མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་བསྐྱར་བཅོས་ཐོག་གི་གནད་དོན་འགའ་ཞིག

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་ཁག་ལ་བསྒྱུར་བཅོས་དང་སྦྲགས། བཀའ་བློན་ཁྲི་པའི་ལས་ཡུན་དང་། བཀའ་བློན་གཞན་དག་བསྐོ་བཞག་བྱེད་སྟངས། དེ་བཞིན། བོད་གཞུང་དགའ་ལྡན་ཕོ་བྲང་དང་། བཙན་བྱོལ་བོད་གཞུང་བཅས་ཀྱི་མཚན་བྱང་ལ་འགྱུར་བ་བཏང་ཡོད་པའི་ཐད། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོར་དགོངས་འཆར་བསྡུས་ཡོད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་སུ། ཐེངས་འདིར་བཅའ་ཁྲིམས་བསྐྱར་བཅོས་དང་བསྟུན་ཏེ། ༸གོང་ས་མཆོག་གི་སྐུ་ཚབ་དུ་སྤྱི་ཁྱབ་གཙོ་འཛིན་ཞིག་བསྐོ་བཞག་གནང་རྒྱུའི་གླེང་སློང་ཡོང་གི་ཡོད་པའི་ཐད་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་རང་གི་ངོས་ནས་ནམ་རྒྱུན་ང་ཚོའི་བོད་པའི་ཆབ་སྲིད་ཀྱི་ཚིག་མང་པོ་ཞིག་བེད་སྤྱོད་ཀྱི་སྐབས་སུ་ཏག་ཏག་བསྡད་ཡོད་མེད་ཀྱི་ཐད་ལ་ཐེ་ཚོམ་སྐྱེ་འོང་གི་འདུག  སྐབས་རེར་བོད་སྐད་ནང་ཡོད་པའི་ཆབ་སྲིད་ཀྱི་ཚིག “གཞུང་གི་མགོ་ཁྲིད་དང་རྒྱལ་ཁབ་ཀྱི་མགོ་ཁྲིད” ཅེས་པ་ལྟ་བུའི་ཚིག་དེ་དག་གི་དབྱེ་བ་གསལ་པོ་ཞིག་འབྱེད་ཐུབ་ཀྱི་མི་འདུག་བསམ་ཡོད། འཛམ་གླིང་ནང་དམངས་གཙོའི་ལམ་སྲོལ་དང་དམངས་གཙོ་ཆེས་ཡར་ཐོན་ཅན་གྱི་ལུང་པ་མང་པོ་ཞིག་གིས་སྲིད་བློན་ཞེས་འབོད་དུས་གཞུང་གི་མགོ་ཁྲིད་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། གཞུང་གི་དབང་ཆ་དང་ཐག་གཅོད་ཀྱི་དབང་ཚད་མང་ཆེ་བ་སྲིད་བློན་གྱི་ལག་ཏུ་ཡོད་པ་རེད། ཡིན་ནའང་། རྒྱལ་ཁབ་ཀྱི་མགོ་ཁྲིད་ལྟ་བུར་མཚོན་ན། དབང་ཆ་ཆེན་པོ་མེད་ཀྱང་།  དེས་རྒྱལ་ཁབ་ཀྱི་མཚོན་རྟགས་སམ་ཡང་ན་རྒྱལ་ཁབ་དེའི་མི་སེར་ཚང་མས་བརྩི་བཀུར་ཞུ་ཡུལ་གྱི་གོ་གནས་ཤིག་ཆགས་ཡོད། འཛམ་གླིང་ཐོག་དམངས་གཙོ་ཚད་ལྡན་དུ་ངོས་འཛིན་བྱེད་ཀྱིན་པའི་དབྱིན་ཡུལ་ལྟ་བུར་མཚོན་ན་ཡང་། གཞུང་གི་མགོ་ཁྲིད་དེ་སྲིད་བློན་གྱིས་བཟུང་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་འཛིན་དེ་རྒྱལ་མོ་ཆགས་ཡོད་པ་རེད།  རྒྱལ་མོར་ཆབ་སྲིད་ཀྱི་དབང་ཆ་མེད་ཀྱང་། རྒྱལ་མོ་དེ་རྒྱལ་ཁབ་ཀྱི་མི་སེར་ཡོངས་ཀྱི་བརྩི་བཀུར་བྱེད་ཡུལ་ཞིག་དང་དགའ་མོས་བྱེད་ས་ཞིག་ཆགས་བསྡད་ཡོད་སྟབས། རྒྱལ་མོ་དེ་རྒྱལ་ཁབ་ཀྱི་མཚོན་རྟགས་ཤིག་ཆགས་ཡོད་པ་རེད། 

དེ་བཞིན་ང་ཚོར་མཚོན་ན། སྤྱི་ཁྱབ་གཙོ་འཛིན་དང་། མི་རིགས་འགན་འཛིན་ཟེར་ནས་ལོགས་སུ་འདེམས་དགོས་དོན་ཡོད་པ་མ་རེད། ༸གོང་ས་མཆོག་ད་ལྟའི་བར་ང་ཚོའི་རྒྱལ་ཁབ་ཀྱི་མགོ་ཁྲིད་དང་གཞུང་གི་མགོ་ཁྲིད་གཉིས་ཀྱི་གནས་བབ་ཐོག་བཞུགས་པ་རེད། ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་པ་དང་། བོད་མི་ཡོད་དོ་ཅོག་གིས་མགྲིན་གཅིག་དབྱངས་གཅིག་གིས་བརྩི་བཀུར་དང་དད་འདུན་ཆེན་པོ་བྱེད་ཡུལ་ཞིག་ཆགས་ཡོད། ཉེ་བའི་དུས་ནས་ཁོང་གིས་གཞུང་གི་མགོ་ཁྲིད་ཀྱི་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པ་རེད། དེ་དམངས་གཙོ་ཡར་རྒྱས་ལ་ཕན་ཐོགས་ཆེན་པོ་ཞིག་རེད་བསམ་གྱི་ཡོད། ཡིན་ནའང་། ༸གོང་ས་མཆོག་གིས་གཞུང་གི་དབུ་ཁྲིད་རྩིས་སྤྲོད་བྱེད་པ་དང་མཉམ་དུ་རྒྱལ་ཁབ་ཀྱི་མགོ་ཁྲིད་ཀྱི་གོ་གནས་རྩིས་སྤྲོད་བྱ་དགོས་པ་ཆགས་མི་འདུག་བསམ་གྱི་ཡོད། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་མི་རིགས་ཀྱི་མཚོན་དོན་དང་། བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་ཡིན་པ་རང་བཞིན་གྱིས་གྲུབ་ཡོད་པ་ཞིག་རེད། གང་ཡིན་ཞེ་ན། ད་ལྟའི་ཆར་ཡང་དབྱིན་ལན་གྱི་རྒྱལ་མོ་དང་ཐེ་ལན་ཌིའི་རྒྱལ་པོ། ད་དུང་ཡུ་རོབ་ཀྱི་རྒྱལ་ཁབ་མང་པོ་ཞིག་ཏུ་ཆབ་སྲིད་ལ་ཐེ་གཏོགས་བྱེད་ཀྱིན་མེད་པའི་མི་མང་གིས་དགའ་མོས་བྱེད་སའི་རྒྱལ་པོ་དང་རྒྱལ་མོ་མང་པོ་ཞིག་ཡོད་པ་དེ་དག་མི་མང་གི་བརྩི་བཀུར་བྱེད་ཡུལ་གཙོ་བོ་ཞིག་ཆགས་ཡོད་སྟབས། ༸གོང་ས་མཆོག་གཞུང་གི་མགོ་ཁྲིད་ཀྱི་གནས་བབ་ཐོག་མ་བཞུགས་ཀྱང་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་མུ་མཐུད་དེ་བཞུགས་པ་ཡིན་ན། དམངས་གཙོ་སྲ་བརྟན་དང་འཐབ་རྩོད་རྒྱུན་གནས། བོད་ནང་གི་མི་མང་ཚོས་ཡིད་ཆེས་དང་དད་པ་སོགས་ཕྱོགས་ཡོངས་ནས་དགོས་ཕན་ཆེན་པོ་ཞིག་ཡོད་སྟབས། མ་འོངས་པར་༸གོང་ས་མཆོག་གིས་སྐུ་དབང་ཅི་ཡང་མེད་པའི་ཐོག་རྒྱལ་ཁབ་ཀྱི་མགོ་ཁྲིད་མུ་མཐུད་གནང་ཐུབ་པ་ཡིན་ན། ང་ཚོའི་འཕྲལ་ཕུགས་གཉིས་ཀྱི་ལས་དོན་ལ་ཕན་ཐོགས་ཆེན་པོ་འདུག་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

 

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོའི་ནང་བཙན་བྱོལ་བོད་གཞུང་ལ་ “བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། ” ཞེས་མཚན་བསྒྱུར་གནང་ཡོད་པའི་ཐད་བསམ་ཚུལ་གང་ཡོད་མེད་དྲིས་པར་ཁོང་གིས། འདས་པའི་མི་ལོ་ ༥༠ ལྷག་གི་རིང་ང་ཚོའི་གཞུང་མང་གཉིས་ནས་ང་ཚོའི་སྐྱབས་བཅོལ་གཞུང་ལ་བཙན་བྱོལ་བོད་གཞུང་ཞེས་མིང་བཏགས་ཏེ་ལོ་མང་པོ་ཕྱིན་པ་རེད།  ཡིན་ནའང་། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོའི་ནང་བཙན་བྱོལ་བོད་གཞུང་ལ། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། ཞེས་གསར་པ་ཞིག་ཆགས་ཡོང་གི་ཡོད་སྟབས།  ང་ཚོ་བོད་མི་ཚང་མས་དགོངས་པ་རྒྱ་ཆེན་པོ་བཞེས་རྒྱུ་ཞིག་ཆགས་འདུག ང་རང་གི་ངོས་ནས་ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད། གང་ཡིན་ཞེ་ན། ད་ལྟ་ང་ཚོའི་ཛ་དྲག་གི་གནས་སྟངས་ཙམ་ལ་གཞིགས་ཏེ་ཐག་གཅོད་བྱས་ན་འགྲིག་གི་མི་འདུག གཞུང་གི་མིང་འདོག་འདི་ཆེས་གནད་འགག་ཅན་ཞིག་ཡིན་དུས། མ་འོངས་པའི་ཕུགས་རྒྱང་རིང་པོའི་གནས་སྟངས་ལ་དགོངས་པ་བཞེས་ཏེ་ཐག་གཅོད་བྱ་དགོས་པ་ཞིག་རེད། ང་རང་གི་ངོས་ནས་ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་སྟེ་བཙན་བྱོལ་བོད་གཞུང་གི་མིང་དེ་སྔར་བཞིན་བཙན་བྱོལ་བོད་གཞུང་རང་སོར་གནས་ཐུབ་རྒྱུ་གལ་ཆེན་པོ་རེད་དྲན་ཡོད། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་ ༸གོང་ས་མཆོག་གིས་ཐུགས་ཐག་བཅད་དེ་ང་ཚོར་ཐག་གཅོད་ཀྱི་དབང་ཚད་སྤྲད་བཞག་ཡོད་པ་རེད། དེའི་ཐོག་ལ་གཙོ་བོ་ཐེངས་འདིའི་ཚོགས་ཞུགས་པ་ཁོ་ན་མིན་པར་མི་མང་ཚང་མའི་ངོས་ནས་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། བཅའ་ཁྲིམས་བསྐྱར་བཅོས་དེ་དུས་ཡུན་ཐུང་ངུའི་རིང་གི་འགྱུར་བ་ཞིག་མིན་པར། ལོ་རྒྱུས་རང་བཞིན་གྱི་འགྱུར་བ་ཆེན་པོ་ཞིག་ཆཊ་ཡོད་སྟབས། ཉིན་གྲངས་ཁ་ཤས་ནང་ཟ་ངེ་ཟིང་ངེའི་ཐོག་ཐག་གཅོད་བྱས་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད། 

དུས་ཚོད་ཅི་ཙམ་འཕར་འགྱངས་གཏོང་དགོས་ཀྱང་། བཅའ་ཁྲིམས་བསྐྱར་བཅོས་ཐོག་ཁྲིམས་ཀྱི་མཁས་དབང་དང་ཆབ་སྲིད་མཁས་དབང་མང་པོ་གདན་ཞུ་གནང་སྟེ། བགྲོ་གླེང་དང་གོ་བསྡུར། བསམ་ཚུལ་བསྡུ་རུབ་སོགས་བྱས་ཏེ་གཏན་འབེབས་བྱས་པ་ཡིན་ན། ལོ་བརྒྱ་དང་ཉིས་བརྒྱའི་བར་བཅའ་ཁྲིམས་བརྟན་པོ་དང་ཚགས་ཚུད་པོ། སྤུས་དག་པོ་ཞིག་ཡོང་གི་རེད་བསམ་གྱི་འདུག  གཞན། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་དང་བསྟུན་ཏེ། བཀའ་བློན་ཁྲི་པའི་ལས་ཡུན་དང་། བཀའ་བློན་བསྐོ་བཞག་བྱེད་སྟངས་སོགས་༸གོང་ས་མཆོག་གི་གསུང་འཕྲིན་དང་འབྲེལ་བ་མེད་པ་མང་པོ་ཞིག་ལ་ཡང་བསྒྱུར་བཅོས་བཏང་ཡོད་རབས་གོ་སོང་། ༸གོང་ས་མཆོག་གིས་ཁོང་གི་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་དབུ་ཁྲིད་ཀྱིས་བཞེས་དགོས་ཞེས་གསུངས་ཡོད་སྟབས། ཐེངས་འདིར་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་རིགས་བཅའ་ཁྲིམས་ནང་གང་གསལ་ཡོད་པ་དག་བསྒྱུར་བཅོས་གཏོང་དགོས་པ་ལས། གནད་དོན་མང་པོའི་ཐོག་འཕྲོས་ཏེ་བཅའ་ཁྲིམས་བསྐྱར་བཅོས་གཏོང་གི་ཡོད་པ་ཡིན་ན། གཞི་རྒྱ་ཆེན་པོར་དགོངས་པ་བཞེས་ཏེ་ཆབ་སྲིད་ཚོགས་པའི་ལམ་ལུགས་སམ། ཡང་ན་སྲིད་འཛིན་ལམ་ལུགས། གྲོས་ཚོགས་ལམ་ལུགས་བཅས་གང་གི་ཐོག་ལ་འགྲོ་མིན་བཅས་ལ་ཡང་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་རེད། དེ་དང་མཉམ་དུ་བཅའ་ཁྲིམས་ཀྱི་དོན་ཚན་ཁ་ཤས་མིན་པར་དུས་ཚོད་བཏང་སྟེ་བཅའ་ཁྲིམས་སྤྱི་ཡོངས་ལ་ཞིབ་འཇུག་གནང་སྟེ། འགྱུར་བ་བཏང་བ་ཡིན་ན་ཕན་ཐོགས་ཡོང་གི་རེད། ཅེས་དང་། དེ་བཞིན་ཁོང་གིས་ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་འདིའི་ཐོག་ཕེབས་པའི་ཚོགས་བཅར་བ་སུ་ཡིན་ཡང་། གནས་སྐབས་ཁོ་ནར་བསམ་བློ་མི་གཏོང་བར་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་གི་བཅའ་ཁྲིམས་དེ་གང་འདྲ་ཞིག་ལ་འཇོག་མིན་གྱི་ཐོག་ལ་དགོངས་པ་བཞེས་ཏེ། ནན་ཏན་སྒོས་ཐག་གཅོད་གནང་གལ་ཆེ་ཚུལ་སོགས་བརྗོད་བྱུང་།  

 

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ཡོངས་གླིང་ཟླ་བ་ཚེ་རིང་ལགས་སུ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་ཐོའི་ནང་དུ་ཁྲིམས་ཞིབ་པ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་ཅིག་གི་འགན་འཛིན་སོགས་སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཐོག་ཐག་གཅོད་བྱ་རྒྱུ་ཞིག་བཀོད་ཡོད་པ་དེའི་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་པར་ཁོང་གིས། སྔོན་མ་ཁྲིམས་ཞིབ་པ་ཆེ་ཆུང་གཉིས་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དེ་འོས་གཞི་འཆར་ཕུལ་ཚོགས་ཆུང་གིས་དེ་དག་གི་མིང་གཞུང་༸གོང་ས་མཆོག་ལ་འཆར་འབུལ་གནང་རྗེས་༸གོང་ས་མཆོག་གིས་ཐད་ཀར་བསྐོ་བཞག་གནང་གི་ཡོད་པ་རེད། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ནང་འཆར་འབུལ་ཚོགས་ཆུང་གིས་འོས་གཞི་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་རྗེས་སྤྱི་འཐུས་གྲོས་ཚོགས་ནས་མང་མོས་དང་། སྤྱི་མོས་གང་རུང་ཐོག་ཁྲིམས་ཞིབ་པ་ཆེ་ཆུང་གཉིས་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་བསྐོ་བཞག་གནང་རྒྱུ་འཁོད་ཡོད་པ་རེད། ང་རང་ཉིད་ཀྱི་ངོས་ནས་༸གོང་ས་མཆོག་གིས་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་དེར་རྩིས་སྤྲོད་གནང་བའི་རྗེས་ལ་ཐག་གཅོད་དེ་སྤྱི་འཐུས་ལྷན་ཚོགས་ཀྱིས་གནང་དགོས་པ་བཟོས་འདུག་པ་དེ་ཧ་ཅང་ཡག་པོ་རེད་བསམ་གྱི་ཡོད། རྒྱུ་མཚན་གང་ཡིན་ཞེ་ན། ༸གོང་ས་མཆོག་གི་སྐུ་དབང་མར་མི་མང་ལ་གནང་རྗེས་མི་མང་རང་ལ་འདོད་པ་དང་མོས་མཐུན་ཡོད་པ་ཞིག་ཆགས་དགོས་པ་རེད། སྤྱིར་བཏང་དམངས་གཙོའི་ལམ་སྲོལ་ནང་གནད་དོན་དེ་ལྟ་བུའི་རིགས་ཐག་གཅོད་ཀྱི་དབང་ཆ་མི་མང་ལ་ཡོད། ཡིན་ནའང་། གནད་དོན་འདིའི་ཐད་ནས་མི་མང་ས་གནས་གཅིག་ཏུ་འཛོམས་པ་སོགས་ཀྱི་གོ་སྐབས་དཀའ་མོ་ཡིན་སྟབས། མི་མང་རང་གིས་བདམས་ཡོད་པའི་སྐུ་ཚབ་ཀྱིས་ཐག་གཅོད་གནང་ཐུབ་པ་དེ་འོས་ཤིང་འཚམ་པ་ཞིག་རེད་བསམ་གྱི་ཡོད།  

རྒྱ་གར་གཙོས་པའི་དམངས་གཙོའི་ལམ་ལུགས་ནང་འགྲོ་བཞིན་པའི་རྒྱལ་ཁབ་མང་པོ་ཞིག་གིས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་གྱི་འོས་གཞི་འཆར་འབུལ་བྱས་རྗེས་མཐའ་མའི་ཐག་གཅོད་གནང་མཁན་དེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཡིན། ང་ཚོའི་ངོས་ནས་ཀྱང་ད་ལྟའི་བར་༸གོང་ས་མཆོག་གིས་ཐད་ཀར་བསྐོ་བཞག་གནང་བ་ལས་ལྷག་པ་ཞིག་མེད་པའི་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟའི་གནས་སྐབས་སུ་ཁོང་གི་ཐད་བསྐོ་ཡི་ལམ་ཁ་མེད་པར་ཐབས་ལམ་གཞན་ཞིག་གི་ཐོག་འགྲོ་དགོས་པའི་ཐག་གཅོད་བྱུང་ཡོད་སྟབས། ཐབས་ལམ་གཞན་པ་དེ་མི་མང་རང་གིས་འོས་འདེམས་བྱས་པའི་སྐུ་ཚབ་ལས་ལྷག་ཅིག་མཐོང་གི་མེད། གལ་སྲིད། མི་མང་གིས་བདམས་ཐོན་བྱུང་བའི་བཀའ་བློན་ཁྲི་པ་ལྟ་བུ་ཞིག་ལ་དབང་ཆ་འདི་སྤྲད་པ་ཡིན་ན། བཀའ་བློན་ཁྲི་པར་མི་མང་ཁྲོད་རྒྱབ་སྐྱོར་ཡོད་མེད་གཉིས་ཀ་ཡོད། སྤྱི་འཐུས་ལ་མཚོན་ན་དེ་དང་མི་འདྲ་བར་ཆོས་བརྒྱུད་དང་ཆོལ་ཁ་ཚང་མའི་སྐུ་ཚབ་ཡོད། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ལ་ཆ་བཞག་ན་ཆབ་སྲིད་དང་སྤྱིར་བཏང་གི་ཤེས་བྱ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་ཕྱིན་ཡོད་པའི་དབང་གིས། ༸གོང་ས་མཆོག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་བར་ཁྱད་པར་དང་བསམ་ཚུལ་མི་མཐུན་པ་མང་པོ་ཞིག་ཡོང་སྲིད་ཀྱང་། དེ་ཡང་གཙོ་བོ། ༸གོང་ས་མཆོག་གི་གནས་བབ་དེ་ཆབ་སྲིད་ཀྱི་དབུ་ཁྲིད་ཁོ་ན་མིན་པར་ང་ཚོའི་འདི་ཕྱི་གཉིས་ཀྱི་བློ་གཏད་དང་སྐྱབས་གནས་རེད། མི་མང་གིས་འོས་འདེམས་བྱས་པའི་ཆབ་སྲིད་ཀྱི་མགོ་ཁྲིད་དེ་ནི་ཁ་ཁ་ཡིན་སྟབས། ༸གོང་ས་མཆོག་གིས་ཐག་གཅོད་བྱུང་བ་ལྟ་བུ་ཞིག་མི་མང་ལ་ཡིད་ཆེས་ཡོང་ཁག་པོ་རེད། དེ་དང་མཉམ་དུ་ལབ་གླེང་ཡང་ཡོང་སྲིད་པ་རེད། གལ་སྲིད། རྒྱུ་མཚན་དང་ཁུངས་ལུང་མེད་པར་སྣང་ཆུང་དང་། མཐོང་ཆུང་གི་ལམ་ནས་ལབ་གླེང་འདྲ་མིན་བྱས་པ་ཡིན་ན་དམངས་གཙོའི་འགྲོ་ལུགས་མ་ཤེས་པའི་རྟགས་མཚན་ཞིག་རེད། ཅེས་བརྗོད་བྱུང་།

 

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོའི་ནང་། མ་འོངས་པར་བཅའ་ཁྲིམས་དང་སྒྲིག་གཞི་གང་ཞིག་བསྐྱར་བཅོས་དང་གཏན་འབེབས་བྱ་དགོས་བྱུང་ཚེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་མཚན་རྟགས་བསྐྱོན་རྗེས་ཁྲིམས་ཀྱི་ངོ་བོར་འགྲོ་བཞིན་ཡོད་པ་དེའི་ཐད་གཟིགས་ཕྱོགས་གང་ཡོད་དྲིས་པར་ཁོང་གིས། འདིའི་ཐོག་དམིགས་བསལ་གྱིས་བསམ་ཚུལ་འདྲ་བྱུང་མ་སོང་མོད། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཉེ་ཆར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཚོགས་གཏན་ཁེལ་རྗེས། ས་གནས་ཡན་ལག་ ༤༩ ལྷག་ལ་ཟླ་འདིའི་ཕྱི་ཚེས་ ༡༥ ནང་ཚུད་རྒྱལ་ཡོངས་ཚོགས་ཆེན་ཐོག་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་བསམ་འཆར་འབྱོར་དགོས་པའི་གསལ་བསྒྲགས་བྱས་པ་ལྟར། ཉེ་ཆར་ས་གནས་ཁག་ཅིག་གི་བསམ་ཚུལ་དབུས་ལ་འབྱོར་སོང་། ས་གནས་ཁག་གི་བསམ་ཚུལ་ནང་དུ་གོང་གསལ་གྱི་གནས་ཚུལ་འདི་དང་འབྲེལ་བའི་བསམ་ཚུལ་མང་པོ་ཞིག་བཀོད་འདུག དེའི་ནང་གི་གཙོ་བོ་༸གོང་ས་མཆོག་གི་སྐུ་དབང་རང་གནས་ཡོང་བར་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དེ་ད་ལྟའི་ཆབ་སྲིད་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་གང་ཅིའི་ཐད་ནས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཡིན་པ་དང་། གལ་སྲིད་ཁོང་གིས་ཆབ་སྲིད་ཀྱི་མཛད་འགན་མ་བཞེས་པ་ཡིན་ན། རྒྱལ་ཁབ་གཞན་གྱི་བརྩི་མཐོང་དང་ཆ་འཇོག་སོགས་སྔར་བཞིན་གནས་ཐུབ་ཁག་པོ་ཡིན་པའི་དགོངས་འཆར་བཏོན་འདུག ས་གནས་ཁག་ཅིག་གིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོའི་ནང་ཚོགས་གཙོས་མཚན་རྟགས་འཁོད་པ་དེ་མི་འགྲིག་པར་༸གོང་ས་མཆོག་གིས་མུ་མཐུད་མཚན་རྟགས་བསྐྱོན་དགོས་པ་དང་། ཡང་ས་གནས་ཁག་ཅིག་གི་བསམ་ཚུལ་ནང་། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་བཅའ་སྒྲིག་ཁག་ལ་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་དང་། ཡང་ན་ཁྲིམས་དཔོན་གྱིས་མཚན་རྟགས་བསྐྱོན་དགོས་པའི་བསམ་ཚུལ་ཡང་འདུག 

བཅའ་ཁྲིམས་བསྐྱར་བཅོས་དེ་ཡང་ལམ་སེང་ཚ་ཚ་འུར་འུར་གྱི་ཐོག་ནས་ཐག་གཅོད་བྱེད་རུང་བ་ཞིག་མིན་པར། དུས་ཡུན་ལོ་གཅིག་གི་ནང་བསྐྱར་ཞིབ་དང་བགྲོ་གླེང། དཔྱད་བསྡུར་བྱས་ཏེ་ཐག་གཅོད་བྱ་དགོས་པ་སོགས་བསམ་ཚུལ་མི་འདྲ་བ་མང་པོ་ཞིག་བསླེབས་འདུག ས་གནས་ཁག་གི་བསམ་ཚུལ་ཤུགས་ཆེ་ཤོས་༸གོང་ས་མཆོག་སྐུ་དབང་གི་ཐད་ལ་བཏོན་འདུག ང་རང་ལ་མཚོན་ན་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་གི་ཟིན་ཐོ་ལག་ཏུ་འབྱོར་ཡོད་སྟབས། དམིགས་བསལ་ལྟ་ཚུལ་ཞུ་དགོས་པ་དེ་འདྲ་མཐོང་མ་སོང་ཡང་།  ཕྱི་ཉིན་ང་ཚོའི་རྒྱུན་ལས་མཉམ་འཛོམས་ཀྱི་ཐོག་ནས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོ་མགོ་ནས་ཐེངས་གཅིག་བཀླགས་པ་ཡིན། སྐབས་དེར་ང་ཚོའི་ངོས་ནས་ཟིན་བྲིས་ནང་བསྐྱར་བཅོས་བྱས་པའི་རིགས་ཀྱི་རྒྱབ་ལྗོངས་དང་གནས་ཚུལ་མི་ཤེས་པ་མང་པོ་ཞིག་དང་དྲི་བ་མང་པོ་ཞིག་སླེབས་ཡོང་གི་འདུག  དཔེར་ན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་རགས་ཟིན་དང་པོའི་ནང་ “མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་དབང་ལྡན་འཛིན་སྐྱོང་བ། ”ཞེས་པའི་ནང་གི་ “ མངའ་དབང་ལྡན་པ། ” ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱ་མིན་དང་།  “དབང་ལྡན་འཛིན་སྐྱོང་བ།” ཟེར་བ་དེ་སུ་ཞིག་ཆགས་མིན་སོགས་དྲི་བ་མང་པོ་འདུག མ་འོངས་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་སྐབས་སུའང་གཅིག་མཚུངས་ཀྱི་དྲི་བ་མང་པོ་ཞིག་ཡོང་གི་རེད། ཚང་མ་མཉམ་རུབ་ཀྱིས་བགྲོ་གླེང་གོ་བསྡུར་དང་དཔྱད་བསྡུར་བྱ་རྒྱུ་གལ་ཆེན་པོ་རེད་ལ། དེ་དང་ཆབས་ཅིག་ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གཞོན་སྐྱེས་མང་པོ་ཞིག་ལ་ཤེས་རྟོགས་ཡོང་བ་བྱ་ཆེད་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོ་དེ་དབྱིན་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ། དྲ་རྒྱ་སོགས་བརྒྱུད་ལམ་ཁག་ཏུ་གཏོང་རྒྱུ་གལ་ཆེན་པོ་རེད།  ཅེས་བརྗོད་བྱུང་།

 

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་སུ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་ཐོའི་ནང་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལས་འཕྲོས་ཏེ། བཀའ་བློན་རྣམ་པའི་ལས་ཡུན་རྒྱས་བཅད་མེད་པའི་གཏན་འབེབས་ཤིག་གནང་ཡོད་པའི་ཐད་ལྟ་ཚུལ་ཅི་ཡོད་དྲིས་པར་ཁོང་གིས། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་བསྐྱར་བཅོས་ཟིན་ཐོ་དེ་སྤྱི་ཚོགས་ནང་བཀྲམས་ཡོད་ཀྱང་།  རགས་ཟིན་དེ་མི་མང་སྤྱི་ལ་ཁྱབ་མིན་ད་དུང་བཤད་ཁག་པོ་རེད། གཙོ་བོ་མི་མང་གི་ངོས་ནས་འདིའི་ཐད་ཆ་ཤས་བླངས་ཏེ་འདི་དང་འབྲེལ་བའི་ཐད་ཀྱི་བསམ་ཚུལ་མི་མཐུན་པ་གང་ཡོད་པ་དེ་བཤད་རྒྱུ་ལས། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ནང་གང་ཡོད་པ་དེ་རང་སོར་བཞག་པ་ཡིན་ན། ཏག་ཏག་ཅིག་བསྡད་མི་འདུག་བསམ་ཡོད། བཅའ་ཁྲིམས་བསྐྱར་བཅོས་ཟིན་ཐོའི་ནང་གི་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་པ་དག་གི་སྐོར་རེད། བཀའ་བློན་རྣམ་པའི་ཁྲོད་དུ་མི་འཇོན་ཐང་ཅན་དང་ཤེས་ལྡན་པ། མི་ཡག་པོ་དེ་འདྲ་ཡོང་སྲིད་ཀྱང་། དུས་ཡུན་རྒྱས་བཅད་མེད་པ་དེ་དམངས་གཙོའི་སྤྱི་ཚོགས་ཀྱི་རྩ་བའི་ལྟ་གྲུབ་དང་འགལ་བ་ཞིག་རེད། དམངས་གཙོའི་སྤྱི་ཚོགས་ཀྱི་ལྟ་གྲུབ་གཙོ་བོ་ནི། མི་ཡོངས་རྫོགས་ལ་གཅིག་མཚུངས་ཀྱི་གོ་སྐབས་སྤྲོད་རྒྱུ་དེ་ཡིན་སྟབས། བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་གཞན་དག་ཀྱང་མུ་མཐུད་མི་འཇོག་པར་གསར་བ་བསྐོ་བཞག་གནང་རྒྱུ་དེ་མི་གཞན་ལ་གོ་སྐབས་སྤྲོད་ཆེད་རེད། དམངས་གཙོ་ལག་ལེན་བྱེད་ཀྱིན་པའི་རིགས་དང་ཁྲིམས་སྒྲིག་ཡོད་པའི་རྒྱལ་ཁབ་ལ་མཚོན་ནའང་ས་ཁུལ་རྒྱས་བཅད་བྱེད་ཀྱིན་པ་དེ་གནད་འགག་ཞིག་ཏུ་རྩི་བཞིན་ཡོད། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ནང་དོན་ཚན་འདི་བཞག་པ་ཡིན་ན། བོད་རང་གི་ད་ལྟའི་གནས་བབ་དང་མི་མཐུན་པར་མ་ཟད། དམངས་གཙོའི་གཞུང་ལུགས་དང་ཡོངས་སུ་འགལ་ཡོད། འདི་ལ་མི་མང་གིས་སྐད་བརྒྱབ་སྟེ། སྔོན་མ་ལྟར་འགྲོ་ཐུབ་པ་ཞིག་ལ་འབོད་བརྩོན་བྱ་དགོས། 

སྲིད་དབང་སྒེར་གཅོད་དང་དབང་བསྒྱུར་གྲལ་རིམ་གང་ཡིན་ཡང་། ས་ཁུལ་རྒྱས་བཅད་མ་བྱས་པ་འདི་ལས་ཁོང་ཚོར་བར་སྟོང་ཞིག་བསྐྲུན་གྱི་ཡོད། འདིའི་རིགས་ལ་མི་མང་གི་ངོས་ནས་དོ་སྣང་བྱ་དགོས་པ་ལས་སྣང་མེད་དུ་འཇོག་རུང་བ་ཞིག་མ་རེད།  བཀའ་བློན་གྱི་དུས་ཚོད་རྒྱས་བཅད་མེད་པ་འདིའི་སྟེང་ནས། སྲིད་དོན་པ་རྣམས་ལ་རང་ཉིད་མུ་མཐུད་སྲིད་ཀྱི་རྐུབ་སྟེགས་ཐོག་ཡུན་རིང་འདུག་རྒྱུའི་གོ་སྐབས་ཤིག་བསྐྲུན་གྱི་ཡོད་སྟབས། གནད་དོན་འདིའི་ཐོག་དགོངས་པ་ཡག་པོ་བཞེས་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ། ངེས་པར་དུ་དུས་ཚོད་གཏན་འཁེལ་བྱ་དགོས། ང་རང་གི་བསམ་ཚུལ་བྱས་ན། དེ་སྔའི་བཀའ་བློན་གྱི་ཡུན་ཚད་དེ་ཡང་རིང་དྲགས་པར་མཐོང་གི་ཡོད། ལོ་ལྔ་ལས་ཉུང་དུ་བཏང་སྟེ་ལོ་བཞི་ལས་མི་མང་བ་དང་ལོ་གསུམ་ལས་མི་ཉུང་བ་ཞིག་གཏན་འབེབས་བྱས་པ་ཡིན་ན་འོས་ཤིང་འཚམ་པ་རེད་བསམ་གྱི་འདུག  གང་ཡིན་ཞེ་ན། ང་ཚོའི་བཙན་བྱོལ་སྤྱི་ཚོགས་དེ་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་དང་དུས་རབས་མགྱོགས་པོའི་སྤྱི་ཚོགས་ཤིག་ཡིན་པའི་དབང་གིས། སྐབས་གཉིས་པའི་བཀའ་བློན་ཁྲི་པ་ལྟ་བུར་མཚོན་ན། ལོ་བཅུའི་རིང་བསྡད་པ་རེད། འདི་འདྲའི་འཁྲུག་ཆ་དོད་པོ་དང་དུས་རབས་མགྱོགས་པོའི་སྤྱི་ཚོགས་སུ་ལོ་ ༡༠ བསྡད་པ་དེ་ལས་སླ་བོའི་དུས་ཚོད་ཅིག་གཏན་ནས་མ་རེད།  རྒྱལ་ཁབ་གཞན་དག་ལ་མཚོན་ན། ཚོགས་པ་གསར་འཛུགས་ནས་སྲིད་དབང་གསར་འཛུགས་བར་མི་ལོ་བཅུ་ལས་འགོར་གྱི་མེད་སྟབས། ང་ཚོའི་ངོས་ནས་ཀྱང་བཀའ་བློན་ཁྲི་པའི་ཡུན་ཚད་དང་། བཀའ་བློན་ལྷན་ཚོགས་བསྐོ་བཞག་བྱེད་སྟངས་ལ་བསྐྱར་ཞིབ་དང་བཅོས་བསྒྱུར་ཞིག་དགོས་པར་མཐོང་གི་ཡོད། ཅེས་བརྗོད་བྱུང་།

 

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་སུ། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་ཐོའི་ནང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ལ། “བདེན་པ་ཉིད་རྒྱལ་གྱུར་ཅིག ”ཅེས་པ་སོགས་ཐ་སྙད་སྐོར་ཞིག་ལ་བསྒྱུར་བཅོས་བཏང་ཡོད་པའི་ཐད་བསམ་ཚུལ་གང་ཡོད་དྲིས་པར་ཁོང་གིས།  བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་འདས་པའི་ལོ་རྒྱུས་ཡོད་པའི་བོད་གཞུང་གི་མིང་ཞིག་ཆགས་ཡོད་པ་རེད། ཡིན་ནའང། ༸གོང་ས་མཆོག་གིས་ང་ཚོའི་གཞུང་ཞིག་གི་མིང་མིན་པར་༸རྒྱལ་མཆོག་སྐུ་ཕྲེང་ལྔ་བའི་སྐབས་ཀྱི་བླ་བྲང་ཞིག་གི་མིང་དེ་གཞུང་གི་མིང་ལ་འགྱུར་བ་ཡིན་ཚུལ་གསུངས་ཡོད་སྟབས། ང་ཚོའི་ངོས་ནས་ལོ་མང་པོ་ཞིག་ལ་དགའ་ལྡན་ཕོ་བྲང་གི་མིང་དེ་བེད་སྤྱོད་བྱས་པའི་དབང་གིས་མུ་མཐུད་བེད་སྤྱོད་བྱ་དགོས་ཞེས་ཨུ་ཚུགས་རྒྱག་དགོས་པ་ཞིག་མ་རེད། དེ་སྔའི་དགའ་ལྡན་ཕོ་བྲང་གཞུང་ལ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་མིང་གསར་དུ་བཏགས་པ་དེས་བོད་གཞུང་དགའ་ལྡན་ཕོ་བྲང་རྩ་བ་ཉིད་ནས་མེད་པ་བཟོས་པ་དང་། སྒོ་བརྒྱབ་པ་དེ་འདྲ་མ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་དེ་བླ་བྲང་ཞིག་གི་མཚན་ཡིན་པའི་ཆ་ནས་མུ་མཐུད་གནས་ངེས་རེད། ང་རང་གི་ངོས་ནས་དེ་གནད་འགག་ཆེན་པོ་ཞིག་ཏུ་མཐོང་གི་མེད། ༧གོང་ས་རྒྱལ་བ་རིན་པོ་ཆེའི་མཚན་གནས་ལ་འགྱུར་བ་ཕྱིན་པ་དང་མཉམ་དུ། བོད་གཞུང་གི་མིང་ལའང་འགྱུར་བ་ཕྱིན་ཆོག་གི་རེད། ད་ལྟའི་བར་མཚན་དེ་བེད་སྤྱོད་བྱས་བསྡད་པ་དེ་ཡང་༸གོང་ས་མཆོག་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་དང་། ཁོང་ཉིད་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་བླ་བྲང་དེ་ཉིད་ནས་བྱུང་བ་ཞིག་ཡིན་པའི་ཆ་ནས་རེད། 

ད་ལྟའི་ཆར་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་པ་དང་ལྷན་དུ། བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་གསར་པའི་གཞུང་དེ་ལའང་མཚན་གསར་ཏུ་བཏགས་ན་འོས་འཚམ་ཞིག་ཏུ་གཟིགས་ཀྱི་ཡོད་པ་རེད། དེར་བརྟེན། ང་རང་གི་ངོས་ནས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པའི་དུས་སྐབས་སུ་གཞུང་མུ་མཐུད་གནས་ཀྱང་། གཞུང་གི་དབུ་ཁྲིད་དེ་དགའ་ལྡན་ཕོ་བྲང་གི་མི་ཡིན་དགོས་པའི་ངེས་པ་མེད་སྟབས། དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མཚན་དེ་མུ་མཐུད་འཇོག་དགོས་པའི་ངེས་པ་མི་འདུག་དྲན་ཡོད། མ་འོངས་པར་༸གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པའི་བཀའ་འཁྲོལ་ཐོབ་པ་དང་མི་མང་གི་ངོས་ནས་མོས་མཐུན་བྱུང་བ་ཡིན་ན། ད་ལྟའི་བདེན་པ་ཉིད་རྒྱལ་གྱུར་ཅིག ཅེས་པ་དེ་ཆབ་སྲིད་ཀྱི་ལྟ་སྟངས་ཐོག་ནས་བཏང་སྙོམས་ཀྱི་སྒང་ལ་གནས་འདུག་བསམ་གྱི་ཡོད། བདེན་པ་ཟེར་བ་དེ་ཚང་མར་དགོས་པ་ཞིག་དང་དངོས་ནས་བདེན་པ་ཡིན་པ་ཞིག་ལ་གོ་དགོས་དུས། རྒྱལ་ཁབ་ཞིག་གི་ནང་དུ་བདེན་པ་ཡོད་པ་ཡིན་ན། ཕྱོགས་ཡོངས་ནས་ཡག་པོ་ཡོང་བའི་གཞི་རྩ་ཞིག་ཆགས་ཡོད། ང་རང་གི་ངོས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཚབ་ལ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་འབོད་པ་དེ་ཡང་དག་པ་ཞིག་དང་། དེ་ལས་ལྷག་པའི་ཚིག་གཞན་ཞིག་ཡོང་ཁག་པོ་རེད་བསམ་གྱི་ཡོད།  སྤྱི་ཡོངས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཟིན་ཐོ་དེ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གཙོས་པའི་ཚོགས་ཆུང་གི་ངོས་ནས་ཡག་པོ་བཟོས་འདུག་མོད། ཕྱོགས་གཞན་ཞིག་ནས་ཟིན་ཐོ་དེ་བརྒྱུད་དེ་མ་འོངས་པར་ང་ཚོར་དཀའ་ངལ་ཞིག་འཕྲད་སྲིད་པ་རེད་དྲན་ཡོད། གང་ཡིན་ཞེ་ན། རྒྱལ་ཁབ་གཞན་ཡིན་ན། བཅའ་ཁྲིམས་ནང་གསལ་བའི་ལས་འགན་དང་དབང་ཚད་ཆ་བགོས་བྱེད་སྐབས། གྲོས་ཚོགས་གོང་འོག་གཉིས་དང་འཛིན་སྐྱོང་། ཁྲིམས་ཞིབ་ཁང་བཅས་ཆ་བགོས་བྱེད་ས་མང་པོ་ཞིག་ཡོད་པ་རེད། ང་ཚོར་གྲོས་ཚོགས་གོང་འོག་གཉིས་མེད་པའི་དབང་གིས་དབང་ཚད་ཆ་བགོས་བྱེད་ཕྱོགས་ལ་དཀའ་ངལ་འཕྲད་སྲིད་པ་རེད།  ཅེས་བརྗོད་བྱུང་།

 

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 11

  1. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བོད་རྒྱལ་། ཡང་ན་ བོད་གཞུང་རྒྱལ་ ལྟ་བུ་ལས་ (ཕྱོགས་ལས་རྣམ་) ཟེར་བ་དེ་ཚིག་མཐོས་ག་ཙམ་ལས་དོན་དག་མེད་འདུག་།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    གོང་གི་དེ་དག་ལས། བོད་གཞུང་ཕྱོགས་ལས་རྣམ་རྒྱལ། ལེགས་
    ངས་བསམ་ཚུལ་ལ་བོད་དང་ དམངས་གཙོ། གཞུང་བཅས་ཀྱི་ཆ་གསུམ་དགོས་པས། ཡང་དག་པའི་མང་གཙོའི་གངས་ཅན་གཞུང། ཡང་དག་མངས་གཙོའི་བོད་གཞུང་ ཞེས་ན་གང་འདྲ་འདུག
    སྤྱིར་དེ་སྔའི་མིང་རང་འཇགས་བཞག་ན་མི་འགྲིག་པ་གང་འདུག་སྙམ་མོ།།

    Reply
  3. ཁྱུང་དཀར says:
    ལོ་ 14 སྔོན།

    ང་ཚོའི་གཞུང་འཛིན་པ་ཚོ་ཐབས་སྐྱོ་བོ་འདྲ་ཞིག་འདུག་ལ་འོས་འཚམས་ངང་ནས་གཞུང་མིང་ཞིག་ཀྱང་གཏམ་འབེབས་བྱེད་ཐུབ་ཀི་མེད་ཀི །དེས་ན་ངས་ཁྱེད་ཚོར་མིང་དོན་མཚུངས་པའི་མིང་ཞིག་སྟེར་ཀི་ཡིན། << བོད་དམངས་གཙོའི་གཞུང >>་ཟེར་ན་ཡག་ཤོས་རེད།

    Reply
  4. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བོོད་གཞུང་རྩེ་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།

    བོད་གཞུང་རབ་བརྟན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།

    བོད་གཞུང་ཕྱོགས་ལས་རྣམ་རྒྱལ།

    གང་རུང་ཞིག་མ་གཏོགས་སྨོན་ལམ་བརྒྱབ་པའི་ཚིག་རྒྱལ་ཐིག་ནང་བཅུག་ན་དེང་གི་མི་ཡི་བསམ་བློ་དང་ཡོངས་སུ་འགལ་བར་སྙམས་།

    ཡང་ན།
    བོད་བདེན་པ་རྒྱལ་བ།

    མདོར་ན་(བོད་)ཞེས་པའི་ཐ་སྙད་ཞིག་མེད་ན་རྒྱལ་ཁབ་དེའི་གཞུང་གི་མཚོན་དོན་གཏན་ནས་མེད་པར་སེམས།

    Reply
  5. ནད་པ says:
    ལོ་ 14 སྔོན།

    ཕྱི་ལོ་ ༢༠༡༡ ཟླ་ ༠༣ ཚེས་ ༡༤ ཉིན་༸ གོང་ས་མཆོག་གིས་དངོས་སུ་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞག་ནས་གྲོས་ཚོགས་སུ་གསུང་འཕྲིན་བསྩལ་ཡོད། ད་དུང་མི་ལོ་ ༣༦༩ ཕྱིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བ་དེ་མེད་པ་བཟོ་བ་དང་ཐ་ན་མིང་བསྒྱུར་བྱེད་དགོས་པའི་གནས་སུ་གྱར་ཡོད།

    དེ་ལ་རྒྱུ་རྐྱེན་གཉིས་ཡོད་པ་སྟེ་གཅིག་ནི་ཕྱི་རྐྱེན་ལ་ཐུག་ཡོད། དེ་ནི་ད་ལྟའི་རྒྱ་ནག་ནི་ཆེས་ཤིན་ཏུ་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་ཏུ་འགྱུར་བཞིན་པ་མ་ཟད་བོད་རང་བཙན་དང་། ཞི་བའི་གྲོས་ཆར་ལྔ། དབུ་མའི་ལམ། རང་སྲིད་རང་སྐྱོང་། བོད་རྒྱ་ཞི་འགྲིག་སོགས་ཕྱོགས་གང་ས་སྤྱི་ཐད་ནས་ད་བར་གྲུབ་འབྲས་ཤིག་ཐོན་མ་ཐུབ་པར་བོད་ཀྱི་དཀའ་ངལ་དེ་མུ་འཐུད་ལྷག་བཞིན་ཡོད་པ་དེར་ཐུག་ཡོད།

    གཉིས་པ་དེ་ནང་རྐྱེན་ཡིན། དེ་ནི་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནས་བཙན་བྱོལ་དུ་ཕེབས་མ་ཐག་པ་ནས་བཟུང་གསལ་བསྒྲགས་བསྐྱངས་ཏེ། ང་གང་དུ་ཡོད་སར་ངས་མགོ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་དེ་རུ་ཡོད་ལ་དེར་བོད་མི་དམངས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད་ཅེས་བཀའ་བསྩལ་ཡོད།

    དེར་བརྟེན་ནས་གཞི་ལུས་བོད་མི་ས་ཡ་དྲུག་གིས་རང་གི་གཅེས་པའི་ཚེ་སྲོག་སོགས་བློས་བཏང་བྱས་ནས་རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་པ་ནས་བཟུང་ད་བར་༢༠༡༡ ལོའི་བར་བོད་ས་ཡ་གཅི་དང་འབུམ་ལྷག་གི་ཚེ་སྲོག་ཤོར་ཡོད།

    འོན་བཏང་ཕྱི་ལོ་ ༡༩༦༠ ནས་༢༠༡༡ བར་གྱི་དུས་ཡུན་མི་ལོ་ཧྲིལ་པོ་ལྔ་བཅུའི་ནང་བཙན་བྱོལ་བོད་གཞུང་དང་སྐྱབས་བཅོལ་བོད་མིའི་གནས་བབ་སྤྱིའི་ཐོག་ནས་ཞིབ་འཇུག་བྱས་ན་༸ གོང་ས་མཆོག་གིས་བཀའ་སློབ་གང་གནང་བའི་འོག་ཏུ་ལམ་སྟོན་ཤར་བསྐྱོད་ཡག་པོ་ཞིག་རྩ་བ་ནས་བྱས་མེད་པ་དེར་ཐུག་ཡོད།

    དེ་ཡང་རྒྱ་མིས་སྡུག་སྦྱོང་དང་བཙན་འཛུལ་བྱས་པའི་ཤ་ཁྲག་གཅིག་ཏུ་འདྲེས་ཤིང་བོད་རིགས་སྐྱབས་བཅོལ་སྤྱི་མཚུངས་སུ་ཆགས་པའི་གནས་སྟངས་ཐབས་སྡུག་དེའི་འདྲའི་འོག་ཏུ་ཡང་སོ་སོའི་བོད་གཞུང་དགའ་དགའ་ལྡན་ཕོ་བྲང་དང་དེའི་བླ་ན་མེད་པའི་ཚེ་རབས་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸གོང་ས་མཆོག་ལ་ངོས་ལེན་མེད་པའི་རྣམ་འགྱུར་འོག་ནས་ཁམས་པའི་ཚོ་ཁག་ ༡༡ དང་། དབུས་གཙང་གི་ཚོ་ཁག་ ༢ ཨམ་མདོའི་ཚོ་ཁག་ ༡ བཅས་ཁྱོན་ཚོ་ཁག་བཅུ་གསུམ་དང་། ཆུ་བཞི་སྒང་དྲུག དོལ་རྒྱལ། ཆོལ་ཁའི་གླེང་རྙོག ཆོས་ལུགས་སོགས་ཀྱིས་གླེང་རྙོག་རྫོགས་མཐའ་མེད་པ་ཞིག་གིས་ཁྱོན་མི་ལོ་ཧྲིལ་པོ་ ༥༠ ནང་མགོན་པོ་གང་ཉིད་ལ་དཀའ་ངལ་ཚད་ལས་འདས་པ་ཞིག་བཟོས་ཡོད།

    ད་དུང་མགོན་པོ་གང་ཉིད་ཀྱིས་བཙན་བཅོལ་བོད་ཕྲུག་ཚོར་ཆེད་དུ་གཟིགས་རྒྱང་རིང་པོས་ཇི་ལྟར་མ་ཡིས་བུ་ལ་བརྩེ་བས་སྐྱོང་བ་ལྟར་གང་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱི་འོག་འབྲས་དང་ལྡ་ལིས་གསོ་སྐྱོང་གནང་ཏེ་མི་རབས་གསར་པའི་ན་གཞོན་ཤེས་ཡོན་ཅན་དང་རྒྱལ་གཅེས་པ་ཡིན་ཟེར་མཁན་ཚོས་ཀྱང་ཁོང་ཉིད་ལ་མཚན་སྨད་དང་ཟུར་ཟ་སྐྱོན་བརྗོད་སོགས་རབ་དང་རིམ་པ་མང་དག་གཅིག་ཐོན་དང་ཐོན་བཞིན་ཡོད།

    སྔོན་མ་ཞིག་ནས་༸ གོང་ས་མཆོག་གིས་ངས་མ་ཤི་བར་དུ་བོད་བསྟན་སྲིད་ཀྱི་འགན་འཁུར་གྱི་རེད་ལ་ཁྱེད་ཚོས་ཀྱང་ཧུར་ཐག་འབད་ཐག་བྱོས་ཨ་ཞེས་ཡང་ཡང་གསུངས་ཡོད། བར་སྐབས་ཤིག་ནས་བོད་གཞི་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་མུ་འཐུད་ནས་འགན་འཁྱེར་གྱི་རེད་དེ་ནས་བོད་དུ་ལོག་མཚམས་གཞི་ལུས་བོད་མི་ཚོས་གཙོ་བོ་འགན་འཁུར་གྱི་རེད་ཅེས་ཡང་ཡང་གསུངས་ཡོད།

    དེ་ནས་ཕྱི་ལོ་ ༢༠༠༡ ནས་བཟུང་ང་ཕྱེད་རྒན་ཡོལ་དུ་བསྡད་ཡོད་ཅེས་ཡང་ཡང་གསུངས་ཡོད། མི་དམངས་ཀྱིས་ཐད་ཀར་འོས་དེམས་བྱས་པའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཀྱང་སྐབས་དང་པོའི་ལས་ཡུན་ལོ་ལྔ་བསྐྱངས་ཡོད། ༢༠༠༥ ལོར་བསྐྱར་དུ་འོས་འདེམས་བྱུང་ནས་མི་ལོ་ཧྲིལ་པོ་བཅུ་ལྷག་དགའ་ལྡན་ཕོ་བྲང་གི་དབང་ཆའི་རྩེ་མོར་བཟུང་ནས་མུ་འཐུད་དེ་ཐུབ་མ་ཐུབ་དང་འཇོན་མ་འཇོན་ལ་མ་ལྟོས་པར་མི་ལོ་ ༣༦༩ ལྷག་ཕྱིན་ཟིན་པའི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་དུ་དབྱིངས་བཞུགས་ནས་མུ་འཐུད་དེ་སྲིད་དབང་གི་རྩེ་མོར་སྐུ་བཞུགས་གནང་ཡོད།

    འོན་ཀྱང་བློ་ཕང་པ་ཞིག་ལ་ཁོང་གིས་བློ་རིག་གྲུང་པོས་གང་ཐུབ་ཀྱིས་དགའ་ལྡན་ཕོ་བྲང་དེའི་རྙོག་འཛིན་ཆེ་བའི་ཆབ་སྲིད་བསྐྱངས་ཏེ། ཤེས་ཡོན་ལམ་སྟོན་གྱི་སྲིད་ཇུས་དང་། དཔལ་འབྱོར་ལས་ཁུངས་སྒེར་བདག་ཅན་དུ་བསྒྱུར་བ། བོད་མིའི་སྲོལ་རྒྱུན་སོ་ནམ་ཞིང་ལས་ལ་སོགས་པའི་གནད་དོན་གལ་འགངས་ཆེ་བའི་སྲིད་ཇུས་མང་དག་གཅིག་ལམ་ལྷོང་དུ་མ་ཕྱིན་པར་མཐར་ཕམ་ཉེས་ལྟ་བུར་སོང་ནས་གྲུབ་འབྲས་དོན་སྙིང་ལྡན་པ་ཞིག་བྱུང་མེད།

    ད་དུང་བཙན་བྱོལ་བོད་མིའི་མི་དམངས་ཀྱི་འཚོ་བ་དངོས་ལ་དེ་ཙམ་གྱིས་ཕན་ནུས་ལྡན་པའི་ཡར་རྒྱས་དང་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་མངོན་འགྱུར་ཅན་མ་བྱུང་སྟབས། ཐེངས་གསུམ་པའི་བཀའ་ཁྲིར་བོད་མི་རྣམས་ཀྱིས་ལོ་ན་རྒན་གྲས་དང་ཉམས་མྱོང་ཡོད་མིན་ལ་མ་ལྟོས་པར་ན་གཞོན་བློ་བཟང་སེང་གེ་བཀའ་ཁྲིར་བདམས་དགོས་ཐུག་ཡོད།

    བློ་བཟང་སེང་གེས་ཀྱང་གཅིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་བཅས་ཀྱི་དར་ཆ་ཐོན་པོར་འགྲེངས་ཏེ་བོད་གཞུང་དགའ་ལྡན་ཕོ་བྲང་གི་དབང་ཆའི་རྩེ་མོར་འཛེགས་བཞིན་ཡོད་པ་དེར་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ཐོག་ནས་བལྟས་ན་དགེ་སྐྱོན་གཉིས་ཡོད།

    ཡིན་ནའང་བློ་ཕམ་པ་ཞིག་ལ་ད་ཆ་ཐེངས་གཉིས་པའི་བཀའ་ཁྲི་ཟམ་དོང་རིན་པོ་ཆེས་བྱུང་ན་གཅིག་དང་མ་བྱུང་ན་གཉིས་བྱས་ཏེ་ཚ་ཚ་འུར་འུར་གྱིས་ཐོག་ནས་ཁོ་རང་མཇུག་བསྡོམས་རྒྱག་ལ་ཉེ་བའི་སྐབས་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་མེད་པ་བཟོ་བ་དང་། བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་པ་ལ་སོགས་པའི་གནད་དོན་གལ་ཆེན་འདི་ཟླ་༣ ཚེས་༡༤ ནས་ ཟླ་ ༥ ཚེས་༢༣ ནང་ཁྱོན་ཟླ་བ་གཉིས་དང་ཉི་མ་ ༩ ནང་གི་དུས་ཡུན་ཐུང་ཐུང་ཅན་ཞིག་གི་མི་ལོ་ ༣༦༩ སོང་བའི་དགའ་ལྡན་ཕོ་བྲང་དང་། བོད་མི་ས་ཡ་དྲུག་གི་ཕྱི་ཤ་ཁྲག་དང་ནང་གློ་སྙིང་ནང་དུ་གཅིག་ཏུ་སིམས་པའི་༸ གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དབང་དང་། མཚན་གནས། རྗེས་འབྲེལ་བཅས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ལས་དབང་ལ་ཐུག་པའི་གནད་དོན་གལ་འགངས་ཅན་དེ་ཐག་གཅོད་བྱེད་བཞིན་འདུག

    དགའ་ལྡན་ཕོ་བྲང་གི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་སྐྱབས་མགོན་སྐུ་ཕྲེང་ ༡༣ དགོངས་པ་རྫོགས་ལ་ཉེ་བའི་སྐབས་སུ་སྨོན་ལམ་ལོག་པའི་དམ་སྲི་དུག་པ་ཅན་དོལ་རྒྱལ་གྱིས་དགུ་རྫོགས་གནམ་གང་ཡིན་ཞེས་དགའ་བཞིན་སྤྲོ་བཞིན་སྐད་བཟང་ཐོན་པོས་བསྒྲགས་ཡོད། དེ་དང་འདྲ་མཚུངས་སུ་ཕྱི་ཟླ་ ༣ ཚེས་ ༡༤ ཉིན་༸ གོང་ས་སྐུ་ཕྲེང་ ༡༤ ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་ད་ནས་བཟུང་མེད་པ་བཟོ་དགོས་པ་དང་། ཕྱོགས་ལས་རྣམ་རྣམ་རྒྱལ་ཟེར་བའི་དམ་ཕྲུག་དེ་ཡང་ད་ལྟ་བདེན་པ་ཉིད་རྒྱལ་རྒྱུ་ཅིག་ཅེས་དགའ་དགའ་སྤྲོ་སྤྲོའམ་ཚ་ཚ་འུར་འུར་ངང་ད་ལྟའི་བཀའ་སྤྱི་གཉིས་ཀྱིས་གྲུབ་པའི་ཚོགས་ཆུང་ཞིག་གིས་དབང་ཆ་ཆ་བགོས་དང་བསྒྱུར་བཅོས་བྱེད་བཞིན་ཡོད་པ་དེར་ཞིབ་ཏུ་བསམས་ན་དེ་ནི་བོད་མི་རིགས་ཀྱི་ལས་དབང་དང་༸གོང་ས་མཆོག་ལ་མཚོན་ན་བཀྲ་ཤིས་པའི་བྱ་བ་ཞིག་གཏན་ནས་མིན།

    དེར་བརྟེན་ད་ཆ་བཀའ་ཁྲི་ཐེངས་གསུམ་པ་བློ་བཟང་སེང་གེ་ནི་རྒྱ་མིས་སྔོན་མ་ནས་རེ་བ་བྱས་པ་ལྟར་ཡུལ་གྱར་སྲིད་གཞུང་ཟེར་བ་དེར་ངོས་ལེན་མེད་ལ་བོད་ཀྱི་གནད་དོན་ཟེར་བའང་མེད། ཏྰ་ལའི་བླ་མ་དང་ཆེས་མང་ནའང་ཁོང་གི་ཉེ་འཁྲིས་སུ་ཡོད་པའི་བོད་མི་ཉུང་ཤས་ཤིག་གི་གནད་དོན་ཐག་གཅོད་བྱེད་རྒྱུར་སྒོ་ཕྱེ་ཡོད་ཡོད་ཅེས་པ་ལྟར་འདི་ནས་བཙན་བྱོལ་བོད་མིའི་གཞུང་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་པ་ཅན་ཞིག་ཏུ་གྱུར་པ་དེ་རེད།

    རྟགས་དང་རྟེན་འབྲེལ་ངན་པ་ཅི་ཞིག་འགྲིག་མིན་ལ་མ་ལྟོས་པར་རྡ་རམ་ས་ལའི་གནས་འདི་ནས་ཚེས་༢༣ ཉིན་བོད་རྒྱལ་ཡོངས་མི་དམངས་ཚོགས་ཆེན་འཚོགས་ནས་ཤ་ཁྲག་དང་རུས་པར་གཅིག་ཏུ་འཐིམ་པའི་མི་ལོ་ ༣༦༩ ཕྱིན་པའི་བོད་གཞུང་དགའ་ལྡན་ཕོ་བྲང་མེད་པ་བཟོས་ནས་མཇུག་བསྡོམས་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལས་ཐམ་རྟགས་ཅན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དེ་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་པ་ཞིག་བསྒྱུར་བཅོས་བྱེད་པ་དང་།

    ཕར་ཕྱོགས་རྒྱ་ནག་གཞུང་གིས་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ ༩༠ དང་ བོད་ཞི་བས་བཅིངས་གྲོལ་བཏང་ནས་ལོ་ ༦༠ འཁོར་བའི་དགའ་སྟོན་གྱི་རྟེན་འབྲེལ་ཞིག་ཚེས་ ༢༣ ཉིན་བྱ་རྒྱུ་ཡིན་པ་དེ་མ་བསྒྲིག་ལྷུན་འགྲུབ་གྱིས་དུས་གཅིག་ཏུ་ཏག་ཏག་འཁེལ་འཁེལ་འདུག

    ཀིརྟི་སྒྲོལ་དཀར་ལྷ་མོས་བཤད་པ་ལྟར། མངའ་དབང་ལྡན་པ། དབང་ལྡན་འཛིན་སྐྱོང། སྨྲ་དབང་། དེ་བྱུང་རིག་པ། བྱུང་རབས། ངེས་སྟོན་པ། ལེགས་བྱང་། མང་གཙོ། ཁྱད་ལས་པ། ཉེ་བའི་རིགས་བདག་སོགས་མིང་ཚིག་གོ་རྒྱུར་དཀའ་ལས་ཁག་པོ་འདི་འདྲ་ཅན་དང་ད་དུང་ཐེངས་འདིར་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཅེས་སྨོན་ལམ་བཏོན་གྱིན་ཡོད་པའི་བཟོ་འདྲ་པོ་འདི་འདྲ་བྱེད་དགོས་དོན་གང་ཡིན་མི་ཤེས།

    ད་དུང་ཨ་ཚོགས་ཀླུ་མཁར་གྱིས་བཤད་པ་ལྟར་བཀའ་བློན་ཡུན་ཚད་བསྟུད་མར་ག་ཚོད་ཐུབ་ཐུབ་བྱེད་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་གཏན་འབེབ་བྱེད་བཞིན་པ་དེ་སྲིད་དབང་སྒེར་གཅོད་ཅན་ཞིག་གིས་བྱེད་སྟངས་རེད། དེའི་ནང་བཀའ་བློན་གྱི་ལས་ཡུན་ཐེངས་གཉིས་བསྟུད་མར་གནང་མཁན་ཚོགས་ཆུང་ནང་དུ་བཀའ་བློན་ཐུབ་བསྟན་ལུང་རིགས་ཚུད་ཡོད།

    དེ་བཞིན་ད་རེས་བཀའ་ཁྲི་གསར་པས་ཕྱག་རོགས་བཀའ་བློན་རྣམས་ཐད་ཀར་བདམས་ནས་གྲོས་ཚོགས་སུ་མང་མོས་ཀྱིས་གསུམ་ཆ་གཉིས་ཀྱི་བརྒྱབ་སྐྱོར་མི་དགོས་པ་བཟོས་པ་དེ་ཡང་ཐད་ཀར་བཤད་ན་ཚོགས་གཙོ་སྤེན་པ་ཚེ་རིང་སྔོན་མ་བཀའ་བློན་དུ་བདམས་ཀྱང་སྟབས་མ་འགྲིག་པར་གྲོས་ཚོགས་ནས་དགའ་བྱས་པའི་གནད་དོན་དེ་ཚོར་ཐུག་ཡོད།

    བསྐྱར་བཅོས་དེའི་ནང་དུ་ད་དུང་སྨྲ་དབང་ཞེས་བོད་མིའི་མགྲིན་ཚབ་ཟེར་བའི་ཁུལ་བྱས་ཏེ་༸ གོང་ས་མཆོག་སྐུ་དབང་དང་གནས་བབ་མ་དགོས་ནའང་སྐུ་ཚབ་ཚོའི་གནས་བབ་དེ་མུ་འཐུད་དེ་རྒྱུན་འཛིན་དགོས་པའི་བཟོ་དྲ་པོ་ཞིག་བཀོད་འདུག་དེ་ཡང་ཚོགས་ཆུང་དེའི་ནང་དུ་རྒྱ་རི་སྒྲོལ་མ་ཚུད་ཡོད།

    གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་དག་གིས་བགྱིའོ། །ཞེས་དམ་བཅའ་ཞིག་བཞག་ན་ཚོགས་ཟུར་པདྨ་འབྱུང་གནས་ལའང་ཟུར་དུ་སྐུ་གྱོང་མི་རག་པའི་གདམས་ངག་ཟབ་མོའི་ཞལ་བཞེས་ཞིག་གནང་ཡོད་སྲིད་པ་རེད།

    ཡིན་ནའང་ང་དང་འདྲ་བའི་ཉམས་ཆུང་གི་བོད་འབངས་ས་ཡ་དྲུག་ལ་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་སླུ་བ་མེད་པ་གཅིག་པུ་དེ་ནི་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ཡིན་སྟབས། བོད་འབངས་ས་ཡ་དྲུག་གི་ངོས་ནས་༸ བོད་གཞུང་དགའ་ལྡན་ཕོ་བྲང་ཡོད་མེད་དང་། ༸ གོང་ས་མཆོག་ལ་ཆབ་སྲིད་ཀྱི་སྐུ་དབང་ཡོད་མེད། སྲིད་སྟེགས་ཀྱི་ཞབས་གཏེགས་ཡོད་མེད་ཅི་ཞིག་ལ་མལྟོས་པར་གང་ཉིད་ང་ཚོའི་སེམས་ཁོངས་ཀྱི་དྲིན་ཅན་ཉི་མ་རང་ཡིན་དེར་འགྱུར་བ་གཏན་ནས་མེད།

    ནམ་ཞིག་དྲིན་ཅན་གྱི་ཉི་མ་དེ་མ་བཞུས་པའི་སྔོན་དུ་གངས་ལྗོངས་ཀྱི་མཁའ་དབྱིངས་སུ་ཐེངས་གཅིག་ཤར་བའི་སྨོན་ལམ་ཉིན་མཚན་དུ་འདེབས་བཞིན་ཡོད་ལ་མཇུག་མཐར་མཚམས་སྤྲིན་དམར་སེར་གྱི་དྲྭ་བ་དཀྱིལ་འཁོར་སྤྲོ་སྣང་ལྡན་པ་ཞིག་འཆར་བའི་ལས་སྨོན་མཆིས།

    དེ་ཡང་ཆེས་རིང་ན་ལོ་ ༢༠ རྗེས་དང་མགྱོགས་ན་ལོ་ ༥ རྗེས་སུ་ཡིན་སྲིད། མོ་ལོ་ལྔ་དང་ཉི་ཤུའི་རྗེས་ནས་གནད་དོན་གསར་པ་ཁ་གསལ་ཅན་ཞིག་གིས་འོག་ནས་ཤར་བསྐྱོད་བྱེད་རྒྱུའི་རྟགས་དང་རྟེན་འབྲེལ་མང་པོ་བྱུང་དང་ཡོང་བཞིན་ཡོད་པ་དེ་དག་ཡིན།

    ༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
    རྒྱ་བོད་མཐུན་སྒྲིལ་ཁྲི་ལོར་བརྟན་པར་ཤོག

    Reply
  6. གངས་སྨྱུག says:
    ལོ་ 14 སྔོན།

    བོད་གཞུང་ཕྱོགས་ལས་རྣལ་རྒྱལ། བཏགས་ན་ཤིན་ཏུ་བཟང་པར་སེམས། དེས་ཆོལ་གསུམ་ཡོངས་ལ་ཁྱབ་པ་མ་ཟད། ཆོས་ལུགས་ཀྱི་སྐད་ཆ་རྩ་ནས་མེད།

    Reply
  7. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    གང་ལྟར་བདེན་པ་ཉིད་རྒྱས་གྱུར་ཅིག་ཟེར་བ་སོགས་སྨོན་ལམ་ཙམ་གྱི་བཅའ་བསྐྱར་བཅོས་ལ་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད་།
    མ་ཚད་བཅའ་ཁྲིམས་བསྐྱར་བཅོས་གནང་སྟངས་དེ་སྔར་དྲ་སོང་བསམ་གྱི་ཡོད་།

    Reply
  8. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བདེན་པ་ཉིད་རྒྱལ་གྱུར་ཅིག་ཞེས་པ་དེ་རྩེད་མོ་འདྲ་བོ་ལས་གཞན་མི་འདུག་།།
    ང་ལ་ཡོད་པ་འདི་རེད་། སྲོང་བཙན་བོད་གཞུང་།།
    ཡང་ན་བོད་རྩམ་ཟན་རྒྱལ་གྱུར་ཅིག་།།
    ལྟ་བུ་ཡིན་ག་འདྲ་འདུག་།།

    Reply
  9. གུང་རུ་འབྱོར་མཆོག says:
    ལོ་ 14 སྔོན།

    དོན་དམ་སྒྱུར་བཅོས་ཡོངས་བའི་རེ་བ་ཡོད་།།བོད་གཞུང་ཕྱོགས་ལས་རྣམ་རྒྱལ་ཞེ་མཚན་བཏགས་ན་སྙམ་།

    Reply
  10. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    གངས་ཅན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།

    ད་ནི་ངོ་མ་གངས་རིའི་ལྗོངས་ཡོངས་ལ་ཁྱབ་པའི་གཞུང་མཚན་ཉིད་པ་ཞིག་དང་། ཆོལ་གསུམ་མི་རིགས་ཀྱི་མཐུན་སྒྲིལ་ལ་སྨན་པའི་གཞུང་སྤྱི་ལ་ཁྱབ་པ་ཞིག་ཏུ་ཆགས་སོང་། འདི་ནི་རང་དོན་རྩད་ནས་སྤངས་པའི་ངེས་དོན་གྱི་དགེ་སྦྱོང་ཞིག་གི་བྱས་རྗེས་རེད་ལ། བོད་ལ་མང་གཙོའི་རང་དབང་མཚན་ཉིད་པ་ཐོབ་པའི་དན་རྟགས་ཀྱང་རེད། དེ་ཕྱིར་ང་ཚོའི་གཞུང་ནི་དེ་རིང་ནས་བཟུང་གངས་ཅན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འབོད་ན་མི་རུང་བ་ག་ལ་ཡོད།

    Reply
  11. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ༼བདེན་པ་ཉིད་རྒྱལ་གྱུར་ཅིག ༽ ཅེས་པ་ནི་དམིགས་ཡུལ་དང་རྩ་བ་མེད་པའི་བྱུང་རྒྱལ་དུ་སྨྲས་པའི་གཏམ་ཞིག་ལས་གཞན་གང་ཡང་མཐོང་མ་སོང་། ༼དབང་ལྡན་འཛིན་སྐྱོང་པ། མངའ་དབང་ལྡན་པ་༽ ཞེས་པ་དེ་ནི་དབྱིན་ཇི་དང་རྒྱ་ནག་གི་མི་རིགས་དག་གིས་བོད་སྐད་ཀྱི་གོ་རིམ་དང་མཐུན་པའི་ཚིག་བསྒྲུབ་ལེགས་པར་མ་རྟོགས་པའི་གཏམ་དང་གཅིག་མཚུངས་ཤིག་ལས་གང་ཡང་གོ་རྒྱུ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese