མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གནས་ལེའུ་གསུམ་ལྡན།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

སེར་སྨད་བློ་དགའ།

ལེའུ་དང་པོ། བོད་ཀྱི་རྒྱལ་པོའི་ལམ་ལུགས།

མཐོ་སྒང་ཁ་བའི་ལྗོངས་དུ་ཡོངས་གྲགས་ལྟར་རྒྱལ་རྒྱུད་ཐོག་མ་གཉའ་ཁྲི་བཙན་པོ་ནས་གླང་དར་བར་དང་། འབངས་བདག་རྒྱལ་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་གཙང་པ་སྡེ་སྲིད་བར་དང་། ༸གོང་ས་སྐུ་ཕྲེང་ལྔ་པ་ནས་སྐུ་ཕྲེང་བཅུ་བཞི་པའི་བར་ཆོས་སྲིད་གཉིས་ཀྱི་མངའ་བདག་རྒྱལ་པོ་རྒྱུན་མ་ཆད་པ་བྱུང་བའི་ལོ་རྒྱུས་ནི་བོད་ཀྱི་གཅེས་ནོར་བྱུང་རབས་ཀྱི་ནང་སྙིང་གཟི་བརྗིད་ལྡན་པ་ཞིག་ཡིན། ཁྱད་པར་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ནི། གོང་ཞུའི་ལོ་རྒྱུས་ཀྱི་དཔལ་འབར་ཁྲོད་སྤུར་རྒྱལ་བོད་ཀྱི་ལྷ་སྐལ་འཕགས་མཆོག་སྤྱན་རས་གཟིགས་མིའི་གཟུགས་སུ་བྱོན་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་མགོ་ཐོག་གི་ཉི་མ་དང་བསམ་བློའི་མཚོན་རྟགས། འདི་ཕྱི་གཉིས་ཀྱི་བླང་དོར་ལམ་སྟོན་པ་དང་ལས་མཐུན་དང་ཁྲིམས་མཐུན་གྱི་མགྲིན་ཚབ་པ་ཞིག་ཡིན་པ་ནི་སུས་ཀྱང་བསུབ་ཐབས་བྲལ། འོན་ཏེ་༸རྒྱལ་བའི་བཀའ་དགོངས་དང་དངོས་ཡོད་ཀྱི་དགོས་མཁོ་ལྟར། དུས་ཀྱི་བབ་དང་མང་གཙོའི་སྒྲོམ་གཞི་གཉིས་ཀའི་ཆ་ནས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་སྐྱར་བཅོས་དང་གསར་སྣོན་བྱེད་དགོས་པ་ནི། མང་གཙོའི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་བསྔགས་བརྗོད་དང་ཡི་རངས་ཀྱི་གནས་ཁོ་ནས་ ལས་མ་འདས། ནན་བརྗོད་བྱེད་དགོས་པ་ཞིག་ལ། བོད་ཀྱི་རྒྱལ་རབས་སྐེད་པ་བཅད་པ་ལྟ་བུས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བོད་ ཀྱི་བཀའ་བློན་ཁྲི་པའི་མཚན་འགྱུར་བ་གཏོང་རྒྱུ་དང་རྒྱལ་ཁབ་དང་བོད་གཞུང་ཞེས་པ་སོགས་ཀྱི་ཐ་སྙད་ལ་སྣོན་འཕྲི་བྱས་ཏེ་ལྗིད་ཁོག་མེད་པ་བཟོ་བའི་ལས་འཆར་འདི་དག་ལ་ནམ་ཡང་ངོས་ལེན་ཞུ་ཐབས་བྲལ་ཞིང་། རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བ་ནས་རྒྱལ་རྒྱུད་མ་འགྱུར་ཡང་བཀའ་བློན་གྱི་གྲངས་ ཚིགས་ནས་བཀའ་ཁྲི་སྐབས་བཅུ་བཞི་ཙམ་དང་།  ཡང་། བར་ལམ་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་ཁྲི་སྐབས་གསུམ་པ་ཟེར་ལ། གལ་སྲིད་བཀའ་ཁྲིའི་ཚབ་ཏུ་སྲིད་སྐྱོང་བ་ཞེས་འདོགས་ན། གཞི་ནས་སྲིད་སྐྱོང་སྐབས་དང་པོ་ནས་རྩི་དགོས་པས་བཀའ་བློན་ཁྲི་པའི་བྱུང་རབས་ དོན་མེད་འཇུག་བསྡུ་བྱས་པའི་བྱ་བཞག་དེ་ཡང་གཏན་ནས་ཡོང་ཐབས་མེད་པ་ཞིག་རེད། མ་གཞི་ནས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་མཚན་གནས་ནས་དགོངས་པ་ཞུས་པ་མ་གཏོགས་ བོད་གངས་ཅན་གྱི་ཆོས་ཀྱི་རྒྱལ་པོ་དང་མངའ་བདག་རྒྱལ་པོའི་ལམ་ཁ་དེ་འགྱུར་བ་དང་ བར་ཆད་གང་ཡང་མེད་པར་མུ་མཐུད་གནས་མུས་དང་རང་ཆས་སུ་ཡོད་པ་ཡིན། བོད་ནི་གདོད་མའི་མི་རིགས་ཤིག་ལ་གནའ་རབས་ནས་རྒྱལ་པོའི་ལམ་ལུགས་བརྒྱུད། མཐོ་སྒང་དྭངས་གཙང་གི་ཁོར་ཡུག་ཏུ་གོམས་གཤིས་བཟང་པོའི་མི་རིགས་དང་སྲོལ་རྒྱུན་ རིག་གནས་རྒྱུན་འཛིན། རྒྱ་གར་ནས་ཕན་བདེའི་འོད་སྟོང་འཕྲོ་བའི་ནང་བསྟན་རིག་གནས་བོད་དུ་འོར་འདྲེན་ བྱས་ནས་མི་སྨོན་རང་སྐྱིད་ཀྱིས་འཚོ་བ་ཁོ་ན་ལ་རོལ་ཏེ་གནས་ཡོད། གནའ་རབས་ནས་གོམས་འཇགས་སུ་སོང་བའི་བཀའ་བློན་གྱི་མིང་ལ་འགྱུར་བ་མི་གཏོང་བར་ བཀའ་ཁྲི་གསར་པར་སྲིད་བློན་གྱི་མཚན་གནས་ཕུལ་ན་ཡག་པོ་འདུག་ལ། གང་ལྟར་འདི་ནས་བོད་ཀྱི་རྒྱལ་པོའི་ལམ་ལུགས་དང་མང་གཙོའི་ལམ་ལུགས་གཉིས་ཀ་མི་ ཉམས་རྒྱུན་སྐྱོང་བྱེད་དགོས་པའི་བསམ་ཚུལ་འདོན་གྱིན་ཡོད།  

 

ལེའུ་གཉིས་པ། བོད་ཀྱི་མང་གཙོའི་འཕེལ་རིམ།

 

༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མང་གཙོར་ལམ་སྟོན་གནང་བ་ནས་བོད་ཀྱི་སྤྱི་ཚོགས་མང་གཙོ་ཅན་དུ་བསྐྱོད་པའི་རྒྱུད་རིམ་ཁྲོད། ༡༩༦༠ ལོར་མི་མང་གི་ངོས་ནས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་མང་གཙོའི་ལམ་དུ་ཤར་སྐྱོད་བྱེད་རྒྱུར་གནའ་གན་ཐུ་བོ་ཆེ་བཞག་པ་དང་ཆབས་ཅིག། ལོ་དེར་ཆོལ་ ཁ་རེ་ནས་སྤྱི་འཐུས་གསུམ་རེ་དང་ཆོས་རྒྱུད་ཁག་ནས་སྤྱི་འཐུས་གཅིག་རེ། ཐེངས་དང་པོར་བདམས་ཐོན་བྱུང་བ་སྟེ་མང་གཙོའི་ཐོག་གོམ་པ་དང་པོ་སྤོས་པ་དང་། སྐབས་དེར་བཀའ་བློན་རྣམས་༸གོང་ས་མཆོག་གིས་ཐད་ཀར་བསྐོ་བཞག་གནང་གི་ཡོད།  ༡༩༦༡ ལོར་རྒྱལ་གར་གྱི་མཁས་པ་ཚོ་དང་གོ་བསྡུར་གྱིས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་མགོ་བཙུགས་ཤིང་། ༡༩༦༣ ལོའི་གསུམ་བཅུའི་དུས་དྲན་ཉིན་བོད་ཀྱི་རྩ་ཁྲིམས་གཏན་འབེབས་གསལ་བསྒྲགས་གནང་བ་དང་། ༡༩༦༦ ལོར་གཞི་ནས་སྤྱི་འཐུས་ལྷན་ཁང་གི་ལས་ཁང་བསྒྲུབས་ཐུབ་པ་དང་། ཟླ་དྲུག་རེའི་ནང་ཆེས་མཐོའི་རྒྱུན་ལས་ཐེངས་རེར་ཚོགས་ཏེ་བོད་གཞུང་གི་ལས་རིམ་ཁག་ཐག་གཅོད་བྱེད་ཀྱི་ཡོད། ༡༩༦༩ ཙམ་ནས་ལོ་འཁོར་ཚོགས་ཆེན་ཞེས་ལོ་རེར་ཐེངས་གཅིག་རེ་ཚོགས། ༡༩༨༢ ཙམ་ནས་ལོ་གཉིས་རེའི་ནང་ཐེངས་གཅིག་རེ་མ་གཏོགས་ ཚོགས་མ་ཐུབ་པ་དང་སྐབས་དེར་སྤྱི་འཐུས་ཀྱིས་གཞུང་དངུལ་ལ་ཐེ་གཏོགས་བྱེད་ཀྱི་ མེད་པས་གཞུང་དངུལ་ཐོག་འཐུས་ཤོར་མང་པོ་ཕྱིན་ཡོད། དཔེར་ན། དྲུག་ཅུ་རེ་གྲངས་ནང་གཞུང་དངུལ་འབུམ་ ༣༠ ལྷག་བཀའ་བློན་སྦུག་གི་རྒྱ་གར་བ་ལཱ་ལཱ་བྷོ་རྗི་རཱ་རྗི་དང་། ལཱ་ལཱ་སོ་མཱ་ནེ་ཟེར་བ་གཉིས་ཀྱི་ལག་ཏུ་ཤོར། དེའི་རྗེས་གཞུང་དངུལ་ཉར་ཚགས་སྤུས་ལེགས་ཡོང་ཆེད་འབུམ་༢༠ ལྷག་བཏང་སྟེ། ལྕགས་སྡིང་བཟོ་གྲྭ་ཞིག་གཉེར་ཡང་ལམ་འགྲོ་མ་རྒྱུག་པར་སྔ་རྗེས་སུ་གཞུང་དངུལ་ཧིན་སྒོར་འབུམ་ ༦༠ ལྷག་རྩ་མེད་དུ་སོང་། སྐབས་དེར་བཙན་བྱོལ་བོད་གཞུང་ལོ་གཅིག་གི་འགྲོ་སོང་ཧིན་སྒོར་འབུམ་ལྔ་ཙམ་ཡིན། ༡༩༩༠ ལོའི་ཕྱི་ཟླ་ ༥ པའི་ཚེས་༢༧ ནས་བཀའ་སྤྱི་གཉིས་ཕྱིར་བསྡུ་བྱས་ཏེ། བར་བརྒལ་གཞུང་འཛིན་བཀའ་ཤག་ཅིག་བཙུགས་ཏེ་ད་ལྟའི་བཅའ་ཁྲིམས་གཏན་འབེབས་བྱས་ཤིང་། ༡༩༩༡ ལོ་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་གྲངས་ཚད་སྤར་ཏེ། ཆོལ་ཁ་རེ་ནས་སྤྱི་འཐུས་བཅུ་རེ་དང་ཆོས་ལུགས་རེ་ནས་སྤྱི་འཐུས་གཉིས་རེ། དེ་བཞིན་ཡུ་རོབ་དང་བྱང་ཨ་རི་སོགས་ལའང་སྤྱི་འཐུས་ཡོད་པ་བཟོས། ལྷན་ཁང་ཁག་གི་བཀའ་བློན་ཚོ་གྲོས་ཚོགས་ཀྱིས་གདམ་པའི་ལམ་སྲོལ་བཏོད་པ་ནས་ཁྲིམས་བཟོ་ལྷན་ཁང་ཚད་ལྡན་ལྟ་བུ་བྱུང་། ༢༠༠༡ ལོ་ནས་བཀའ་བློན་ཁྲི་བ་ཐད་ཀར་མི་མང་གིས་འོས་འདེམས་བྱས་ཏེ་དམངས་གཙོའི་ཕྱོགས་སུ་གོམ་པ་ཆེན་པོ་ཞིག་སྤོས་པ་དང་༧གོང་ས་མཆོག་གིས་ཀྱང་། ཉིས་སྟོང་གཅིག་ནས་བླ་མའི་སྲིད་དབང་དང་དགའ་ལྡན་ཕོ་བྲང་གི་གཞུང་མཇུག་བསྡུས་པ་རེད་ཅེས་ཡང་ཡང་གསུངས་མྱོང་ཡོད་པ་རེད། དེ་དག་ནི་བོད་མི་ཚོས་མང་གཙོའི་ལུགས་སྲོལ་ཉམས་ལེན་བྱས་པའི་རླབས་ཆེན་བྱ་བཞག་གི་ལེའུ་ཤ་སྟག་ཏུ་གྱུར་ཡོད།

 

ལེའུ་གསུམ་པ། བོད་ཀྱི་བཅའ་ཁྲིམས་སྐྱར་བཅོས།

 

ཕྱི་ ལོ་༡༩༤༩ ནས་ཁྱིམ་མཚེས་རྒྱ་ནག་ལ་གུང་ཁྲན་གྱི་གདོན་ཞུགས་ཏེ། བོད་ཙམ་མ་ཡིན་པར་རྒྱ་རིགས་ཚུད་པའི་ཉམས་ཆུང་མི་རིགས་མང་པོར་གཉའ་གནོད་བཙན་ འཛུལ་དང་། དྲག་སྤྱོད་ཁོ་ནས་རྒྱ་རིགས་ནང་ཁུལ་དུམ་བུར་དང་བོད་རྒྱལ་ཁབ་སོགས་བཙན་བཟུང་ བྱས། དེ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ གིས་བོད་ཀྱི་མི་རིགས་རིག་གནས་དང་བཅས་པའི་བླ་སྲོག་སྐྱབས་པ་མ་ཟད། ཉམས་པ་སྐྱར་གསོའི་ལས་དོན་རྣམས་ཧ་ལས་པའི་གྲུབ་འབྲས་ཆེན་པོ་བྱུང་། དེ་ལྟར་བོད་ཀྱི་རྒྱལ་པོ་སྐུ་འཁོར་བཅས་བོད་ནས་མ་སུ་རིའི་བརྒྱུད་རྒྱ་གར་བྱང་ ཕྱོགས་རྡ་རམ་ས་ལར་གཏན་གནས་ཐུབ་ཡོད། འོན་ཀྱང་ཉེ་ལམ་ནས་༸རྒྱལ་དབང་དོན་གྱི་བདག་པོའི་བཀའ་སློབ་སྔ་རྗེས་སུ་བོད་ཀྱི་ མང་གཙོ་ཚད་ལྡན་དང་བརྟན་པོ་ཡོང་ཕྱིར་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས། མི་མང་གིས་མང་གཙོའི་ལམ་ནས་འདེམས་ཐོན་བྱུང་བའི་བཀའ་བློན་ཁྲི་པས་དབུས་སྲི་ཞུ་ ལས་ཁུངས་ཁག་གི་དབང་འཛིན་པར་རྩིས་སྤྲོད་གནང་སྟེ་འབངས་མི་སེར་གྱི་ངོས་ནས་དང་ བླང་མི་ཞུ་ཐུ་མེད་བྱུང་། དེའི་སྟབས་ཀྱིས་ཐེངས་འདིའི་བཅའ་ཁྲིམས་བཅོས་སྣོན་གྱི་ལས་གཞི་འདིར་ཡང་དོ་སྣང་ ཆེན་པོས་རང་འཁྲིའི་ལས་འགན་ཁྱེར་ནས་བསམ་ཚུལ་བཤད་ཁུལ་བྱས་པ་ཡིན། རེ་གཉིས་ཤིག་ནས། ༸གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀའི་ཐུགས་འགན་མ་བཞེས་པ་དེ་ནས། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་འཇུག་སྒྲིལ་བ་ཡིན་པའི་འགྲེལ་བཤད་དང་ཐག་བཅོད་ བྱེད་མཁན་ཡོང་བཞིན་པ་དེ་དག་ནི། བོད་མི་རིགས་དང་བཅའ་ཁྲིམས་རིན་པོ་ཆེ་གཉིས་ཀར་འགན་ཁུར་མ་གནང་བ་མཚོན་གྱི་ཡོད་ པ་དང་། ཆོས་སྲིད་ཟུང་འབྲེལ་ནི་སྤྱི་འཐུས་ཀྱི་རྩ་འབོར་བཞི་ཆ་གསུམ་ཡན་གྱི་མོས་མཐུན་ མ་བྱུང་ན་འགྱུར་བ་གཏོང་རྒྱུའི་ལམ་ཁ་མེད་པའི་བཅའ་ཁྲིམས་ཀྱི་དོན་ཚན་དུ་ཚུད་ ཡོད། ༼ལེའུ་དང་པོའི་དོན་ཚན་གསུམ་པ། ༽ ཉ་མོ་ཆུ་དང་འབྲལ་མི་རུང་བ་ལྟར་བོད་པའི་ཆོས་ཀྱི་བྱེད་སྒོ་མེད་པར་གྱུར་ན། ནམ་ཡང་ཛ་དྲག་དང་ཡོང་ཐབས་མེད་པ་ཞིག་ཡིན། ཨཱན་ཀཱི་སི་དང་ནུབ་ཕྱོགས་པ་རེ་འགས་ཆོས་སྲིད་གཉིས་ཀྱི་འགོ་གཙོ་མི་གཅིག་གི་ བྱེད་པ་དེ་ཆོས་སྲིད་ཟུང་འབྲེལ་དུ་འགྲེལ་བཤད་བྱས་པ་ནི། བོད་ཀྱིས་ཉམས་ལེན་བྱས་པའི་ཆོས་སྲིད་ཟུང་འབྲེལ་དང་འབྲེལ་བ་གང་ཡང་མེད།  བཅའ་ ཁྲིམས་རགས་ཟིན་གྱི་སྔོན་གླེང་ལ་མོས་མཐུན་ཞུ་ཐུབ་ཀྱང་། ༡༩༩༡ ལོར་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་སྔོན་གླེང་བར་ལམ་ནས་མེད་པར་བཟོས་པ་ལྟར། འདིའི་སྔོན་གླིང་ཡང་རྗེས་ཕྱོགས་སྐྱར་བཅོས་བྱ་མི་སྲིད་པ་མིན་པས་དེ་སྐྱར་ བཅོས་ཀྱི་ཆ་རྐྱེན་ཞིག་བཅའ་ཁྲིམས་རགས་ཟིན་དུ་གཏན་འབེབ་མེད་པ་དེ་ཐེ་ཚོམ་དགོས་ པ་ཞིག་ཨེ་ཡིན། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚབ་ཏུ་བདེན་པ་ཉིད་རྒྱལ་ གྱུར་ཅིག ཅེས་པ་ཞིག་དཔྱད་གཞིར་བཀོད་འདུག་ཀྱང་དགེ་མཚན་མ་མཐོང་ཞིང་གླེང་གཞི་ཆེས་པས། མིང་བྱང་དེའི་ཚབ་ཏུ་༸གོང་ས་མཆོག་ལ་མཚན་བྱང་གསར་པ་ཞིག་གསོལ་སྩལ་ཡོང་བའི་ གསོལ་བ་བཏབ་ན་མ་འོངས་པར་བཤད་མེད་གཏམ་མེད་དང་ཕན་རླབས་ཆེ་བར་མཐོང་། བཙན་བྱོལ་བོད་གཞུང་དབུ་ཚུགས་པ་ནས་ཕྱི་ནང་གསང་གསུམ་གྱི་གྲུབ་འབྲས་དང་ཡར་ རྒྱས་མཐའ་དག་ ༼བཙན་བྱོལ་བོད་གཞུང་།༽ ཞེས་པའི་མིང་བྱང་འདིའི་འོག་ནས་བྱུང་ཡོད་པས། རྒྱལ་སྤྱི་དང་ཡུལ་མིའི་ཁྲིམས་དང་མཐུན་མིན་ཇི་ལྟར་ཡང་དེ་ལ་འགྱུར་བ་གཏོང་ དགོས་པ་མཐོང་གི་མེད། གང་ནས་གྲ་མ་འགྲིག་དེར་ཡར་རྒྱས་གཏོང་ཐབས་བྱེད་པ་མ་གཏོགས། དེ་མེད་པ་བཟོ་རྒྱུ་དང་ཕྱོགས་གཅིག་ནས་ད་ལྟ་བར་དུ་འགྱུར་བ་གཏོང་མ་དགོས་པར་ བཀའ་ཁྲི་གསར་པ་འདིའི་སྐབས་གཞུང་གི་མིང་བྱང་དང་བཀའ་ཁྲི་ཞེས་པའི་མིང་འགྱུར་བ་ གཏོང་དགོས་ཟེར་ན། སྐད་ཆ་དེ་ཚོ་ཤིན་ཏུ་ནས་དོགས་པ་བྱེད་དགོས་པ་ཞིག་མ་རེད་པས། བཅའ་ཁྲིམས་རགས་ཟིན་དོན་ཚན་དང་པོའི་ (༣ )། (བོད་ ཀྱི་རྩ་དོན་སྒྲུབ་སླད་སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་གཏན་འཇགས་སམ། དུས་ཡུན་རྒྱས་བཅད་ཀྱི་བསྐོ་འཛུགས་གནང་རྒྱུ་དང་། སྐུ་ཚབ་དོན་གཅོད་རྣམ་པས་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་ གི་བྱ་བར་འགན་མཉམ་འཁྱེར་བྱ་རྒྱུ།) ཞེས་པ་དེར་མང་ཚོགས་ནང་བསམ་ཚུལ་ཤུགས་ཆེར་ཡོད་པ་ལྟར། ༸གོང་ས་མཆོག་སྐུ་ཉིད་ཀྱིས་ཆབ་སྲིད་ཀྱི་འགན་དབང་ནས་དགོངས་པ་ཞུས་ཟིན་པའི་ རྗེས་སུ་ཁོང་གི་སྐུ་ཚབ་དོན་གཅོད་རྣམས་ཀྱིས་བཙན་བྱོལ་སྒྲིགས་འཛུགས་ཀྱི་ཆབ་ སྲིད་དང་འཛིན་སྐྱོང་གི་བྱ་བར་འགན་མཉམ་འཁྱེར་བྱ་རྒྱུ་ཟེར་བ་དེ་རྣ་བར་འགྲོ་ ཁག་པོ་འདུག སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ཁག་གཏན་འཇགས་སམ་དུས་ཡུན་རྒྱས་བཅད་ཀྱི་བསྐོ་ འཛུགས་གནང་ན། སྐུ་ཚབ་དེ་དག་སུས་བསྐོ་མིན་དང་། ༸གོང་ས་མཆོག་རང་གིས་ཐད་བསྐོ་གནང་དགོས་ན་དེ་བཅའ་ཁྲིམས་སུ་འཁོད་དགོས་དོན་མེད་ ཅིང་། བཅའ་ཁྲིམས་ནང་གི་ཆ་རྐྱེན་ཞིག་གི་འོག་ནས་བསྐོ་དགོས་ན་འགྲེལ་བརྗོད་ཡོང་ཁག་པོ་ འདུག ༸གོང་ས་སྐུ་ཕྲེང་བཅོ་ལྔ་པ་ཕན་ཆད་ལའང་བསམ་བློ་ཞིག་ཏན་ཏན་གཏོང་དགོས། དོན་ཚན་ང་དྲུག་པའི་ནང་མི་རིགས་ཀྱི་རྩ་དོན་ཙམ་མ་ཟད་རྩ་དོན་འབྲེལ་བའི་གལ་ ཆེའི་སྲིད་ཇུས་གཏན་འབེབས་ཆེད། སྤྱི་འཐུས་ལྷན་ཚོགས་སུ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་བའམ། བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ བྱུང་ན། ཞེས་གནད་དོན་དེ་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཧ་ཅང་ཆེན་པོའི་འོག་ནས་མ་གཏོགས་འགྱུར་ བ་གཏོང་བ་དང་དེའི་ཆེད་ཚོགས་འདུ་སྐོང་མི་ཐུབ་བཟོས་ཡོད། སྤྱིར་བཏང་དང་དམིགས་བསལ་སྐུ་ཚབ་ལ་བོད་ཀྱི་རྩ་དོན་ཐོག་ཐག་གཅོད་ཀྱི་དབང་ཆ་ མེད་ན། གཏན་འཇགས་སམ་དུས་ཡུན་རྒྱས་བཅད་གཏན་འབེབ་བྱ་དགོས་པ་མ་མཐོང་། གཞན་ཡང། སྤྱི་འཐུས་ཚོས་བཅའ་ཁྲིམས་གཏན་འབེབ་བྱེད་ཀྱི་ཡོད་པས་སོ་སོའི་རྐང་པར་སོ་སོས་ སྟ་རེ་མི་རྒྱག་པ་དང་ལྷག་པར་དུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནང་སྤྱི་འཐུས་ རྙིང་པ་མང་པོ་ཞིག་ཡོད་པས། སྤྱི་འཐུས་ཀྱི་ལས་དུས་ངེས་ཅན་བཟོ་མི་ཐུབ་ཟེར་བའི་མི་མང་གི་གླེང་ཕྱོགས་དེར་ ལྟ་རྒྱུ་ཞིག་འདུག གང་ལྟར་བཀའ་བློན་དང་སྤྱི་འཐུས་གཉིས་ཀར་དུས་ཡུན་གཏན་འཁེལ་གྱི་བཅད་མཚམས་ངེས་ པར་དགོས་པ་དང་བཀའ་ཁྲིས་བཀའ་བློན་བསྐོ་ཕྱོགས་ཐད་སྔར་ལམ་བཞིན་ཡིན་ན། བཅའ་ཁྲིམས་རགས་ཟིན་དོན་ཚན་ཉེར་དགུ་པ་ལྟར་བཀའ་བློན་བྱེ་བྲག་པ་འཕོ་འགྱུར་གྱི་ ཚིག་བརྗོད་ཆ་རྐྱེན་དེ་དག་ངེས་པར་ལྡན་དགོས། བཀའ་ཁྲི་རང་ཉིད་ཀྱིས་ཐད་ཀར་ལས་རོགས་བདམ་ཆོག་པའི་འགན་དབང་སྤྲོད་ན། བཅའ་ཁྲིམས་ཀྱི་དོན་ཚན་དེ་རང་དུ། ལས་རོགས་བཀའ་བློན་དྲུག་ཆོལ་ཁ་གསུམ་ལ་ཁྱབ་པ་དགོས། ཞེས་པའི་ཚིག་སྣོད་ཅིག་འཇོག་དགོས། བོད་ཆོས་ལྡན་རྒྱལ་ཁབ་ཀྱི་ངོ་བོར་མཚོན་དོན་ཙམ་དུ་བཀའ་ཤག་དང་སྤྱི་འཐུས་སོགས་ ཀྱི་ལས་འཁུར་དམ་འཇོག་སྐབས་དམ་བཅའ་འཇོག་ཡུལ་དེར་ཁྲིམས་ཞིབ་པ་དང་སྤྱི་འཐུས་ ཚོགས་གཙོ་སོགས། སུ་ཡིན་རུང་སྐྱབས་གནས་མཆོག་གསུམ་གྱི་རྟེན་མགོ་ཐོག་ཏུ་བཞག་ནས་དམ་འབུལ་ཞུ་ དགོས་ཟེར་མཁན་ཡང་ཇི་སྙེད་ཅིག་ཡོང་གི་འདུག། མང་གཙོའི་འགྲོ་སྟངས་བཞིན་ཁྲིམས་ཞིབ་པའི་དྲུང་ནས་དམ་འབུལ་ཞུ་བ་དང་ལྷག་པར་དུ་ རང་དབང་ཅན་གྱི་སྡེ་ཚན་ཁག་གི་གཙོ་འཛིན་བསྐོ་བཞག་བྱེད་སྟངས་རྣམས་ཕལ་ཆེར་ འགྲིག་པ་ཙམ་འདུག ཅེས་ཞུ་རྒྱུ་ཡིན། 

འབྲེལ་ཡོད་གསར་འགྱུར།

The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

ཆུ་ཚོད་ ༡༠ སྔོན་ལ།
Front Slider

འཇམ་དབྱངས་བཀྲ་ཤིས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་བུ།

༢༠༢༥/༠༧/༠༣
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་གསུམ་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༧།༣
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐོག་རྒྱལ་ཁབ་ ༡༥ ནས་ཚོགས་ཞུགས་བྱས་འདུག

༢༠༢༥/༠༧/༠༣
སིམ་ལའི་བོད་མི་ཡོངས་ཀྱིས་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་རེ་ཕུལ་སོང་།  ༢༠༢༥།༠༧།༠༢ དུས་བབ་ཀྱི་པར།
Mobile App

༧སྐུའི་གཅེན་པོ་དམ་པ་རྒྱལ་ལོ་དོན་འགྲུབ་མཆོག་དང་བཀའ་ཟུར་རྗེ་བཙུན་པདྨ་མཆོག་རྣམ་གཉིས་ལ་གཟེངས་རྟགས་ཕུལ།

༢༠༢༥/༠༧/༠༣

མཆན། 6

  1. ནད་པ says:
    ལོ་ 14 སྔོན།

    བློ་དགའ་ལགས། ཟམ་གདོང་རིན་པོ་ཆེས་ལོ་རྒྱུས་རིག་པ་ཟེར་བའི་ཚབ་ཏུ་དེ་བྱུང་རིག་པ་ཞེས་གསུང་བཞིན་ཡོད།

    ལོ་རྒྱུས་རིག་པའི་ནང་དུ་བྱུང་བའི་གནས་ཚུལ་གང་ཞིག་ཡིན་བྱུང་རབས་རེད། བྱུང་རབས་ཟེར་བ་དེ་ལོ་རྒྱུས་རིག་པའི་ནང་དུ་རང་བཞིན་གྱིས་ཆ་ཤས་སུ་གྱུར་པ་རེད།

    གནའ་བའི་ལོ་ཙྰ་བ་ཆེན་པོས་ཀྱང་བོད་ཀྱི་གནའ་བའོ་རྒྱལ་རབས་དང་ལོ་རྒྱུས་སོགས་ལས་དེ་བྱུང་རིག་པ་ཟེར་བ་དེ་འདྲ་ཁྱོན་ནས་གསུངས་མྱོང་མེད། དགོངས་པ་ཡག་པོ་བཞེས་རོགས།

    Reply
  2. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    གྲོགས་པོ་ལགས། དགོངས་པ་ཡག་པོ་ཞིག་བཞེས་དང་། ནང་དོན་གྱི་ཆ་ནས་ལོ་རྒྱུས་ལ་བྱུང་རབས་མིན་པ་ཇི་སྙེད་ཅིག་ཡོད་ཅིང་བྱུང་རབས་ནི་བྱུང་བ་རིག་པའི་ནང་དོན་གཏིང་ཟབ་ལྡན་ཏེ། ཁྱབ་ཆེ་ཆུང་དང་གོ་བདེ་མིན་སོགས་ལོ་རྒྱུས་ལས་བྱུང་རབས་ཞེས་པའི་ཐ་སྙད་དེ་སྟབས་བདེ་བ་ཡོད་པ་རེད། དངོས་གནས་ཁྱེད་ཀྱིས་ལུང་དྲངས་པ་ལྟར་རྣམ་འགྲེལ་ལས། སྒྲ་རྣམས་ཀྱི་ནི་བརྡར་བཏགས་དོན། །དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་གསུངས་ཏེ་མིང་སྨྲོས་པ་ནི་དོན་གོ་བའི་ཆེད་དུ་རེད་ལ། དོ་སྣང་བྱེད་པ་ལས་བཟློག་སྟེ་སྣང་ཆུང་བྱེད་ན་ཐ་སྙད་ཇི་ཙམ་སྟབས་བདེ་པོ་ཞིག་སྦྱར་ཡང་ཕ་རོལ་པོ་ལ་ཕན་ཐོགས་མེད་པ་དངོས་ཡོད་རེད། ད་ག་རེ་བྱེད་དགོས་རེད།་་་་་་

    Reply
  3. ནད་པ says:
    ལོ་ 14 སྔོན།

    གནའ་བོའི་སངས་རྒྱས་ཆོས་ལུགས་ཀྱི་མདོ་སྡེ་ལང་དཀར་གཤེགས་པ་ལས་ཀྱང་སངས་རང་ཉིད་ཀྱིས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སེལ་བའི་ཕྱིར། །མགོན་པོས་མིང་དུ་གདགས་པར་མཛད། །
    ཅེས་མིང་ཚིག་གང་ཞིག་ཡིན་ཀྱང་འཇིག་རྟེན་མི་རྣམས་ཀྱིས་གོ་བདེ་བ་དང་། རྟོགས་སླ་བའི་ཆེད་དུ་མིང་གདགས་པ་ཡིན། དེི་ནི་མི་རྣམས་ཀྱི་རྨོངས་པ་སེལ་བའི་སླད་དུ་ཡིན་པ་ལས་མི་རྣམས་མགོ་རྨོངས་སུ་འཇུག་པའི་ཆེད་མིན་ཞེས་གསལ་པོར་བསྟན་ཡོད།

    མཁས་དབང་དགེ་ཆོས་ཀྱིས། བོད་མི་ཚོས་གོ་བདེ་བའི་མིང་ཚིག་ལས་སླ་པོ་དག་གོ་མི་ཐུབ་པའི་མིང་ཚིག་ཅན་དུ་གྱུར་ན་མཁས་པར་རློམ་བཞིན་ཡོད་པ་དང་ཕྱི་མི་རྣམས་ཀྱིས་གོ་དཀའ་བའི་མིང་ཚིག་དེ་དག་ལས་སླ་པོར་རྟོགས་ཐུབ་པ་བཟོས་ན་མཁས་པ་ཡིན་པ་ཡིན་པའི་ངོས་འཛིན་གྱི་གནད་ལུགས་ཅན་སྐོར་གསལ་པོར་གསུངས་ཡོད།

    Reply
  4. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ལྷན་རྒྱས་སྐུ་ཁམས་བཟང་། བོད་སྐད་ནི་ཐ་སྙད་ཀྱིས་ཕྱུག་པའི་ཁྱད་ནོར་ལྡན་ཐོག གུས་བརྩི་ལྡན་པའི་ཐ་སྙད་མང་དག་ཅིག་གིས་ཀྱང་ཕུན་སུམ་ཚོགས་པ་དང་ཆེས་ཕུན་སུམ་ཚོགས་པའི་ཕྱོགས་སུ་འཕེལ་རྒྱས་བཏང་ཡོད། ད་དུང་ཡང་མུ་མཐུད་དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུའི་རྣམ་བཞག་ཁྲོད་ཐ་སྙད་གསར་པའི་སྟོང་ཆ་རྗེས་ལུས་མེད་པར་སྐོང་རྒྱུ་དང་ཆབས་ཅིག་ཚད་ལྡན་དང་དོན་སྙིང་ལྡན་པའི་ཐ་སྙད་རྙིང་པ་རྣམས་ཀྱང་སྐྱར་གསོ་དང་རྒྱུན་འཛིན་བྱེད་དགོས་པ་ཧ་ཅང་གལ་ཆེན་ཞིག་ཏུང་ངོས་འཛིན་ཞུ་ཡི་ཡོད། དེའི་སྟབས་ཀྱིས་དེ་རིང་ཙམ་མ་ཟད་མ་འོངས་པར་ཡང་འདི་དང་འདིའི་རིགས་ཀྱི་ཐ་སྙད་དེ་ཚོ་བེད་སྤྱོད་གཏོང་རྒྱུར་ནམ་ཡང་ཕྱིར་འཐེན་བྱེད་མི་ཐུབ།

    Reply
  5. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    རང་མེས་ཀྱི་མིང་ཚིག་བརྗོད་ན་མགོ་རྨོང་ཕྱི་ལུགས་ཀྱི་མིང་ཚིག་བརྗོད་ན་དོན་རྟོགས་པ་ནི་དུས་ཀྱི་འགྱུར་བ་ཡིན་གྱི། ཤེས་ཡོན་མེད་ན་རང་སྐད་ཡང་ཤེས་མི་ཐུབ་འདི་ནི་གཞོན་སྐྱེས་ཡོངས་ཀྱིས་ཤེས་ཡོན་ལ་ཤུག་རྒྱག་དགོས་ཀྱི་མ་གཏོག་མ་ཤེས་ན་སྟིང་ཚིག་ནི་ནམ་ཡང་བྱེད་དུ་མི་རུང་། སློབ་སྦྱོང་གི་གྲུབ་འབྲས་དངོས་དེ་མ་ཤེས་པ་ཤེས་པར་བྱ་བ་དེ་ཡིན་པའི་ཕྱིར། བསམ་བློ་བཏང་དུས་དེ་འདྲ་འཆར་སོང་།

    Reply
  6. ནད་པ says:
    ལོ་ 14 སྔོན།

    སེར་སྨད་བློ་དགའ་ཟེརབ་འདི་ལའང་ཟམ་དོང་བླ་མའི་རང་གཤིས་མཁྲེགས་པོ་དེ་ཏོག་ཙམ་འགོས་ཡོད་པ་འདྲ། གང་ཡིན་ཟེར་ན་དོན་ཚན་དང་པོའི་ནང་དུ་གོ་རྒྱུ་མེད་པའི་བརྗོད་ཚིག་བྱུང་རབས་དང་བྱུང་རབས་ཟེར་བའི་མིང་ཚིག་གཉིས་བཀོད་ཁུལ་བྱས་འདུག

    ཟམ་དོང་རིན་པོ་ཆེ་སྤྱིར་བཏང་མཁས་པ་ཞིག་ཡིན་པ་རྩོད་མེད་ཡོངས་གྲགས་རེད། ཡིན་ནའང་མཚམས་ལ་ལར་ཁོང་ཉིད་མཁས་པར་རློམ་དྲགས་ནས་བླུན་པོ་ང་འདྲ་བའི་མི་རྣམས་མགོ་འཐོམ་ཞིང་ཡོད།

    གཤམ་གསལ་དཔེར་མཚོན་ཁ་ཤས་དྲན་ཐོག་ཞུས་ན་ནི། ཝ་ར་ཎ་སིའི་འགན་འཛིན་ཟེར་བའི་ཚབ་ཏུ་ངེས་སྟོན་པ་ཟེར་བ་འདྲ་པོས་གོ་རྒྱུ་མེད། ཉེ་བའི་རིགས་བདག་ཟེར་བ་ཡང་གོ་རྒྱུ་ཞིག་མེད། སངས་རྒྱས་ཆོས་ལུགས་ནང་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཟེར་བ་དེ་འདྲ་ཡོད་ཀྱང་ཝ་ཎའི་ཉེ་བའི་རིགས་བདག་ཟེར་བ་དེ་རྡོ་རྗེ་འཆང་ཡིན་མིན་ཅི་ཞིག

    བྱུང་རབས་ཟེར་བ་དེ་ཕལ་ཆེར་འདས་པའི་ལོ་རྒྱུས་ལ་ཟེར་གྱིན་ཡོད་པ་འདྲ། དཔེར་ན་བོད་པའི་སྤྱི་ཚོགས་ནང་གྲོང་གསེབ་དཀྱུས་མའི་ཡིག་རྨོངས་ཞིག་ལ་ཁྱེད་རང་གི་ལོ་རྒྱུས་ཏོག་ཙམ་བཤད་རོགས་ཟེར་ན་འཕྲད་མར་གོ་ཐུབ་ཀྱང་ཁྱེད་ཀྱི་བྱུང་རབས་གཅིག་བཤད་རོསག་ཟེར་ན་ག་རེ་ཟེར་གྱིན་ཡོད་མེད་ཤེས་ཀྱིན་མེད།
    དེ་ནི་སྤྱི་ཚོགས་དང་འགྲོ་བ་མིའི་འཚོ་གནས་དངོས་དང་ཁ་བྲལ་སོང་བའི་མིང་ཚིག་ཞིག་ཆགས་ཡོད།

    ད་དུང་བཅའ་ཁྲིམས་གསར་པའི་ནང་དུའང་སྨྲ་དབང་ཟེར་བའི་མིང་ཚིག་གཅིག་ཐོན་འདུག ཕལ་ཆེར་ཚོད་དཔག་བྱས་ན་བོད་ཀྱི་མགྲིན་ཚབ་ཟེར་བ་ཡིན་ཁུལ་འདྲ། བོད་མི་རྣམས་ཀྱི་བོད་པའི་མགྲིན་ཚབ་ཟེར་ན་གོ་དོན་རྟོགས་ཐུབ་ཀྱང་སྨྲ་དབང་ཟེར་ན་གང་ཞིག་ཟེར་གྱིན་ཡོད་མེད་ཤེས་ཀྱི་མ་རེད། སངས་རྒྱས་ཆོས་ལུགས་པའི་ནང་དུ་རྗེ་བཙུན་འཇམ་དཔལ་དབྱངས་ལ་སྨྲ་བའི་དབང་ཕྱུག་ཟེར་བ་དང་ཡང་མཚན་བརྗོད་ལས། སྨྲ་བའི་དབང་ཕྱུག་སྨྲ་བའི་རྒྱལ། །སྨྲ་བའི་སེང་གེ་འཚུགས་པ་མེད། །ཟེར་བའི་ཚིག་ཡོད་ཀྱང་འཇམ་དཔལ་དབྱངས་ཡིན་མིན་མི་ཤེས།

    དེ་ནས་ལེགས་བྱང་ཟེར་བའི་མིང་ཚིག་ཞིག་མཐོང་རྒྱུ་ཡོད། དེ་ཡང་ཕལ་ཆེར་ཚོད་དཔག་བྱས་ན་རིགས་གནས་སམ་རིག་གཞུང་ཟེར་ཁུལ་ཡིན་པ་འདྲ། བོད་མི་ཞིག་ལ་ཁྱེད་ཀྱི་བོད་པའི་ལེགས་བྱང་གང་འདྲ་རེད་དམ་ཞེས་དྲིས་ན་གོ་མི་ཐུབ་ལ་ཁྱེད་ཀྱི་བོད་པའི་རིག་གཞུང་གང་འདྲ་རེད་དམ་ཟེར་ན་འཕྲལ་མར་གོ་ཐུབ་པ་རེད།

    ད་དུང་བོད་ཀྱི་དམངས་གཙོ་ཟེར་བའི་བརྗོད་ཚིག་ཚད་ལྡན་གཅིག་ལ་བོད་པའི་མང་གཙོ་ཞེས་བཏགས་ཡོད། དེ་ནི་སྤྱི་ཚོགས་དང་ལོ་རྒྱུས་འཚོ་བཅས་གསུམ་གྱི་ནང་དུ་བཀོད་སྤྱོད་བྱེད་པའི་སྐབས་སུ་དཔེར་ན། སྒྱུ་རྩལ་སྐབས་སུ་བོད་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་ལྟ་བུ་ལས་བོད་པའི་མང་ཁྲོད་ཀྱི་སྒྱུ་རྩལ་ཟེར་ན་གོ་རྒྱུ་མེད་ལ་བརྗོད་བདེ་འདྲེན་པ་འང་མེད།

    ཡང་སྐབས་ལ་ལར་དེ་བྱུང་རིག་པ་ཟེར་བ་ཡང་མཐོང་རྒྱུ་ཡོད། དེ་ནི་ཅི་ཞིག་ཟེར་གྱིན་ཡོད་མེད་ངས་ད་དུང་ཤེས་ཀྱི་མེད། ངས་དེ་བྱུང་རིག་པ་ཟེར་བ་དེའི་གོ་དོན་གང་ཡིན་མིན་མི་གཞན་དག་ལའང་སྐད་ཆ་མང་པོ་དྲིས་ཀྱང་ཁོང་ཚོས་ཀྱང་ཤེས་ཀྱིན་མིན་འདུག

    དེ་ལ་སོགས་པའི་མིང་ཚིག་རྟགས་ཅན་མང་པོ་མཐོང་རྒྱུ་ཡོད་ཀྱང་རེ་ཞིག་དེ་ཙམ་ཡིན། ད་ཡང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཟེར་བའི་ཚབ་ཏུ་བདེན་པ་ཉིད་རྒྱལ་རྒྱུར་ཅིག ཅེས་པའི་མིང་ཚིག་ཆོ་མེད་ཅན་ཞིག་གིས་བཙན་གནོན་བྱེད་བཞིན་འདུག

    དེ་ཡང་རྒྱ་གར་བའི་དངུལ་གྱི་ནང་དུའང་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་བཀོད་ནས་མེས་པོ་གྷན་དྷིས་བདེན་དོན་འཐབ་རྩོད་བྱས་པའི་ལོ་རྒྱུས་ཤིག་ཡོད་པ་འདྲ། ཡིན་ནའང་ང་ཚོ་བོད་ཡུལ་ལམ་གངས་ཅན་ཟེར་བའི་ཡུལ་བྱེ་བྲག་པ་ཞིག་ནས་བྱུང་བའི་མི་རིགས་ཡང་བོད་རིགས་གཅིག་ཡིན་པར་སོང་བོད་ཀྱི་ཕྱི་ནང་སྣོད་བཅུད་གཉིས་དང་འབྲེལ་བའི་མིང་ཚིག་གཅིག་བཀོད་དགོས་པ་ལས་གནའ་བོའི་སངས་རྒྱས་ཆོས་ལུགས་ཀྱི་མིང་ཚིག་གམ་ཡང་ན་གནའ་རབས་རྒྱ་གར་བའི་མིང་ཚིག་དོན་དང་འདྲ་བ་དེ་འདྲ་བཀོད་དགོས་པའི་རྒྱུ་མཚན་ཡེ་ནས་མེད།

    བེདན་པ་གཉིས་ཟེར་ན་དོན་དམ་བདེན་པ་དང་ཀུན་རྗོབ་བདེན་གཉིས་རེད། བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་ན་ནི། རྒྱ་གར་བའི་བདེན་པ་ཉིད། རྒྱ་ནག་གི་བདེན་པ་ཉིད། ཨ་རའི་བདེན་པ་ཉིད། བོད་པའི་བདེན་པ་ཉིད། སུའི་བདེན་པ་ཉིད་སུའི་ཆེད་དུ་རྒྱལ་རྒྱུའི་དོན་རེད་དམ།

    སྔོན་མ་སངས་རྒྱས་ཆོས་ལུགས་ཀྱི་མིང་ཚིག་དབུ་མའི་ལམ་ཟེར་བའི་ཚིག་དེས་བོད་ཕྱི་ནང་གི་བོད་མི་མང་ཆེ་བ་མགོ་རྦད་དེ་འཐོམ་རུ་བཅུག་སོང་ལ་དེ་བཞིན་གྲོས་ཚོགས་ནང་དུའང་ཟམ་དོང་བླ་མས་དབུ་མའི་མཐའ་རྣམ་པ་གཉིས་དང་། མཐའ་རྣམ་པ་བརྒྱད་དང་། མཐའ་རྣམ་པ་བཅུ་དྲུག་སོགས་འགྲེལ་བཤད་བརྒྱབ་ནས་ཚང་མ་མགོ་རྨོངས་སུ་བཅུག་སོང་།

    དེས་རྐྱེན་བྱས་ཏེ་ཨ་ཁུ་ཁྲ་དང་འདྲ་བའི་སྤྱང་གྲུང་ལྡན་པའི་རྒྱ་འདྲེ་དམར་པོ་དེ་ཡང་མགོ་འཐོམ་རུ་བཅུག་ནས་མཐར་ཁྱེད་ཚོས་དེའི་བརྒྱབ་ཏུ་སྦས་པའི་རང་བཙན་དང་། ཕྱེད་རང་བཙན། མངོན་པར་མི་གསལ་བའི་རང་བཙན་འདུག་ཅེས་ཨུ་ཚུགས་བརྒྱབ་ནས་གསལ་བཤད་བྱེད་རུ་བཅུག་སོང་ལ་ད་དུང་ཡང་དེའི་ཐོག་ལ་རྟག་པར་དོགས་པ་ཟ་བཞིན་ཡོད་སྟབས་ག་དུས་ཕར་ཕྱིན་ཀྱང་དོན་དག་གཅིག་ཀྱང་ཡོང་གི་མེད་ཁར་རྒྱ་ནག་གཞུང་གིས་འདི་འདྲ་བཤད་ཀྱིན་འདུག་ད་ཟེར་བའི་ལན་ཡང་གསལ་པོ་ཞིག་ཁྱོན་ནས་འཁྱེར་ཡོང་ཐུབ་ཀྱི་མེད།

    ད་རྗེས་མ་ཡང་བདེན་པ་གཉིས་སམ་བདེན་རྒྱལ་རྒྱུར་ཅིག་ཅེས་བཀོད་འདུག་པས་ད་ཡང་ཡུལ་གྱར་སྲིད་གཞུང་གིས་མགོ་སྐོར་གཏོང་ཆེད་ཡང་སྐྱར་སངས་རྒྱས་ཆོས་ལུགས་དང་རྒྱ་གར་བའི་རང་བཙན་འཐབ་རྩོད་གཉིས་བརྒྱབ་ཏུ་འཁྱེར་ནས་རྒྱལ་རྒྱུ་ཅིག་ཅེས་བཀོད་འདུག་དེ་ཕལ་ཆེར་བོད་རང་བཙན་རྒྱལ་རྒྱུར་ཅིག་ཅེས་དང་བོད་རྒྱལ་རྒྱུར་ཅིག་ཅེས་ཟེར་གྱིན་འདུག སྔོན་མ་ཁོང་ཚོས་གཉིས་ཕན་ཡིན་ཟེར་གྱི་ཡོད་ཀྱང་ད་ཆ་ཁོང་ཚོས་ཡང་བོད་རྒྱུར་ཅིག་ཅེས་བཀོད་འདུག་པས་དེར་བརྟེན་ནས་ང་ཚོ་ཞི་འགྲིག་ཡོང་ཐབས་མེད་ཅེས་ཕལ་ཆེར་བཤད་རྒྱུ་ཐག་ཆོད།

    སེར་སྨད་བློ་དགའི་རྩོ་ཡིག་འདི་བཀླགས་མ་ཐག་ཏུ་བསམས་ཚུལ་ཁ་ཤས་དྲན་ཐོག་དེར་ཞུས་པ་ཡིན།
    དགོངས་པ་ཡག་པོ་བཞེས་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese