུགས་ཆོག་པའི་ཐོབ་ཐང་།
    དོན་ཚན་ཞེ་ལྔ་པ།་་་་་་་་་་་་་་་་་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན།
    དོན་ཚན་ཞེ་དྲུག་པ།་་་་་་་་་་་་་་སྤྱི་འཐུས་ཀྱི་དམིགས་གསལ་ཐོབ་ཐང་།
    དོན་ཚབ་ཞེ་བདུན་པ།་་་་་་་་་་་སྤྱི་འཐུས་ཀྱི་དམ་བཅའ་འཇོག་པ།
    དོན་ཚན་ཞེ་བརྒྱད་པ་་་་་་་་་་་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ།
    དོན་ཚན་ཞེ་དགུ་པ།་་་་་་་་་་་་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཀྱི་ཉུང་ཚད།
    དོན་ཚན་ལྔ་བཅུ་པ།་་་་་་་་་་་སྤྱི་འཐུས་ཀྱི་མཚན་མཐོང་དོད་དང་ཉིན་རེའི་ལས་དོད།
    དོན་ཚན་ང་གཅིག་པ།་་་་་་་་ཁྲིམས་ཡིག་འཆར་ཟིན་འགོད་འབུལ་དང་། གཏན་འབེབས།
    དོན་ཚན་ང་གཉིས་པ།་་་་་་་་གཞུང་གི་ལོ་འཁོར་སྔོན་བརྩིས།
    དོན་ཚན་ང་གསུམ་པ།་་་་་་་་་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྒྲིག་གཞི།
    དོན་ཙན་ང་བཞི་པ།་་་་་་་་་་་་་གྲོས་བསྡུར་བཀག་སྡོམ།
    དོན་ཚན་ང་ལྔ་པ།་་་་་་་་་་་་་་་་ཁྲིམས་ལུགས་བཀའ་ཁྱབ།
    དོན་ཚན་ང་དྲུག་པ།་་་་་་་་་་་་་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ།
    དོན་ཚན་ང་བདུན་པ།་་་་་་་་་་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ།
    དོན་ཚན་ང་བརྒྱུད་པ།་་་་་་་་་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་བརྩད་གཅོད་མི་ཆོག
    དོན་ཚན་ང་དགུ་པ།་་་་་་་་་་་་དམིགས་བསལ་ཚོགས་ཆེན།
    དོན་ཚན་དྲུག་ཅུ་པ།་་་་་་་་་་་་རང་དབང་བདེན་དོན་ལས་འགུལ་གྱི་ས་གནས་ཚོགས་ཆུང་།
    དོན་ཚན་རེ་གཅིག་པ།་་་་་་་་་ཚོགས་དྲུང་ལས་ཁུངས།

    གོང་གསལ་བཅའ་ཁྲིམས་ལེའུ་བཞི་དང་ལྔ་པའི་དོན་ཚན་ཁག་གི་ནང་དུ་ལམ་དབུ་མ་ལ་འགྱུར་བ་གཏོང་ཆོག་དང་མི་ཆོག་གི་དགོངས་དོན་རྩ་བ་ནས་མཐོང་རྒྱུ་མེད། ཡིན་ནའང་བློ་སེང་གིས་བཅའ་ཁྲིམས་ཀྱི་ལེའུ་བཞི་པ་དང་ལྔ་པའི་་དགོངས་དོན་ནང་དུ་དབུ་མའི་ལམ་ལ་ངེས་པ་ཏུ་འགྲོ་དགོས་ཞེས་བཀོད་པ་གཅིག་ཀྱང་མཐོང་རྒྱུ་མེད་བཞིན་དུ་བཅའ་ཁྲིམས་ལེའུ་༤དང་༥པའི་དགོངས་དོན་ལྟར་དབུ་མའི་ལམ་ལ་འགྱུར་བ་གཏོང་ཐབས་མེད་པ་ཞིག་ཡིན་ཞེས་གསུངས་པ་འདིའི་གནད་འགག་གང་ཡིན་ནམ།

    དབུ་མ་ལས་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་བོད་མི་མང་གི་འདོད་པ་ཡོད་པའི་ཆབ་སྲིད་ལམ་ཕྱོགས་ཤིག་མིན་པར་ཚང་མས་མཁྱེན་གསལ་རེད། བཅའ་ཁྲིམས་ལེའུ་བཞི་དང་ལྔ་པའི་དགོངས་དོན་རེད་གསུངས་པར་འདི་ནི་ཧམ་བཤད་ཙམ་ལས་བཅའ་ཁྲིམས་ཀྱི་དགོངས་དོན་མ་རྟོགས་པའི་ཟོལ་འདྲ་འདུག་པས་མི་དམངས་ཀྱིས་དཔྱད་པ་བྱེད་རོགས་ཞུ།

    ཀླུ་མཁར་བྱམས་ཀྱིས་གཅིག་གསུང་རོགས། ཨ་མཆོད་འཇམ་ཚུལ་ལགས་དང་ཁང་གསར་ལགས་རྣམ་གཉིས་ཀྱིས་དཔྱད་གཞིར་གནང་རོགས། ཀླུ་མཁར་བྱམས་ཀྱིས་ལྟ་བ་དང་རྒྱལ་གཅེས་བཅས་སུ་གུས་ཞབས་ཡོད་ཀྱང་རང་གི་ལྟ་བའི་ལྡོག་ཕྱོགས་ཀྱི་ལྟ་བ་ཡོད་པའི་འོས་མི་ཞིག་ལ་རྒྱབ་སྐྱོར་བྱེད་པ་འདིས་ཁྱེད་རང་གི་ཆབ་སྲིད་ལམ་ཕྱོགས་སྲ་བརྟན་མེད་པ་ཞིག་ངོས་འཛིན་རང་བཞིན་གྱི་སླེབས་ཡོང་བ་ཞིག་རེད་འདུག

    གོང་གི་དོན་ཚན་གང་གི་ནང་དུ་དབུ་མའི་ལམ་ལ་འགྱུར་བ་གཏོང་ཐབས་མེད་པ་བཤད་འདུག་གམ།

    ཐུགས་རྗེ་གཟིགས།

    Reply
  30. ལྷག་པ་ཚེ་རིང་། says:
    ལོ་ 14 སྔོན།

    གསར་འགོད་པས་བསྡུ་སྒྲིག་བྱེད་སྟངས་གནད་དེ་ཁེལ་འདུག ངས་བློ་སེང་གི་ལས་འཆར་དེ་བོད་ཡིག་ཐོག་ནས་ཀློག་མ་ཐུབ་མོད། དབྱིན་ཡིག་ཐོག་ནས་མཐོང་སོང་། ད་ལྟ་ངྷ་རམ་ས་ལ་རུ་བོད་དབྱིན་གཉིས་ཀ་མཉམ་སྦྱར་གྱི་ཤོག་ངོས་ ༤༨ ཅན་གྱི་དེབ་ཆུང་ཞིག་བཏོན་ཡོད་པ་ཐོས་སོང་།
    ངས་སྔོན་མ་དབྱིན་ཡིག་ནང་བཀླགས་པའི་མྱོང་ཚོར་ལ་གཞིགས་ན། དྲིས་ལན་བཅུ་ཤོག་ངོས་ལྔ་དྲུག་ཅིག་ཏུ་བཀོད་ཡོད་པ་དེ་གསར་འགོད་པ་དཔལ་ལྡན་གྱིས་གསར་འགྱུར་དུམ་བུ་འདིའི་ནང་བསྡུས་ཡོད་པ་ལས་ལྷག་གང་ཡང་མི་འདུག་བསམ་སོང་།

    Reply
  31. གླང་དར་མ། says:
    ལོ་ 14 སྔོན།

    དངོས་གནས་ཡག་པོ་འདུག་། ད་ཡིན་ངའི་འོས་ཤོག་དེ་བློ་བཟང་སེང་གེར་བླུགས་ཐག་ཆོད་ཡིན། བློ་སེང་གི་བསམ་དོན་སྒྲུབ་པར་སྨོན།།།

    Reply
  32. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ད་ལྟ་དེབ་ཆུང་ལག་ཏུ་མ་ཐོབ་པས་ཆེན་པོ་ཞིག་བཤད་ཚོད་མ་ཐིག་མོད། ཡག་ཐག་ཆོད་ཡོད་པར་སྣང་། འདི་ཡང་བོད་པའི་བཀའ་བློན་ཁྲི་བ་ཞིག་ལ་མཚོན་ན་གསར་གཏོད་ཅིག་རེད།
    ད་ཡང་བཀྲིས་མཐོང་ལགས་དང་བཀྲིས་དབང་ལགས་གཉིས་ལ་ལས་ཀ་བྱུང་བ་རེད། ཧ་ཧ་ ཁོང་གཉིས་ལ་ཁེ་བཟང་གཅིག་ཡོད་པ་ནི་ཁོང་གཉིས་ཀྱིས་འདི་ལས་ལེགས་ཆ་བླངས་ནས་དེ་ལས་ཡག་ཅིག་བཟོ་ཆོག་པ་རེད། ཧ་ཧ་

    Reply
  33. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བློ་བཟང་སེང་གེས་གོང་གི་འཆར་གཞི་དེ་ཚོ་སྣང་འགྲོ་སོང་།
    འོན་ཀྱང་ལག་བསྟར་ཡོང་བ་ལ་དོགས་པ་ཆེ་བས་ཁ་བཤད་ཙམ་དུ་མི་འགྲོ་བའི་རེ་བ་ཆེ།

    Reply
  34. ཤག་སྒང་པ། says:
    ལོ་ 14 སྔོན།

    དངོས་གཞིའི་འོས་ཤོག་འཕང་ལ་ཉེ་བའི་དུས་སྐབས་འདིར། བློ་བཟང་སེང་གེ་ལགས་ནས་ཁྱབ་བསྒྲགས་གནང་སྟངས་ཀྱི་རྣམ་པའི་རྣམ་དཔྱོད་ལ་ཧ་ཅང་ཐད། གུས་བརྩི་ཆེན་པོ་ཡོད། ཡིག་འབྲུ་འདི་དག་ཞིབ་ཀྱིས་དཔྱད་ན་དམིགས་བསལ་གྱི་འགྱུར་བའི་རྣམ་པ་ཞིག་མ་མཐོང་། སྔར་མང་ཚོགས་སུ་བསྒྲགས་པའི་ཁ་ཕོ་ཆེན་པོའི་འུད་ཀྱང་དེ་ཙམ་མ་མཐོང་། གང་ལྟར་ཡག་པོ་ཡིན་ཚོད་འདུག ཐུགས་རྗེ་ཆེ།

    Reply
  35. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གསར་འགོད་པའི་སྤུས་ཀ་དང་བྲོ་བ་འདྲ་བོ་འདི་ལྟར་བྲིས་ན་ཕལ་ཆེར་ཐོན་ཡོང་གི་ཡོད་ས་རེད། གསར་འགོད་སྐོར་གྱི་ཤེས་བྱ་མེད་ཀྱང། དཔལ་ལྡན་ཀླད་དམར་གྱི་ཀླད་པ་རང་ང་དམར་མི་འདུག་ཡ། ཧཧཧཧ

    Reply
  36. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 14 སྔོན།

    བོད་མི་ཚང་མས་མཁས་དབང་བློ་བཟང་སེང་གེའི་ལས་འཆར་ལ་གཟིགས་དང་། སུ་ལ་འོས་བླུག་དགོས་མིན་གསལ་པོ་རེད།

    Reply
  37. བཀྲ་ཤིས། says:
    ལོ་ 14 སྔོན།

    རྣམ་དཔྱོད་དང་སྤོབས་པར་འགྲེན་ཟླ་བྲལ་བ་རྒྱལ་སྤྱིའི་གདེང་ཆའི་སྟེང་དུ་ངོམས་ཆོག་པའི་མཁས་དབང་ཁོང་ལྟ་བུ་བོད་ཀྱི་མ་འོངས་བཀའ་ཁྲིའི་འོས་མིར་བཞངས་པ་མ་ཟད། ང་ལྟ་བུས་བློ་ཡུལ་དུ་མི་ཤོང་བའི་མ་འོངས་ལས་ཆར་འདི་ལྟར་བཏོན་པར་དགའ་གུས་ཡིད་རངས་ཞུ།

    Reply
  38. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    གསར་འགྱུར་དུས་ལྟར་བསྒྲགས་པ་ལ་ཐུགས་རྗེ་ཆེ། གང་ལྟར་བློ་བཟང་སེང་གེ་ལགས་ཕེབས་ན་འགྱུར་བ་ཞིག་འགྲོ་བ་དེ་གཏན་འཁེལ་ཚར་འདུག གཙོ་བོ་འགྱུར་བ་ཞིག་འགྲོ་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese