བ་ཡེ་མ་ཁྱེ་གཅོད་པ་ཐར་གྱིས་བརྩམས། གཟུངས་མོ་སྐྱིད་ཀྱིས་བསྒྱུར།
དང་པོ། བོད་མི་བརྒྱ་ལ་བཏོན་པའི་དྲི་བ་གཉིས།
དྲི་བ་འདི་གཉིས་ཐད་ངས་ལོ་ངོ་གཅིག་ཙམ་རིང་ལ་ཚོད་ལྟ་བྱས་པ་ཡིན།
༡༽ རང་རེའི་བོད་རྒྱལ་ཁབ་ཆེན་པོར་རྫོང་ཁག་ག་ཚོད་ཡོད་དམ།
༢༽ བཙན་བྱོལ་བོད་གཞུང་ལ་སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་ས་ཁྲ་ངོ་མ་ཞིག་ཡོད་དམ་མེད། གལ་ཏེ་ཡོད་ན་གང་དག་ཡིན།
དྲི་བ་བཏོན་པའི་མི་བརྒྱ་ཡི་ཁྲོད་མི་བརྒྱད་ཁོ་ནས་ཕྱིར་ལན་བཏབ་བྱུང་མོད། འོད་ཀྱང་ཁོ་ཚོ་ཚང་མས་རང་རེའི་བོད་རྒྱལ་ཁབ་ཆེན་པོར་རྫོང་ཁག་ག་ཚོད་ཡོད་མེད་ཤེས་ཀྱི་མི་འདུག་ལ། བོད་གཞུང་གི་སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་ས་ཁྲ་ངོ་མ་ཡང་གང་ཡིན་ཤེས་ཀྱིན་མི་འདུག ཁོ་ཚོའི་ནང་དུ་གྲོས་ཚོགས་ཀྱི་ཚོགས་མི་དང་། གཞུང་གི་འགན་ཁུར་མི་སྣ་གཙོ་གྲས། དེ་མིན་ཕྱོགས་སོ་སོའི་དོན་གཅོད་ཁག་གི་མི་སྣ་དང་། རྩོམ་པ་པོ་གྲགས་ཅན། གསར་འགོད་པ། ཚོགས་པ་ཁག་གི་ཚོགས་གཙོའམ་ཆབ་སྲིད་ཤོག་ཁག་གི་འགོ་ཁྲིད། གཞན་ད་དུང་མིང་དུ་གྲགས་པའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས། ཆབ་སྲིད་སོགས་ཀྱི་ལས་འགུལ་སྤེལ་མཁན་མི་སྣ་བཅས་འདུས་ཡོད།
སྤྱིར་བཏང་ཨ་རིའི་ཕྱི་མི་གནས་སྤོའི་ལས་ཁུངས་ཀྱིས་སྤྱི་དམངས་གང་ཞིག་རྒྱལ་ཁོངས་སུ་ཞུགས་དུས་འདྲི་གཞི་བརྒྱ་ཐམ་པ་བཀོད་ཡོད་པའི་ནང་། ཨ་རི་ལ་ས་ཁུལ་ག་ཚོད་ཡོད་མེད་དང་། དབྱིན་ཇིར་ཡུ་རོབ་གླིང་བྱང་མའི་ནུབ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ་ངོས་སུ་མི་སེར་སྤེལ་ཡུལ་བཅུ་གསུམ་ཡོད་པ་གང་དག་ཡིན་མིན་བཀོད་ཡོད། འདྲི་གཞི་འདི་ལ་ས་གནས་གསུམ་གྱི་མིང་ཤེས་པ་ཙམ་གྱི་ཆོག་གི་ཡོད་མོད། འོན་ཀྱང་བསྐྱར་སྦྱང་སྐབས་སུ་ངེས་པར་དུ་ས་གནས་བཅུ་གསུམ་པོའི་མིང་ཆ་ཚང་བློ་ལ་ངེས་པར་བྱེད་དགོས།
གཉིས་པ། གཞུང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན།
བོད་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་དང་སྤྱི་ཚོགས་ཐོག་གི་ཕུལ་བྱུང་མི་སྣ་འདི་དག་གིས་ཆེས་སྤྱིར་བཏང་གི་དྲི་བ་འདི་གཉིས་ལའང་ལན་འདེབས་མི་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཟེར་ན ། དེ་ནི་ཁོ་ཚོས་ནམ་རྒྱུན་བསམ་བློ་གཏོང་གིན་མེད་ལ་ལས་ཀ་ཡང་སྒྲུབ་ཀྱིན་མེད་པས་ཡིན། དྲང་མོར་བཤད་ན་འདི་ནི་གསོན་ཤུགས་འབར་བའི་ལོ་རྒྱུས་ཤིག་གི་སྐྱོ་གར་རེད། ཁོང་ཚོའི་ཁྲོད་ཀྱི་མི་བཞི་ཡིས་དྲི་བར་ལན་མི་འདེབས་པའི་ཁར་ད་དུང་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་འདུག
དྲང་མོར་བཤད་ན་གནད་དོན་ཐག་གཅོད་བྱེད་མི་ཐུབ་པ་མ་ཡིན་ཏེ། ང་ཚོར་ཡབ་མེས་ཀྱིས་བཏིངས་ཟིན་པའི་རྨང་གཞི་ལེགས་པོ་ཡོད་པས། རྨང་གཞི་དེར་གཞི་བཅོལ་ནས་ང་ཚོས་གཞུང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱས་ཆོག དབུས་ཕྱོགས་ལ་སྔོན་མ་ནས་རྫོང་ཁག་གི་དབྱེ་མཚམས་ཡོད་ལ། དེ་ནི་ཕྱོགས་སོ་སོའི་ཚོ་ཁག་དག་གཞིར་བཞག་བྱས་ནས་བསྐྲུན་པའི་གཞི་རིམ་རྩ་འཛུགས་ཡིན། ཚོ་ཁག་གི་ལམ་ལུགས་ནི་བོད་རྒྱལ་ཡོངས་གཅིག་གྱུར་ཡིན་ལ་དེ་ནི་ཕལ་ཆེར་རྫོང་རིམ་པའི་ཁོངས་གཏོགས་རེད། ཡང་བསྐྱར་བསྡོམས་རྩིས་དང་ཚོ་ཁག་མཉམ་སྡེབ་བྱས་ནས་བོད་རྒྱལ་ཁབ་ཆེན་མོར་ཁུལ་དང་རྫོང་གསར་འཛུགས་བྱས་རྒྱུ་ནི་བཙན་བྱོལ་བོད་གཞུང་གི་འགན་ཁུར་གཙོ་བོ་རེད། མ་གཞི་བསྡོམས་རྩིས་དང་གདོད་མའི་ཚོ་ཁག་དག་མཉམ་སྡེབ་ཀྱི་བྱ་བ་འདི་དེ་ཙམ་ཁག་པོ་མ་རེད།
བོད་རྒྱལ་ཁབ་ཆེན་པོའི་རིམ་པ་སོ་སོའི་སྲིད་འཛིན་ལས་ཁུངས་ཁག་ནི། ༡ བོད་གཞུང་སྟེ། མདོ་དབུས་ཁམས་གསུམ་གྱི་དམིགས་བསལ་ས་ཁུལ་གྱི་མིང་གནས་ཡོད་པ། ༢ ཁུལ། ༣ རྫོང་། ༤ ཚོ་ཁག ༥ གྲོང་སྡེ་ (རོང་ཁུལ་ལ་སྡེ་བ་དང་འབྲོག་ཁུལ་ལ་རུ་སྐོར) བཅས་གོ་རིམ་ལྟར་གཅིག་ལ་གཅིག་འབྲེལ་ཡིན། བསྐྱར་དུ་སྙོམས་སྒྲིག་བྱས་རྗེས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་སྲིད་འཛིན་ས་ཁུལ་ཀྱི་དབྱེ་མཚམས་ནི། དབུས་གཙང་ཕྱོགས་སུ་ཁུལ་ ༡༤དང་ཁམས་ཕྱོགས་སུ་ཁུལ་ ༡༤ ཨ་མདོ་ཕྱོགས་སུ་ཁུལ་ ༡༤བཅས་ཁྱོན་བསྡོམས་ཁུལ་ ༤༢ གསར་འཛུགས་བྱེད་དགོས་ལ། དེ་དག་ངེས་པར་དུ་གདོད་མའི་རྩ་འཛུགས་ཀྱི་རྣམ་པ་གཞིར་བཞག་བྱེད་དགོས། དཔེར་ན། སྡེ་དགེ (འདིའི་ཁོངས་སུ་རྫ་ཆུ་ཁ་བ་སོགས་ཀྱང་འདུ) རྒྱལ་མོ་ཚ་བ་རོང་ (འདིའི་ཁོངས་སུ་རོང་བྲག་ཀྱང་འདུ) ཅོ་ནེ (འདིའི་ཁོངས་སུ་འབྲུག་ཆུ་དང་ཐེ་བོ། མཛོད་དགེ་ཡི་ས་ཆ་ཁག་ཅིག་ཀྱང་འདུ) མགོ་ལོག (དིའི་ཁོངས་སུ་གསེར་རྟ་ཡང་འདུ) དཔའ་རིས (འདིའི་ཁོངས་སུ་གསེར་ཁོག དགོན་ལུང་། ཆུ་བཟང་། མཆོད་རྟེན་ཐང་སོགས་དེང་སྐབས་རྒྱ་ནག་གཞུང་གིས་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་སུ་བགོས་པའི་དཔའ་རིས་ས་ཆ་ཡོངས་རྫོགས་འདུག
མདོ་དབུས་ཁམས་གསུམ་ཀྱི་དམིགས་བསལ་ས་ཁུལ་དག་ནི་མིང་གནས་ཙམ་གྱི་ལས་ཁུངས་སུ་འཇོག་པ་ལས་དབུས་གཞུང་ལ་འགན་ཁུར་མི་དགོས་ཤིང་། ཐད་ཀར་དབུས་གཞུང་ལ་འགན་འཁུར་མཁན་ནི་ས་གནས་སོ་སོའི་ཁུལ་རིམ་པ་ཡིན། མདོ་དབུས་ཁམས་གསུམ་གྱི་དམིགས་བསལ་ས་ཁུལ་གྱི་མིང་གནས་ཡོད་པ་དེ་དག་གིས་ལོ་རེ་རེའི་ནང་དུ་ཚབ་མཚོན་གྱི་འཐུས་མི་རེ་མཚམས་སྦྱོར་བྱས་ཏེ་རྒྱལ་ཁབ་དང་ཁུལ། རྫོང་ཁག་གི་དུས་སྟོན་མཛད་སྒོར་ཞུགས་དགོས་ལ། དེ་དག་ནི་སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་། དཔའ་བོའི་མི་སྣ། ཚོ་ཁག་གི་རྒན་རབས་པ་དང་འགོ་ཁྲིད། སློབ་འབྲིང་དང་སློབ་ཆེན་གྱི་སློབ་མ། ལག་ཤེས་པ། སྒྱུ་རྩལ་པ། རྩོམ་པ་པོ་དང་སྙན་ངག་པ། ཁེ་ལས་པ། ཁྲིམས་རྩོད་པ། ཚན་རིག་པ། མ་ཆེན། དགེ་རྒན། དགེ་རྒན་ཆེ་མོ། ཡོན་ཏན་པ་དང་ཆེད་མཁས་པ་སོགས་ཡིན་དགོས། དཔེར་ན། གལ་ཏེ་ལོ་འདིའི་ནང་དུ་དབུས་ཕྱོགས་ཀྱི་དམིགས་བསལ་ས་ཁུལ་གྱིས་དགེ་རྒན་ཞིག་མཚམས་སྦྱོར་བྱས་པ་ཡིན་ན། ཁམས་དང་ཨ་མདོ་ཕྱོགས་ནས་བསྐྱར་ཟློས་མི་བྱེད་པར་དེ་མིན་གཞན་སྔོན་གཤེགས་དཔའ་བོའི་ཕྱི་རབས་པའམ་ཡང་ན་ཁྲིམས་རྩོད་པ། ཚོ་ཁག་གི་རྒན་རབས་པ་སོགས་ལ་བསམ་བློ་བཏང་སྟེ་ཚང་མས་ཕན་ཚུན་གྲོས་བསྡུར་གྱིས་ལམ་ནས་ཐག་གཅོད་བྱེད་དགོས། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དཔའ་བོ་མི་སྣའི་ཁོངས་སུ་ཆོས་ལུགས་མི་སྣ་ཡོད་ངེས་པས། ཁོང་ཚོ་དམིགས་བསལ་ས་ཁུལ་གསུམ་གྱི་འཐུས་མིའི་མིང་ཐོག་ནས་ཆེད་དུ་རྒྱལ་ཁབ་དང་ཁུལ་རྫོང་ཁག་གི་རྟེན་འབྲེལ་མཛད་སྒོ་འདྲ་མིན་ལ་གདན་ཞུ་བྱེད་མི་དགོས།
གསུམ་པ། གྲོས་ཚོགས་བཅོས་བསྒྱུར།
༡ ཆོལ་ཁ་གསུམ་གྱི་མིང་ཐོག་ནས་འཐུས་མི་བཅུ་རེ་འདེམས་བསྐོ་བྱེད་པའི་རྣམ་པ་མེད་པར་བཟོས་ནས། དེའི་ཚབ་ཏུ་དབུས་གཙང་ཕྱོགས་ཀྱི་ཁུལ་རེ་ནས་འཐུས་མི་རེ་རེ་དང་། ཁམས་ཕྱོགས་ཀྱི་ཁུལ་རེ་ནས་འཐུས་མི་རེ་རེ། མདོ་སྨད་ཕྱོགས་ཀྱི་ཁུལ་རེ་ནས་འཐུས་མི་རེ་རེ་བཅས་ཁྱོན་བསྡོམས་འཐུས་མི་ ༤༢ དང་། དེའི་ཁར་ལྷ་ས་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར། དར་རྩེ་མདོ་གྲོང་ཁྱེར་བཅས་ནས་འཐུས་མི་རེ་རེ་འདེམས་ཐོན་གྱིས་ཁྱོན་བསྡོམས་སྤྱི་འཐུས་ ༤༥ བྱས་ཏེ། ཁུལ་སོ་སོ་ནི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོར་འཛིན་དགོས།
༢ བྱང་ཨ་མི་རི་ཁ་དང་ཡུ་རོབ་གླིང་སོགས་ན་ཡོད་པའི་བོད་ཀྱི་གྲོས་ཚོགས་འཐུས་མི་ཡང་མེད་པར་བཟོ་དགོས་པ་དང་། གལ་ཏེ་ཁོང་ཚོ་སྤྱི་འཐུས་འོས་འདེམས་ལ་ཞུགས་འདོད་ཡོད་ཚེ་སོ་སོའི་ཕ་ཡུལ་གྱི་འདེམས་བསྐོ་འོས་ཁོངས་སུ་འཛུལ་ཞུགས་བྱེད་དགོས། གོ་ཐོས་སུ་འཇར་པན་དང་ཐེ་ཝན། ཨོ་སི་ཁྲི་ལི་ཡ་སོགས་ཀྱི་རྒྱལ་ཁབ་ཁག་གི་བོད་མི་རྣམས་ཀྱིས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་ཞིག་དགོས་པར་རེ་བ་བྱེད་བཞིན་འདུག་ཟེར། དེ་ན་ཁོང་ཚོ་ཡང་རང་རང་ས་གནས་ཀྱི་འདེམས་བསྐོའི་་འོས་ཁོངས་སུ་སོང་ནས་ཐོ་འགོད་བྱས་ཆོག
༣ བོད་ཀྱི་ཆོས་རྒྱུད་ཁག་གི་སྤྱི་འཐུས་བཅུ་བོ་གྲོས་ཚོགས་ནས་ཕྱིར་འཐེན་བྱས་རྗེས་ཀྱི་འགྲོ་ལམ།
ཀ༽ ས་སྐྱ་དང་དགེ་ལུགས། བཀའ་རྒྱུད། རྙིང་མ། བོན་པོ་བཅས་ཀྱི་ཆོས་རྒྱུད་ཁག་གི་འཐུས་མི་རྣམས་གྲོས་ཚོགས་ནས་ཕྱིར་འཐེན་བྱས་ཏེ། དེ་དག་ལས་མི་ལྔ་དགའ་ལྡན་ཕོ་བྲང་དུ་སོང་ནས་ཏཱ་ལའི་བླ་མའི་ཆོས་ཕྱོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱེད་པ་དང་། ཏཱ་ལའི་བླ་མ་ནི་བོད་དང་འཛམ་གླིང་ལ་དབང་བ་ནང་བཞིན་ཆོས་རྒྱུད་ཁག་གི་མི་སྣ་འདི་དག་ཀྱང་བོད་དང་འཛམ་གླིང་ལ་དབང་བ་རེད། དེ་ལྟར་ཆོས་རྒྱུད་ཁག་གི་མི་སྣ་འདི་ལྔ་བོ་མི་རབས་རིམ་བརྒྱུད་ཀྱིས་དགའ་ལྡན་ཕོ་བྲང་དུ་ལས་ཀ་གཉེར་ནས་འདུག་དགོས།
ཁ༽ ས་སྐྱ་དང་དགེ་ལུགས། བཀའ་རྒྱུད། རྙིང་མ། བོན་པོ་བཅས་ཀྱི་འཐུས་མི་གཞན་ལྔ་བོ་བོད་གཞུང་གི་ཆོས་རིག་ལས་ཁུངས་སུ་ཡོང་ནས་ལས་དོན་གཉེར་བ་དང་། ཆོས་རིག་ལས་ཁུངས་ཀྱིས་བོད་ནང་ཁུལ་དང་ཨེ་ཤ་ཡ་གླིང་། དེ་མིན་འཛམ་བུ་གླིང་ཡོངས་སུ་ཆོས་ཕྱོགས་ཀྱི་བྱ་བ་ཁྱབ་སྤེལ་བྱེད་པར་རོགས་རམ་བྱེད་དགོས། ཁོང་ཚོ་ཡང་གོང་སྨྲས་བཞིན་མི་རབས་རིམ་བརྒྱུད་ཀྱིས་བོད་གཞུང་ཆོས་རིག་ལས་ཁུངས་སུ་བསྡད་ནས་ལས་དོན་གཉེར་དགོས།
དེ་ལྟར་མི་རྣམས་ལ་སྔོན་ཆད་ཆོས་རྒྱུད་ཁག་གི་འཐུས་མི་བཅུ་བོས་གྲོས་ཚོགས་བྱ་བའི་སྐབས་སུ་བོད་རྒྱལ་ཁབ་དང་མི་དམངས་ལ་བཞག་པའི་བྱས་རྗེས་རླབས་ཆེན་དག་ཡིད་ལ་འཛིན་དུ་འཇུག་དགོས།
བཞི་བ། བོད་ཀྱི་ས་ཁྲ།
དེང་སྐབས་འཛམ་གླིང་ཐོག་ང་ཚོ་རང་ཉིད་ཀྱིས་བཟོས་པའི་ཡོངས་ཁྱབ་རང་བཞིན་གྱི་བོད་ཀྱི་ས་ཁྲ་ལ་རྣམ་པ་གསུམ་ཡོད་དེ། ༡༽ བཙན་བྱོལ་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ཞིབ་འཇུག་བསྟི་གནས་ཁང་ནས་བཟོས་པའི་ས་ཁྲ། ༢༽ ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་བསྟི་གནས་ཁང་ནས་བཟོས་པའི་ས་ཁྲ། ༣༽ བོད་ཆོལ་ཁ་གསུམ་དུ་མཚོན་པའི་ཚོན་མདོག་གསུམ་ལྡན་གྱི་སྤྱིར་བཏང་གི་ས་ཁྲ་བཅས་ཡིན། ཡིན་ན་ཡང་། ས་ཁྲ་འདི་གསུམ་པོའི་ཐོག་ཏུ་བོད་ཀྱི་བྱང་ཤར་ཕྱོགས་དང་། ཤར་ཕྱོགས། ཤར་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་ཅིག་གི་མིང་འདོགས་སྟངས་ལ་ནོར་འཁྲུལ་འདུག
ངས་རྒྱལ་ཁབ་གང་མང་ཞིག་གི་སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་ས་ཁྲ་མཐོང་མྱོང་། དེ་དག་ལ་ཆབ་སྲིད་ས་ཁྲ་དང་གཏེར་རྫས་ཐོན་ཁུངས་ཀྱི་དཔེ་རིས། གནམ་གཤིས་དཔེ་རིས། ཆུ་བེད་ཐོན་ཁུངས་ཀྱི་དཔེ་རིས། ཞིང་ལས་སྐྱེས་དངོས་ཁྱབ་ཚད་ཀྱི་དཔེ་རིས། ནགས་ཚལ་ཀྱི་ཐོན་ཁུངས་དཔེ་རིས་བཅས་ཡོད། ཡང་རྒྱལ་ཁབ་ཁ་ཤས་ཀྱིས་འབུ་སྲིན་དང་། འདབ་ཆགས། རི་དྭགས་ཁྱབ་ཚད་སྐོར་ཀྱི་དཔེ་རིས་བཅས་བཟོས་ཡོད་ལ། དེ་དག་ཁྲོད་བརྙན་ལེན་དང་དངོས་དཔེ་རིགས་ནི་ཧ་ཅང་སྤུས་དག་དང་ཡིད་དུ་འོང་བ་ཞིག་རེད། ང་ཚོ་བོད་ལ་མཚོན་ན་མིག་སྔར་ཆེས་གལ་ཆེ་བ་ནི་འབུ་སྲིན་ཁྱབ་ཚད་སྐོར་ཀྱི་གནད་དོན་མ་ཡིད་པར་མིའི་ཁྱབ་ཚད་སྐོར་གྱི་གནད་དོན་ཏེ། ང་ཚོས་རང་གི་མི་དམངས་ས་ཆ་གང་དུ་གནས་སྡོད་བྱེད་ཀྱིན་པ་དང་ས་ཆ་དེ་དག་གི་མིང་ཅི་ཡིན་པ་ཤེས་རྒྱུ་ནི་གནད་དོན་གཙོ་བོ་རེད།
དྲང་མོར་བཤད་ན་ཆེས་གལ་ཆེ་ཤོས་དེ་ཡང་རྫོང་ཁག་མ་ཡིན་པར། ཆེས་གཞི་རིམ་སྟེ་རོང་ཁུལ་གྱི་སྡེ་བ་དང་འབྲོག་ཁུལ་གྱི་རུ་སྐོར། དེ་ནས་གདོད་མའི་ཚོ་ཁག་ཡིན། སྡེ་བ་དང་རུ་སྐོར། ཚོ་ཁག་སོ་སོའི་མིང་དག་ཟིན་ཐོར་འགོད་རྒྱུ་ནི་ད་ལྟའི་འགན་ཁུར་གཙོ་བོ་རེད ། དེང་སང་རྒྱ་གར་དང་བལ་ཡུལ། འབྲུག ཡུ་རོབ་དང་ཨ་རི། འཇར་པན། ཐེ་ཝན། ཨོ་སི་ཁྲི་ལི་ཡ་སོགས་ཀྱི་རྒྱབ་ཁབ་ཁག་ཏུ་ཁྱབ་པའི་བོད་མི་མང་ཆེས་ཤོས་ནི་བོད་ཀྱི་ས་ཁུལ་སོ་སོ་ནས་ཡོང་བ་ཡིན་པས། ཁོང་ཚོ་བརྒྱུད་ནས་སོ་སོའི་སྐྱེས་ཡུལ་གྱི་སྡེ་བ་དང་རུ་སྐོར། ཚོ་ཁག་སོགས་ཀྱི་མིང་རེ་རེ་བཞིན་ཐོ་འགོད་བྱེད་དགོས་ལ། སྡེ་བ་དང་རུ་སྐོར། ཚོ་ཁག་སོ་སོའི་མིང་རྣམས་གཏན་འཁེལ་བྱས་རྗེས། གཞི་ནས་བོད་ཀྱི་སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་སྒྲོམ་གཞི་སྟེ་རྫོང་དང་ཁུལ་བཅས་རིམ་པ་བཞིན་ཇུས་འགོད་བྱེད་དགོས། ལས་གཞི་འདི་འགྲུབ་རྗེས་ང་ཚོས་ད་བཟོད་རང་གི་རྒྱལ་ཁབ་ཀྱི་ས་ཁྲ་བཟོས་ཆོག
བོད་ནང་ཁུལ་གྱི་ཤེས་ཡོན་པ་དང་ཆེད་མཁས་པ་གང་མང་ཞིག་གི་འབད་བརྩོན་ལ་བརྟེན་ནས་འདིའི་སྐོར་ཀྱི་དཔེ་དེབ་ཁ་ཤས་བོད་ཡིག་དང་རྒྱ་ཡིག་ཐོག་ནས་པར་སྐྲུན་བྱས་ཡོད། དཔེར་ན། ༼ མཚོ་ལྷོ་ཁུལ་ས་མིང་རིག་གནས་འགྲེལ་བ ༽ (བོད་རྒྱ་ཤན་སྦྱར) ༼ དཔའ་རིས་ས་མིང་ཕྱོགས་བསྡུས། རྟེན་འབྲི་འམ་དཔའ་རིས་རྫོང་། ༽ (བོད་རྒྱ་ཤན་སྦྱར) དེང་ཀན་སུའུ་ཞིང་ཆེན་ལ་བཅད་ཟིན་པའི་དཔའ་རིས་ས་ཁུལ་གྱི་ཆ་ཤས་ཤིག ༼ བོད་རང་སྐྱོང་ལྗོངས་ས་མིང་ཕྱོགས་བསྡུས ༽ ༼ མཚོ་སྔོན་བོད་རིག་སྡེ་བའི་ལོ་རྒྱུས། ༽ ༼ མཚོ་སྔོན་བོད་ཁུལ་སྤྱི་ཚོགས་ལོ་རྒྱུས ༽ ༼ རུ་ངན་མང་ར་རྫོང་གི་ལོ་རྒྱུས། ༽ ༼ བིས་མདོ་དང་རྡོ་སྦིས་ལོ་རྒྱུས ༽ ༼ གཅན་ཚའི་ལོ་རྒྱུས ༽ ༼ བོང་སྟག་ལོ་རྒྱུས ༽ ༼ རེབ་གོང་དམེ་ཤུལ་སྡེ་བའི་ལོ་རྒྱུས ༽༼ བོད་ཀྱི་སྡེ་བ་ཚོ་བ ༽ (མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་ཟིན་འགོད་དང་ཕྱོགས་བསྒྲིགས་བྱས།) ༼ ཉག་ཆུ་ཁའི་ས་མིང་ཕྱོགས་བསྡུས ༽ ༼ ཉག་རོང་ས་མིང་ཕྱོགས་བསྡུས ༽ ༼ དར་རྩེ་མདོ་ས་མིང་ཕྱོགས་བསྡུས ༽ ༼ ཆ་ཕྲེང་ས་མིང་ཕྱོགས་བསྡུས ༽༼ དཔལ་ཡུལ་ས་མིང་ཕྱོགས་བསྡུས ༽ ༼ འབའ་ཐང་ས་མིང་ཕྱོགས་བསྡུས ༽ ༼ སྡེ་དགེ་ས་མིང་ཕྱོགས་བསྡུས ༽༼ བདེ་ཆེན་ས་མིང་ཚིག་མཛོད ༽སོགས་འདིའི་རིགས་ཀྱི་རྒྱུ་ཆ་མང་པོ་ཡོད། ང་ཚོས་འདི་དག་ཇི་བཞིན་དུ་འདྲ་བཤུས་བྱེད་མི་རུང་ནའང་དཔྱད་གཞི་ཡིག་ཆར་བཟུང་ཆོག་སྟེ། དེ་དག་ནང་གི་ས་མིང་དང་རི་མིང་། གཙང་བོ་ཐམས་ཅད་ཀྱི་མིང་ལ་བཟོ་བཅོས་བྱས་ཡོད་ཀྱང་། ས་ཆ་དང་རི་བོ། གཙང་བོ་ཐམས་ཅད་སྔར་མུས་སུ་གནས་ཡོད་པས་མིང་གི་འབོད་སྟངས་ལ་བཅོས་བསྒྱུར་བྱེད་རྒྱུ་ནི་དེ་ཙམ་ཁག་པོ་མ་རེད། མ་གཞི་ནས་བོད་ཀྱི་སྲོལ་རྒྱུན་བསྐྱར་གསོ་བྱེད་རྒྱུ་དེ་ང་ཚོའི་རྩ་དོན་ཡིན། ལས་ཀ་འདི་དག་ནི་བོད་ཀྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ས་ཁྲ་བཟོ་བའི་སྔོན་འགྲོ་ཡིན་ལ། བོད་ཀྱི་ཆབ་སྲིད་ས་ཁྲའང་འདི་ལ་བརྟེན་ནས་བྱུང་དགོས།
མིག་སྔར་རྒྱ་ནག་གི་དབང་བསྒྱུར་འོག་ཁག་རེ་རེར་བགོས་ཟིན་པའི་བོད་ཀྱི་རྫོང་ཁག་དང་གྲོང་ཁྱེར་༡༨༠ལྷག་དང་། དེ་མིན་གཞན་རྒྱའི་ས་ཁུལ་ཁག་དུ་བཅད་ཟིན་པའི་གྲོང་བརྡལ་དག་ཀྱང་དཔྱད་གཞི་ཙམ་དུ་བཟུང་ཆོག ངས་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་སྐོར་ཞིག་གིས་བོད་ཀྱི་ལོ་རྒྱུས་འབྲི་བ་དང་ལྷག་པར་དུ་བོད་ཀྱི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་གསལ་བཤད་དང་ས་ཁྲ་འདྲེན་བཀོལ་བྱེད་དུས་མང་ཤོས་ཀྱིས་རྒྱ་ནག་གཞུང་གི་ཡིག་ཆ་འདྲ་བཤུས་བྱས་ཡོད་པ་མཐོང་མྱོང་། གསལ་བོར་བཤད་ན་འདི་ནི་ནོར་འཁྲུལ་རེད། རང་གི་ལོ་རྒྱུས་རང་གིས་འབྲི་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།
ལྔ་བ། དགའ་ལྡན་ཕོ་བྲང་།
རྒྱལ་བ་རིན་པོ་ཆེ་མཆོག་གིས་དགའ་ལྡན་ཕོ་བྲང་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཆའི་སྒྲིག་གཞི་ལས་ལོགས་སུ་བཀར་ཏེ། ཆོས་ཕྱོགས་ཀྱི་བྱ་བ་ཁོ་ན་བསྒྲུབ་རྒྱུར་ཐག་གཅོད་བྱས་ཏེ་ཆོས་སྲིད་ཟུང་འབྲེལ་མཇུག་བསྡུས་པར་བཀའ་དྲིན་བླ་ལྷག་ཏུ་ཞུ་དགོས། དགའ་ལྡན་ཕོ་བྲང་གིས་བོད་ལ་དབང་བསྒྱུར་བྱས་པའི་ལོ་ངོ་ ༣༦༩ གི་བརྒྱུད་རིམ་ཁྲོད་དུ། ཏཱ་ལའི་བླ་མས་སྲིད་བསྐྱངས་པའི་དུས་ཡུན་གྱིས་བརྒྱ་ཆའི་ ༢༨ ཙམ་ཟིན་པ་དང་། ཁོང་གི་ཡང་སྲིད་འཚོལ་བའི་དུས་ཡུན་དང་། ཡང་ན་རྒྱུ་རྐྱེན་གཞན་དག་གིས། དེའི་བར་ལྷག་གི་དུས་ཡུན་གྱིས་བརྒྱ་ཆའི་ ༧༨ ཟིན་ལ་ལོ་ངོ ་༢༦༥ ཙམ་ཡིན། དེའི་བར་ཀྱི་སྲིད་དབང་ཚབ་སྐྱོང་གི་དུས་ཡུན་གྱིས་བརྒྱ་ཆའི་ ༩༤ ཙམ་ཟིན། བར་སྐབས་དེའི་རིང་ཏཱ་ལའི་བླ་མ་གསང་བའི་སྒོ་ནས་སྲིད་ལས་ཕྱིེར་འཐེན་བྱས་ཏེ་ཆོས་ཉམས་ལེན་བྱས་པ་དང་ཡང་ན་གནས་སྐབས་རིང་སྲིད་དབང་ཚབ་སྐྱོང་བསྐོ་བཞག་གིས་དབང་ཆ་གཞན་ལ་སྤྲད་དེ་ཆོས་ཉམས་ལེན་བྱས་པ་ལྟ་བུའི་ཁུངས་ལུང་མེད་ཅིང་དགོད་བྲོ་བའི་གནས་ཚུལ་ཡང་བྱུང་མྱོང་།
ད་ལོ་སྟེ། ༢༠༡༡ ལོའི་ཟླ་ ༣ ཚེས་ ༡༠ ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ཆེས་དམིགས་བསལ་གྱི་ཉིན་མོ་ཞིག་རེད། ཉི་མ་འདི་ནས་བཟུང་གསར་ཏུ་བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་བས་ལས་འགན་ཁུར་བཞེས་ཀྱིས་དམ་བཅའ་འཇོག་རག་བར་དུ། བོད་ཀྱི་ལོ་རྒྱུས་ཀྱིས་དུས་རབས་ཀྱི་དབྱེ་མཚམས་ཕྱེས་ནས་རླབས་ཆེན་གྱི་གསར་བརྗེ་ཕྱོགས་སུ་གོམ་ཁ་བསྒྱུར་བ་རེད། བོད་ཀྱི་གྲོས་ཚོགས་དང་བོད་གཞུང་གི་སྤྱིའི་སྒྲིག་གཞི། སྤྱི་ཚོགས་ཀྱི་རྣམ་པ་སོགས་རྒྱུན་ལྡན་གྱི་འཁོར་རྒྱུག་བྱེད་པར་བསྒྱུར་བཀོད་དང་སྐུལ་འདེད་ཀྱང་བྱས་པ་ཡིན་ལ། དེས་རང་རེའི་བོད་རྒྱལ་ཁབ་ཆེན་མོ་དང་བོད་མི་དམངས་ལ་རེ་བ་གསར་བ་ཡང་འཁུར་ནས་ཐོན་ཡོད།
བོད་ཀྱི་གྲོས་ཚོགས་དང་གཞུང་གི་སྡེ་ཁག དགའ་ལྡན་ཕོ་བྲང་བཅས་ཀྱི་ལས་ཀ་ཁག་བགོས་ཀྱིས་རང་རང་གི་ལས་འགན་འཁུར་དུ་ལེན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། ངས་ཚན་པ་གསུམ་པའི་ནང་དུ་བཤད་པ་བཞིན་བོད་ཀྱི་ཆོས་རྒྱུད་ཁག་གི་འཐུས་མི་བཅུ་བོ་གྲོས་ཚོགས་ནས་ཕྱིེར་འཐེན་བྱས་རྗེས། མི་རབས་བརྗེ་རེས་ཀྱིས་མི་ལྔ་དགའ་ལྡན་ཕོ་བྲང་དུ་སོང་ནས་ལས་དོན་སྒྲུབ་པ་དང་། གཞན་ལྔ་ནི་བོད་གཞུང་ཆོས་རིག་ལས་ཁུངས་སུ་སོང་ནས་རོགས་འདེགས་བྱེད་དགོས།
སྔ་མའི་འཐུས་མི་ལྔ་བོ་དགའ་ལྡན་ཕོ་བྲང་དུ་སོང་ནས་རྒྱལ་བ་རིན་པོ་ཆེ་ལ་ཕྱག་རོགས་ལོ་གཅིག་གནང་རྗེས། ཡང་ས་སྐྱའི་ཕོ་བྲང་དང་རྙིང་མའི་ཕོ་བྲང་། བཀའ་རྒྱུད་ཀྱི་ཕོ་བྲང་། བོན་པོའི་ཕོ་བྲང་བཅས་ལ་ལོ་རེ་རེར་རེས་སུ་འཁོར་ནས་ལས་ཀ་བསྒྲུབ་ཏུ་འགྲོ་དགོས། དེ་ལྟར་ཚང་མས་མཉམ་རུབ་ཀྱིས་འགན་འཁུར་ཏེ་བོད་ཀྱི་ཆོས་རྒྱུད་ཁག་ལ་འདྲ་མཉམ་གྱིས་བདག་སྐྱོང་བྱེད་པ་ལས་འགན་འཁུར་ཆ་ཚང་རྒྱལ་བ་རིན་པོ་ཆེ་ཐོག་ཏུ་འགེལ་མི་རུང་། དགའ་འོས་བ་ཞིག་ལ་། རྒྱལ་བ་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་ཡིན་པས་ཁོང་གི་སྐུ་དངོས་ཀྱིས་བོད་ཀྱི་གྲོས་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་གཞུང་། ད་དུང་བོད་ཀྱི་ཆོས་རྒྱུད་ཁག་གི་རྒྱུན་ལྡན་གྱི་བྱ་བའི་འཁོར་རྒྱུག་གི་རྣམ་པ་གཟིགས་ཐུབ་ཀྱི་རེད།
བོད་ཀྱི་གྲོས་ཚོགས་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་གཞུང་བཅས་ནི་བོད་མི་དམངས་ལ་དབང་བ་དང་། བོད་ཀྱི་ཆོས་རྒྱུད་ཁག་སྟེ། ས་སྐྱ། བཀའ་རྒྱུད། རྙིང་མ། བོན་པོ་བཅས་ནི་བོད་རྒྱལ་ཁབ་དང་མི་དམངས་ལ་དབང་བར་མ་ཟད། དེ་ལས་ཀྱང་འཛམ་བུའི་གླིང་འདིར་དབང་བ་རེད།
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༤ ཚེས་ ༢༡ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནས་སྦྱར།
དགའ་ལྡན་ཕོ་བྲང་ནི་བླ་བྲང་ནས་སྲིད་གཞུང་ཆགས་པ་ཞིག་ཡིན་ཙང་མིང་གནས་རྒྱུན་འཛིན་མ་བྱས་ཀྱང་འགྲིག་གི་རེད་དེ། སྲིད་གཞུང་དེ་མང་གཙོའི་ངོ་བོའི་སྒང་འགྱུར་ཡོད་པས། བོད་གཞུང་ངམ་བཙན་བྱོལ་བོད་གཞུང་ཡིན་པའི་ལོ་རྒྱུས་ཀྱི་མིང་གནས་དེའི་རྒྱུན་མུ་མཐུད་དུ་སྐྱོང་དགོས་པ་ཞིག་རེད། དེ་ལས་ལྡོག་ན་རང་གི་ཨ་མ་བསད་ནས་གཞན་ལ་ཨ་མ་ཞེས་འབོད་པ་འདྲ་བོ་ཞིག་མ་རེད་པས། ཚང་མ་ལོས་འདིའི་སྒང་བགྲོ་གླེང་བྱེད་རན་ཡོད་པ་འདྲ།
ང་དགུའི་ཡར་སྔོན་གྱི་བོད་ཀྱི་རྫོང་ཁག་གི་གྲངས་མཐོའི་སྐོར་ལ་རྫེ་སྨད་རིན་པོ་ཆེའི་བོད་ཁམས་ཀྱི་སྐོར་ལ་ལོ་རྒྱུས་དེབ་གཅིག་གི་ནང་ལ་གསལ་ཁ་འདུག འདིའི་ནང་དུ། བོད་ཀྱི་ས་ཁུལ་ཡོངས་རྫོགས་ཏེ་ཁམས་དང་ཨ་མདོ། དབུས་གཙང་། མངའ་རིས་དང་བཅས་པ་འདུག བྱས་ཙང་དེ་ལ་དཔེ་བལྟས་ན་ཡག་པོ་འདུག་སྙམ། བྱས་ཙང་། གྲགས་ཀ་གཅིག་མཚུངས་ཡོད་དགོས་པའི་ངེས་པ་ཅང་ཨེ་ཡོད་སྙམ། དེ་འདྲ་གང་ཡང་ཡོང་སྲིད།
རྒྱ་ནག་གི་སྲིད་འཛིན་ས་ཁུལ་ནང་གི་བོད་ཀྱི་རྫོང་ངམ་ཡང་ན་བོད་མི་འདུས་སྡོད་བྱེད་ས་གཙོ་བོའི་ས་ཁུལ་རྣམས་ཤེས་སླ་པོ་རེད། དེ་དག་ང་ཚོས་ཤེས་དགོས་ངེས་རེད་ལ་དཔྱད་གཞི་གལ་ཆེན་ཞིག་རེད། གཞན་སྔ་རབས་བོད་ཀྱི་ས་ཁུལ་གྱི་དབྱེ་བ་དང་ཁོངས་གཏོགས་སྐོར་གྱི་རྒྱུ་ཆའང་དེ་འདྲའི་དཀའ་ལས་ཁག་པོ་ཞིག་མ་རེད། དགོན་ཁག་དང། རྒྱལ་ཕྲན་རྒྱལ་པོ་དང་བླ་བྲང་ཁག་གི་ཞབས་འོག་སེར་སྐྱ་གཉིས་ཀྱི་སྡེ་དབྱེ་སྟངས་ལ་བལྟས་ན་ས་ཁུལ་གྱི་དབྱེ་སྟངས་སྐོར་ཅུང་ལས་སླ་པོར་ངོས་འཛིན་བྱེད་ཐུབ་སྙམ། དེ་མིན་སྔོན་བོད་ཀྱི་ས་ཡིན་པ་ལ་ད་སྐབས་རྒྱ་མིས་ཁེངས་ཡོད་པ་དེ་དག་ཀྱང་དུས་སྐབས་མི་འདྲ་བར་ངོས་འཛིན་མི་འདྲ་བ་བྱས་ཆོག་གི་རེད། འདི་དག་ང་ཚོའི་དཔྱད་གཞི་གཙོ་བོ་རེད། བོད་ཁམས་ཡོངས་ཀྱི་གཞི་རིམ་གྱི་ས་ཁུལ་གྱི་དབྱེ་བ་དང་ཁྱབ་ཚད་དེ་དུས་སྐབས་མི་འདྲ་བའི་ནང་དུ་ངོས་འཛིན་ཡང་མི་འདྲ་བ་བྱས་ཆོག་གི་རེད། དོན་དག་རྡོག་རྡོག་དེ་ད་སྐབས་བོད་ཁམས་དེ་དབྱེ་བ་ཇི་འདྲ་བྱས་པ་དེ་དོན་ལ་གནས་མིན་དང་སྔར་ཇི་འདྲ་ཡིན་མིན། སླད་ཕྱིན་དབྱེ་བ་ཇི་ལྟར་བྱེད་མིན་སྐོར་ལ་གང་ལྟར་ཡང་མ་ལུས་མ་འགྱོད་པ་ཞིག་བྱེད་མི་ཐུབ་ནའང་ཅུང་ཆ་ཚང་བ་ཞིག་བཤད་ཐུབ་ཀྱི་རེད། ས་ཁྲའང་དེ་ནང་བཞིན་རེད། རྙོག་དྲ་ཡོད་ཡོད་པ་རེད། ཡིན་ནའང་དེ་ཚོ་བོད་སྤྱི་པའི་རྙོག་དྲ་མ་རེད། ས་ཁུལ་ནང་ཁུལ་གྱི་རྙོག་དྲ་རེད། དེ་བོད་ཁམས་ཀྱི་ས་ཁྲ་བཟོ་བར་འགལ་རྐྱེན་ཆེན་པོ་མ་རེད། ས་ཁྲ་བཟོ་ཐཱུབ་ཀྱི་རེད། སྔོན་ཨ་མྱི་རྨ་ཆེན་གྱིས་བཟོས་ཡོད་རེད། དེ་ནང་བཞིན་ང་ཚོས་ཅུང་ཚད་ལྡན་ཞིག་བཟོ་ཐུབ་ཀྱི་རེད། གནད་ཁག་དེ་དེ་འདྲ་བཟོ་བར་ཉམས་ཞིབ་མཁས་པའི་ཚོགས་ཆུང་ཞིག་དགོས་ཀྱི་རེད་ལ། འགྲོ་གྲོན་ཡང་གཏོང་དགོས་ཀྱི་རེད། གང་ལྟར་དེའི་ཐད་ལ་མི་དགོས་ཀྱི་རེད་ལ། སྒྲིག་འཛུགས་ཤིག་ཀྱང་དགོས་ཀྱི་རེད། དེ་ལྟར་བྱས་བཟོ་མ་ཐུབ་པ་གང་ཡང་མ་རེད། དེས་རྙོག་དྲ་གང་ཡང་མི་ལྷག་པ་སྟོན་གྱི་མེད།
ད་ལྟ་སྐབས་སུ་བབ་པའི་འོས་འགན་ནི། རང་ས་རང་ལག་ཏུ་ལོན་ཐབས་ལ་འབད་རྒྱུ་དེ་ཡིན། རང་ས་ལག་མཐིལ་ཙམ་ཞིག་མ་རག་པར་་ས་བགོ་ལས་བགོ་བྱེད་ཚུལ་འདི། གསེར་ཊམ་བགོ་བཤའི་སྒྲུང་དང་འདྲ། ཆེད་ལས་ཞིབ་འཇུག་པས་ལས་དོན་འདི་རིགས་གཉེར་ན་དེ་ལོས་བཟང། ཡིན་ཡང་ད་ལྟའི་སྤྱི་འཐུས་ཀྱི་ཡོང་ཁུངས་སྒྱུར་བཅོས་ཟེར་བ་འདི་ཡུལ་དུས་གནས་བབ་དང་མཐུན་པ་ཞིག་མ་རེད། དེ་ནི་རྨི་ལམ་ཡག་པོ་ཞིག་རེད།
ད་རེས་ཀྱི་བགྲོ་གླེང་འདིར་ཞུགས་འདུན་བྱུང་སོང་། བསམ་ཚུལ་འདོན་མཁན་རྣམས་ཀྱིས་གནད་དོན་ཁ་ཤས་བཤད་ཀྱི་འདུག གུས་པའི་བསམ་ཚུལ་ལྟར་ན། བོད་ལ་རྫོང་ཁག་ག་ཚད་ཡོད་དམ་ཞེས་པ་འདི་ཅུང་རྙོག་དྲ་ཞིག་རེད།
རྒྱ་གཞུང་གི་ངོས་ནས་རྫོང་ཁག་མང་པོར་དབྱེ་ཡོད་པ་རེད་ལ། དེ་དག་ཤེས་མཁན་མང་པོ་ཡོད་མདོག་ཁ་བོ་རེད། ཡིན་ནའི། རྒྱ་ནག་གཞུང་གིས་བོད་བཙན་བཟུང་མ་བྱས་པའི་ཡར་སྔོན་ལ་ཆ་བཞག་ན། དགའ་ལྡན་ཕོ་བྲང་གི་སྲིད་འཛིན་ཁྱབ་ཁོངས་སུ་རྫོང་གི་དབྱེ་བགོས་ཡོད་པ་ལས་མདོ་སྟོད་སྨད་གཉིས་སུ་ཁྲི་དཔོན་དང་སྟོང་དཔོན། བརྒྱ་དཔོན་དང་བཅུ་དཔོན་གཞིར་བཞག་གི་སྡེ་བ་དང་ཚོ་བའི་སྒྲིག་འཛུགས་མ་གཏོགས་ཡོག་མ་རེད།
རྒྱ་གཞུང་གི་དབྱེ་བགོས་གཞིར་འཛིན་ན་མ་གཏོགས་བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་པའི་དཔེ་བཞིན་ས་ཁུལ་དེ་གཉིས་སུ་རྫོང་གི་དབྱེ་བགོས་བྱེད་དགོས་ན་ཅུང་དཀའ་ལས་རེད། དཔེར་ན། སྔར་བོད་ས་ཡིན་ཡང་དེང་སྐབས་རྒྱ་མི་མ་གཏོགས་མེད་ས་མང་པོ་ཞིག་ཡོག་རེད། དེ་དག་ག་རེ་བྱེད་ཀྱི་ཡིན་ནམ།
དེ་བས། བོད་ཀྱི་སྲིད་འཛིན་ས་ཁྲ་ཞིག་བཟོ་དགོས་ན། ཤེས་ཡོན་ཡོད་མེད་གཅིག་པུས་འཚམས་ཀྱི་མེད་པར་འདོར་ལེན་བྱེད་ཕོད་པའི་དབང་ཚད་ངེས་ཅན་ཞིག་ཀྱང་དགོས་ཀྱི་འདུག དབང་ཚད་དེ་ནང་ཁུལ་གྲོས་མོལ་བརྒྱུད་ནས་བྱུང་དགོས་པ་ཞིག་རེད། དེ་མ་གཏོགས་ད་སྐབས་གསེར་རྟ་གཅིག་པུའི་སྒང་ན་རྙོག་དྲ་ག་ཚད་ཅིག་ཡོང་གི་འདུག
ས་ཁྲ་བཟོ་དགོས་བ་དེ་ཅུང་རྙོག་འཛིངས་ཆེན་པོ་རེད། ཤེས་ཡོན་དང་རྒྱུས་ཡོད་གཉིས་ཆ་ཡིན་དགོས་པ་རེད། བཙན་བྱོལ་ནང་གི་སྐྱེས་པའི་སློབ་སྦྱོང་ཐོན་མཁན་ཚོས་ས་ཁྲ་བཟོ་སྟངས་ཀྱི་རིགས་ལམ་ཤེས་ཀྱི་ཡོད་ཀྱང་བོད་ཁམས་ལ་རྒྱུས་མེད་པ་རེད། བོད་ནས་བསླེབས་པ་ཚོར་བོད་ཁམས་ལ་ཅུང་རྒྱུས་ཡོད་ཡིན་ནའང་ཁ་ཚང་པོ་མ་རེད་ལ། ས་ཁྲ་ཚད་ལྡན་ཅིག་བཟོ་སྟངས་ཀྱི་རིགས་ལམ་ལ་རྒྱུས་ཡོད་མཁན་ཕལ་ཆེར་མེད་པ་རེད། དེ་བྱས་ནས་ད་ལྟ་བར་ལུས་པ་རེད། གལ་ཏེ་བོད་ཀྱི་ས་ཁྲ་ཅིག་བཟོ་དགོས་ན་དེའི་ཆེད་དུ་ཚོགས་ཆུང་ཞིག་འཛུགས་དགོས་རེད་ལ། ཕྱི་རྒྱལ་ཆེད་མཁས་པའང་སྐད་གཏོང་དགོས་པ་རེད། ས་ཁམས་ཀྱི་ལོ་རྒྱུས་པའང་སྐད་གཏོང་དགོས་པ་རེད། ས་ཁྲ་དང་། ཡུལ་དང་ཡུལ་མི་སྐོར་དེ་རྣམས་ས་ཁམས་རིག་པའི་སློབ་ཚན་དུ་གཏོགས་ཀྱི་རེད། དེ་བྱས་ཏེ་ང་ཚོའི་བོད་ལ་ས་ཁམས་རིག་པའི་སྐོར་གྱི་དཔེ་དེབ་སྣ་གཅིག་སྟོན་རྒྱུ་ཡོད་དམ། དེའི་སྐོར་གྱི་བོད་པའི་ཤེས་ཡོན་པ་མི་གཅིག་གི་མིང་འདོན་བྱེད་ཐུབ་བམ། བོད་ཕྱི་ནང་གཉིས་ཀར་གཅིག་ཀྱང་རེག་གི་མ་རེད། ད་ཐེངས་བ་ཡེ་མ་ཁྱེ་གཅོད་པ་ཐར་གྱིས་ང་ཚོར་གསལ་འདེབས་ཤིག་བྱས་ཡོད་རེད། ང་ཚོས་མི་ལ་མཛུབ་མོ་བཙུགས་ནས་ཁྱོད་འགྲིག་མི་འདུག་ཟེར་རྒྱུ་དེ་མ་ཡིན་པར་ང་ཚོར་དངོས་གནས་དྲང་གནས་ཤེས་ཡོན་པ་ཅི་འདྲ་ཡོད་མེད་གསལ་བཤད་བྱེད་ཀྱི་ཡོད་རེད། བཙན་བྱོལ་གཞུང་དང་ཚོགས་སྡེ་ཁག་ལ་མཛུབ་མོ་འཛུགས་ནས་སྐྱོན་འདོན་རྒྱུ་དེའང་ང་ཚོས་ལས་ཀ་མ་རེད། འདིའི་ཐད་ཀྱི་གནད་དོན་ནི་ང་ཚོའི་ཤེས་ཡོན་ཐད་ཀྱི་གནད་དོན་ཞིག་རེད། ང་ཤེས་ཡོན་པ་ཡིན་ཟེར་མཁན་ཚང་མས་རང་ཉིད་ཀྱིས་བོད་ལ་ག་ཚོད་ཅིག་བསམ་བློ་གཏོང་གི་ཡོད་མེད་དང་དེའི་ཆེད་དུ་བསམ་བློ་ག་ཚོད་ཅིག་དཀྲུགས་དཀྲུགས་གཏོང་གི་ཡོད་མེད་དེ་རེད། ད་བྱས་ན་ང་ཚོས་ག་རེ་བྱེད་དགོས་རེད། བོད་ལ་རྫོང་ཁག་ག་ཚོད་ཡོད་རེད་དམ་ཞེས་པའི་དྲིས་པ་དེར་ང་ཚོས་ལན་རྒྱག་མི་ཐུབ་པ་དང་སྲིད་འཛིན་གྱི་ས་ཁྲ་ཞིག་མེད་པའི་རྒྱུ་མཚན་ག་རེ་ཡིན་ནམ། རྒྱུ་མཚན་དེ་ནི་ང་ཚོས་སློབ་སྦྱོང་གི་འདིང་གི་མེད་པ་ཁོ་ན་རེད། ང་ཚོས་སློབ་སྦྱོང་ནི་མི་ཞིག་གིས་རྩོམ་རིག་གི་སྐོར་ནས་གྲུབ་འབྲས་ཅུང་བླངས་ཚེ་ཤེས་ཡོན་པ་ཡིན་ཟེར་ཚད་དེའི་རྐུབ་ལ་རྒྱུགས་ཀྱི་རེད། ཡང་མི་ཞིག་གི་ཚན་རིག་གི་ཤེས་བྱ་ག་གེ་མོའི་དེབ་ཅིག་བཏོན་ནས་སྐད་གྲགས་ཅུང་ཆགས་ན་ཤེས་མི་ཤེས་གཉིས་ཀ་དེའི་རྗེས་ལ་རྒྱུགས་ཀྱི་རེད། ཡང་རྒྱལ་བ་རིན་པོ་ཆེས་ཚན་རིག་དང་ནང་ཆོས་ཐད་ལ་བགྲོ་གླེང་གནང་སྟེ་ཅུང་འབིར་གྲགས་བྱུང་ཚེ་འབྲེལ་བ་དེ་ཙམ་མེད་མཁན་ཚཽའང་དེའི་རྗེས་ལ་རྒྱུགས་ཅི་ཐུབ་བྱེད་པ་རེད། ཤེས་རིག་ལྷན་ཁང་ནས་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་སློབ་ཡོན་ཁུངས་སུ་སྙན་ཞུ་འབུལ་མཁན་ནང་ནས་ད་བར་དུ་བོད་ཁམས་ཀྱི་ས་ཁམས་དང་། གནས་གཤིས། ས་ཁུལ་དང་ཡུལ་མི། རི་ཆུ་དང། རི་དགས། རྩ་ཐང་། ཕྱུགས་རིགས་འཚོ་སྐྱོང་སོགས་ཀྱི་ཐད་ལ་མི་གཅིག་གིས་ཀྱང་སྙན་ཞུ་ཕུལ་ཡོད་མ་རེད། རིག་གཅིག་རྐང་འཛིན་པ་རྣམས་ཉམས་ཞིབ་ནི་དཔེ་བཞག་ན་ཨ་ལོང་ནང་བཞིན་སྐོར་བ་སྐོར་གྱི་རེད། བོད་ཀྱི་ཡི་གེ་དང་སྐད་ཟེར་བ། བརྡ་སྤྲོད་སྐོར། ལོ་རྒྱུས་ཀྱི་དོན་རྐྱེན་འགའ་ཤས། རྩོམ་རིག་སྐོར་བཅས་སྐོར་བ་བརྒྱབ་ཏེ་ཐོལ་བརྒལ་གཅིག་ཀྱང་བྱུང་ཐུབ་ཀྱི་ཡོད་མ་རེད། རྒྱལ་བ་རིན་པོ་ཆེས་རིག་གཅིག་རྐང་འཛིན་དགོས་ཟེར་བའི་དོན་ནི་རི་བོང་ཅལ་འདྲོགས་མི་ཡོང་བའི་དོན་དུ་རེད། ངས་བསམ་ཚུལ་བྱས་ན་བོད་ལ་རྫོང་ཁག་ག་ཚོད་ཡོད་མེད་དང་སྲིད་འཛིན་ས་ཁུལ་སྐོར་ཤེས་ཀྱི་མེད་པ་དེ་གནད་འགག་ནི་བོད་རང་ཉིད་ལ་ས་ཁམས་རིག་པའི་ཐད་ཀྱི་ཤེས་ཡོན་རྩ་ནས་མེད་པ་དེས་ལན་པ་རེད་སྙམ།
དཔྱད་བརྗོད་འདི་སྤྱིའི་ཆ་ནས་ལེགས་པར་མཐོང་ཞིང་ལྷག་པར་བོད་རང་དབང་ཞིག་ཐོབ་ན་ལེགས་བཅོས་ཀྱི་གཞི་རྩར་འཛིན་འོས། འོན་ཀྱང་ད་ལྟའི་དུས་སུ་སྤྱི་འཐུས་ཀྱི་ཡོངས་ཁུངས་བགོ་སྟངས་འཚམས་པོ་མིན། བཙན་བྱོལ་ལ་ཡོད་པའི་བོད་མི་ཚོ་དེ་ལྟར་ས་ཁུལ་ཁོངས་བགོས་ཚེ་ཁྱོན་ནས་མི་གྲངས་དོ་མི་མཉམ་པ་ཞིག་ཆགས་ཡོང། ས་ཁུལ་འགའ་ཤས་ལ་མི་ཁྲི་ལྷག་དང་ས་ཁུལ་ལ་ལར་མི་བརྒྱ་ཡང་ཚང་མིན་ཅི་རིགས་ཡོང་གི་རེད། ཕྱོགས་གཞན་ཞིག་ནས་ཆོལ་ཁ་དང་ཆོལ་ཁའི་ཕྱོགས་ཞེན་ཡོང་བཞིན་པའི་ཐོག་་ས་ཁུལ་དང་ས་ཁུལ་གྱི་ཕྱོགས་ཞེན་ཡང་ཇེ་ཆེར་འགྲོ་སྲིད།
ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་གནང་རྒྱུར་དགེ་མཚན་ཆེ་ཞིང། ཆོས་རིག་བློན་ཆེན་ལས་ཁུངས་སུ་ཆོས་བརྒྱུད་ཚང་མའི་སྐུ་ཚབ་རྒྱུན་ལས་གསར་བསྐོ་བྱ་རྒྱུ་ཡང་གནད་འགག་རེད། འོན་ཀྱང་དགའ་ལྡན་ཕོ་བྲང་ལ་ཆོས་བརྒྱུད་གཞན་གྱི་སྐུ་ཚབ་ཅིག་གཏན་ནས་མི་མཁོ།། རྒྱུ་མཚན་ཏཱ་ལའི་བླ་མས་རང་གི་དགེ་ལུགས་པའི་སྲོལ་སྐྱོང་ནས་འགྲོ་དོན་སྒྲུབ་རྒྱུ་ལས་ཆོས་བརྒྱུད་ཁག་ལ་ཐེ་ཇུས་གནང་རྒྱུ་མིན་པ་རེད་ལ་དེ་མཚུངས་ཆོས་བརྒྱུད་ཁག་གིས་ཀྱང་དགའ་ལྡན་ཕོ་བྲང་ལ་ཇུས་གཏོགས་བྱ་མི་འོས། ཆོས་བརྒྱུད་ཁག་ནི་སྔར་སྲོལ་ལྟར་རང་རང་གི་བླ་ཆེན་དང་སྐྱེས་ཆེན་དམ་པ་ཚོས་འཛིན་སྐྱོང་གཙང་མ་གནང་འོས།
ས་ཁུལ་སོ་སོར་བགོས་སྐབས་གལ་ཆེ་ཤོས་དེ་རྒྱ་ནག་གིས་ཞིང་ཆེན་ཁག་ལ་བགོས་པ་དེ་ལ་དཔེ་མ་བལྟས་པར་སྔ་མོ་ང་དགུ་ཡར་སྔོན་གྱི་ལམ་ལུགས་ལ་དཔེ་བལྟ་དགོས་པ་དེ་གལ་ཆེན་པོ་ཡིན། མཐའ་གཅིག་ཏུ་སྔར་དང་གཅིག་མཚུངས་མི་དགོས་ཀྱང་གཙོ་བོ་དེར་བལྟ་དགོས་པ་ཡིན། དེ་མིན་རྒྱ་ནག་གིས་བགོས་པ་དེར་བལྟས་པ་ཡིན་ན། ས་ཁུལ་ཐོག་རྙོག་འཛིང་ཡོད་རྒྱུ་ཉག་ཅིག་རེད་སྙམ།
དགོངས་མཆར་ཡག་པོ་ཞེ་དྲག་འདུག
སྔ་མོ་ང་ལ་ཡང་བསམ་ཚུལ་དེ་འདྲ་མང་པོ་འཁར་མྱོང་། སྐབས་གཅིག་ལ། དཔེར་ན། སྐུ་ཚབ་ཚོགས་པ་རྒྱ་ནག་ལ་ཕེབས་སྐབས་ང་ཚོ་བོད་པའི་ས་ཁུལ་ཡོངས་རྫོགས་འཁོད་པའི་ས་ཁྲ་གཅིག་གང་བྱས་ནས་སྤྲད་ཀྱིན་མེད་དམ་བསམ་བློ་ཡང་ཡང་འཁོར་མྱོང་།
ཆོལ་ཁ་ཆོས་ལུགས་ཀྱི་ལམ་ལུགས་དེ་ཡོངས་སུ་དོར་ནས། དེའི་ཚབ་ཏུ་དམངས་གཙོའ་རྒྱལ་ཁབ་གཞན་དང་མཚུངས་པར་ས་ཁུལ་གྱི་འོས་བསྡུའི་ལམ་ལུགས་དེ་རྒྱུ་མཚན་ཅིའི་ཕྱིར་ཡོང་གིན་མེད་དམ། འདི་ལ་མི་འདོད་པ་བྱེད་དགོས་དོན་ཕལ་ཆེར་མེད་སྙམ།
འདི་ནི་རིན་ཐང་ཅན་གྱི་རྩོམ་ཡིག་ཙམ་དུ་མ་ཟད། མ་འོངས་པར་ཅི་ཞིག་རྩ་འཛུགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུའང་བཟུང་ཆོག་སྙམ། གཟིམ་ཆུང་ནང་བཞུགས་པའི་ས་ཁྲ་དེ་ཚད་ལྡན་ཡིན་མིན་མ་ཤེས། དེ་མིན་བཙན་བྱོལ་དུ་ལྷགས་ནས་ད་བར་ཚད་ལྡན་གྱི་ས་ཁྲ་གཅིག་ཀྱང་མེད་པ་བདེན་པ་རེད། ས་གནས་དང་རྫོང་ཁག་དབྱེ་སྟངས་དེ་འདྲ་དབང་འཛིན་པ་ཚོའི་ཀླད་པར་ཤར་ཡོད་ཀྱི་མ་རེད། ངོ་མ་བསམ་ཚུལ་ཡག་པོ་རེད། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ལས་འགན་མཇུག་སྒྲིལ་བ་དང་བོད་ཆོས་སྲིད་ཟུང་འབྲེལ་མཇུག་སྒྲིལ་བར་ངོས་འཛིན་བྱས་འདུག་པར་རྒྱུ་མཚན་མ་མཐོང་ལ། ད་བར་མཁས་པ་སོ་སོར་ཆོས་སྲིད་ཟུང་འབྲེལ་སྐོར་གྱི་དཔྱད་རྩོམ་མང་པོ་དང་དེབ་གཞི་ཁ་ཤས་ཀྱང་འདུག་མོད། ཆོས་སྲིད་ཟུང་འབྲེལ་གྱི་གོ་དོན་གཏན་འཁེལ་བ་ཞིག་དེ་བས་ཀྱང་མཐོང་། ངའི་བསམ་པར་ཡང་ཆོས་ལུགས་སྤྱི་འཐུས་དེ་གལ་ཆེན་པོ་ཞིག་མ་རེད་སྙམ། ཆོས་དོན་ལས་ཁུངས་ཀྱི་སྟངས་འཛིན་འོག་ནས་ཆོས་བརྒྱུད་སོ་སོའི་འཐུས་མི་ཇི་ཙམ་དགོས་པ་དེའི་ལྷན་ཁང་ཞིག་བཙུགས་ཏེ། གཞུང་དང་ཆོས་བརྒྱུད་སོ་སོའི་བར་འབྲེལ་མཐུད་བྱེད་ཐུབ་ན་དེ་གས་འགྲིག་པར་སྙམ། སྤྱི་འཐུས་ནང་ངེས་པར་དུ་ཆོས་ལུགས་དགོས་པའི་རྒྱུ་མཚན་ཅི།
ཧ་་་་་་་་་་་ངོ་མ་རྩོམ་འདིར་ཀློག་སྐབས་ངས་སེམས་ནས། ང་ཚོ་བོད་ལ་རང་བཙན་ཐོབ་ནས་རིང་པོ་མ་ལོན་པ། ཚང་མའི་ཆིག་བསྒྲིལ་གྱིས་གྲོས་མགོ་བརྩམས་པ་དང་། དངོས་སུ་ལག་ལེན་བསྟར་སུ་ཡོད་པའི་ཚོར་བ་བྱུང། དེ་འདྲའི་དགའ་བ་ལ། ཅིག་བྱས་ན་ཁོང་གི་མ་འོངས་མངོན་མཁྱེན་མིན་འགྲོ། དངོས་གནས་དེ་འདྲ་ཉི་མ་ཞིག་ག་དུས་ཤར་གི་རེད། ལོ་དང་ཟླ་བ་ཁྲག་དང་མིག་ཆུ་ཀྱི་འཚོ་བའི་ཁྲོད་ནས་རེ་སྒུག་བྱས་པའི་འབྲས་བུ་ག་དུས་སྨིན་གི་རེད། ང་སེམས་པ་སྐྱོ་སོང་། ཕ་ཡུལ་གྱི་གཞིས་ཁྱིམ་དྲོན་མོ་དང་། ད་དུང་ཨ་མ་དང་སྲིང་མོ་གཉིས་དྲན་སོང་། ང་ཚོ་ཕ་ཡུལ་ལ་ག་དུས་བ་ལོག་ཐུབ་ཀྱི་རེད། བརྩེ་བའི་སྤུན་ཟླ་ཚོ་ང་ལ་ལན་ཞིག་གནང་དང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྩོམ་ཡིག་འདི་འདྲ་ཞིག་མཐོང་རྒྱུ་དཀོན་པོ་རེད། ཤེས་ཡོན་ཅན་ཚོས་བགྲོ་གླེང་ཡག་པོ་ཞིག་གནང་གལ་ཆེ་བར་མཐོང་སོང་།
བ་ཡེ་མ་ཁྱེ་གཅོད་པ་ཐར་གྱིས་བསམ་ཚུལ་འདི་དག་ལམ་སེང་ལག་བསྟར་བྱེད་ཐུབ་ཀྱི་རེད་དྲན་གྱི་མེད་ནའང་དོན་དངོས་ཐོག་ནས་ཁོང་གི་བསམ་ཚཱུལ་འདི་དག་ལྟོས་ས་ལྟོས་འཇོག་གི་དངོས་ཡོད་དང་འཚམ་པ། གནས་ལུགས་དང་མཐུན་པ། ལག་བསྟར་གྱི་དོན་སྙིང་ལྡན་པ་བཅས་ཀྱི་དགེ་མཚན་ཆེན་པོ་འདུག ང་ཚོར་ལས་ཀ་གཅིག་ཡོད་རེད། དེ་ཚང་མས་བགྲོ་གླེང་ཤུགས་ཆེན་པོ་བྱས་ཏེ་ངེས་པར་དུ་ཚོགས་ཆེན་ལ་བསྐྱལ་དགོས་པ་རེད།
ཨ་རོ་ཚང་མཆན་བཞག་པ་ག་རེ་བྱས་སོང་།
ངོ་མ་རྒྱལ་ཡོངས་ཚོགས་ཆེན་གྱིས་དཔྱད་ཞིབ་རིགས་པའི་རྩོམ་ཡིག་རིན་ཐང་ཅན་ཞིག་ཕུལ་བར་རྩོམ་པོ་དང་སྒྱུར་པོ་གཉིས་ལ་སྙིང་ནས་གུས་འདུད་དང་དང་ལེན་གཙང་མ་ཡོད། རྒྱུ་མཚན་བཅོས་བསྒྱུར་དང་འཛུགས་སྐྲུན་གཉིས་ཀྱིས་གཤོག་ཟུང་བསྐྱངས་ཡོད་པས་ཡིན། ཞོགས་དུང་གི་སྐད་ཆས་བཤད་ན་”གཏོར་བཞེངས”གཉིས་ཀྱིས་མིག་ཟུང་ཅེར་ཡོད་པས་ཡིན།
ཆེས་བཀུར་འོས་པའི་བ་ཡེ་མ་ཁྱེ་གཅོད་པ་ཐར་གྱིས་བོད་རྒྱལ་ཡོངས་ཆེན་འཚོགས་ལ་ཉེ་བའི་སྐབས་འདིར་དཔྱད་ཞིབ་རྩོམ་ཡིག་འདྲ་ཞིག་བྲིས་གནང་བར་དོན་སྙིང་ཆེས་ཆེར་ལྡན་ལ། ལོ་ཙཱ་བ་གཟུངས་མོ་སྐྱིད་ཀྱིས་བོད་བསྒྱུར་གནང་བར་དེ་བས་ཀྱང་བཀའ་དྲིན་ཆེ་བའི་ཀུས་བརྩི་ཞིག་བྱེད་འོས།
རྩོམ་ཡིག་འདི་འཚོགས་ལ་ཉེ་བའི་བོད་རྒྱལ་ཡོངས་ཚོགས་ཆེན་གྱི་དགོངས་གཞིར་ཤུགས་རྐྱེན་ངེས་ཅན་ཞིག་འབྱུར་བའི་རེ་བ་ཡོད།