མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་སྲུང་སྐྱོབ་ནི་མི་རིགས་ཤིག་གི་ཕུཊ་ཀྱི་འཐབ་རྩོད་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་དང་བསྟུན་ཏེ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་ཆེད་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་ལ། དེ་དང་མཉམ་དུ་ཚོགས་པའི་དྲ་ཚིགས་དང་ཐ་སྙད་ཕྱོགས་སྒྲིག་གི་དཔེ་དེབ་སོགས་དབུ་འབྱེད་གནང་སོང་།

ཁ་སང་ཕྱི་ཚེས་ ༢༡ ཉིན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག  རྡ་ས་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་བརྩི་དང་འབྲེལ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་ཐབས་སྐོར་ལ་བགྲོ་གླེང་ཞིག་ཚོགས་ཡོད་ལ།  བགྲོ་གླེང་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་མདོ་སྨད་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། དབུས་གཙང་སྤྱི་འཐུས་ཀརྨ་ཡེ་ཤེས་བཅས་སྤྱི་འཐུས་ལས་ཐོག་པ་གསུམ་དང་། དབུས་གཙང་སྤྱི་འཐུས་འོས་མི་ཤར་གླིང་ཟླ་སྒྲོན་དང་མདོ་སྨད་སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས། མདོ་སྟོད་སྤྱི་འཐུས་འོས་མི་ལི་ཐང་འཇམ་བཟོད་བཅས་གདན་ཞུ་གནང་འདུག  

ཚོགས་འདུའི་ཐོག་མར་རྒྱལ་སྤྱིའི་སྐད་ཡིག་ཉིན་མོའི་བྱུང་རིམ་དང་། རྒྱ་ནག་གི་བཙན་གནོན་འོག་གཞིས་བཞུགས་བོད་མི་ཚོས་བོད་པའི་སྐད་ཡིག་རིག་གནས་ཆེད་ལས་འགུལ་སྤེལ་སྣ་ཚོགས་སྤེལ་བཞིན་པའི་སྐོར་གྱི་ཕྱོགས་བསྡུས་གློག་བརྙན་ཞིག་གཟིགས་འབུལ་དང་།  སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པས་བསྡུ་སྒྲིག་བྱས་པའི་ཉེར་མཁོའི་ཐ་སྙད་ཕྱོགས་བསྒྲིགས་༼བོད་སྐད་རྒྱུན་ཤེས་ལག་དེབ༽ཞེས་པའི་དེབ་ཆུང་དབུ་འབྱེད་དང་། སྐད་ཡིག་རྒྱུན་འཛིན་ཚོགས་པའི་དྲ་ཚིགས་༼གངས་ཅན་པའི་བླ་སྲོག༽ www.tlia.fr  ཅེས་པ་སྒོ་འབྱེད་དང་སྦྲགས། སྤྱི་འཐུས་ལས་ཐོག་པ་གསུམ་ནས་༼་་་༽ཞེས་པའི་བརྗོད་གཞི་དང་། སྤྱི་འཐུས་འོས་མི་གསུམ་གྱིས་༼མ་འོངས་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཅི་ལྟར་བྱེད༽ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་གནང་སོང་།

ཐེངས་འདིའི་བགྲོ་གླེང་གི་ཐོག་མར་སྤྱི་འཐུས་ཚོགས་གཞོན་རྒྱ་རུ་སྒྲོལ་མ་མཆོག་གིས།  རྒྱལ་ཁབ་དང་མི་རིགས་ག་འདྲ་ཞིག་ཡིན་ནའང་།  སོ་སོའི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་བཅས་ནི་གཞི་རྩ་གཙོ་བོ་ཆགས་ཡོད་པ་དང་། ལྷག་པར་དུ་ད་ལྟའི་གནས་སྟངས་འདིའི་འོག་ང་ཚོའི་མི་རིགས་དང་རྒྱལ་ཁབ་ལ་མཚོན་ན།  དེ་བས་ཀྱང་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད། བོད་ནང་ལ་ཆ་མཚོན་ན་པཎ་ཆེན་རིན་པོ་ཆེས་གཙོས་པའི་བོད་ནང་གི་བླ་ཆེན་ཁག་དང་། རྩོམ་པ་པོ་སོགས་ཚང་མས་དཀའ་ངལ་མང་པོ་གདོང་ལེན་བྱས་ཏེ། རྒྱ་ནག་གི་བཙན་གནོན་འོག་ཏུ་ཡོད་ནའང་། འདས་མི་ལོ་ལྔ་བཅུའི་རིང་གང་འཚམ་གྱིས་འགྱུར་བ་ཆེན་པོ་བཏང་ཡོད། བཙན་བྱོལ་ནང་ལ་མཚོན་ན་གཞན་ལ་བསྟུན་དགོས་སྟབས། རང་བཞིན་གྱིས་སོ་སོའི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་དཀའ་ངལ་ཆེ་པོ་ཡོད་མོད། གཙོ་བོ་སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་དང་དྭངས་བླང་ཚོགས་པ་ཁག་གིས་ཀྱང་བོད་ཀྱི་སྐད་ཡིག་ཐད་རང་ངོས་ནས་འབད་བརྩོན་ཆེན་པོ་གནང་ཡོད་སྟབས། སྔོན་དང་བསྡུར་ན་གང་ལ་གང་འཚམ་ཡར་རྒྱས་འགྲོ་བཞིན་ཡོད་། ཅེས་གསུངས་བྱུང་།    

དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས། ༼བོད་ཀྱི་སྐད་ཡིག་དང་བོད་མི་མང་སྤྱི་འཐུས༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། སྤྱི་འཐུས་ལྷན་ཚོགས་ལྟ་བུར་མཚོན་ན། ད་ལྟའི་བོད་ཀྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ཏེ་ལོ་ཁ་ཤས་ཕྱིན་པ་རེད། སྲིད་བྱུས་དེའི་དམིགས་ཡུལ་གཙོ་བོ་དེ་བོད་ཀྱི་ཡ་རབས་སྤྱོད་བཟང་སྤུས་དག་པོ་ཡོང་བ་དང་། བོད་ཀྱི་སྐད་ཡིག་ལ་བདག་པོ་ཡག་པོ་རྒྱག་ཐུབ་རྒྱུར་དམིགས་པ་ཞིག་རེད། ཡིན་ནའང་། ཁྲིམས་བཟོས་པ་ཙམ་གྱིས་སྐད་ཡིག་སྲུང་སྐྱོབ་ཐུབ་རྒྱུ་ཁག་པོ་རེད།  ཁྲིམས་དེ་ལའང་སྤྱི་ཚོགས་དང་སྒྲིག་འཛུགས། མང་ཚོགས་ཚང་མས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་དགོས་པ་ཞིག་རེད།  དེ་མ་གཏོགས་ཁྲིམས་ག་ཚོད་བཟོས་ནའང་ཁྲིམས་དེ་ཤོག་བུའི་སྟེང་ལྷག་བསྡད་ན་ཧང་སང་རྒྱུ་གང་ཡང་ཡོད་པ་མ་རེད། ཁྲིམས་བཟོས་ཚར་བའི་རྗེས་ལ་ཁྲིམས་དེར་མང་ཚོགས་ཀྱིས་བརྩི་སྲུང་བྱ་དགོས་པར་མ་ཟད། ལྷག་པར་དུ་ཁྲིམས་བཟོ་མཁན་རྣམས་ཀྱིས་དེ་བས་ཀྱང་བརྩི་སྲུང་བྱས་ཏེ།  སོ་སོའི་ངོས་ནས་མིག་དཔེ་སྟོན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་། 

དེར་མཐུད་དེ་སྤྱི་འཐུས་གཡུ་སྒྲོན་ལགས་ཀྱིས་བརྗོད་དོན།  བདུན་ཕྲག་གཅིག་གི་སྔོན་ལ་རྒྱ་གར་ཨན་རྡི་ར་གྷན་རྡི་གཙུག་ལག་སློབ་ཆེན་ནང་བོད་ཀྱི་སྐད་ཡིག་གི་སྡེ་ཚན་ཞིག་ཚུད་པ་གསལ་བསྒྲགས་གནང་ཡོད་པ་དང་། དེ་བཞིན་ལོ་སྔོན་མར་ལྷོ་ཕྱོགས་ཀྱི་མལ་སོར་དུའང་སྐད་ཡིག་ཞིབ་འཇུག་སྡེ་ཚན་ནང་ལ་བོད་ཡིག་ཚུད་ཡོད།  ལོ་མང་པོའི་སྔོན་ནས་ལྡི་ལི་མཐོ་སློབ་ནང་དུའང་བོད་ཡིག་གི་སྡེ་ཚན་ཞིག་ཡོད་པ་རེད། ཡིན་ནའང་། སྡེ་ཚན་དེ་དག་ནང་སློབ་སྦྱོང་བྱ་མཁན་མེད་པ་ཆགས་འོང་དུས། གང་འཚམ་ཞིག་ནས་སྡེ་ཚན་དེའང་མེད་པར་གྱུར་བའི་གནས་སྟངས་དེ་འདྲ་ཆགས་འདུག མ་འོངས་པར་ཡང་མཐོ་སློབ་ཁག་ནང་དེ་ལྟའི་སྡེ་ཚན་འཛུགས་ཐབས་དང་། སྔར་ཡོད་སྡེ་ཚན་རྣམས་རྒྱུན་གནས་ཐུབ་པར་ཐབས་ལམ་འཚོལ་རྒྱུ་དང་། དེའི་སྐོར་ལ་གོ་རྟོགས་མེད་མཁན་རིགས་ལ་སྤྱི་འཐུས་ལྷན་ཁང་དང་འཛིན་སྐྱོང་གང་གི་ངོས་ནས་ཀྱང་གལ་ཆེན་པོར་མཐོང་གི་འདུག དེ་བཞིན། དྭངས་བླང་ཚོགས་སྡེ་ཁག་དང་མང་ཚོགས་ཚོས་དུས་དྲན་སྲུང་བརྩི་ཙམ་མ་ཡིན་པར།  སྐད་ཡིག་སྲུང་སྐྱོབ་ཐད་གཞི་རྒྱ་ཆེ་བའི་ལས་གཞི་དང་ཐབས་ལམ་སྣ་ཚོགས་འཚོལ་ཐུབ་པ་ཡིན་ན། གཞུང་དང་སྤྱི་འཐུས་ལྷན་ཁང་ལ་ཞུ་ས་ཡོད་པ་རེད། ཅེས་བརྗོད་བྱུང་།

དེའི་རྗེས་སྤྱི་འཐུས་འོས་མི་ལི་ཐང་འཇམ་བཟོད་ལགས་ཀྱིས། ༼འབྱུང་འགྱུར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཅི་ལྟར་བྱེད་༽ཅེས་པའི་མ་འོངས་སྤྱི་འཐུས་འོས་མི་རྣམ་པའི་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་ཏེ།  ཞིང་འདེབས་པ་ལའང་ས་དང་ཆུ། དྲོད། ལུད་བཅས་མཐུན་རྐྱེན་ཆ་ཚང་འཛོམ་དགོས་པ་ལྟར། སྐད་ཡིག་སྲུང་སྐྱོབ་བྱེད་པ་ལའང་ཆ་རྐྱེན་བྱེ་བྲག་པ་ཞིག་གིས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད། ཐོག་མར་ཕ་མའི་ངོས་ནས་རང་གི་བྱིས་པ་ལ་བོད་པའི་གོམས་གཤིས་དང་བསམ་བློ་སྤྲོད་དགོས་པ་རེད།  བསམ་བློ་དང་གོམས་གཤིས་མ་འཇགས་པ་ཡིན་ན་སྐད་ཡིག་གཅིག་པུ་བསླབ་པ་ཙམ་གྱིས་ཡར་རྒྱས་འགྲོ་བ་མ་རེད།  དེ་བཞིན་སློབ་གྲྭའི་ནང་དུ་བོད་ཡིག་དགེ་རྒན་ཡག་པོ་དགོས་པ་རེད།  དགེ་རྒན་ཡག་པོ་ཡོང་བ་ལ་དགེ་རྒན་ལ་ཟབ་སྦྱོང་སྤྲོད་མཁན་ཚད་ལྡན་དགོས་པ་རེད། སློབ་མའི་བློ་ཁ་བསྒྱུར་ཐུབ་པ་དང་དང་པ་འདྲེན་ཐུབ་པའི་སློབ་དེབ་ཡག་པོ་དགོས་པར་མ་ཟད།  དེབ་འབྲི་མཁན་དང་ཚགས་པར་རྩོམ་སྒྲིག་བྱེད་མཁན་རྣམས་ཀྱི་ངོས་ནས་ཀྱང་བརྡ་སྤྲོད་དང་མཐུན་པའི་ཐོག་ནས་ཚིག་མཁྲེགས་པོ་མ་སྤྱད་པར།  མི་མང་གིས་དེབ་དང་ཚགས་པར་གློག་སྐབས་སེམས་ནང་ལ་འཛུལ་ཐུབ་པ་བྱ་རྒྱུ་དེ་སྐད་ཡིག་སྲུང་སྦྱོང་བྱ་ཐབས་ཡག་ཤོས་རེད་ཅེས་བརྗོད་བྱུང་། 

སྤྱི་འཐུས་འོས་མི་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། མ་འོངས་པར་བཙན་བྱོལ་གཞུང་གི་ངོས་ནས་བོད་ཡིག་སྦྱོང་བརྡར་གྱི་བསྟི་གནས་ཤིག་བཙུགས་ཏེ།  དེ་གར་བོད་ཡིག་སློབ་སྦྱོང་མཐར་སོན་བྱུང་པའི་ལག་འཁྱེར་གྱི་སྟེང་ནས།  ཨ་རིའི་མཐོ་སློབ་ཁག་དང་། གཞུང་ཞབས་ནང་འཛུལ་ཞུགས་ཀྱི་ཐབས་ཤེས་འཚོལ་རྒྱུ་དང་།  དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། ཁོར་ཡུག་སོགས་ཀྱི་ཐད་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ཐོབ་བཞིན་པ་ལྟར། སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལ་ཕྱག་ལས་གནང་མཁན་ཚོགས་པ་ཁག་ལའང་གཞུང་གི་ངོས་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་འཚོལ་རྒྱུ་དང་། ལས་གཞི་དེ་དག་ཁྲོད་སློབ་ཕྲུག་རྣམས་མཉམ་ཞུགས་གནང་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་འབྱུང་གི་རེད།  ཅེས་བརྗོད་སོང་། 

སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས། དེ་བཞིན་ད་ལྟའི་བོད་མི་རིགས་ཀྱི་ཆབ་སྲིད་གནས་བབ་དང་སྦྲགས་ཏེ་བརྗོད་དོན།  ང་ཚོས་སྐད་ཡིག་སྲུང་སྐྱོབ་བྱ་དགོས་པ་དེ་ནི་མི་རིགས་ཤིག་གི་ཕུགས་གི་འཐབ་རྩོད་ཅིག་ཡིན་སྟབས་ཡུན་རིང་པོར་འཐབ་བརྩོད་བྱ་དགོས་པ་ཞིག་རེད། ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དེ་ང་ཚོས་རང་བཙན་བསྐྱར་གསོ་བྱ་དགོས་པ་དེ་རེད། བོད་རྒྱལ་ཁབ་སླར་གསོ་བྱ་མ་ཐུབ་ཚེ། ང་ཚོས་བོད་ཀྱི་སྐད་ཡིག་ཅི་ལྟར་སྲུང་སྐྱོབ་བྱས་ནའང་ཧ་ལམ་སྐྱོབ་ཐུབ་རྒྱུ་ཁག་པོ་རེད། མི་རིགས་གཞན་ཞིག་གི་གཉའ་གནོན་འོག་ཏུ་ང་ཚོར་དུས་ནམ་ཡང་ཡར་ལངས་ས་མེད་པ་དང་། ང་ཚོས་སོ་སོའི་སྐད་ཡིག་ལ་ལག་པ་འཆིང་དགོས་པ་དེ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཆགས་བསྡད་ཡོད་པ་ཧ་གོ་དགོས་པ་རེད།  ཅེས་དང་། བོད་མི་རིགས་ཀྱིས་བོད་ཀྱི་སྐད་ཡིག་སྦྱང་དགོས་པའི་ངོས་ཟིན་ཆེ་ཤོས་དེ་ནི། ང་ཚོ་མི་རིགས་གཞན་གྱི་རྐང་འོག་ནས་འདུག་འདོད་མེད་པ་དང་།  སོ་སོའི་མི་རིགས་ཀྱི་རང་གཤིས་དགོས་པའི་རྒྱུ་མཚན་གྱིས་བོད་ཡིག་སྦྱང་དགོས་པ་རེད།  འོན་ཀྱང་དེང་སྐབས་འཛམ་བུ་གླིང་གི་འཁོར་རྒྱུགས་དང་རིག་གནས་ཀྱི་མ་ལག་ཕལ་ཆེ་བ་དབྱིན་ཡིག་སྟེང་ཡོད་པ་དང་། ང་ཚོས་ཁ་གཏད་གཅོག་ས་དེ་རྒྱ་ནག་ཡིན་པས་དབྱིན་ཡིག་དང་རྒྱ་ཡིག་ཀྱང་སྦྱང་དགོས་པ་རེད། རྩ་བ་དེ་བོད་ཡིག་ཆགས་ཡོད་པར་བརྟེན་འདི་མ་ཤོར་བ་བྱ་དགོས་པ་རེད། ཅེས་བརྗོད་སོང་།

མཇུག་མཐར།  བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་ཚོགས་གཞོན་རྟ་ནག་སྐལ་བཟང་ལུང་རིགས་ཀྱིས་མཇུག་བསྡོམས་ཀྱི་ཚུལ་ཏུ། ང་ཚོ་བོད་པའི་ལོ་ཙཱ་བ་དང་ཤེས་ལྡན་པ་རྣམས་ཀྱི་ད་ལྟའི་འོས་འགན་ནི།  རང་གི་རིག་གནས་ཕྱིར་འཚོང་བྱ་རྒྱུ་དེ་མ་ཡིན་པར།  རང་ཉིད་ཀྱི་མི་རིགས་ལ་མེད་པའི་གཞན་གྱི་རིག་གནས་ཀྱི་ལེགས་ཆ་བསྡུ་ལེན་བྱ་རྒྱུ་དེ་རེད། ཅེས་བརྗོད་བྱུང་།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༥ རྒྱལ་སྤྱིའི་ཞི་བདེའི་གཟེངས་རྟགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཡི་ཤུའི་ཆོས་དཔོན་ཕོབ་ལིའོ་བཅུ་བཞི་པ་མཆོག མཱ་ལ་ལ་ལགས། གཅེར་བུ་བའི་བླ་ཆེན་ཨཱ་ཅརྱ་ལོ་ཀེ་ཤེ་མུ་ཌི་མཆོག་བཅས་ལ་དབུལ་གཏན་འཁེལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱལ་སྤྱིའི་ཁྲིམས་ལུགས་པའི་ཞི་བདེའི་གཟེངས་རྟགས་དབུལ་གཏན་ཁེལ།

ཆུ་ཚོད་ ༡༠ སྔོན་ལ།
File image of Liu Jianchao, director of the International Liaison Department of the Central Committee of the Communist Party of China. (Photo by Ichiro Ohara / Yomiuri / The Yomiuri Shimbun via AFP)
Mobile App

རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་དཔོན་རིགས་ཤིག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ད་ལོར་བོད་ནས་ཤར་ཏུར་ཀི་སི་ཐན་བར་གྱི་མེ་འཁོར་ལྕགས་ལམ་གསར་རྒྱག་གི་ལས་གཞི་མགོ་འཛུགས་རྒྱུ་ཡིན་འདུག  

ཆུ་ཚོད་ ༡༣ སྔོན་ལ།
བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག པར་ Football Forever Kalimpong  ངོ་དེབ་ནས་བླངས།
Mobile App

བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་རུ་ཁག་རྒྱ་གར་རང་བཙན་རྐང་སྤོལ་རྩེད་འགྲན་ནང་ཐེངས་དང་པོ་ཞུགས།

༢༠༢༥/༠༨/༡༡
Front Slider

དབྱར་དུས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཟབ་ཁྲིད་ཀྱི་སློབ་ཕྲུག་ཁག་ཅིག་ལ་བཅར་འདྲི་ཞུས།

༢༠༢༥/༠༨/༠༩
Gareth Ward walks through waiting media as arrives at the Darlinghurst Courthouse in Sydney, Wednesday, July 30, 2025. (Dan Himbrechts/AAP Image via AP)
Mobile App

གྲོས་ཚོགས་འཐུས་མི་ཞིག་གི་བཙན་གཡེམ་གྱི་ནག་ཉེས་ལྷང་ལ་བུད།

༢༠༢༥/༠༨/༠༨

མཆན། 12

  1. གངས་བུ། says:
    ལོ་ 14 སྔོན།

    ཟླ་འདིའི་བོད་ཚེས་༢༢དང་སྤྱི་ཚེས་༢༤ཉིན། ཐའེ་པེ་གྲོང་ཁྱེར་མེ་ཏོག་ལྡུམ་རའི་ཨར་ཁང་ཆེན་མོར་ཐའེ་ཝན་དུ་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་འོག་བོད་བརྒྱུད་ནང་བསྟན་ཇི་ལྟར་དར་སྤེལ་བྱེད་པའི་སྐོར་གྱི་བགྲོ་གླེང་ཐེངས་དང་པོ་དེ་དངོས་སུ་འཚོགས་ཡོད། དེ་ནི་ད་བར་ཅོག་ཙེ་སྒོར་མོའི་ཚོགས་འདུའི་རྣམ་པས་བོད་ཀྱི་སྐད་ཡིག་རང་གི་ཐོག་ནས་མཁན་སྤྲུལ་དགེ་བཤེས་ལྷན་ཚོགས་ཀྱི་རིས་མེད་བགྲོ་གླེང་འདི་ལྟ་བུ་ཞིག་གནང་བ་ཐའེ་ཝན་ལ་ཕལ་ཆེར་ཐོག་མ་ལྟ་བུ་ཆགས་ཡོད་འདུག གཙོས་གསེར་ཁྲི་རིན་པོ་ཆེ། གཞུང་དོན་གཅོད་ཁང་གི་ཆོས་དགེ་དགེ་བཤེས་འཇམ་དཔལ་ཆོས་འཛིན། དགེ་བཤེས་ཆོས་ཀྱི་དབང་པོ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ།
    འབྲི་གུང་འགར་རྣམ་གྲོལ་རིན་པོ་ཆེ། སྤྲུལ་བསོད་ནམས་ཆོས་འཕེལ་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་སློབ་དཔོན། དཔལ་ཡུལ་སྨུག་སངས་སྐུ་ཆེན་རིན་པོ་ཆེ། ཞེ་ཆེན་མཁན་པོ་ཨོ་རྒྱན་དྲི་མེད། ཉག་རོང་མཁན་སྤྲུལ་རིན་པོ་ཆེ་སོགས་རྙིང་ཕྱོགས་ཀྱི་མཁན་སྤྲུལ། སློབ་དཔོན་བསོད་ནམས་ཕུན་ཚོགས་སོགས་ས་སྐྱའི་སློབ་དཔོན་ཁག་ཅིག་བཅས་ཀྱི་ཐོག་ཞིབ་འཇུག་ཚོགས་པ་རང་གི་རྐང་འཛིན་མཁན་སྤྲུལ་རྣམ་པ་བཅས་ཚུད་པའི་ཆོས་བརྒྱུད་ཆེན་པོ་བཞིའི་མཁན་སྤྲུལ་སློབ་དཔོན་ཉི་ཤུ་རྩ་ལྔ་ཙམ་མཉམ་ཞུགས་གནང་བའི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ཇི་ལྟར་བསྐང་རྒྱུ་དང་། ཆོས་ཚོགས་མང་པོ་ཞིག་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་ལ་དཔྱད་ནས་མ་འོངས་ཚོགས་ཚོགས་སྲ་བརྟན་ཡོང་བའི་ཐབས་ལམ་ལ་ཇི་ལྟར་འབད་བརྩོན་བྱ་རྒྱུ། བསྟན་པའི་གོ་རིམ་དང་མཐུན་པའི་ནང་ཆོས་ཇི་ལྟར་སྤེལ་ཚུལ་སོགས་་བརྗོད་གཞི་དོན་ཚན་དགུའི་ཐོག་བགྲོ་གླེང་གནང་མཐར་གཙོ་བོ་ཆོས་བརྒྱུད་བར་གྱི་མཐུན་ལམ། ཁྱད་པར་ཡུལ་དུས་དང་མཐུན་པའི་ཀུན་སྤྱོད་གཟབ་ནན་གྱི་ཕྱོགས་ལ་སྔར་ལས་ལྷག་པའི་ཤུགས་སྣོན་ཇི་ལྟར་བྱ་ཕྱོགས་བཅས་ཀྱི་སྐོར་ལ་བགྲོ་གླེང་ཤུགས་ཆེན་བྱས། དེ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་དུས་དེབ་དང་སློབ་དེབ་རྩོམ་སྒྲིག་གི་སྐོར་ལ་ཡང་གྲོས་སྡུར་དང་། ཁྱད་པར་ལོ་འགའི་སྔོན་ནས་ཤུགས་ཆེ་རུ་གཏོང་བཞིན་པའི་ཐའེ་ཝན་གྱི་ཚོགས་པ་དང་མི་སྒེར་རེ་ཟུང་གིས་བོད་བརྒྱུད་གསང་སྔགས་དང་བོད་ཀྱི་བླ་གྲྭ་ལ་གཞི་མེད་སྐུར་འདེབས་བྱེད་པའི་བྱེད་སྟངས་ཁག་ལ་གདོང་ལེན་བྱེད་ཕྱོགས་ཐད་དུ་ཡང་བགྲོ་གླེང་བྱུང་ཡོད་ཅིང་། རང་ངོས་ནས་ནང་ཁུལ་སྔར་ལས་ལྷག་པའི་མཉམ་འབྲེལ་བྱ་རྒྱུ་དང་། སྒེར་གྱི་ཡང་དག་པའི་འཚོ་བ་དང་ཡང་དག་པའི་ཆོས་ཀྱི་ངོ་སྤྲོད་སོགས་ཀྱི་བྱ་ཐབས་ལ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ། བརྒྱུད་ཐའེ་ཝན་རྒྱ་ཆེའི་མི་མང་གིས་བོད་ཀྱི་ནང་ཆོས་ཐད་སྔར་ལས་ལྷག་པའི་གོ་རྟོགས་མཐོ་རུ་ཡོང་བ་དང་། མིག་ལྟོས་ལེགས་པོ་ཞིག་བསྐྲུན་རྒྱུ་གལ་འགངས་ཀྱི་དུས་སུ་བསླེབས་ཡོད་པར་དགོངས་ཚུལ་གཅིག་མཐུན་བྱུང་འདུག བགྲོ་གླེང་འདི་ཆོ་ག་ཕྱག་ལེན་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཐུན་མོང་གི་དམིགས་ཡུལ་ཡོད་པའི་བརྗོད་གཞི་ཞིག་གི་ཐོག་ཏུ་འབབ་ཐུབ་པ་བྱུང་ཡོད།
    དགོང་མོ་དེར་ཚོགས་པའི་གཙོ་འགན་བཞེས་མཁན་མཁན་སྤྲུལ་རྣམ་པ་ད་ཐེངས་ཐའེ་ཝན་དུ་མཛད་ཕྲིན་སྐྱོང་བཞིན་པའི༸སྐྱབས་རྗེ་རྫོང་སར་རིན་པོ་ཆེའི་མདུན་ཆེད་གཅར་གྱིས་ཚོགས་པའི་སྐོར་དང་ཁྱད་པར་ཚོགས་འདུའི་སྐོར་གྱི་གྲུབ་དོན་སྙན་གསེང་དང་འབྱུང་འགྱུར་ལམ་སྟོན་ཞུས་པར་དགྱེས་བརྩེའི་དབུགས་དབྱུང་དང་ཚད་མཐོའི་བསྔགས་བརྗོད་གལ་ཆེའི་ལམ་སྟོན་བཅས་ཐོབ་ཡོད།< /DIV>
    དེ་ཡང་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་འདི་ནི་སྤྱི་ལོ་༢༠༠༩ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་དང་རང་གཞུང་ཐའེ་ཝན་དོན་གཅོད་སོགས་ཀྱི་མཐུན་གྱུར་དབུ་བཞུགས་ཀྱི་མཛད་སྒོ་ཟབ་རྒྱས་གནང་བའི་ཐོག་ནས་དབུ་བརྙེས་ཤིང་གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། ཆབ་སྲིད་དང་སྒེར་དོན་བཅས་ལ་མ་འདྲེས་པའི་ཐོག་ནས་བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན། མིག་སྔར་མཁན་པོ་ཚུལ་རྣམ་དང་། ཀཿ་ཐོག་རིག་འཛིན་ཆེན་མོ། སྤྲུལ་ཐུབ་བསྟན་ནོར་བུ། མཁན་པོ་ཆོས་ཉིད་དོན་རྟོགས། མཁན་པོ་ཚེ་བཀྲ་བཅས་ཀྱིས་གཙོ་འགན་འགན་ཁུར་བཞིན་པ་དང་། ཚོགས་གཙོ་དང་དྲུང་ཆེ་རྩིས་གཉེར་སོགས་ཐའེ་ཝན་གྱི་དད་སློབ་ཚོགས་མི་དག་གི་ནང་ནས་འདེམས་བཞིན་ཡོད། ཚོགས་པ་འདིར་ད་ལྟའི་ཆར་ཚོགས་མི་བརྒྱ་དང་སུམ་ཅུ་ལྷག་ཡོད་པས་ཁྲིམས་ཐོག་ནས་རྒྱལ་ཡོངས་རང་བཞིན་གྱི་ཚོགས་པའི་ངོས་འཛིན་ཐོབ་ཡོད།
    ད་བར་སྐད་སྒྱུར་དང་ཚིག་མཛོད་སྐོར་གྱི་ཉམས་ཞིབ་ཚོགས་འདུ་ཐེངས་གཉིས་དང་དེ་མིན་ཞིབ་འཇུག་ཚོགས་འདུ་དང་། དེབ་དང་བརྙན་འཁོར་པར་སྐྲུན་སོགས་ཀྱི་ལས་དོན་གང་ལེགས་སྒྲུབ་བཞིན་ཡོད་པ་དང་མ་འོངས་པར་གོམ་གང་མདུན་སྤོས་ཀྱིས་སྔར་ལས་ལྷག་པའི་ནུས་པ་ཐོན་པའི་ལས་དོན་གང་མང་སྒྲུབ་རྒྱུའི་འཆར་གཞི་ཡོད། དེ་དག་གི་ཁོངས་ནས་གཙོ་བོ་འདི་ལོའི་སྤྱི་ཟླ་དྲུག་པར་རྒྱ་བོད་ནང་བསྟན་རིག་གཞུང་ཉམས་མྱོང་བརྗེ་རེས་ཀྱི་མཁས་པའི་བགྲོ་གླེང་ཞིག་དང་། སྤྱི་ཟླ་དགུ་པར་རྒྱལ་སྤྱིའི་ནང་བསྟན་ཉམས་མྱོང་བརྗེ་རེས་ཀྱི་མཁས་པའི་བགྲོ་གླེང་ཞིག དེ་བཞིན་དུས་ཚོད་ངེས་མེད་ནང་རིས་མེད་སྨོན་ལམ་ཞིག་ཀྱང་འཚོགས་འཆར་ཡོད་པའི་གསལ་བསྒྲགས་བཅས་ཚོགས་ཐོག་རང་དུ་གནང་ཡོད།
    ཚོགས་པ་འདིར་སྐད་ཡིག་སུམ་ལྡན་གྱི་དྲ་རྒྱ་ http://www.buddhajnana.orgཡོད་པ་དང་ལོ་རེ་བཞིན་གྱི་ལོ་མཇུག་ཚོགས་མིའི་གྲོས་ཚོགས་དང་ལྟ་ཞིབ་པའི་ཚོགས་འདུ། དངོས་འབྲེལ་དགོས་བབ་ཀྱི་གནས་སྐབས་ཚོགས་འདུ་སོགས་ཀྱང་རིམ་བཞིན་ལག་ལེན་དུ་བསྟར་དང་བསྟར་བཞིན་ཡོད། ཞིབ་ཆ་དྲ་ཚིགས་སོགས་སུ་གཟིགས་རོགས། འོན་ཀྱང་མགོ་ཚུགས་ནས་དུས་ཡུན་རིང་པོ་མ་ལོན་པའི་ཚོགས་པ་ཞིག་གི་ངོས་ནས་ལས་དོན་མང་པོ་ཞིག་བསྒྲུབས་ཟིན་པ་ལས་བསྒྲུབ་རྒྱུ་མང་བ་ལྷག་ཡོད་པ་ང་ཚོས་གསལ་བོར་ཤེས་བཞིན་ཡོད་པས་ཚོགས་པ་འདིར་དོན་ཕན་ལྡན་པའི་རྒྱབ་སྐྱོར་དང་དགོངས་འཆར་སོགས་འཛེམས་ཟོན་མེད་པར་གནང་རོགས་ཞེས་ང་ཚོས་ཡང་ཡང་ཞུ་བཞིན་ཡོད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ཡིག་ཉམས་པའི་དུས་ཚོད་མི་སྲིད་སྙམ་ཡང་། བོད་སྐད་ཉམས་པའི་དུས་ཤིག་ཤར་སྲིད་པས། བོད་རིགས་ཀུན་གྱིས། བོད་སྐད་ཅི་རིགས་པ་ཅིག ངེས་པར་དུ་ཉིན་ལྟར་རྒྱག་དགོས་འདུག ཐོན་མིའི་དྲིན་ལན་འཇལ་ནུས་ཤོག །

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྐད་ཡིག་ལ་རང་འགོ་ཐོན་སྟངས་ནི། མ་མཐར་ཕལ་སྐད་ལ་བྱང་ཆུབ་ཐོག ལུང་སྟོན་པའི་རྣམ་བཞག་གི་བྱུང་རིམ་དང་དགོས་དབང་ཚུར་ཕལ་སྐད་ཐོག་སྦྲེལ་དུས། ལུང་སྟོན་པའི་ཁྲིམས་དང་མ་འགལ་བར་གོ་བ་བདེ་ལེགས་སུ་སྤྲོད་ཐུབ་པ་ཞིག་ལ་ཟེར་རྒྱུ་ཡིན་པར་གོ་མྱོང་ནའང་། གོ་བ་འདི་ཙམ་ལ་སྙིང་ཁམས་ཁེན་ནས་འདུག་པ་ནི་ཐབས་ཆག་ཅིག་ལོས་ཡིན་ཀྱང་། བོད་སྐད་ཡིག་ལབ་དུས་རྩ་གསེང་ནས་ཀྲིག་ཀྲིག་བྱེད་པ་ཞིག་ནི་རེད།

    ངས་བོད་ཡིག་ཐབས་ཆག་ཅིག་ཤེས་རྒྱུའི་ལས་སྐལ་མི་ཚེ་འདིར་ཧ་ལམ་མེད་སོང་བ་འདྲ་བོ་རེད་དེ། སྙན་ངག་པ་ཡང་ཡིན་དགོས་ལ། ཡིག་བསྒྱུར་བའང་ཡིན་དགོས་པ། ཆབ་སྲིད་པའང་ཡིན་དགོས་པའི་མི་དེ་ཚོའི་གཤིས་ཀ་མེད་པ་འདི། ཤི་དུས་བློ་བདེ་སྤྱད་ཅིག་ཅི་ལ་མིན་ནམ་བསམ་དུས་གློ་བ་སིམ།

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    རང་གིས་བོད་ཡིག་ཐབ་ཆགས་ཞིག་ཤེས་པ་རྒྱུ་མཚན་དུ་བྱས་ནས་གཞན་ལ་ཅིག་བཤད་རྐྱང་བྱེད་ལ། རྒྱ་འབངས་ཀྱིས་སོ་སོའི་སྐད་ཡིག་ཤེས་མིན་ཀྱི་ཚད་གཞི་ནི་སྐད་བརྡ་འཕྲོད་མིན་དང་། སྤྱིར་བཏང་གི་འབྲི་ཀློག་ཤེས་མིན་ལ་གོ་བ་ལས། ཚང་མ་སྒྲ་སྙན་སུམ་རྟགས་ལ་བྱང་ཆུབ་པའི་རྩོམ་པ་པོ་རྐྱང་རྐྱང་ཡིན་དགོས་ཟེར་བའི་གོ་དོན་ནམ་ཡང་མིན། སོང་ཙང་རང་གིས་ཅིག་ཤེས་པ་དེ་ཁོ་ན་ཡ་མེད་དང་ངོམ་སོ་བྱེད་མཁན་གྱི་ཁྱི་རྒན་འདི་ཚོ་་༌༌༌༌

    Reply
  5. བཙན་པོའི་བུ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཚོགས་གཞོན་རྒྱ་རུ་སྒྲོལ་མས། “སོ་སོའི་སྐད་ཡིག་དང་ཆོས་ལུགས། རིག་གཞུང་བཅས་ནི་གཞི་རྩ་གཙོ་བོ་ཆགས་ཡོད་པ་དང་།” དེ་ནི་མཐའ་གཅིག་ཏུ་བདེན་པ་ཞིག་ཏུ་ངོས་འཛིན་བྱེད་དགོས་ལ། སོ་སོའི་སྐད་ཡིག་གིས་སོ་སོ་མི་རིགས་གང་ཞིག་གི་ཁུངས་སུ་གཏོགས་ཐུབ་མིན་མཚོན་ལ། དེ་བཞིན་ཆོས་ལུགས་དེས་ཀྱང་མི་རིགས་དེར་རང་རྐྱ་འཕེལ་བའི་ལྟ་གྲུབ་ཅིག་ཡོད་པ་མཚོན་ཐུབ། དེ་བས་ཀྱང་རིག་གཞུང་གང་ཡང་རུང་བ་དེ་ནི་མི་རབས་གཅིག་གིས་གློ་བུར་དུ་གསར་བཏོད་བྱས་བཞག་པ་ཞིག་མ་ཡིན་པར། མི་རབས་ནས་མི་རབས་བརྒྱུད་དེ་མི་རིགས་དེའི་འཚོ་བའི་ཁྲོད་འཚར་ལོངས་བའི་རྒན་གཞོན་བར་གསུམ་ཚང་མའི་ཤ་ཁྲག་ལ་ཐིམས་ཟིན་ཞིང་། ཉིན་རེའི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཆགས་ཡོད། འོན་ཀྱང་། རྒྱ་རུ་སྒྲོལ་མ་ལ་མཚོན་ན་ནི། སྐད་ཆ་འདི་གཞན་ལ་ལད་ཟློས་བྱས་པའམ། ཡང་ན་སྐད་ཆ་ཙམ་ལས། ཁོ་མོ་རང་སྟེང་ལ་མཚོན་ན། རང་དབང་ལུང་བར་སྐྱེས་ཤིང་། བོད་གཞུང་གི་རྐུབ་སྟེགས་སྟེང་དུ་ཡོད་རུང་། བོད་ཡིག་འབྲི་ག་ལ་ཤེས་ཐ་ན་བོད་ཡིག་ཀློག་ཀྱང་མི་ཤེས་པས། སྐད་ཆ་འདི་འདྲ་ཞིག་བཤད་ཕོད་པ་ནི་ཡ་རེ་མཚན། དེ་བས་ཀྱང་། ཆོས་ལུགས་ལ་མཚོན་ན། བོད་པའི་ཆོས་ལུགས་ནི་ནང་ཆོས་ཡིན་ལ། ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན། གཞི་རྩའི་ནང་ཆོས་ཀྱི་འགྲོ་སྟངས་ཙམ་ཞིག་ངེས་པར་དུ་ཤེས་དགོས། འོན་ཀྱང་། རྒྱ་རུ་སྒྲོལ་མ་ལ་མཚོན་ན། ནང་ཆོས་ཞེས་པ་དེ་མཆོད་འབུལ་བྱེད་པ་དང་ཁ་འདོན་བྱེད་པ་ཙམ་ལས། གཞི་རྩའི་རྨང་གཞི་ཙམ་ཡང་མེད་སྟབས། ནང་ཆོས་འདི་དོན་ཆེན་ཞིག་ཡིན་པ་ཇི་ལྟར་འགྲེལ་རྒྱུ་ཡིན་ནམ།
    ཡང་རྒྱ་རུ་སྒྲོལ་མས་བཤད་ན། “དེ་བས་ཀྱང་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད།”
    དེ་ནི་ལོས་ཀྱང་ཡིན། ང་ཚོ་ཕ་ཡུལ་དང་ཁ་བྲལ་ནས་སྐྱབས་བཅོལ་དུ་ཡོང་དགོས་དོན་གཙོ་བོ་སོ་སོའི་སྐད་ཡིག་སྲུང་སྐྱོབས་ཆེད་དུ་ཡིན་པ་ལས། ཁ་མ་སོས་རྒྱབ་མ་ཁོབ་པར་ཡོང་བ་ཞིག་གཏན་ནས་མིན། དེ་ལྟར་ན། སྐད་ཡིག་སྲུང་སྐྱོབས་ནི་བོད་མི་ཡོད་དོ་ཅོག་གི་འོས་འགན་ལྟ་བུར་ཆགས་ཡོད་ལ། དེ་བས་ཀྱང་། བོད་གཞུང་གི་རྐུབ་སྟེགས་སྟེང་དུ་བཞུགས་པའི་ལམ་སྟོན་སྣེ་ཁྲིད་པ་དག་ལ་དམིགས་བསལ་གྱིས་འོས་འགན་གཞན་ལས་ཀྱང་ཆེ། འོན་ཀྱང་རྒྱ་རུ་སྒྲོལ་ལ་མཚོན་ན། བོད་གཞུང་གི་རྐུབ་སྟེགས་སྟེང་དུ་བསྡད་ནས་མི་ལོ་བཅུ་ཕྲག་ལྷག་འདས་ཟིན་པའི་དེ་རིང་། ད་རུང་བོད་ཡིག་འབྲི་ཀློག་ཙམ་མི་ཤེས་པ་འདིས། རྒྱ་རུ་སྒྲོལ་མའི་སྐད་ཆ་འདིས་བོད་རིགས་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་རང་སྲོག་བློས་གཏོང་མཁན་རྣམས་ལ་བསམ་བཞིན་དུ་བརྙས་བཅོས་ཐེངས་གཅིག་བྱས་པ་མ་ཡིན་ནམ།
    དེའི་མཇུག་ཏུ་ཡང་སྐྱར་རྒྱ་རུ་སྒྲོལ་མས་བཤད་དོན།
    “རང་བཞིན་གྱིས་སོ་སོའི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་ལ་དཀའ་ངལ་ཆེ་པོ་ཡོད་མོད།” སྐད་ཆ་འདི་ནི་རང་ཉིད་ཀྱི་སྐྱོན་འགེབས་བྱེད་ཉག་གཅིག་ཏུ་བཤད་པ་ལས། ང་ཚོ་ཚང་མས་ཤེས་གསལ་ལྟར། རང་ཉིད་ལ་འདོད་པ་དང་འདུན་པ་ཡོད་ན། གཞན་སུ་གཅིག་གིས་ཀྱང་གནོན་ཤུགས་སྤྲད་མི་སྲིད། ཁོར་ཡུག་དང་སྤྱི་ཚོགས་ཀྱི་དབང་གིས་དཀའ་ངལ་ཕྲན་བུ་ཞིག་ཡོད་སྲིད་ཀྱང་། འོ་ན། བོད་ནང་དུ་བཞུགས་པའི་བོད་པ་དག་གིས་མེ་མདའི་ཁ་ནས་བོད་ཡིག་དང་བོད་སྐད་སྲུང་སྐྱོབས་བྱེད་ཐུབ་པ་འདི་ལ། རྒྱ་རུ་སྒྲོལ་མས་ཇི་ལྟར་ལེན་འདེབས་རྒྱུ་ཡིན་ནམ།
    མཇུག་མཐར་རྒྱ་རུ་སྒྲོལ་མས་ཧམ་བཤད་འདི་འདྲ་ཞིག་བྱས་འདུག“སྔོན་དང་བསྡུར་ན་གང་ལ་གང་འཚམ་ཡར་རྒྱས་འགྲོ་བཞིན་ཡོད་།” དེ་ནི་ཆེས་བློ་ངོར་མི་ཤོངས་པའི་ཧམ་བཤད་དང་། བསམ་བློ་རྩ་བ་ནས་མ་བཏང་བར་བཤད་པའི་སྐད་ཆ་ཞིག་རེད། རྒྱ་རུ་སྒྲོལ་མས་བོད་ཡིག་མི་ཤེས་པས། བོད་ཡིག་ཡར་རྒྱས་འགྲོ་བཞིན་པ་ཇི་ལྟར་ཤེས། ཚང་མས་མཁྱེན་གསལ་ལྟར། དེང་སྐབས་ཉིན་རེ་ནས་ཉིན་རེ་བཞིན་བོད་ཡིག་གི་ཤེས་ཚད་ཇེ་ཞན་དུ་འགྲོ་བཞིན་པ་དང་། བོད་སྐད་ལ་དོ་སྣང་མེད་པའི་བོད་པ་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། སྔོན་ཆད་བོད་ཡིག་ལ་དོ་སྣང་དང་ཤེས་ཚད་གང་ལ་གང་འཚམས་ཡོད་པའི་རྩོམ་པ་པོ་དང་། སྙན་ངག་པ། དཔྱད་བརྗོད་པ། རྩོམ་བསྒྲིགས་པ། དགེ་རྒན། དགེ་འདུན་པ། བཙུན་མ། ཐ་ན་བྱིས་དང་རྒན་རྒོན་ཚུན་ཆད་ཀྱིས་བོད་ཡིག་དང་ཁ་བྲལ་ཏེ་དབྱིན་སྐད་དང་དབྱིན་ཡིག་གི་ཕྱོགས་ལ་མི་ཚེ་གཏོང་བཞིན་པ་འདི། ཡར་རྒྱས་ཀྱི་ངོ་བོར་ངོས་འཛིན་བྱེད་ཐུབ་བམ། མདོར་ན། རྗེས་ཕྱོགས་བོད་ཀྱི་སྐད་ཡིག་བགྲོ་གླེང་དང་རིག་གཞུང་བགྲོ་གླེང་སོགས་སུ་བསམ་མེད་འདི་རིགས་སྐད་མ་བཏང་ན་བཟང་།

    Reply
  6. བསེ་རུ། says:
    ལོ་ 14 སྔོན།

    བོད་ཀྱི་སྐད་ཡིག་ཚགས་པར་ཀུན་ལ་མཁོ།།
    བོད་མི་ཡོད་དོ་ཅོག་གི་མིག་དང་རྣས།།
    བོད་ཡིག་བོད་སྐད་ཕྱོགས་ལ་ལྟ་ཉན་གྱིས།།
    བོད་མི་རེ་རེའི་ཐུགས་ལ་དེ་ལྟར་ཞོག།

    བོད་ཡུལ་བོད་པ་བོད་སྐད་བོད་ཡིག་རྣམས།།
    རྟེན་འབྲེལ་འཁོར་ལོའི་གནས་ལུགས་རྟོགས་གྱུར་ན།།
    རྩམ་གཟན་བོད་པའི་ཐུགས་ཀྱི་མཚོ་མོ་ལས།།
    རིན་ཆེན་ནོར་བུའི་འདུ་ཤེས་ཅིས་འབྱུང་།།

    Reply
  7. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ལས་འགུལ་གོ་སྒྲིག་གནང་མཁན་དང་གཏམ་བཤད་པ་ཚང་མ་བོད་སྐད་ཡིག་གི་ཐད་ལ་སེམས་ཁྲལ་ཡོད་པ་ཐེ་ཚོམ་མེད་པས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་དགོས་མོད། འོན་ཀྱང་གཏམ་བཤད་གནང་མཁན་དང་གོ་སྒྲིག་བྱེད་མཁན་ཚང་མའི་དབུས་སུ་བོད་སྐད་ཡིག་ལ་འགོ་ཐོན་མཁན་ཞིག་མེད་པས་ཞེ་རེ་སྐྱོ་བ་ལ།

    དགོངས་དག ཐུགས་ལ་ཕོགས་སོང་ན།

    Reply
  8. རྡོ་རྗེ says:
    ལོ་ 14 སྔོན།

    བང་ཆེན་དང་དུས་བབས་གཉིས་ཀྱིས་གསར་འགྱུར་འདིའི་ཁ་བྱང་སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་གྱི་གཏམ་བཤད་ནང་ནས་བླངས་འདུག
    དེས་སྤྱི་འཐུས་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱི་གཏམ་བཤད་དེ་གཞན་ལས་གནད་ལ་འཁེལ་བ་ཞིག་ཡིན་པའི་རྟགས་རེད །

    Reply
  9. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དེ་རིང་གི་གསར་འགྱུར་འདིར་བཀླགས་དུས་ང་ལ་ཚོར་བ་མི་འདྲ་ཞིག་བྱུང་། དང་པོར་མཆན་ཞིག་བཏབ་པ་ཡིན། དེ་ནས་ཕར་ཕྱིན་ནས་ཉི་ར་ནང་དུ་ཏོག་ཙམ་བསྡད་པ་ཡིན། གསར་འགྱུར་འདིར་བསམ་བློ་འཁོར་གི་འཁོར་གི མཐར་མ་གསར་འགྱུར་འདིའི་ནང་དུ་མི་སྣ་བང་རིམ་འགྲིག་སྟངས་སྐོར་ལ་བསམ་བློ་འཁོར་བྱུང་།

    འགོ་རྒྱ་རི་སྒྲོལ་མའི་རྩ་ནས་བཙུགས་འདུག མཐའ་རྟ་ནག་སྐལ་བཟང་ལུང་རིག་གི་རྩ་ནས་རྫོགས་འདུག ཤེས་ཡོན་དང་སྐད་ཆ་བཤད་སྟངས་སུ་དཔྱད་པ་ཡིན་ན་འགོ་རྟ་ནག་རྩ་ནས་བཙུགས་དགོས་པ་འདྲ་ཞིག་རེད་འདུག་དྲན་སོང་། སྐད་ཅིག་གཅིག་ལ་ངའི་བསམ་བློ་ནང་དུ་རང་དབང་མེད་པ་དྲན་ཡོང་བ་ཞིག་ནི་བོད་པའི་སྤྱི་ཚོགས་ཀྱི་གྲལ་རིམ་འདིར་རེད།

    ང་ཚོའི་སྤྱི་ཚོགས་ནང་དུ་ཤེས་ཡོན་ཅན་ལ་མཐོང་མེད་པ་དང་གཉིས་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་ལུགས་སྲོལ་འདྲ་ཞིག་རེད་དྲན་བྱུང་། མི་ཚེ་ཕྱེ་ཙམ་སློབ་སྦྱོང་བྱས་མྱངས་ཡོད་མཁན་དགེ་བཤེས་ལྷ་རམས་པ་ཚོ་ལ་ཡང་སྤྱི་ཚོགས་ནང་དུ་རིན་ཐང་མེད་པ་འདི་ཡང་ཡག་རྟགས་ཤིག་ཅང་མ་རེད་འདོད།་་་་ཧཧཧཧ་་་་་འདིའི་མིང་ལ་བསམ་ཚུལ་རང་དབང་ཟེར།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཚང་མས་ཡག་པོ་གསུངས་འདུག་ཀྱང་ཡག་ཤོས་མཇུག་མཐར་གྱི་སྐད་ཆ་འདིར་རེད། གནད་འགག་ཐུག་ས་ཡང་འདུག་རེད་སྙམ། རྣམ་པ་ཚོ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply
  11. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    མི་རིགས་བླ་སྲོག་སྐད་ཡིག་ཡིན་པའི་ངོས་འཛིན་གཅིག
    མི་རིགས་མདུན་ལམ་ཤེས་ཡོན་ཡིན་པའི་ངེས་ཤེས་གཉིས།
    མི་རིགས་ཐོབ་ཐང་རང་སྐྱོང་ཡིན་པའི་འོས་འགན་གསུམ།
    མི་རབས་གསར་བས་གསལ་རྟོགས་ཐུབ་པ་རྒྱལ་ཁ་ཞིག

    Reply
  12. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ངོ་མ་དགའ་འོས་བ་ཞིག་རེད། མུ་མཐུད་དུ་འཛིན་སྐྱོང་བྱས་དང་རྒྱབ་སྐྱོར་བྱེད་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese