དེ་རིང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ཉིན་དགུ་བའི་སྟེང་། བཀའ་སྤྱི་གཉིས་ལས་གྲུབ་པའི་༸གོང་ས་མཆོག་གི་གསུང་འཕྲིན་ཐད་ཀྱི་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་སོང་ལ། ལས་འཆར་ཚོགས་ཆུང་ནང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས་བཅས་རེད།
སྐབས་དེར་བཀའ་ཁྲི་མཆོག་གིས་སྙན་ཐོ་སྒྲོག་སྦྱོང་གནང་དོན། ༧གོང་ས་མཆོག་གིས་ཐོག་མར་ཕྱི་ཚེས་ ༡༤ ཉིན་གྲོས་ཚོགས་ལ་གསུང་འཕྲིན་བཀའ་ནན་ཕེབས་པ་དང་། ཚེས་༡༩ཉིན་གྱི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གསུང་ཆོས་སྐབས་སླར་ཡང་བཀའ་སློབ་གསུང་གི་བདུད་རྩི་ཟབ་ནན་ཕེབས་པ་བཅས་ལ་བརྟེན། ད་ཆ་གསུང་འཕྲིན་ཇི་ཕེབས་ཀྱི་དགོངས་དོན་རྣམས་ཉམས་ལེན་ལག་བསྟར་ཞུ་རྒྱུ་ལས་མ་འདས་ཤིང་། ༸གོང་ས་མཆོག་གི་གསུང་འཕྲིན་ནང་ “ ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་མེད་པ་དང་། སེམས་ཤུགས་ཆག་པ།བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། ” ཞེས་གསུངས་པ་ལྟར། ད་རེས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཀྱིས་བཀའ་དགོངས་ཉམས་ལེན་ཞུ་རྒྱུ་བསོད་བདེ་དམན་པ་ཞིག་ཏུ་མི་བརྩི་བར། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་ཤིག་ཏུ་བརྩི་རྒྱུ་ཡིན། ཞེས་གསུངས་སོང་།
སྙན་ཐོའི་ནང་མུ་མཐུད་དུ་བསྟན་དོན། ཀ ༽ ཕྱོགས་གཅིག་ནས་༸གོང་ས་མཆོག་གི་བཀའི་ཕེབས་སྒོ་གཞིར་བཟུང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་བའི་བསྐྱར་བཅོས་དང་འབྲེལ་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་ཁུར་ཆ་ཚང་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུ།ཁ༽དེ་དང་ཆབས་ཅིག་ཕྱོགས་གཞན་ནས་གསུང་འཕྲིན་རིན་པོ་ཆའི་ནང་ “ ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང་། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་བར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེ་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བོད་ཀྱི་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད།” ཅེས་པའི་ཞལ་བཞེས་བཟང་པོ་ལ་འཁྲིལ་ཏེ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་གཞིས་བྱེས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང་། བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་བརྒྱུད་ལམ་གསར་བ་ཞིག་འཚོལ་ཐུབ་པའི་ཐབས་ཤེས་གནང་དགོས་པའི་རྒྱབ་གཉེར་ཞུ་རྒྱུ་ཡིན།ཞེས་བསྟན་འདུག
བཅའ་ཁྲིམས་བསྐྱར་བཅོས་ཞུ་ཕྱོགས་ཐད། གསུང་འཕྲིན་གྱི་དགོངས་དོན་བཞིན་༸གོང་ས་མཆོག་གི་སྐུ་དབང་དང་མཛད་འགན་ཁག་ཁྲིམས་ཞིབ་པ་དང་བཀའ་བློན་ཁྲི་པ། སྤྱི་འཐུས་གྲོས་ཚོགས། སྤྱི་འཐུས་ཚོགས་གཙོ་གཅས་ལ་གང་ལ་ཅི་འོས་ཆ་བགོས་དང་། སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཁག་ཕྱིར་བསྡུ་བྱ་རྒྱུ། སྔོན་གླེང་དང་༸གོང་ས་མཆོག་གི་སྐོར་དོན་ཚན་གཅིག་གསར་སྣོན་བྱ་རྒྱུ། དེ་དང་ཆབས་ཅིག་བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་ཡོང་སླད་ད་ལན་བསྐྱར་བཅོས་འདི་མཉམ་ཡུལ་ཁྲིམས་དང་སྲིད་དོན་གྱི་ཐོག་ནས་འབྱུང་འགྱུར་སྐུ་ངལ་འཕྲད་གཞིའི་མིང་ཚིག་རེ་ཟུང་ཡོད་པ་དག་ཀྱང་ཆབས་ཅིག་བསྒྱུར་བཅོས་ཐུབ་ན་བཀའ་དགོངས་དང་མཐུན་པ་ཡོང་གི་རེད། ༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང་བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། གཞི་རྩའི་བཅའ་ཁྲིམས་བསྐྱར་བཅོས་ཐོག་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ཆེད་དམིགས་བསལ་ཚོགས་ཆེན་ཞིག་གམ། གཞུང་མང་ཚོགས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་ཞིག་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་ཡུན་མ་རྫོགས་གོང་བསྡུ་སྐོང་ཐོག སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་གསལ་བསྒྲགས་ཐོན་པ་རྣམས་ཀྱང་མཉམ་ཞུགས་ཀྱིས་མང་ཚོགས་དང་ལྷན་དུ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་རྣམས་བགྲོ་གླེང་མཐིལ་ཕྱིན་གནང་སྟེ། མོས་མཐུན་བྱུང་མཚམས་༸གོང་ས་མཆོག་ལ་བཅའ་ཁྲིམ་བསྐྱར་བཅོས་ཟིན་བྲིས་སྤྱན་འབུལ་དང་འབྲེལ་གསོལ་འདེབས་ཨུ་ནན་ཞུ་རྒྱུ།
༸གོང་ས་མཆོག་གིས་ཞལ་བཞེས་བྱུང་མཚམས་སྐབས་བཅུ་བཞི་པའི་སྤྱི་འཐུས་ཀྱི་གྲོས་ཚོགས་འཕར་མ་ཞིག་གམ།ཡང་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་དམ་འབུལ་ཟིན་འཕྲལ་ཚོགས་དུས་འཕར་མ་ཞིག་ཚོགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཡོངས་རྫོགས་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་ཡོང་ཐབས་གནང་རྒྱུ་དང་། གཏན་འབེབས་ཟིན་འཕྲལ་༸གོང་ས་མཆོག་ལ་ཆོག་མཆན་ཞུས་རྗེས་རྩ་འཛིན་གནང་རྒྱུ་འམ། ཡང་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་མོས་མཐུན་བྱུང་བ་དེ་དག་ས་གནས་འཐུས་ཚོགས་དང་རང་བདེན་ཚོགས་ཆུང་། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་བརྒྱུད་འགྲེམས་སྤེལ་གྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་གནང་དགོས་ཅི་དགེའི་བཀའ་བསྡུར་གྱིས་གདམ་ཀ་གང་ཡང་རུང་བ་ཞིག་གཏན་འབེབས་དང་། ཚོགས་ཆུང་བསྐོ་འཛུགས་ཀྱིས་མཚོན་པའི་ལས་འཆར་གང་ཡིན་འཕྲལ་དུ་མགོ་འཛུགས་གནང་རྒྱུ། གལ་གནད་ཆེ་ཤོས་ནི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་བྲིས་རགས་པ་ཙམ་ད་ལན་ཚོགས་ཐོག་ཏུ་ཐུགས་གཏན་འཁེལ་བ་དགོས་གལ་ཆེ་བར་མ་ཟད། མཐའ་མའི་གཏན་འབེབས་སྤྱི་འཐུས་སྐབས་བཅུ་བཞི་བ་དང་བཅོ་ལྔ་པ་གང་གིས་གནང་རྒྱུའི་ཐག་གཅོད་ཀྱིས་ ༢༠༡༡ ལོའི་ཕྱི་ཟླ་ ༦ པའི་ཚེས་ཤར་ལ་བཅའ་ཁྲིམས་བསྐྱར་བཅོས་ལས་རིམ་གྲུབ་པ་གནང་དགོས། ཞེས་སྒྲོག་སྦྱོང་དང་འབྲེལ་ད་ལྟའི་བཅའ་ཁྲིམས་ནང་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་དོན་ཚན་ ༣༩ ཡོད་པ་དག་དང་། གལ་གནད་ཆེ་ཤོས་དོན་ཚན་༡༩པ་བཅས་བསྐྱར་བཅོས་དགོས་ལུགས་སྙན་སྒྲོན་ཞུས་སོང་།
སྙན་ཐོ་དེའི་ཟུར་འཛར་ནང་དོན་ཚན་ ༤ ཡི་གསོལ་འདེབས་ཤིག་བཀོད་དོན། བཅའ་ཁྲིམས་ནང་མི་གསལ་བའི་༸གོང་ས་མཆོག་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཡིན་སྟབས། དང་པོ། བོད་མི་རིགས་ཀྱི་བདེ་དོན་དང་བསམ་སྤྱོད་ཀྱི་ཡར་རྒྱས། ཆོས་དང་ལེགས་བྱང་། རིག་གནས་བཅས་ཀྱི་སྲུང་སྐྱོབ་དང་དར་སྤེལ། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱིས་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་ལམ་སྟོན་དང་བཀའ་སློབ་གནང་རྒྱུ། གཉིས་པ། བོད་མི་རིགས་དང་བསྟན་སྲིད་ཀྱི་གལ་ཆེའི་ལས་དོན་ཐོག་གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་བཀའ་སློབ་ལམ་སྟོན། དམིགས་བསལ་ཚོགས་ཆེན་བསྡུ་སྐོང་། མང་མོས་ཐག་གཅོད་འོས་བསྡུ་དགོས་པའི་ལམ་སྟོན་གནང་རྒྱུ། གསུམ་པ། ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་བསྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་དང་། སྐུ་ཚབ་རྣམ་པས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱ་བར་འགན་མཉམ་འཁྱེར་བྱ་ཆོག བཞི་བ། བཙན་བྱོལ་སྒྲིག་འཛུགས་དང་བོད་མི་མང་གི་མགྲིན་ཚབ་པའི་ངོ་བོར་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་རིགས་ལ་མཇལ་འཕྲད་གནང་རྒྱུ། ཅེས་ལས་རིམ་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱོང་གནང་སོང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས། སྤྱི་འཐུས་མི་རེ་ངོ་རེ་ཡིས་སྙན་ཐོ་འདིའི་ནང་དོན་ལ་བློ་རྩེ་གཅིག་ཏུ་བསྒྲིལ་ཏེ་ཐུགས་སྣང་དང་གོ་དོན་རྟོགས་པར་བྱ་དགོས་སྐོར་དང་། སྙན་ཐོ་འདི་དང་འབྲེལ་བའི་ཐོག་བགྲོ་གླེང་ཉི་མ་ག་ཚོད་དགོས་ཀྱང་ད་རེབ་མུ་མཐུད་མཇུག་སྐྱོང་དང་གྲོས་ཆོད་གྲོས་འཆར་གཏན་འབེབས་བྱ་རྒྱུ་ཡིན། ཞེས་གསལ་བསྒྲགས་བསྐྱངས་སོང་།
ཚང་མ་ལོས་ཁུར་ལེན་གྱིས་དགོངས་ཚུལ་གསུངས་འདུག དེ་ལ་གུས་པས་ཁ་སྣོན་ཞིག་རྒྱག་བསམ་སོང་།
དྲང་པོར་ཞུས་ན་སྲིད་དབང་རྩིས་སྤྲོད་འདིར་དགེ་མཚན་དུ་མ་ཞིག་ཡོད་པའི་ཁྲོད་ནས་བོད་ཀྱི་ཤི་གསོན་གནད་འགག་རེད། བྱས་ཙང་སྲིད་ཕྱོགས་ཀྱི་མ་འདས་སྤྲུལ་སྐུ་ཞིག་མང་གཙོའི་ལམ་ནས་ཐག་གཅོད་ཀྱི་ལམ་ཁ་བསྐྲུན་ཡོག་རེད་ལ། ལམ་ཁ་འདི་ལེགས་འགྲུབ་བྱུང་ན། ཆོས་ཕྱོགས་ཀྱི་མ་འདས་སྤྲུལ་སྐུ་ལའང་ལམ་ཁ་ཞིག་རིམ་པས་བརྙེད་སྲིད་པ་རེད། དེ་མ་གཏོགས་གློང་བུར་དུ་དགོངས་པ་རྫོགས་པ་ཡིན་ན། རྒྱ་གཞུང་གིས་བདག་པོ་བརྒྱབ་འགྲོ་ཀི་རེད། ངོས་ལེན་མེད་ཅེས་བརྒྱུད་ལམ་ཁག་ཏུ་ས་ཁྱབ་རྡོ་ཁྱབ་ཡོང་སྲིད་མོད། མཇུག་མཐར་དཔལ་འབྱོར་གྱི་དཔུང་ཤུགས་འོག་ནས་མ་མཐར་ཕྱེད་ཀ་འཕྲོག་འགྲོ་ཀི་རེད། སྐབས་དེར་བོད་པ་ཚོ་འགྱོད་པ་སྐྱེས་ཀྱི་རེད་ལ། ཐེངས་འདིའི་བཀའ་སྤྱི་གཉིས་ཆ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཆགས་ཀྱི་རེད། དེ་ལས་ཀྱང་འཇིགས་སྣང་གཞན་ཞིག་ཡོད་པ་ནི་བོད་མི་ནང་ཁུལ་ཤོག་ཁག་དུ་མར་གྱུར་ནས་རང་སྲོག་རང་གིས་གཅོད་མི་སྲིད་པའང་མ་རེད།
དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་ཞེས་༸གོང་ས་མཆོག་གིས་ལམ་སྟོན་ནན་ཏན་དུ་གསུང་དོན་གང་ལ་ཐུག་གི་ཡོད་པ་རེད། ད་ལན་བཅའ་ཁྲིམས་བསྐྱར་བཅོས་ལ་དེ་རྩ་བ་ནས་གླེང་གི་མེད་པ་འདི་གནད་དོན་ག་རེ་བརྟེན་ནས་འགག་བསྡད་ཀྱི་ཡོད་པ་རེད།
དེ་ནས་༸གོང་ས་མཆོག་གིས་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་བཟོ་དགོས་པའི་ལམ་སྟོན་བཀའ་ནན་ཕེབས་ཡོད་པ་རེད། དེ་ཡང་༸གོང་ས་མཆོག་གིས། ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། ཞེས་ནན་ཏན་དུ་གསུངས་གནང་ཡོད།
ཡིན་ནའང་ད་ལན་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་འདིའི་ཐོག་རྩ་བ་ནས་གོམས་པ་སྤོས་ཡོད་པ་མ་རེད།
དེ་ཡང་ད་ལན་བཅའ་ཁྲིམས་བཟོ་བཅོས་ཀྱི་ཁ་ཕྱོགས་ནི། ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དབང་ལུང་བརྒྱུད་སྤྲོད་གནང་བ་ཡིན་ནའང་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད་ཅིང༌། བོད་ཀྱི་རྩ་དོན་སྒྲུབ་ཐབས་དང༌། ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་རྒྱུན་འཁྱོངས་ངེས་པར་བྱེད་རྒྱུར་ཚང་མས་བློ་གཡེང་མི་དགོས། ཅེས་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད། ཅེས་ཡང་ཡང་ནན་ཏན་དུ་གསུངས་པའི་བླ་ན་མེད་པའི་ལམ་སྟོན་ལ་ཡིད་ཆེས་ཡོད་ན་ད་ལན་༸གོང་ས་མཆོག་གི་ལམ་སྟོན་བཞིན་བྱེད་དགོས་པ་ལ་དེ་བཞིན་བྱེད་ཀྱི་མི་འདུག དེ་ཡང་ ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཡོངས་རྫོགས་འགན་ཁུར་བྱེད་དགོས་པ་སྟེ་བོད་ཀྱི་ཆབ་སྲིད་འཐབ་རྩོད་མི་རབས་བརྒྱུད་སྤྲོད་བྱེད་དགོས་པའི་ལམ་སྟོན་སྣང་མེད་དུ་བཏང་ནས་མུ་མཐུད་འགན་ཚང་མ་༸གོང་ས་མཆོག་གིས་ཁུར་དགོས་པའི་ལས་འཆར་ཞིག་བཏོན་ཡོད་པ་དང་གཅིག ༸གོང་ས་མཆོག་གི་ལམ་སྟོན་བཞིན་བཙན་བོད་ཀྱི་ཡུལ་མིའི་སྲིད་གཞུང་བཟོ་རྒྱུ་ལས་ལྡོག་སྟེ་བཙན་བྱོལ་བོད་མི་ཚོའི་བདེ་སྡུག་ལ་བལྟ་རྟོགས་བྱེད་མཁན་གྱི་ཚོགས་སྡེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བ་དོན་དངོས་སུ་བསྒྱུར་རྒྱུ་དང་གཉིས། ལས་དོན་འདི་གཉིས་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་གྱི་ཡོད་མེད་དེ་གནད་འགག་ཆགས་ཡོད་པ་རེད།
༸གོང་ས་མཆོག་གིས་གྲོས་ཚོགས་སུ་ཕེབས་པའི་གསུང་འཕྲིན་ནང་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་འཕེལ་ཕྱོགས་ངོ་སྤྲོད་གནང་ཡོད་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་བཀོད་ན་ཏག་ཏག་རེད་མ་གཏོགས། ད་ལན་ལས་འཆར་ཚོགས་ཆུང་གིས་སྔོན་གླེང་གསར་པ་ཞིག་བཟོས་ཡོད་པ་དེ་ད་ལན་༸གོང་ས་ཆེན་པོས་གནང་བའི་གསུང་འཕྲིན་གྱི་ནང་གསལ་བའི་བོད་ཀྱི་ལོ་རྒྱུས་གསུང་ཕྱོགས་དང་ཏག་ཏག་སྡོད་ཀྱི་མི་འདུག མདོར་ན་བཅའ་ཁྲིམས་བཟོ་སྐབས་གྲོས་ཆོད་གླེང་བ་འདི་རིགས་ཏག་ཏག་སྡོད་ཀྱི་མ་རེད་སེམས།
དེ་ཡང་ལས་འཆར་འཆར་ཚོགས་ཆུང་གིས་བཟོས་པའི་སྔོན་གླེང་ནང་། ཕྱི་ལོ་ ༡༦༤༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ཏེ་ྋགོང་ས་ལྔ་པ་ཆེན་པོས་ཆོས་སྲིད་ཀྱི་མངའ་དབང་བཞེས་པ་ནས་བཟུང་གཞུང་དགའ་ལྡན་ཕོ་བྲང་དེ་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་དུ་གྱུར་ཅིང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་སྲིད་དབང་བསྐྱངས། ཕྱི་ལོ་ ༡༩༥༠ ལོར་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་མངའ་དབང་བཞེས་ཤིང༌། ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་འོག་ཏུ་འཇོག་དགོས་བྱུང་སྟེ་དགའ་ལྡན་ཕོ་བྲང་པའི་གཞུང་ས་གནས་གཞུང་ལྟ་བུར་གྱུར་ཀྱང༌། བོད་མིའི་ཁྲིམས་མཐུན་གྱི་གཞུང་གི་ངོ་བོར་རྒྱུན་གནས་ཐོག ྋགོང་ས་མཆོག་གི་སྔར་ཡོད་སྐུ་དབང་ལ་འགྱུར་བ་མེད་པ་གྲོས་མཐུན་དུ་གསལ། རྒྱ་དམར་དཔུང་དམག་གིས་གྲོས་མཐུན་རྩིས་མེད་དང་དྲག་གནོན་དབང་གིས་ྋགོང་ས་མཆོག་དང་བཀའ་ཤག་བཅས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང༌། དེ་འཕྲལ་གྲོས་མཐུན་དོན་ཚན་བཅུ་བདུན་རྩིས་མེད་ཀྱི་གསལ་བསྒྲགས་བསྐྱངས། གཞིས་བྱེས་བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་མཐུན་གྱི་གཞུང་ཡོད་པར་ཡིད་ཆེས་དང་ངོས་འཛིན་བྱེད་བཞིན་པ་ཡིན།
རྙོགས་དྲ་ཚ་བོ་རེད། དངོས་གནས་བྱས་ན་དབྱིན་ཇི་རྒྱལ་མོ་ནང་བཞིན་རྒྱལ་བ་རིན་པོ་ཆེ་བོད་རྒྱལ་ཁབ་ཀྱི་རྒྱལ་བོ་འམ་དབུ་ཁྲིད་ལ་བཞུགས་ནས་ ཆབ་སྲིད་ཀྱི་དབང་ཆ་ཡོང་རྫོགས་བཀའ་བློན་ཁྲི་བ་ནས་འགན་བཞེས་བ་ཡིན་ན་བོད་མི་མང་གི་བློ་ངོར་བདེ་ཞིང་ལོ་རྒྱུས་ལ་ཡང་མི་གནོད་མོད། རྒྱལ་བ་རིན་ཆེ་ནས་དབུ་མའི་ལམ་ནས་་རང་སྐྱོང་དགོས་གསུངས་སོང་བས་བོད་རྒྱལ་ཁབ་དང་རྒྱལ་བོ་གསུངས་་བ་ལྟབས་བདེ་བོ་ཡོད་པ་མ་རེད།
གྲོས་ཚོགས་ཀྱིས་རང་བཙན་གྱི་ལམ་ཁ་འདེམས་པར་ཁྱབ་བསྒྲགས་བྱས་ནས་རྒྱལ་བ་རིན་པོ་བོད་ཀྱི་རྒྱལ་བོ་ལ་མུ་འཐུད་དུ་བཞུགས་དགོས་པར་ཁྱབ་བསྒྲགས་བྱེད་དགོས་པ་རེད། ཡང་ན་༧་གོང་ས་མཆོག་གིས་དབུ་མའི་ལམ་དོར་བ་ཡིན་པར་ཁྱབ་བསྒྲགས་བྱེད་དགོས་པ་རེད། བོད་པ་མང་ཆེ་ཤོས་ཀྱིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་ཆབ་སྲིད་ཀྱི་དབུ་ཁྲིད་གཉིས་ཀྱི་ཁྱད་པར་ཤེས་གི་མི་འདུག མདོར་ན་དབང་ཆ་ལ་འཕོ་འགྱུར་གཏོང་བ་ལས་གང་ཟག་འཕོ་འགྱུར་གཏོང་དགོས་དོན་མི་འདུག་བསམ་གི
༸རྒྱལ་བ་རིན་པོ་ཆེ་བཀའ་དགོངས་ལྟར། བསྒྱུར་བ་བཏང་ན། ཕྱི་ནང་གསང་གསུམ་ནས་བསྒྱུར་བ་གཏོང་ཤོག དེ་མིན་ན། བཙན་བྱོལ་སྐྱིད་སྡུག་གི་དམངས་གཚོའི་ཀ་བ་གསུམ་གྱི་གནས་ལས། རང་བཞིན་གྱིས་རྩ་དགོངས་ཞུས་ན། སྤྱི་སྒེར་གཉིས་ཀ་ལ་ཕན་བགྱིད་རེད།
སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ྋགོང་ས་མཆོག་ལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་སྔར་བཞིན་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་གྲོས་ཆོད་ཀྱང་དགོངས་བཞེས་མ་གནང་བར་ཕྱིར་སློག་གནང༌བ་རེད། བརྒྱུད་ལམ་ཁག་ཏུ་སྤྱི་འཐུས་ཚོགས་གཙོ་༸སྐུ་མདུན་ལ་བཅར་རྒྱུ་ཡིན་སྐོར་འཁོད་འདུག་མོད། གོ་ཐོས་ལ་གསོལ་འདེབས་གྲོས་ཆོད་དེ་ཚོགས་དྲུང་ལས་ཁང་གི་ལས་བྱེད་ཞིག་གིས་སྐུ་སྒེར་ཡིག་ཚང་དུ་འཕྲིན་སྐྱེལ་བྱས་པ་རེད་ཟེར། དངོས་ཡོད་གནས་ཚུལ་ཡིན་ན་བྱེད་ཕྱོགས་དེ་ནི་༸གོང་ས་མཆོག་ལ་གྲོས་ཚོགས་ཀྱིས་ཚུལ་མཐུན་གུས་ཞབས་མ་བྱས་པའི་གནས་ཚུལ་ཞིག་ཏུ་ངོས་འཛིན་མི་བྱེད་ཐབས་མེད་དུ་གྱུར་སོང་བས་བློ་ཕམ་ཚད་མེད་རེད། དེ་གཅིག་ཡིན།
དེ་ནས་༸གོང་ས་མཆོག་གི་གསུང་འཕྲིན་ཉམས་ལེན་ཞུ་ཕྱོགས་ལས་འཆར་ཚོགས་ཆུང་གི་སྙན་ཐོ། འདིའི་ནང་དོན་ལ་བསམ་ན། དེ་ནི་༸གོང་ས་མཆོག་དང་བློན་ཁྲི་བ་གཉིས་ཀྱི་དབང་ཆ་ཆ་བསྒོ་བྱས་པ་ཙམ་ལས་༸གོང་ས་མཆོག་གི་གསུང་འཕྲིན་གྱི་ནང་དོན་ཉམས་ལེན་ཞུ་རྒྱུའི་ལས་འཆར་ཞིག་ཏུ་གྱུར་ཡོད་མེད་དོགས་པའི་གནས་སུ་གྱུར་འདུག དཔེར་ན་ཟུར་འཛར་དང་པོའི་ནང་། བཅའ་ཁྲིམས་ནང་ཡོད་པའི་༸གོང་ས་མཆོག་སྐུ་དབང་རྣམས་ཁྲིམས་ཞིབ་དང་གྲོས་ཚོགས། བཀའ་ཁྲི་བཅས་ལ་ཆ་བསྒོ་གནང་ནས་དོན་དངོས་ཐོག་བཀའ་བློན་ཁྲི་བའི་འགན་དབང་ཅུང་ཟད་ཁ་གསལ་དུ་བཏང་ནས་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱི་སྐྱིད་སྡུག་ལ་ལྟ་མཁན་གྱི་འགོ་ཁྲིད་ཅིག་ཏུ་བསྒྱུར་བ་དང་། ཟུར་འཛར་གཉིས་པའི་ནང་༸གོང་ས་མཆོག་ལ་བོད་རྒྱ་འབྲེལ་མོལ་གྱི་འགན་དབང་གིས་གཙོས་པའི་བོད་མིའི་ཆབ་སྲིད་ཀྱི་བདག་པོ་ལས་ཐད་གར་བཙན་བྱོལ་བོད་མིའི་སྐྱིད་སྡུག་གི་ལས་དོན་ཐོག་འབྲེལ་བ་ཆུང་དུ་བཏང་བ་ཙམ་རེད། དེ་མིན་དགའ་ལྡན་ཕོ་བྲང་གི་མིང་བསྒྱུར་གྱི་གནད་དོན་སོགས་གཏན་ནས་གླེང་སློང་ཙམ་ཡང་བྱས་མི་འདུག་པར་བལྟས་ན་གྲོས་ཚོགས་ཀྱིས་༸གོང་ས་མཆོག་གི་བཀའ་དགོངས་གཞི་དངོས་ཀྱི་གནད་དོན་ཐོག་དེ་ཙམ་ཕན་ངེས་ཀྱི་ལས་དོན་ཞིག་བྱེད་ཐུབ་ཀྱི་ཡོད་མེད་ཐད་བློ་དོགས་དང་དངངས་འཚབ་སྐྱེས་གཞི་ཞིག་ཏུ་གྱུར་འདུག་སྙམས།
་་་་བསོད་བདེ་དམན་པ་ཞིག་ཏུ་མི་བརྩི་བར། བྱུང་རབས་ཀྱི་དོན་སྙིང་ལྡན་པའི་གོ་སྐབས་ཤིག་ཏུ་བརྩི་བ་ནི། དོན་ལྡན་པ་ཞིག་ལས་མ་འདས་པས། རྗེས་སུ་ཡི་རང་གི་གནས་སོ། །
ད་ནི་༸གོང་ས་མཆོག་རང་གིས་ཐག་གཅོད་གང་གནང་ལས་གཞན་ཅི་ཡང་ཡོང་གི་མ་རེད། དེའི་ན་༸གོང་ས་མཆོག་དངོས་སུ་གྲོས་ཚོགས་སུ་གདན་འདྲེན་བྱས་ཏེ་ལམ་སྟོན་བཀའ་སློབ་ཞུས་ན་ཏག་ཏག་མ་རེད།
འཇིགས་བྲལ་བསྟན་འཛིན་ཟེར་བ་དེས་སྨྲ་བརྗོད་རང་དབང་གི་ཁོར་ཡུག་བཟུང་ནས་གོ་སྐབས་བཙལ་ཏེ། སྔ་ཕྱི་མང་པོར་གཞི་མེད་ཀྱིས་སྣེ་འདོགས་དང་རྒྱ་ནག་གི་གླེང་ཕྱོགས་ལྟ་བུའི་ཚིག་མཚོན་མང་དག་ཅིག་གི་རྩེ་མོ། བོད་གཞུང་གི་ཆེས་མཐོའི་མི་སྣའི་ཁྲོད་ཀྱི་བཀའ་བློན་ཁྲི་པ་དང་ཤེས་རིག་བཀའ་བློན། གྲོས་ཚོགས་ཀྱི་མི་སྣ་སོགས་སུ་གཏད་དང་གཏོད་བཞིན་པ་རེད། དངོས་ཡོད་དང་རྒྱུ་མཚན་རྒྱབ་ལྗོངས་ལ་ཁྱེར་ནས་མདུན་དུ་བུད་ཤོག་དང་དགའ་བསུ་ཞུ་ཆོག
གཟིགས་དང་། དཔེར་ན་འདིའི་ཟིན་བྲིས་ནང་། (ཟམ་གདོང་གིས་བཏོན་པའི་ལས་འཆར་འདི་དག་གིས་ག་རེ་དཔང་རྟགས་བྱེད་བཞིན་འདུག་ཟེར་ན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་འཁྲབ་སྟོན་རེད་ཟེར་བ་དོན་དངོས་ཆགས་རྒྱུ་ཡིན་པའི་ལས་འཆར་ཞིག་བཏོན་ཡོད་པ་དེ་རེད། )ཅེས་བྲིས་འདུག ལྟོས་དང་ཁོས་བཤད་པའི་སྐད་ཆ་དེ་ཚོ་གཞི་ཡོད་ཅིག་རེད་དམ་གཞི་མེད་ཅིག་རེད། བཀའ་ཁྲི་མཆོག་གིས་སྒྲོག་སྦྱང་གནང་བའི་ལས་འཆར་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ནང་གསལ་པོ་རེད། ད་དུང་ཁོས་༸གོང་ས་མཆོག་གི་གསུང་འཕྲིན་ལོག་འགྲེལ་བྱས་ཏེ། (ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས་གཉིས་ཀ་ངེས་པར་འགྱུར་བ་འགྲོ་དགོས་པའི་ལམ་སྟོན་རེད།) ཟེར། འདི་ཟླའི་ཚེས་༢༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་གནས་མི་དམངས་ཉིན་རེའི་ཚགས་པར་སྟེང་། བློ་སེང་སྲིད་གཞུང་ལ་རྒོལ་བརྡུང་གི་ཡིག་ཆའི་ནང་། མ་འོང་པར་དྲག་སྤྱོད་ཀྱི་རྣམ་པའི་ཐོག་ནས་བོད་རང་བཙན་རྩོད་སྲིད་པར་མ་ཟད། བོད་ནང་དུ་མུ་མཐུད་ངན་བྱུས་དང་འཁོན་འཛིན་གྱི་ས་བོན་གཏོར་སྲིད། ཅེས་འཁོད་པ་དང་བསམ་བློའི་འཁོར་ཕྱོགས་འདྲ་པོ་མི་འདུག་པས།
བཀའ་ཁྲི་མཆོག་གིས་གསུང་ན། ( ཀ ༽ ཕྱོགས་གཅིག་ནས་༸གོང་ས་མཆོག་གི་བཀའི་ཕེབས་སྒོ་གཞིར་བཟུང་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་འགྱུར་བ་གཏོང་བའི་བསྐྱར་བཅོས་དང་འབྲེལ་འོས་འདེམས་བྱས་པའི་མགོ་ཁྲིད་རྣམས་ཀྱིས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་ཁུར་ཆ་ཚང་ཐུབ་པའི་ཆ་རྐྱེན་བསྐྲུན་རྒྱུ། ཁ ༽དེ་དང་ཆབས་ཅིག་ཕྱོགས་གཞན་ནས་གསུང་འཕྲིན་རིན་པོ་ཆའི་ནང་ “ ངོས་རང་བོད་ཀྱི་ཡུལ་མི་ཞིག་ཡིན་པ་དང་། བོད་མི་རིགས་དང་རྒྱལ་དབང་སྐུ་ཕྲེང་བར་ལས་སྨོན་གྱི་འབྲེལ་བའི་དབང་གིས་རྒྱ་ཆེའི་མང་ཚོགས་ཚང་མའི་ཡིད་ཆེ་བློ་གཏད་ཡོད་པ་དེ་སྲིད་དུ་ངོས་ནས་བོད་ཀྱི་བསྟན་སྲིད་སྤྱི་དོན་ཡལ་བར་འདོར་མི་སྲིད།” ཅེས་པའི་ཞལ་བཞེས་བཟང་པོ་ལ་འཁྲིལ་ཏེ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་གཞིས་བྱེས་བོད་རིགས་ཡོངས་ཀྱི་བླ་ན་མེད་པའི་སྐྱབས་མགོན་དང་། བླང་དོར་ལམ་སྟོན་པའི་མཛད་ཁུར་རྒྱུན་སྐྱོང་ཡོང་བའི་གསོལ་འདེབས་ཞུ་རྒྱུའི་བརྒྱུད་ལམ་གསར་བ་ཞིག་འཚོལ་ཐུབ་པའི་ཐབས་ཤེས་གནང་དགོས་པའི་རྒྱབ་གཉེར་ཞུ་རྒྱུ་ཡིན། )ཞེས་བསྟན་པའི་དགོངས་དོན་ཁོ་པའི་བསམ་བློའི་ནང་ཇི་ལྟར་ཤོང་མིན་ལ་མ་ལྟོས་པར་ངོ་ཚ་ཁྲལ་མེད་ཀྱིས་བཤད་རྒྱུར།
(ཁ་ཕྱོགས་གང་དུ་འགྲོ་མིན་མི་གསལ་བའི་གཏམ་བཤད་གནང་ཡོད་པ་དང་། གསུང་འཕྲིན་གྱི་གནད་ཆེའི་དགོངས་པ་སྐོར་ཅིག་རྩ་བ་ནས་གླེང་སློང་གནང་མེད།) ཟེར། འདི་གཅིག་པུའི་ཐོག་ནས་ཁོ་པ་སྤྱི་དོན་ལ་སེམས་ཁུར་བྱེད་ངེས་ཤིག་ཡིན་མིན་གསལ་པོ་བསྟན་པ་རེད། ད་རུང་(བོད་རྒྱ་ཞི་མོལ་ལྟ་བུ་སོགས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་སྐྱོང་བའི་བྱེད་ཕྱོགས་རང་བཞིན་གྱིས་འགག་འགྲོ་བ་ཡིན་པས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་ཡིན།) ཟེར་བཞིན་རྐང་བརྡབ་ལག་བརྡབ་བྱེད་ཀྱིན་འདུག་ལ། བོད་རྒྱ་ཞི་མོལ་ནི་སྐྱབས་མགོན་རིན་པོ་ཆེའི་བླ་བྲང་གིས་ལངས་ཕྱོགས་ཤིག་སམ། བོད་རྒྱ་ཞི་མོལ་ཚོགས་ཆུང་བླ་བྲང་དེའི་སྲིད་ལས་ཕྱོགས་སྐྱོད་པ་ཞིག ཡང་ན་བཀའ་བློན་ཁྲི་པ་བླ་བྲང་དེའི་སྒེར་ཉར་མི་སྣ་ཞིག་ལས་བསམ་བློ་འཁོར་གྱི་མི་འདུག
ཁོས་མུ་མཐུད་དོན། (བོད་དོན་འདི་ཏཱ་ལའི་བླ་མའི་གནད་དོན་མིན་པ་གསལ་པོ་བཟོ་དགོས་པ་སྟེ། )ཟེར་ནས་ཧམ་བཤད་བྱེད་པར་གཞིགས་ན། ཧ་ལམ་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཚོགས་གཞོན་གྱིས་བོད་དོན་༸གོང་ས་མཆོག་སྒེར་གྱི་གནད་དོན་ཞིག་ཏུ་ཆེད་བསྒྱུར་གནང་ཡོད་པ་ལྟབུ་བསྟན་འདུག དྲ་གྲོགས་ཚོས་ཁོ་པའི་སྐད་ཆ་དེ་ཚོའི་རྒྱབ་ལྗོངས་ལ་ཞིབ་དཔྱོད་གནོངས་དང་། དཀྲོག་གཏམ་འདི་ཚོའི་རིགས་ཆེད་སྤེལ་བྱས་ཏེ། སྤྱི་ཚོགས་ནང་ཟིང་སློང་བཟོ་མ་དགོས་ན་ཡག་པོ་རེད། གལ་སྲིད་ཁོ་པར་དེ་འདྲའི་ལས་དོན་མ་བྱས་ན་ལྟོ་གོས་མི་རྙེད་པ་ཡིན་ན་ང་ཚོས་རིམ་པས་ལྟ་ཆོག་གི་རེད། སྤྱིར་བཏང་ཁོའི་སྔ་ཕྱི་བར་གསུམ་གྱི་བྱས་ཉེས་མང་པོ་ཞིག་གང་མགྱོགས་སྤྱི་ཚོགས་ནང་གསལ་པོ་ཆགས་ཀྱི་རེད་སྙམ། ལྷག་པར་དུ་རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་ཚིག་རིས་ཇི་བཞིན་དྲངས་ཏེ། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས་གཉིས་ཀ་ངེས་པར་འགྱུར་བ་འགྲོ་དགོས་པའི་ལམ་སྟོན་ཡིན་སྟངས་སྡིངས་ཆ་འདི་བརྒྱུད་དེ་སྤྱི་ཚོགས་ནང་གསལ་པོ་བཟོ་དགོས་ཀྱི་ཡོད།
ད་ཐེངས་ཀྱི་ལས་འཆར་ཚོགས་ཆུང་ནང་བཀའ་བློ་ཁྲི་པ་ཕེབས་ཡོད་པ་དེ། བཙན་བྱོལ་སྤྱི་ཚོགས་ནང་རྒྱུས་མངའ་ཆེས་ཤོས་ཀྱི་གྲས་དང་ལོ་ངོ་བཅུ་ཕྲག་གི་བཀའ་ཁྲིའི་ཐུགས་འགན་འཇུག་སྐྱོང་གནང་བཞིན་པ། ༸གོང་ས་མཆོག་གི་བཀའ་དགོངས་ལ་ཐུགས་ཞིབ་ཆེས་ཤོས་ཀྱི་གྲས་དང་ད་ཡོད་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་ཡིག་མང་ཆེ་བའི་འཛུགས་བསྐྲུན་ཆ་ཤས་བཞེས་མྱོང་བ་སོགས་ཀྱིས་ཡིན་པ་ལས། སྒེར་འཁོན་རྒྱུན་སྐྱོང་བ་རྩ་གཏོར་གཏོང་བའི་ཆེད་མིན་པ་རྩ་བའི་ཆ་ནས་ངེས་ཤེས་རྙེད་ཐུབ་པ་ཞིག་རེད།
དྲ་གྲོགས་ཚོ། གནད་དོན་འདིའི་སྐོར་ལ་སྒྲུང་དགོད་བྲོ་བོ་ཞིག་ཡོད། ཉེ་ཆར་བོད་མི་མང་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་༧གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་མུ་མཐུད་བཞེས་དགོས་པ་དང་། ལྷག་པར་དུ་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་འགན་དབང་ལ་འགྱུར་བ་བཏང་ན་འགྲིག་མེད་སྐོར། གལ་སྲིད་སྤྱི་འཐུས་ཚོས་མུ་མཐུད་དུ་འདིའི་ཐོག་ལ་བགྲོ་གླེང་འདྲ་ཞིག་བྱ་རྒྱུ་ཡིན་ན། ང་གྲོས་ཚོགས་འདི་ནས་འཐོན་འགྲོ་རྒྱུ་ཡིན་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་དགོངས་པ་ཞུ་རྒྱུ་ཡིན་ཟེར་ནས་ཐོན་སོང་བ་རེད། དེ་གཅིག་རེད།
ཚེས་ ༢༡ ཉིན་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༧གོང་ས་མཆོག་གི་གསུང་འཕྲིན་ཐད་ལས་འཆར་ཚོགས་ཆུང་ཞིག་བཙུགས་ཏེ་ཚེས་ ༢༣ འགྱང་མེད་སྙན་ཐོ་གྲོས་ཚོགས་སུ་འབུལ་དགོས་པའི་གྲོས་ཆོད་གྲོས་འཆར་ཞིག་བསྣམས་ཡོང་བར། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་འགན་དབང་ལ་འགྱུར་བ་གཏོང་རྒྱུ་དེ་མི་སྲིད་པ་ཞིག་རེད་ཟེར་ནས་གྲོས་འཆར་དེ་ལ་དགག་པ་བརྒྱབ་སོང་། གྲོས་ཚོགས་ཀྱི་སྒྲིག་གཞི་ལྟར་ན། གྲོས་ཆོད་གྲོས་འཆར་གང་ཞིག་ལ་དགག་པ་རྒྱག་མཁན་བྱུང་ན། གྲོས་ཚོགས་ནང་ཚུད་མིན་མང་མོས་བལྟ་དགོས་སྟབས། མང་མོས་ཐོག་གྲོས་འཆར་དེ་གྲོས་ཚོགས་ནང་ཚུད་སོང་། སྐབས་དེར་ཀརྨ་ཆོས་འཕེལ་ཀྱིས་ངོ་རྒོལ་གྱི་ཚུལ་དུ་གྲོས་ཚོགས་ནས་ཐོན་སོང་། ཁོང་ཕེབས་ཤུལ་དུ་གྲོས་འཆར་དེ་ལ་བགྲོ་གླེང་ཡང་མང་པོ་མ་དགོས་པའི་ཐོག སྤྱི་འཐུས་ངོ་ཡོད་ལས་སྤྱི་མོས་ཐོབ་སོང་། ད་དགོད་བྲོ་བ་ཞིག་ཨེ་རེད།
སྤྱི་འཐུས་ཁོང་གཉིས་ཉིན་དེ་ནས་བཟུང་གྲོས་ཚོགས་སུ་བཅར་མེད།
མི་གཅིག་གི་དབང་འཛིན་པའི་དུས་སྐབས་རྫོགས་ཟིན་པ་བདེན་ཡང་། ༧གོང་ས་སྐྱབས་མགོན་པོའི་མཚན་གནས་རྗེས་འབྲེལ་དང་བྲལ་བའི་ཆབ་སྲིད་ལམ་ལུགས་ཤིག་མེད་ན་མང་གཙོ་མི་ཡོང་པའི་ཚིག་ཐག་སུས་ཀྱང་མ་བཅད་ལ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལྟ་བུའི་མཁས་མཛངས་ཀྱི་༧རྒྱལ་བ་རིན་པོ་ཆེ་རིམ་པར་བྱོན་པ་ཡིན་ན། ང་ཚོའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ཅིའི་ཕྱིར་འགྱུར་བ་གཏོང་དགོས་ཀྱི་ཡོད་ན། ༧རྒྱལ་བ་རིན་པོ་ཆེ་འདིའི་ཐུགས་རྗེ་ཀློང་གི་མ་འོངས་བོད་དེ་མངོན་འགྱུར་བྱེད་དགོས་ཚེ། ཁོང་གི་འགན་ཁུར་ཆེན་པོ་གསུམ་དང་འབྲེལ་བའི་ལྟ་སྤྱོད་ལ་རྗེས་འཇུག་བོད་མི་མང་དག་ཅིག་བྱོན་དགོས་ཚེ། དེས་འཛམ་གླིང་སྤྱི་ནས་ཁྱིམ་ཚང་གཅིག་གི་འཚོ་བ་ཚུན་ཆུད་དུ་བདེ་སྐྱིད་སྤྲོད་རྒྱུའི་གོམས་གཤིས་རུས་གསེང་དུ་འཇགས་དགོས་ཚེ། ༧རྒྱལ་བ་རིན་པོ་ཆེའི་མཁས་མཛངས་དང་ཡ་མ་བྲལ་བའི་བཅའ་ཁྲིམས་ཤིག་དགོང་ངེས་ལ། ༧རྒྱལ་བ་རིན་པོ་ཆེས་དོན་དམ་མི་གཅིག་དབང་འཛིན་གནང་གི་མེད་པས་ད་ལྟའི་ལུགས་སྲོལ་འདིས་མང་གཙོ་ཁོ་ལག་རྫོགས་རྒྱུར་དོན་དམ་པས་ཅི་ཞིག་གནོད་ཀྱི་ཡོད་ན། སུ་ཞིག་གིས་མ་འོངས་བོད་མི་རིགས་འདིའི་ཁ་སྟབས་ཁོ་ནར་བསམས་ནས་འདི་དང་འདིས་གནོད་ཀྱི་འདུག་ཅེས་སྨྲ་ཐུབ་མཁན་ཞིག་བོད་པ་ཕར་ཞོག ས་ཡི་གོ་ལ་འདིར་མི་ཞིག་ཨེ་ཡོད་ན། ང་ལ་དོགས་པ་ཡིན།
མི་འཇོན་རྒན་མོའི་སྟུ་བཙུམ་ཞེས་བའི་དཔེ་ལྟར་གྲོས་ཚོགས་ཀྱི་འཇོན་ཐང་ལྷང་ལ་འབུད་ངེས་རེད།
ད་གང་ཤེས།
བཀའ་ཁྲི་མཆོག་ཚོགས་ཆུང་འདིར་བཞུགས་དགོས་དོན་གང་ཡིན་ནམ།
སྤྱི་འཐུས་ཚོས་མ་འཇོན་པ་ཡིན་ནམ།
གཙོ་བོ་རྒྱ་ནག་གིས་བརྗོད་གསལ།
ཏ་ལི་བླ་མ་བགྲེས་ཡོལ་ཞུས་ཀྱང་རུང་མ་ཞུས་ཀྱང་རུང།
ལྐོག་གཡོ་ངན་བྱུས་ཀྱིས་བཀས་བཀོད་རྒྱུད་འཛིན་རང་འགྲོ་རྒྱུ་རེད་ཅེས་པར་གདོང་ལེན་གནང་དགོས་པ་རེད།
ད་ཟམ་གདོང་རིན་པོ་ཆེ་ནས་ཀྱང་༧གོང་ས་མཆོག་གི་བཀའ་དགོངས་ལ་རྒྱབ་སྐྱོར་མ་ཞུས་པ་ལྟ་བུར་ཆགས་འགྲོ་ཉེན་འདུག
གཞུང་མང་ཚོགས་ན་ཡང་གསོལ་འདེབས་ཞིག་འབྲི་རྒྱུ་ལས་རྣམ་དཔྱོད་འདོན་མི་ཐུབ།
གཞན་ཡང་ཡེ་ཤེས་དབྱིངས་དཔྱད་སྔར་ཡོད་མེད་པ་བཟོས་ནས་གསར་བཟོ་བྱེད་དགོས་དོན་གང་ཡང་ཡོད་པ་མ་རེད།
ད་མི་མང་ཚོ་མགོ་བོ་རྨོངས་སུ་བཅུག་སོང།
མདོར་ན་འཇིག་བྲལ་བསྟན་འཛིན་ལགས་ཀྱིས་གསུང་པར་རྒྱབ་སྐྱོར་ཡོད།
བྱ་བ་འདི་ལམ་ལྷོང་ཡོང་མིན་བོད་མི་མང་དང་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམས་ཀྱི་གོ་རྟོགས་ལ་རག་ལས་པ་རེད། ༸གོང་ས་མཆོག་གིས་ཆེས་ཕུག་རྒྱང་རིང་བའི་རླབས་ཆེན་གྱི་དགོངས་གཞི་འདི། ༸གོང་ས་མཆོག་ལ་བཅངས་པའི་དད་པ་དང་ཡིད་ཆེས་ཤུགས་དྲག་དེས་གདོང་ནས་མ་བཀག་ན་ཡག
ང་ཚོ་ལ་༸གོང་ས་མཆོག་ལས་ལྷག་པའི་དབུ་ཁྲིད་ཅིག་རེག་རྒྱུ་མེད་པ་ཚང་མས་ཤེས་གསལ་རེད། འོན་ཀྱང་༸གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་ཀྱི་ཆེས་ཉམ་ང་བའི་དུས་ཚོད་དེའི་ཆེད་དུ། ༸ཁོང་ཉིད་ཞལ་བཞུགས་པའི་དུས་འདིར་གྲ་སྒྲིག་འཐུས་ཚང་ཞིག་བྱ་དགོས་པ་དེ་གནས་ལུགས་ཀྱི་ངོས་ནས་གྲུབ་པའི་འགན་འཁྲི་ཞིག་ཡིན། དེས་ན་ང་ཚོ་མི་མང་གི་ངོས་ནས་དད་པ་དང་ཡིད་ཆེས་ཁོ་ནས་མི་སྡོད་པར་རྒྱལ་ཕྱི་ནང་གི་གནས་ཚུལ་ལས་བརྩམས་ཏེ་བསམ་གཞིག་ཡང་དག་པ་བྱ་དགོས་པ་སྙིང་ནས་རེ་བ་ཞུ་འོ།།
སྤྱིར་ཐེངས་འདིའི་ལས་འཆར་ཚོགས་ཆུང་ནང་བཀའ་ཤག་བསྡད་ཡོད་པ་དེ་ཅུང་ཡ་མཚན་ཞིག་ཡིན་མོད། ༧གོང་ས་མཆོག་གི་བགྲེས་ཡོལ་དང་འབྲེལ་ཏེ། དགའ་ལྡན་ཕོ་བྲང་གཞུང་གི་ཆབ་སྲིད་ཀྱི་འགན་དབང་ལ་བསྒྱུར་བཅོས་གཏོང་དགོས་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་ཏཱ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གྱི་དོན་ཚན་ཡོངས་ལ་བསྒྱུར་བཅོས་གཏོང་དགོས་སྟབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ནི་སྔོན་མ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་ནང་ཡོད། རྒྱུ་མཚན་དེ་འདྲ་ཞིག་ལ་བརྟེན་ཏེ་ཐེངས་འདིར་ཁོང་ཆེད་དུ་ལས་འཆར་ཚོགས་ཆུང་ནང་བསྐོ་འཛུགས་བྱས་པ་མིན་འགྲོ་སྙམ།
ད་ལྟ་ཚིག་ཐག་ཆོད་པོས་ཞུ་ཐུབ་པ་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བཀའ་ཁྲི་ཟམ་གདོང་གིས་བཏོན་པའི་ལས་འཆར་འདི་དག་གིས་ག་རེ་དཔང་རྟགས་བྱེད་བཞིན་འདུག་ཟེར་ན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མས་འཁྲབ་སྟོན་རེད་ཟེར་བ་དོན་དངོས་ཆགས་རྒྱུ་ཡིན་པའི་ལས་འཆར་ཞིག་བཏོན་ཡོད་པ་དེ་རེད།
བཀའ་ཁྲི་མཆོག་གིས་གྲོས་ཚོགས་སུ་གསུང་འཕྲིན་འགྲེལ་བརྗོད་ཀྱི་བཀའ་སློབ་གནང་སྐབས་ཁ་ཕྱོགས་གང་དུ་འགྲོ་མིན་མི་གསལ་བའི་གཏམ་བཤད་གནང་ཡོད་པ་དང་། གསུང་འཕྲིན་གྱི་གནད་ཆེའི་དགོངས་པ་སྐོར་ཅིག་རྩ་བ་ནས་གླེང་སློང་གནང་མེད། འདི་ནི་གསུང་འཕྲིན་གསལ་པོ་ཡོད་བཞིན་འགྲེལ་བརྗོད་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཆགས་ཡོད། བཀའ་ཁྲི་མཆོག་གིས་གྲོས་ཚོགས་སུ་འགྲེལ་བརྗོད་གནང་ཕྱོགས་བཞིན་ད་ལན་གཤམ་གསལ་གནད་དོན་དེ་དག་གི་ཐད་༸གོང་ས་མཆོག་གི་དགོངས་པ་དང་ལྡོག་ཕྱོགས་སུ་ལངས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་གཤམ་གསལ་གྱི་གནད་དོན་དེ་རེད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་གཞི་རིམ་གྱི་འགྱུར་བ་བཏང་ཏེ་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོར་བསྒྱུར་དགོས་པར་གསུངས་པ་དང་། དེ་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་སོགས་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་འགྲོ་རྒྱུར་གསུངས་པ་འདི་ཡང་བཅའ་ཁྲིམས་བསྐྱར་བཅོས་སུ་”༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་”པ་ཞིག་བཟོས་པའི་ཉིན་ནས་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་བོད་ཀྱི་ཆབ་སྲིད་སྐོར་གྱི་ལས་དོན་བོད་རྒྱ་ཞི་མོལ་ལྟ་བུ་སོགས་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་སྐྱོང་བའི་བྱེད་ཕྱོགས་རང་བཞིན་གྱིས་འགག་འགྲོ་བ་ཡིན་པས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་ཡིན་ལ། འདི་ནི་༸གོང་ས་མཆོག་གིས་བོད་དོན་འདི་ཏཱ་ལའི་བླ་མའི་གནད་དོན་མིན་པ་གསལ་པོ་བཟོ་དགོས་པ་སྟེ་མཚན་གནས་དང་བཅས་པ་བོད་ཀྱི་སྲིད་གཞུང་གི་བྱེད་སྒོ་གང་ཡང་བྱེད་མི་དགོས་པ་ཞིག་བཟོ་དགོས་པའི་མིག་མདུན་གྱི་རྒྱུ་མཚན་གཙོ་བོ་གཅིག་ཡིན་པས་ཟློག་ཐབས་གང་ཡང་མེད་པ་ཞིག་ཡིན། མཛད་ཕྱོགས་འདི་ལ་འགྲེལ་བཤད་གཞན་པ་ཞིག་ཞུས་ན། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས་གཉིས་ཀ་ངེས་པར་འགྱུར་བ་འགྲོ་དགོས་པའི་ལམ་སྟོན་རེད།
འདི་དག་གི་ཐད་ཕྲན་གྱི་བསམ་ཚུལ་གསལ་པོ་ཞིག་ཁ་བརྡ་དང་། བང་ཆེན། དུས་བབ་ཟིན་བྲིན་བཅས་སུ་སྤེལ་ཡོད་པ་དེ་དག་ལ་ཞིབ་གཟིགས་གནང་རོགས།
གནད་དོན་ཅི་ཞིག་ཡིན་རུང་བོད་མི་རིགས་ཀྱི་གནད་དོན་ཡིན་ཙང་། མང་ཚོགས་ཀྱི་ཕྱག་ཏུ་བཞག་ན་འཚམ་ཤོས་སུ་མཐོང་། རྗེས་ལ་རྗེས་འགྱོད་ཡང་མེད་པར་གཙང་མ་ཡོང་ནི་རེད། དེ་མ་གཏོགས་མི་མང་པོ་ཞིག་གིས་སྔ་འདང་ཕྱི་འདང་གང་ཡང་མེད་པར་ཅིག་བཤད་ཀྱི་མེད་བསམ་པ་འདུག
མང་ཚོགས་ཀྱི་ཚོགས་ཆེན་ཟེར་བའི་འཐུས་ཚབ་དེ་ཚོས་ཆབ་སྲིད་དོག་རྩ་དང་༸རྒྱལ་བའི་དགོངས་གཏིང་ངོ་མ་རྟོགས་མིན་སྣ་ཚོགས་སོང་། གསུང་འཕྲིན་རིན་པོ་ཆེའི་དཀའ་གནད་དང་རྒྱབ་འགལ་འགྲོ་སྲིད་པས། ཡིད་གཟབ་གནང་ན་མ་གཏོགས་སླར་ཡང་༌༌༌༌༌༌༌༌༌༌༌
གུས་པས་བསམ་ན་རྒྱ་གཞུང་གིས་ཏཱ་ལའི་བླ་མས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་བསྐོར་གཏོང་གི་ཡོད་པ་རེད་ཅེས་པ་དེར་ངེས་པར་དུ་འཛིན་ས་མེད་པ་ཞིག་གནང་མ་ཐུབ་པ་ཡིན་ན། དགོངས་གཞི་རླབས་ཆེ་ཡང་སྒྲུབ་མཁན་གྱིས་བསླད་པའི་ནག་ནོག་བགོ་མི་སྲིད་པའང་མ་རེད།
ད་རེས་ཀྱི་འདི་ལས་ཡེ་ཤེས་དབྱིངས་དཔྱད་གཞན་ཞིག་ཡོག་མ་རེད། བརྩིའམ་མི་བརྩི་འགོ་ཁྲིད་ཚོར་ཐུག་ཡོད་པ་རེད། མང་ཚོགས་སྙིང་རྗེ། དཀྲོགས་གཏམ་ཁྲོད་འཐིམས་ཀྱི་རེད།