ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་དགོང་མོར་པེ་ཅིན་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་དུ་གློག་བརྙན་འགྲེམས་སྟོན་དཔྱད་བསྡུར་གྱི་ཚོགས་འདུ་ཞིག་བསྐངས་ཡོད་པ་དང་། བྱེད་སྒོ་དེར་ཀྲུང་དབྱང་མི་རིགས་སློབ་གླིང་གི་བོད་རིགས་སློབ་ཕྲུག་དག་གིས་བཟོ་སྐྲུན་དང་བསྡུ་བསྒྲིགས་བྱས་པའི་གློག་བརྙན་གསུམ་ལ་ཆེད་མཁས་པ་དང་། འཁྲབ་གཞུང་རྩོམ་པ་པོ་དག་གིས་དཔྱད་བསྡུར་བྱས་ཡོད་འདུག

དེང་སྐབས་གློག་བརྙན་གཙོས་པའི་བརྡ་འཕྲིན་རིགས་གོ་ལ་ཧྲིལ་བོར་ཐོལ་གྱིས་ཁྱབ་བཞིན་པའི་སྒང་འདིར། བོད་ནང་གི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལ་ཡང་རྟོག་སད་དང་ཧམ་སེམས་ཀྱིས་བརྟས་ཏེ། སྔ་ཕྱིར་བོད་རང་གིས་འཁྲབ་ཁྲིད་སྒྲིག་སྦྱོར་བྱས་ཤིང་། ནང་དོན་ཕུན་སུམ་ཚོགས་པའི་གློག་བརྙན་མང་པོ་ཞིག་རྒྱལ་སྤྱིའི་བརྙན་ཡོལ་ངོས་སུ་བསྟར་ཡོད།