མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུཊ་དགོས་དོན་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

“གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན། ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད། གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་བཟུང་ངས་དཔྱ་ཁྲལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པུར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད” ཟེར།

གཟའ་པ་སངས་ཉིན་ངྷ་ས་ཉིན་སློབ་རྒྱལ་ཡུལ་ཆེན་མོའི་ཚོགས་ཁང་དུ་བསང་ཆུའི་འབྲུག་བྷེ་ལགས་ཀྱི་གཙོ་སྒྲུབ་འོག བོད་གཞུང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ་དང་འབྲེལ་ཏེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་ཅིང་། བགྲོ་གླེང་དེར་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་རྡོར་ལགས། བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས། དགུ་བཅུ་གསུམ་གྱི་ཚོགས་གཚོན་ཀླུ་མཁར་བྱམས་ལགས། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་བཅས་ཀྱིས་གཏམ་བཤད་གནང་སོང་།

བགྲོ་གླེང་གི་ཐོག་མར་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ ༼ དགའ་ལྡན་ཕོ་བྲང་གི་མིང་གནས་དང་བཅའ་ཁྲིམས། ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ཐོག་མར་དགའ་ལྡན་ཕོ་བྲང་གི་མིང་གནས་འདི་ཕག་གྲུའི་སྐབས་སུ་འབྲས་སྤོངས་དགོན་པ་རུ་རྡོ་ཁང་སྔོན་པོ་ཞེས་པའི་ཁང་ཆུང་ཞིག་ཡོད། སྐབས་དེར་ཕག་གྲུའི་རྒྱལ་ས་ལྷོ་ཁའི་སྣེ་སྡོང་ཕྱོགས་སུ་ཡོད་སྟབས། ཕག་གྲུའི་སྲིད་སྐྱོང་པ་ཚོ་ལྷ་སར་ཕེབས་སྐབས་རྡོ་ཁང་སྔོན་པོ་དེར་བཞུགས་གནས་བྱེད་ཀྱི་ཡོད་ཅིང་། རྗེས་སུ་ཕག་གྲུའི་རྒྱལ་རབས་བཅུ་གཅིག་པ་དབང་གྲགས་པ་བཀྲ་ཤིས་རྒྱལ་མཚན་གྱིས་༧རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་ལེགས་རྒྱ་མཚོར་ཕུལ་པ་ནས་༧རྒྱལ་དབང་རིམ་བྱོན་གྱི་བླ་བྲང་ཆགས་པ་དང་། ༧རྒྱལ་དབང་སྐུ་ཕྲེང་གསུམ་པའི་སྐབས་སུ་ཁོང་གི་ཕྱག་མཛོད་ཕུན་ཚོགས་རྣམ་རྒྱལ་གྱིས་རྡོ་ཁང་སྔོན་པོ་རྒྱ་བསྐྱེད་བཏང་སྟེ། དགའ་ལྡན་ཕོ་བྲང་ཞེས་བཏགས་ཤིང་། རྗེས་སུ་༧རྒྱལ་དབང་ལྔ་བ་ཆེན་མོས་བོད་ཀྱི་སྲིད་དབང་བཟུང་སྐབས་ཁོང་གི་བླ་བྲང་གི་མིང་དེ་གཞུང་ལ་སྦྱར་ཏེ། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་མིང་འདི་བྱུང་པ་ཞིག་རེད། ཅེས་དང་།

བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐད་ལ། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་པའི་བགྲོ་གླེང་དེ་ག་རེ་ཆགས་ཡོད་རེད་ཟེར་ན། དགའ་ལྡན་ཕོ་བྲང་གཞུང་འདི་གནས་མིན་དང་། མ་འོངས་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་གང་འདྲ་ཆགས་དགོས་པ། བཅའ་ཁྲིམས་བསྐྱར་བཅོས་ནང་འགྱུར་བ་གང་འདྲ་གཏོང་དགོས་མིན་སོགས་ལ་བརྟེན་ཐེངས་འདིའི་བོད་རྒྱལ་ཡོངས་ཚོགས་ཆེན་འཚོགས་དགོས་པ་དང་། ང་ཚོའི་སྤྱི་ཚོགས་ནང་དོ་སྣང་ཆེན་པོ་ཞིག་ཆགས་ཡོད། ང་ཚོའི་བཅའ་ཁྲིམས་བསྐྱར་བཅོས་ནང་སྔོན་གླེང་དང་དོན་ཚན་དང་པོ་ཞེས་པ་ཞིག་གསར་དུ་བསྣན་ཡོད། སྔོན་གླེང་ནང་གཙོ་བོ་བཙན་བྱོལ་དུ་ཆགས་པའི་གཞུང་འདི་ང་ཚོའི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པ་གསལ་བོ་འཁོད་ཡོད་པ་དང་། དོན་ཚན་དང་པོའི་ནང་༧གོང་ས་མཆོག་བོད་རྒྱལ་ཁབ་དང་མི་རིགས་གྱི་དབུ་ཁྲིད་དང་མཚོན་རྟགས་ཡིན་དགོས་པ་བཅས་གསལ་ཡོད་པ་དེ་བོད་རྒྱལ་ཡོངས་ཚོགས་ཆེན་བརྒྱུད་༧གོང་ས་མཆོག་ལ་ཞལ་བཞེད་ཡོང་པའི་སྙན་གསན་ཞུ་རྒྱུ་བཅས་རེད། ཅེས་བརྗོད་སོང་།

 

བསྟན་རྡོར་ལགས་ཀྱིས་ ༼ རྒྱལ་སྤྱིའི་འབྲེལ་ལམ་དང་བཅའ་ཁྲིམས ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། ང་ཚོའི་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་གྲུབ་འབྲས་ཕྱོགས་བསྡོམས་བརྒྱབ་ན། བཙན་བྱོལ་གཞུང་འདི་རེད། འདི་བོད་གཞིེས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་གཞུང་ཞིག་ཡིན་སྟབས། ཐེངས་འདིའི་བཅས་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་། བཙན་བྱོལ་བོད་གཞུང་གི་མིང་དེ་སྒྲིག་འཛུགས་ཤིག་གི་ཐ་སྙད་ལ་འགྱུར་བ་བཏང་འདུག འདི་ནི་ནམ་ཡང་ང་ཚོས་ཁས་ལེན་ཐབས་མེད་པ་ཞིག་རེད།

 ཟིན་བྲིས་ཚོགས་ཆུང་གིས་འགྲེལ་བཤད་ནང་བསྟས་ན། རྒྱུ་མཚན་གསུམ་གྱི་ཐོག་ནས་བཙན་བྱོལ་བོད་གཞུང་གི་མིང་ལ་འགྱུར་བ་བཏང་འདུག དང་པོ། མིང་ལ་འགྱུར་བ་བཏང་པ་ཙམ་ལས་དོན་ལ་འགྱུར་པ་མེད་ཅེས་དང་། གཉིས་པ། རྒྱ་གར་གཞུང་གིས་བསམ་ཚུལ་ཡོང་གི་འདུག་ཟེར་བ། གསུམ་པ། རྒྱ་ནག་གཞུང་གིས་ཁྱེད་ཚོའི་བཅའ་ཁྲིམས་ལ་བལྟས་ཡོང་དུས་རང་བཙན་རྩོད་ཀྱི་འདུག ཁ་བྲལ་རིང་ལུགས་རེད་འདུག ཁ་བྲལ་རིང་ལུགས་པ་དང་མཉམ་དུ་སྐད་ཆ་བཤད་འདོད་མེད་ཟེར་བ་འདི་གསུམ་རེད།   

ཚིག་དང་ཐ་སྙད་ཟེར་པ་འདི་ཆབ་སྲིད་དང་ཁྲིམས་ལུགས་གང་གི་ཆ་ནས་ཀྱང་ཧ་ཅང་གནད་འགག་ཅིག་ཆགས་ཡོད་སྟབས། ཐ་སྙད་ལ་འགྱུར་པ་ཐེབས་པ་ལས་དོན་ལ་སྔར་བཞིན་གོ་བ་ལེན་དགོས་ཞེས་པ་འདི་དངོས་ཡོད་དང་མི་མཐུན། གཉིས་པ་དེར་རྒྱ་གར་གཞུང་གིས་བསམ་ཚུལ་བཏོན་པ་ཞིག་ལ་ཁག་འཇོག་གི་འདུག སྤྱིར་བསམ་ཚུལ་བཏོན་ཚད་ལ་འགྱུར་པ་གཏོང་དགོས་དོན་མེད་ལ། ལྷག་པར་དུ་གོམ་པ་གཅིག་ཕྱི་ནུར་བྱ་དགོས་ཟེར་ན། དང་བླང་ཐོག་གོམ་པ་གསུམ་བཞི་ཕྱི་ནུར་བྱ་དགོས་དོན་མེད། གཞན་རྒྱ་ནག་གི་བཤད་པར་ཉན་བསྡད་ན། མི་ཞིག་ལ་མཚོན་ན་ང་ཚོའི་མིག་བཏོན། ཁ་རྣ་བཅད། རྐང་ལག་གཏུབ་རྒྱུ་དེ་རེད། དེ་ལས་ང་ཚོའི་ཕྱོགས་ནས་རྒྱ་ནག་ལ་ཕར་གནོད་ཤུགས་སྤྲོད་ཐབས་བྱས་ཏེ། ཁོང་ཚོས་བསམ་བློ་མི་གཏོང་རང་གཏོང་ཆགས་པ་ཞིག་བཟོ་དགོས་པ་རེད། ཅེས་བརྗོད་བྱུང་།

 

དེའི་རྗེས་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ ༼ བཅའ་ཁྲིམས་བསྐྱར་བཅོས་དང་ཚིག་སྦྱོར ༽ཐད་གསུངས་དོན། སྤྱིར་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་སྟོང་ཆ་དང་ཐལ་ཆེ་བའི་འབྲི་དོན། གོ་བརྡ་མ་འཕྲོད་པ་དང་ཚིག་སྦྱོར་མི་བདེ་བ་སོགས་མང་པོ་ཞིག་འདུག དང་པོ་ཐལ་ཆེ་པ་གཅིག་སྔོན་གླེང་ནང་གྲོས་མཐུན་དོན་ཚན་ ༡༧ ལུང་འདྲེན་བྱས་འདུག ༧གོང་ས་མཆོག་གིས་དོན་ཚན་ ༡༧ ཐེངས་མང་པོར་རྩིས་མེད་བཏང་པའི་ཁྱབ་བསྒྲགས་བྱས་ཡོད་བཞིན་དུ་རྩ་འཛིན་རང་བཞིན་གྱི་བཅའ་ཁྲིམས་སུ་བཀོད་པ་འདི་ཧ་ཅང་ཐལ་ཆེ་བ་རེད། གོ་བརྡ་མ་འཕྲོད་པ་ནི་དོན་ཚན་དང་པོའི་ནང་དུ། “༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་བ་མཆོག་ནི། འཕགས་པ་སྤྱན་རིས་གཟིགས་དབང་མི་ཡི་གཟུགས་སུ་བྱོན་པ།” ཞེས་བཀོད་པ་དེ་༧གོང་ས་མཆོག་ནི་སྤྱན་རིས་གཟིགས་ཀྱི་སྤྲུལ་པ་ཡིན། ཞེས་བཤད་ཀྱི་ཡོད་པ་རེད། འོན་ཀྱང་། ཚིག་དོན་དུ་དེ་ལྟར་གོ་བ་ཆགས་མེད། ཅེས་དང་།

སྟོང་ཆ་ཤོར་པའི་དཔེ་མཚོན་ཞིག་ནི། སྤྱི་བཏང་སྔོན་གླེང་དེའི་ནང་དུ་བཙན་བྱོལ་གཞུང་འདི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་པར་བཤད་ཀྱི་ཡོད་ཀྱང་། “ ཕྱི་ལོ་ ༡༦༤༢ ནས་བཟུང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་ཀྱི་སྲིད་དབང་བཟུང་པ་ཡིན། ༡༩༥༠ ལོར་༧གོང་ས་མཆོག་གིས་བོད་ཀྱི་མངའ་དབང་བཞེས་པ་ཡིན།” ཞེས་དང་། “༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ བཞག་པ་ཡིན།” སོགས་བཀོད་ཡོད་པ་རེད། ཚིག་དོན་འདི་དག་ལ་ཐད་ཀར་བལྟས་ཡོང་སྐབས་༧གོང་ས་མཆོག་གིས་མི་མཇོན་ནའང་བོད་ཀྱི་སྲིད་དབང་བཞེས་པ་དང་། སྲིད་དབང་བཞེས་པའི་སྐབས་སུ་སྲིད་དབང་ཤོར་བཅུག་པ་རེད། ཅེས་པ་ལྟ་བུ་ཞིག་མངོན་ཡོད། སྟོང་ཆ་ཆགས་སྟངས་ནི། གནས་སྟངས་གང་འདྲ་ཞིག་གི་འོག་བཙན་གྱིས་༧གོང་ས་མཆོག་ལ་སྲིད་དབང་བཞེས་བཅུག་པ་དང་། དེ་བཞིན་༧གོང་ས་མཆོག་གིས་སྒྱུར་བཅོས་ལེགས་བཅོས་གང་འདྲ་གནང་ཡོད་པ་དེ་དག་བོད་སྤྱི་ཚོགས་ཀྱི་དམངས་གཙོའི་དབུ་ཁྱིད་ཅིག་ཆགས་ཡོད་པ་དེ་དག་མེད་པའི་སྟོང་ཆ་ལྷག་ཡོད།  ཅེས་བརྗོད་སོང་།

 

ཀླུ་མཁར་བྱམས་ལགས་ཀྱིས་༼ བོད་ཀྱི་ཁྲིམས་སྲོལ་དང་བཅའ་ཁྲིམས ༽ སྐོར་ནས་གསུངས་རྒྱུར། ལོ་རྒྱུས་ཀྱི་ཐོག་ནས་བོད་མི་རིགས་འདི་ཁྲིམས་ལ་ཧ་ཅང་བརྩི་བཀུར་དང་མཐོང་ཆེན་བྱེད་མཁན་ཞིག་ཆགས་ཡོད། བོད་རྒྱལ་ཁབ་བཙུགས་པ་ནས་བཟུང་རྒྱལ་ཐོག་མང་པོར་ཁྲིམས་བཟོ་པའི་དུས་སྐབས་མང་པོ་བྱུང་ཡོད་པ་རེད། ལྷག་པར་དུ་སྲོང་བཙན་སྒམ་པའི་སྐབས་སུ་ཉིན་གཅིག་དུས་གཅིག་ལ་ཁྲིམས་བཟོ་ལག་བསྟར་བྱས་སྐབས། མངའ་ཁུལ་སོ་སོར་ཁྲིམས་བཟོ་ལྷན་ཚོགས་དང་ཁྲིམས་དཔོན་ཆེད་འཛུགས་ཐོག ཐ་ན་བྱིས་པ་ལོ་བརྒྱད་དང་རྫི་བོ་ཡན་ཚུད་པའི་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ཀུན་ལ་ཁྱབ་པའི་རྩ་ཁྲིམས་བཟོས་པའི་སྲོལ་བཟང་བྱུང་ཡོད། དེས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། དེ་རིང་ནང་བཞིན་མགོ་ནས་སྡོད་མཁན་རེ་ཟུང་ཞིག་གིས་ཁང་ཆུང་སྒོ་དམ་པོར་བརྒྱབ་སྟེ། ཁྲིམས་བཟོས་པ་ལྟ་བུ་ཞིག་མ་རེད། ཐེངས་འདིར་༧གོང་ས་མཆོག་གི་མཚན་ཐོག་ནས་ཆེད་མཁས་མི་སྣ་ཚུད་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆེད་འཛུགས་བྱས་ཏེ། སྔོན་མ་ནས་ཡོད་པའི་ཁྲིམས་ཀྱི་རྒྱུན་ཆད་མ་བཅུག་པའི་སྟེང་། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་བསམ་ཚུལ་འདུས་པའི་བཅའ་ཁྲིམས་ཟིན་བྲིས་འདེབས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།

ཡང་ཁོང་གིས། བོད་གཞུང་གི་མིང་སྒྲིག་འཛུགས་ཀྱི་མིང་ལ་བསྒྱུར་རྒྱུ་དེ་ཕར་གཞོག བཙན་བྱོལ་བོད་མིའི་གཞུང་ལ་བསྒྱུར་ན་འགྲིག་གི་མ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་འདི་དགེ་ལུགས་གཅིག་པུ་དང་དབུས་གཙང་ཙམ་གྱི་གཞུང་མིན་ཁར། འདི་ནི་མི་རིགས་མང་པོ་ཞིག་གི་གཞུང་ཡིན་པ་དང་། དགའ་ལྡན་ཕོ་བྲང་འཛུགས་མཁན་ཡང་དགེ་ལུགས་པ་དང་སོག་པའི་རྒྱལ་དཔུང་འོག་བཙུགས་པ་ཞིག་རེད། སོག་རྒྱལ་ཀུར་ཤཱི་བསྟན་འཛིན་ཆོས་རྒྱལ་གྱི་དམག་རོགས་འོག་དགེ་ལུགས་པའི་གཞུང་ས་དགའ་ལྡན་ཕོ་བྲང་བཙུགས་རྗེས་ཁོང་དང་ཁོང་གི་མི་སྡེ་ཚང་མ་༧གོང་ས་ལྔ་བ་ཆེན་པོའི་ཆབས་འབངས་སུ་ཕུལ་བར་བརྟེན། དེང་སྐབས་མཚོ་སྔོན་པའི་འགྲམ་དང་། འདམ་གཞུང་རྒྱུད་དུ་ཡོད་པའི་སོག་སྡེ་རྣམས་བོད་མིན་མོད། བོད་རྒྱལ་ཁབ་ཀྱི་ཆབས་འབངས་རྣལ་མ་རེད། དཔེ་དེ་བཞིན་ ༡༩༥༩ ལོར་༧གོང་ས་མཆོག་དབུས་བོད་མི་འབུམ་གཅིག་ལྷག་སྐྱབས་བཅོལ་དུ་ཡོང་སྐབས། བོད་ཀྱི་ཆབས་འབངས་བོད་རིགས་ཁ་ཆེ་པའང་མང་པོ་ཡོད། དེར་བརྟེན། བོད་དང་བོད་གཞུང་སྐོར་བཤད་ཡོང་དུས་མི་རིགས་བོད་རིགས་རྐང་པ་དང་། ཆོས་ལུགས་ནང་པ་རྐྱང་པ་ཙམ་ལས་བསམ་བློར་མ་འཁོར་ན་ཐབས་སྐྱོ་བོ་རེད། དེ་བས་བཙན་བྱོལ་བོད་མིའི་གཞུང་ཟེར་བ་འདི་འགྲིག་གི་མ་རེད། ཅེས་གཏམ་བཤད་གནང་སོང་།

 

མཐར་བགྲོ་གླེང་གནང་མཁན་ལྷ་བཟང་ཚེ་རིང་ལགས་ཀྱིས་༼ བོད་ཀྱི་འཐབ་རྩོད་དང་བཅའ་ཁྲིམས ༽ཞེས་པའི་སྟེང་བརྗོད་དོན། བོད་ཀྱི་འཐབ་རྩོད་ཟེར་དུས། བོད་ནི་སྔོན་མ་རྒྱལ་ཁབ་ཅིག་གི་མིང་རེད། ད་ལྟ་ས་ཁུལ་ཞིག་ཆགས་ཡོད་པ་རེད། རྒྱལ་ཁབ་དང་མི་རིགས་ལ་གཞུང་ཡོད་པ་ལས་ཁ་འཐོར་གྱི་མི་རིགས་ཤིག་ལ་གཞུང་ཞིག་གང་ན་ཡོད། འཐབ་རྩོད་ཟེར་དུས་དེ་ལ་ངེས་པར་དུ་དམིགས་ཡུལ་ཞིག་དགོས་པ་རེད། དེ་མེད་པར། དཔེར་ན་འཛམ་གླིང་ནང་གི་འགྲིམ་འགྲུལ་ལས་ཁུངས་ཡག་ཤོས་ཤིག་ལ་ཕྱིན་ཏེ། ང་ལ་གནམ་གྲུར་བསྐྱོད་པའི་ལག་འཁྱེར་ཡག་ཤོས་དེ་བཙོང་རོགས་ཞེས་བཤད་སྐབས། ག་པར་འགྲོ་རྒྱུ་ཡིན་ཞེ་དྲིས་ན། དེ་ཤེས་ཀྱི་མེད། ང་ལ་ལག་འཁྱེར་ཡག་ཤོས་དེ་བཙོང་རོགས་ཟེར་པ་དང་གཅིག་པ་རེད། སྔོན་ཡིན་ན་དམིགས་ཡུལ་རང་བཙན་གཅིག་ཡོད་པ་རེད། ད་ལྟའི་གཉིས་ཕན་དབུ་མའི་ལམ་ཟེར་པ་དེར་གཅིག་ནས་དམིགས་ཡུལ་ངེས་ཅན་མི་འདུག ཅེས་དང་།

ཡང་ཁོང་གིས་མུ་མཐུད། སྔོན་མ་ཡིན་ན་ང་ཚོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟེར་པ་ཞིག་ཡོད། ད་ལྟ་ངས་ཡིག་ཆ་འདིར་བལྟས་ཡོང་དུས་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཞེས་འཁོད་འདུག གཞུང་འདི་བཙན་བྱོལ་དུ་ཡོད་པའི་བོད་མི་ཙམ་གྱི་གཞུང་རེད་དམ། ཡང་ན་ཆབ་སྲིད་ཀྱི་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་བཙུགས་པའི་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པའི་གཞུང་རེད་དམ། དབྱིན་སྐད་དུ་ ( Is this a government in Exile or Is this a government of Tibetans in Exile? )  གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་འབུལ་རྒྱུ་མིན། ང་ཚོ་བཙན་བྱོལ་བ་གཅིག་པོར་སྐྱིད་སྡུག་གི་སྒྲིག་འཛུགས་ཤིག་དགོས་དོན་མེད། ཅེས་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༠ སྔོན་ལ།

མཆན། 31

  1. མངའ་རིས་བུ། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ལགས་ཀྱིས་གསུངས་པར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་གཙང་མ་ཡོད་འོན་ཀྱང་ཁྱེས་བཤད་པ་དང་མི་བུ་ཉུང་ཤས་ཤིག་གིས་རྒྱབ་སྐྱོར་བྱས་པ་ཙམ་གྱིས་ཁྱེད་ཀྱིས་བསམ་དོན་དང་ཁྱེད་ཀྱི་བཤད་པར་གྲུབ་འབྲས་ཐོན་རྒྱུ་དཀའ་བར་སྣང།
    འོན་ཀྱང་ཉིན་གཅིག་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བཤད་པ་ཐམས་ཅད་ད་ལྟ་དངོས་ཡོད་གནས་ཚུལ་དུ་ཆགས་པ་དང་ཁོང་ད་ཆ་སྐད་གྲགས་ཆེ་བའི་བོད་ཀྱི་ལོ་རྒྱུས་སྨྲ་བའི་དབང་པོར་ཁས་ལེན་དང་གུས་བཀུར་ཞུ་བཞིན་ཡོད།
    དེ་བཞིན་ཁྱེད་ཀྱིས་བཤད་པ་དེ་ཚོའང་སྔ་སྔ་ཕྱི་ཕྱི་མ་གཏོགས་མྱོགས་མྱུར་དུ་བོད་མིས་ཧ་གོ་དོན་རྟོགས་དང་རྨོངས་དད་ཆོེས་ཞེན་དེ་དག་ཡོངས་སུ་སེལ་ཏེ་ཁྱེད་ཉིད་མི་རིགས་ཀྱི་མ་འོང་ལུང་དུ་སྟོན་མཁན་ཞིག་ཏུ་འགྱུར་བར་གདོན་མི་ཟ།
    ད་ལྟ་བོད་མི་འདི་དག་ཆོས་ཞེན་གྱིས་ཀླད་པ་ཡོངས་སུ་བཏུམས་ནས་གནས་ཡོད།
    ད་ལྟའང་རྨོངས་གཉིད་ལས་བསལ་མེད།
    ཁྱེད་ལོས་བདེན།
    བོད་ཀྱི་གནད་དོན་ཅེས་པ་དང་བོད་ཀྱི་མ་འོང་དམིགས་ཡུལ་ནི་བོད་མི་ཡོད་དོ་ཅོག་ལ་ཁེ་ཕན་བསྒྲུབ་དགོས་པ་ལས་ཆོས་ཁས་ལེན་པའི་བོད་མི་གཅིག་པོར་ཆོས་དད་རང་མོས་ཙམ་ཅིག་ཐོབ་པ་ཙམ་གྱིས་ག་ལ་འགྲིག།
    མ་ཟད་ནང་ཆོས་ལ་མི་དད་ཅིང་ཆོས་ལུགས་གཞན་ལ་དད་མཁན་བོད་རིགས་ཡེ་ཤུ་བ་དང་ཁ་ཆེ་བ་ལས་སོགས་དང་ཆོས་ལུགས་ཁས་མི་ལེན་པའི་བོད་རིགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།
    མི་རིགས་ཀུན་ཁྱབ་ལ་ཕན་པའི་བོད་དོན་ཞིག་བསྒྲུབ་པའི་སྒྲུབ་ཐབས་ལ་བརྩོན་རོགས།
    ཆོས་ལུགས་ཡན་འགར་བ་ཞིག་གིས་ཆེད་དུ་བོད་དོན་བདེན་མཐའ་སེལ་ཕྱིར་ཡིན་ཚེ་དེ་རིང་ནས་བོད་མི་ཡི་གྲལ་ནས་དགོངས་པ་ཞུག་གི་ཡིན།

    Reply
  2. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་དང་ཛ་དྲག་གི་འཕོས་འགྱུར་ཆེའི་དུས་སྐབས་འདིར་
    བོད་མི་རིགས་ཀྱི་ཤ་ཁྲག་བསྲེས་པའི་གདོང་དམར་ཅན་ཞིག་ཡིན་ན་བོད་ཀྱི་རྩ་དོན་དང་རང་དབང་གི་ཆེད་དུ་རང་སྲོག་ཕངས་མེད་དུ་གཏོང་མི་ཐུབ་ན་ཡང་ཕན་པའི་ཚིག་སྣ་རེ་
    ལས་བཤད་མི་ཤེས་ཀྱང་དུས་མཚམས་ཀྱི་གོ་སྐབས་དང་ལེན་ཐོག་གང་ཐུབ་ཅི་ཐུབ་ཀྱིས་ནུས་པ་མངོན་རྒྱུ་ནི་འོ་ཅག་གི་འོས་འགན་རེད། དེས་ན་དྲ་གྲོགས་དག་ལ་རེ་སྐུལ་ཞུ་རྒྱུ་ནི
    བོད་རིགས་རྩམ་ཟན་ཞིག་ཡིན་པ་དང་།
    བོད་རྒྱལ་ཁབ་ལ་དུང་སེམས་ཤིག་ཡོད་ན་བྱིས་བློ་ལ་གང་འཆར་དང་གང་དྲན་བཤད་མི་རུང་།ཪིགས་ཚོར་མེད་པ་དང་ཤེས་པ་རང་བཞིན་དུ་མི་གནས་ན་དམིགས་བསལ་རེད།དུས་ཚོད་དང་དངུལ་དོན་མེད་འཕྲོ་བརླག་ཏུ་འགྲོ་རྒྱུ་ལས་གཞན་གང་ཡང་མི་འདུགཡིན་ན་ཡང་དམ་སྲི་དོལ་རྒྱལ་གྱིས་ཕྲིན་ལས་བསྒྱུད་རྒྱ་སྒོར་ཆར་པ་བབ་མཁན་ཞིག་ཡིན་ན་གང་བཤད་རང་དབང་དང་སྟོང་བཤད་དང་བཀྲུགས་གཏམ་བཤད་གང་ཐུབ་བྱེད་རྒྱུ་དེ་ཁྱོད་ཀྱི་ལས་འགན་ཡིན་རྒྱུ་རེད་

    Reply
  3. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཧོབ་དེ་བསྟས་ན་གཏན་འདྲ་བོ་རེ་བཤད་འདུག འོན་ཀྱང་བོད་མི་ཕར་ཆེར་བའི་འདི་འདྲ་བ་རེ་བཤད་ལོས་ཤེས། མ་གཞི་ནས་བདེན་པའི་ཆ་ཡང་མང་པ་འདུག་
    མང་ ཆེ་བ་ཞིག་མི་སྨྲ་བའི་ཚུལ་འཛིན་པ་ནི་རང་ཉིད་ལ་དེ་ལས་ལྷག་པ་ཞིག་བྱེད་རྒྱུ་མེད་པའི་ལོས་ཡིན། ཁཽ་བ་ཚོ་ནི་དེ་ལྟར་མ་ཡིན་པར་གཞུང་གི་བྱེད་སྒོ་ཅི་འདྲ་ཞིག་བྱས་ཀྱང་དེ་ལ་གནམ་ལྕགས་ཐོགས་འདྲ་བའི་སྐྱོན་རེ་གཏོང་རྒྱུ་ལས་རང་ཉིད་ཀྱི་ཅི་ཡང་བྱས་མེད་བྱེད་ཀྱང་མི་ཐུབ་པ་ཟ་ཟུར་ཚང་མ་ནས་མཐོང་བཞིན་པ་འདི་རེད།
    དེ་ན་ཁོ་བ་ཚོའི་གཞུང་ལ་སྐྱོན་ཅིག་གཏོང་ཐུབ་སོང་ན་ལས་དོན་ཆེ་ཞིག་འགྲུབ་སོང་བ་དང་རང་ཉིན་ཀྱི་ཡང་དཔེ་རང་བྱས་ཁུལ་གྱི་ཉལ་སར་བདེ་བར་གཟིམས་རྒྱུ་དེ་རེད་འདུག་གཱ

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལུང་ཚན་སྐྱིད་སྡུག་དགོས་ན། བཙན་བྱོལ་སྐྱིད་སྡུག་དེ་བས་ཀྱང་མི་དགོས་སམ། དེང་སང་བོད་མིའི་ཆབ་སྲིད་པའི་ཁ་ནང་མ་ཎི་གྲངས་གྲངས་བྱ་ཡ་དེ་ནི། སྐྱིད་སྡུག་མཉམ་མྱོང་དེ་མ་ཡིན་ནམ། ཡ་རྒྱལ་མེད་ན་ཚོགས་པ་མི་འཇིག་གམ། ཕྱེད་ཀུ་རེ་ཡིནད་ཀྱང་། གོ་དོན་མེད་པ་མིན་ལགས།

    Reply
  5. གསར་འབྱོར། says:
    ལོ་ 14 སྔོན།

    དངོས་གནས་ལྷ་བཟང་ཚེ་རིང་མཆོག་གི་སྐད་ཆ་ཐུང་ཐུང་འདིས་རྨོངས་བའི་མག་རིམ་ཁྲོད་ན་མགོ་འཁོར་ནས་སྡད་འདུག་པའི་བོད་མི་ཚོར་བླ་མེད་ཀྱི་ལམ་སྟོན་ཞིག་གནང་འདུག་པས་ངས་ཀྱང་ཁོང་གི་བསམ་ཚུལ་ལ་རྒྱབ་སྐྱོར་དང་དེ་ལྟར་བྱེད་འདོད་ཡོད།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    མི་ཉག་བཙན་པོའི་གནས་ལུགས་དང་མཐུན་པ་ཞིག་གསུངས་སོང་བས་དེ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། ད་དུང་ལྷ་བཟང་ཚེ་རིང་གིས་བཤད་སྟངས་ལྟོས་དང་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་དགོས་དང་མིག་རྒྱང་མི་མཐོང་བ་མ་ཟད་རྩ་ཁྲིམས་དང་བཅའ་ཁྲིམས་གཉིས་བར་གྱི་ངོ་བོ་དང་ཁྱད་པར་སོགས་ཅི་གང་ཤེས་ཀྱི་མེད་ཀྱང་དུ་རུང་ཉམས་འདྲ་ཞིག་སྟོན་ཁ་བྱས། རེད་ཡ་མི་ཁ་ཤེས་ཀྱི་མི་ཚེ་གང་བོར་རང་མཚང་ཟེར་བ་དེ་ཤེས་ཀྱི་ཡོད་ནི་མ་རེད་ལ་དགོས་མཁོ་ཡང་ཡོད་ནི་མ་རེད།

    Reply
  7. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ཀྱིས་གང་བཤད་བདེན་པ་རེད། ཡིན་ནའང་ཀྱག་ཀྱོག་ཆེ་བའི་འཇིག་རྟེན་འདི་ནས་ཁོང་ལ་བདེན་ཁ་མི་སྲིད་ཀྱང་། ཁོང་གི་ལྟ་གྲུབ་དང་གསུང་བཤད་དག་ཡིག་ལམ་དུ་འགོད་ཐུབ་ན་ཕྱི་ནས་ཕན་ཡང་སྲིད།

    Reply
  8. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    (གནས་ཚང་)ལགས་སུ་མདོར་ན་བོད་གཞིས་བྱེས་མཉམ་དུ་འཛོམ་པ་ལ་ཐབས་ཤེས་གང་གྲག་ཅི་གྲག་གི་འཚོལ་དགོས་ཀྱི། ང་གི་རྒྱ་མའི་རྒྱ་གང་། དབུ་ནག་བོད་ཀྱི་སྲོང་གོང་ཞེས་པ་དེས་ཕན་ལས་གནོད་ཚབ་ཆེ་ནས་གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་རྣམ་གཉིས་མིང་དང་གང་ཟག་ཁ་ཁ་ལས་དོན་གྱི་དགོང་གཞི་ཐ་དད་པ་ཞིག་གཏན་ནས་མ་རེད་སྙམས།
    དེས་ན་ང་ཚོ་བཙན་བྱོལ་བ་ཡོངས་རྫོགས་ལ་དགོས་རྒྱུ་རྒྱལ་ཁབ་ག་བ་ལ་སོང་ན་རྒྱལ་ཁབ་དེའི་ཁྲིམས་དང་མཐུན་དགོས་ལ་ཁྲིམས་ལ་གནས་དགོས། ལུགས་དང་མཐུན་དགོས་ཀྱི་ད་ལྟ་བར་དུ་གནས་ཚང་རྒྱ་གར་གཞུང་གི་ང་ཚོ་ལ་བཟོད་པ་བསྒོམ་པ་རེད་ད་དུང་ཁྲིམས་དང་མ་བསྟུན་ན་གལ་སྲིད་བཙན་བྱོལ་གཞུང་ཞེས་པ་ལ་རྒྱ་གར་བས་ཁ་མཆུ་ཆེན་པོ་ཞིག་གཙུག་ཤོར་བ་ཡིན་ན་དེ་དུས་བཙན་བྱོལ་བས་གང་བྱེད་དགོས་སམ།

    བོད་གཞུང་ཤོར་ཟིན་ནས་རྒྱ་གར་ལ་སྐྱབས་བཅོལ་བ་མ་ཡིན་ནམ་ད་རེས་ཀྱི་རྩ་ཁྲིམས་བསྐྱར་བཅོས་འདི་ལ་དགོས་པ་དང་རྒྱུ་མཚན་མང་པོ་ཞིག་ལྡན་ཡོད་པར་འདོད། བོད་ཀྱི་ལོ་རྒྱུས་རྒྱལ་རབ་ལ་དོ་ཕོག་ཡོང་བ་དང་དེ་བརྗོད་པ་ཡིན་ན་དེས་ཕན་གནོད་གང་བྱུང་ཡོད་ཚད་ཤེས་ཙམ་ཡོད་ནས་བཙན་བྱོལ་བོད་མི་ཡོངས་ཀྱི་ཁྲོད་ནས་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་གདམ་ཐོན་བྱུང་བ་ལས་ཟམ་གདོང་རིན་པོ་ཆེས་ང་བཀའ་བློན་ཁྲི་པ་བསྐོ་བཞག་བྱས་ན་གནམ་ས་བླ་འོག་བསྒྱུར་རྒྱུ་ཡོད་ཞེས་དང་པོ་ཉིད་ནས་ཆབ་བསྒྲག་ཤོག་སླེ་གཅིག་མེད་པ་མ་ཡིན་ནམ།

    རྒྱ་ནག་དང་བོད་མི་གཉིས་པོ་གང་མཐུན་མཐུན་དགོས་ཀྱི་མ་མཐུན་ན་སྡུག་གྱོངབོད་ལས་རག་རྒྱུ་ཉག་གཅིག་ལས་ལམ་འགགས་གཞན་པ་མེད་པ་སྒོང་མཐོང་ལེབ་མཐོང་མ་ཡིན་ནམ།

    བརྒྱ་བཤད་སྟོང་བཤད་གང་བྱས་ན། ནས་ལ་བབ་རྒྱུ་ཙམ་པ་ཡིན་དུས།

    མདོར་ན་རྒྱ་བོད་གཉིས་ཞི་བའི་སྒོ་ནས་ཕན་ཚུན་མཐུན་མ་ཐུབ་ན་ཐབས་ལམ་གཞན་པ་ཞིག་གི་ལམ་འགག་གཏན་ནས་མེད་པར་སེམས། གལ་སྲིད་ང་སྒེར་ངོ་ནས་བསམ་ཚུལ་ལྟར་བྱས་ན་ཐབས་ལམ་གཞན་པ་རྩལ་ན་ཡང་སྡུག་གྱོང་ལས་ཁེ་གང་ཡང་ཡོད་པར་མཐོང་གི་མེད།

    Reply
  9. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    ཀླུ་མཁར་བྱམས་ཀྱིས་རྒྱུ་མཚན་ཡེ་ནས་མེད་པའི་སྟོང་བཤད་ལ་བསྟས་ན་བོད་མི་རིགས་ལ་ཕན་པའི་བསམ་བློ་མེད་པ་དང་གནའ་རབས་ཀྱི་ལོ་རྒྱུས་ལ་ཤེས་རྒྱ་ཆུང་བའི་རང་མཚང་དམར་རྗེན་དུ་མངོན་འདུག་པ་དང་སྟོང་བཤད་ཀྱི་འབྲས་ལ་རྟགས་ལ་བརྟེན་ནས་ཧམ་བཤད་སྟོང་སྒྲའི་རྒྱབ་རྟེན་བརྒྱུད་མི་ཚེའི་མདུན་ལམ་འཚོལ་མཁན་ཞིག་ཡིན་པ་རྟོགས་མི་ཐུབ་མཁན་སུ་ཞིག་ཡོད།
    རྒྱལ་ཁབ་གཅིག་གི་རྩ་ཁྲིམས་གསར་བཟོ་དང་སྒྱུར་བཅོས་གཏོང་སྐབས་མི་དམངས་རེ་རེ་ངོས་རེའི་བསམ་འཆར་བསྡུས་ལེན་བྱས་པའི་ལུགས་སྲོལ་ནི་འཛམ་གླིང་ཐོག་དེ་སྔ་བྱུང་མྱོང་གཏན་ནས་མེད་པ་དང་སྲོང་བཙན་གྱིས་རྒྱལ་ཁྲིམས་བཟོས་སྐབས་མི་དམངས་རེ་རེ་ངོས་རེའི་བསམ་ཚུལ་བསྡུས་ལེན་བྱས་ཡོད་ཚུལ་ནི་ལོ་རྒྱུས་མ་རྟོགས་པ་དང་ཡང་ན་ཧམ་བཤད་ཁོ་ན་རེད།་སྟོང་བཤད་དེ་དག་ལ་གཞིགས་ན་ཁྲིམས་ལུགས་ཀྱི་རྨོངས་གཉིད་ལས་ད་དུང་གྲོལ་མེད་པའི་མགོ་བདེ་ཁྲེལ་མེད་ཞིག་ཡིན་པ་གསལ།
    མི་དམངས་ཀྱི་ངོས་ཚབ་གྲོགས་ཚོགས་དང་གྲོས་ཚོགས་ནང་མང་མོས་ཐོག་ཐག་གཅོད་བརྒྱུད་ཟིན་བྲིས་ཚོགས་ཆུང་བཙུགས་ཡོད།ཁྲིམས་ལུགས་སྤྱིའི་འགྲོ་སྟངས་ལྟར་བྱས་ན་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་རྣམས་མི་དམངས་ཀྱི་ངོས་ཚབ་དངོས་མ་ཆགས་ཡོད།
    ཟིན་བྲིས་ཚོགས་ཆུང་ནས་ཟིན་བྲིས་བཏབ་ནས་གྲོགས་ཚོགས་སུ་ཐག་གཅོག་དང་གཏན་ལ་འབེབ་དགོས་པའི་ཁྲིམས་བཟོ་ལམ་ལུགས་དེ་འཛམ་གླིང་སྤྱིའི་ཁྲིམས་བཟོ་ལམ་ལུགས་དང་མཐུན་པ་ཞིག་རེད།ཡིན་ན་ཡང་ཟིན་བྲིས་ཚོགས་ཆུང་བསམ་འཆར་རྣམས་ཟིན་བྲིས་བཏབ་ཐག་གཅོད་མིན་པ་དང་མཐའ་མ་མི་དམངས་དངོས་ཚབ་སྤྱི་འཐུས་རྣམས་ཀྱིས་ཐག་གཅོད་གཏན་འབེབ་གནང་གིས་ཡོད་ཙང་དེ་ཙམ་གྱི་སྟོང་བཤད་དང་ཧམ་བཤད་བྱེད་དགོས་དོན་མེད།
    སྡ་ས་གནས་ཚང་བྱེད་བཞིནཔ་དང་ཚོགས་པ་ཞིག་གི་འགན་ཁུར་མཁན་གཅིག་གིས་དེ་འདྲ་ཞིག་མི་ཤེས་པ་ཨེ་ཡིན།ད་དུང་མི་སྣ་རེ་ཟུང་གི་ཁང་ཆུང་ཞིག་ནང་སྒོ་བརྒྱབས་ནས་རྩ་ཁྲིམས་བསྐྱར་བཅོས་བྱས་ཚུལ་བཤད་པ་ནི་དངོས་ཡོད་བདེན་པ་ལས་བརྒལ་བའི་ཧམ་བཤད་མིན་ན་ནི་ཁོ་དེ་ཙམ་ཡང་མི་ཤེས་མཁན་གྱི་ཚོགས་གཞོན་དེ་ཡིན་པ་རེད།དབང་པོ་རྣམས་ཀྱང་གསལ་པོ་མེད་པའི་སྟོང་བཤད་ལ་དགའ་བའི་ཚོགས་གཞོན་དེ་ཡིན་ན་ཐང་།ནང་ཆོས་གཞུང་ལུགས་ལ་སྦྱང་པ་ཕྲ་མོ་ཙམ་ཡང་མེད་པ་ནི་ཁོ་བྲིས་པའི་རྩོམ་འཆལ་དེ་དག་ལ་བརྟེན་ནས་རྟོགས་ཐུབ།ཆབ་སྲིད་མི་ཤེས་པ་དང་དོན་དངོས་ཀྱང་ཁེ་ལེན་མཁན་གྱི་ཡིན་པ་ནི་སྟོང་བཤད་དེ་ལ་བརྟེན་ནས་རྟོགས་ཐུབ།

    Reply
  10. ནད་པ says:
    ལོ་ 14 སྔོན།

    འབའ་པ་སྐལ་བཟང་རྒྱལ་མཚན་གྱིས་ཕག་གྲུའི་སྐབས་འབྲས་སྤུངས་སུ་རྡོ་ཁང་སྔོནཔོ་ཞིག་ཡོད་པ་དེ་༸ སྐུ་ཕྲེང་གཉིས་པར་ཕུལ་བ་ནས་བཟུང་བླ་བྲང་ཆགས་ཏེ་དགའ་ལྡན་ཕོ་བྲང་ཆགས་པ་དང་༸ སྐུ་ཕྲེང་ལྔ་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དུ་གྱུར་པ་བཅས་སྐོར་གསུངས་འདུག

    དགའ་ལྡན་ཕོ་བྲང་ཟེར་བའི་ཐ་སྙད་འདི་ཇི་ལྟར་བྱུང་མིན་གསལ་བཤད་གནད་ལ་འཁེལ་བ་ཞིག་བྱུང་མི་འདུག སངས་རྒྱས་ཆོས་ལུགས་ཀྱིས་བོད་དེ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཅགིག་ཏུ་དབང་བསྒྱུར་བྱས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་དགའ་ལྡན་ཡི་དགའ་ཆོས་འཛིན་ལྷ་ཡུལ་ནས་འཇིག་རྟེན་འདིར་བྱོན་སྟབས། སྐབས་དེར་དགའ་ལྡན་གྱི་རྒྱལ་ཚབ་ཏུ་རྒྱལ་བ་བྱམས་པ་མགོན་པོ་བསྐོས་ཏེ་དབུའི་གཙུགས་ཏུ་མཆོད་རྟེན་དེ་རྒྱལ་ཚབ་ཏུ་མངའ་གསོལ་བའི་རྟགས་ཡིན། དེར་བརྟེན་འདྲེན་པ་མཉམ་མེད་སྟོན་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་རྗེ་བཙུན་མི་ཕམ་མགོན། །ཞེས་པ་ལྟར་འབྲས་སྤུངས་ཀྱི་ནང་རྟེན་གཙོ་བོ་དེ་བྱམས་པ་མཐོང་གྲོལ་ཡིན་པ་ཡོངས་གྲགས་རེད།

    སངས་རྒྱས་བཅོམ་ལྡན་འདས་དང་མ་འོངས་པའི་རྒྱལ་ཚབ་བྱམས་པ་མགོན་པོ་ཡང་དགའ་ལྡན་ལྷ་ཡུལ་ནས་བྱོན་དང་འབྱུང་བར་འགྱུར་བར་སོང་སངས་རྒྱས་ཆོས་ལུགས་ཀྱིས་ངོས་ནས་བཤད་ན་དགའ་ལྡན་ཟེར་བ་དེ་ནང་ཆོས་འབྱུང་རྩའི་ཁུངས་གཙོ་བོ་དེ་དགའ་ལྡན་ཆགས་ཡོད་སྟབས། བོད་ཀྱི་སྤྱི་ལ་ཁྱབ་པའི་སངས་རྒྱས་ཀྱི་ཆོས་དེ་དར་སྤལ་ཡོང་ཕྱིར་ཆོས་སྲིད་གཉིས་ལྡན་གྱི་གཞུང་དེའི་མིང་ལའང་བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་བཏགས་ཡོད།

    དེ་ཡང་བོད་ཆོས་ལྡན་གྱི་ཞིང་ཁམས་སམ་རྒྱལ་ཁབ་སྤྱི་ལ་ཁྱབ་པའི་ཆོས་སྲིད་གཉིས་ལྡན་གྱི་མིང་དོན་དེ་སྐབས་དེར་མཚུངས་པ་ཞིག་བཏགས་ཡོད། ལོ་རྒྱུས་ཐོག་ནས་བལྟས་ན་ཆེ་ཆུང་དང་ཁྱབ་ཚད་ལ་མ་ལྟོས་པར་དགའ་ལྡན་ཕོ་བྲང་ཟེར་བ་དེ་བོད་སྤྱི་ཡོངས་ལ་ཁྱབ་པའི་རྒྱལ་ཁབ་དང་མི་རིགས་གཅིག་གི་གཞུང་ཞིག་ཡིན་པ་སྨོས་ཅི་དགོས།

    དེ་ནས་བསྟན་འཛིན་རྡོ་རྗེས་བཤད་པ་ལྟར་བོད་གཞུང་དེ་གཞི་བྱེས་གཉིས་ཀྱི་ངོ་ཚབ་མཚོན་པའི་གཞུང་ཞིག་ཡིན་སྟབས། བཙན་བྱོལ་སྒྲིག་འཛུགས་ལ་མིང་བསྒྱུར་བྱས་པ་དེ་ནི་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད་ཅེས་པ་དེ་རེད།

    རྒྱ་མིས་སྔ་ཕྱིར་བཤད་པ་ལྟར་བོད་གཞུང་ཟེར་བ་དེར་ངོས་ལེན་མེད། བོད་ཀྱི་གནད་དོན་ཟེར་བའང་མེད། ཏྰ་ལའི་བླ་མ་དང་ཆེས་མང་ནའང་ཁོའི་ཉེ་འཁོར་དུ་ཡོད་པའི་མི་ཉུང་ཤས་ཤིག་གི་གནད་དོན་ཡིན་སྟབས་ག་དུས་ཡིན་ཡང་སྒོ་མོ་ཕྱེ་ཡོད་ཟེར། དེ་ནི་སྲིད་དོན་གྱི་འགག་རྩའི་ལྟ་གྲུབ་གནད་འགག་ཅན་ཞིག་ཡིན་གང་ཡིན་ཟེར་ན་དོན་དངོས་ཐོག་བོད་དེ་རྒྱ་ནག་གི་ཡིན་པ་དང་། བོད་གཞུང་ཟེར་བ་མེད་པ། ཡིན་ནའང་ཏྰ་ལའི་བླ་མ་དང་མི་འགའ་ཤས་ཟེར་བ་དེ་སྐད་ཆ་གསལ་པོར་བཤད་ན་བྲོས་བྱོལ་དུ་ཕྱིན་པའི་བཙན་བྱོལ་བོད་མི་ཚོར་ཟེར་བ་རེད།

    དེར་འདྲ་སོང་ཙང་ཏྰའི་བླ་མ་དང་བཙན་བྱོལ་བོད་མི་ཚོས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། བོད་གཞུང་ཟེར་བ་མེད་པ། བོད་ཀྱི་གནད་དོན་ཟེར་བ་མེད་པ་བཅས་ངོས་ལེན་བྱས་ན་ག་དུས་ཡིན་ཀྱང་སྒོ་མོ་ཕྱེ་ཡོད་ཟེར་བ་དེ་ཡང་སྐད་ཆ་དམར་པོར་བཤད་ན་གནད་དོན་དེ་དག་གང་མེད་པར་འགོ་རྟགས་ཞུས་ནས་ཕྱིར་རྒྱ་ནག་གི་བོད་ལྗོངས་སུ་ཕྱིར་ལོག་བྱས་ན་འགྲིག་གི་ཡོད་ཟེར་བའི་གནད་དོན་རེད།

    གོང་གསལ་གནད་དོན་གཙོ་བོ་བོད་རྒྱ་ནག་གི་ཡིན་པ་དང་། བོད་གཞུང་ཟེར་བ་དེ་འདྲ་མེད་པ། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་ཟེར་བ་མེད་པ་བཅས་གསུམ་ཁས་ལེན་གཙང་མ་བྱ་འདོད་ཡོད་མེད་དང་འགོ་རྟགས་ཞུས་ཏེ་ཕྱིར་བོད་དུ་ལོགའདོད་ཡོད་མེད་ཀྱི་གནད་དོན་དེར་ཐུག་ཡོད། གལ་ཏེ་དེ་ལྟར་བྱས་ཚེ་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ག་རེ་བྱས་ནས་ཡོད་དམ། བཙན་བྱོལ་བོད་གཞུང་ཅིའི་ཕྱིར་གཙུགས་ཡོད་དམ། གཞི་ལུས་བོད་མི་འབུ་ཕྲག་མང་པོའི་ཚེ་སྲོག་དཀའ་སྡུག་མྱང་དགོས་པ་དག་དག་རྒྱུ་མཚན་ཅི་ཞིག་ཡིན་མིན། མི་ལོ་ ཧྲིལ་པོ་ ༥༠ ནང་བོད་གཞི་བྱེས་གཉིས་ཁ་བྲལ་དགོས་པའི་རྒྱུ་མཚན། བོད་རྒྱ་ཆེའི་མི་དམངས་ལ་འགྲོ་ལམ་གཞན་གང་ཡང་མེད་པའི་གསལ་བཤད་ག་རེ་བྱས་བྱས་ནས་བྱས་མེད་དམ་ཟེར་བའི་གནད་དོན་དེ་ཚོར་ཐུག་ཡོད།

    བོན་རྒྱས་བཤད་པ་ལྟར་སྔོན་མ་༸ གོང་ས་མཆོག་གིས་གྲོས་མཐུན་དོན་ཚན་ ༡༧ རྩིས་མེད་དང་ང་གང་དུ་ཡོད་སར་ངའི་གཞུང་ཡོད་པ་དང་དེར་བོད་མིས་ཡིད་ཆེས་ཡོད་སྐོར་གསུངས་ཡོད།
    ད་ཆ་གྲོས་མཐུན་དོན་ཚན་ ༡༧ ངོས་ལེན་འདྲ་པོ་དང་ཕྱོགས་མཚུངས་གོ་དོན་ཐད་ཀར་རྟོགས་མི་ཐུབ་པའི་མིང་ཚིག་དང་ཁུངས་ལུང་གང་ཡང་མེད་པའི་བཙན་བྱོལ་སྒྲིག་འཛུགས་དང་བདེན་པ་ཉིད་རྒྱལ་རྒྱུར་ཅིག་ཟེར་བའི་མིང་ཚིག་ཁྱད་མཚར་ཅན་མང་པོ་བཙན་གནོན་བྱེད་བཞིན་ཡོད་པའི་བཟོ་འདྲ་པོ་འདུག

    ཡང་ཨ་ཚོགས་ཀླུ་མཁར་གྱིས་གནད་ལ་འཁེལ་བའི་ཚིག་ཅགི་བཤད་འདུག སྔོན་མ་བཙན་པོ་བོད་སྒམ་པོའི་སྐབས་སུ་བོད་ཀྱི་གཞི་རིམ་སྤྱི་ཚོགས་ནང་གླེང་བླངས་ནས་བོད་རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་གསར་དུ་བཟོས་ནས་རྫི་བོ་ཡན་ཆད་ཀྱིས་ངེས་ཤེས་འདྲོངས་པ་ཞིག་བྱུང་ཚུལ་སྐོར་དེ་རེར།

    ང་ཚོས་ཁང་ཆུང་ཞིག་གིས་ནང་ནས་བོད་མི་རིགས་ཀྱི་ཕྱིས་འབྱུང་ལས་དབང་ལ་ཐུག་པའི་གནད་དོན་འགངས་ཆེན་འདི་དག་གཞི་རིམ་མང་ཚོགས་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་དུ་གླེང་བླངས་ནས་བགྲོ་གླེང་བྱས་མཐར་གཞི་ནས་བཅའ་ཁྲིམས་གཏན་ལ་ཕབ་དགོས།

    དེ་ནས་ལྷག་བསམ་ཚེ་རིང་གིས་གལ་སྲིད་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཞིག་ཡིན་ཚེ་དཔྱ་ཁྲལ་འབུལ་གྱི་མིན་ཟེར་བའི་སྐད་ཆ་རྣོན་པོ་བཤད་འདུག
    གང་ཡིན་ཟེར་ན་གཞུང་ཞིག་ཡོད་ན་དེར་མི་དམངས་ཀྱི་དཔྱ་ཁྲལ་འབུལ་དགོས་ཀྱི་ཡོད་ལ་ཆབ་འབངས་ཀྱི་འོས་འགན་གལ་ཆེ་ཞིག་ཡིན། ཡིནནའང་ད་ནས་བཇུང་བོད་གཞུང་ཟེར་བ་མེད་པ་དང་། བོད་ཀྱི་གནད་དོན་ཟེར་བ་མེད་པ། བོད་རྒྱ་ནག་གི་ཡིན་པ་བཅས་ཁས་ལེན་བྱས་ན་ང་ཚོ་ཚང་མས་ད་ནས་བཟུང་དཔྱ་ཁྲལ་ཚང་མ་རྒྱ་ནག་འབུལ་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད།

    དེ་འདྲ་སོང་ཙང་ད་ནས་བཟུང་ག་རེ་བྱེད་དགོས་མིན་བསམ་ལོ་གཏིང་གཟབ་གཅིག་གཏོང་ཐུབ་པ་དགོས། ལམ་ནོར་ན་བསྐོར་ས་ཞིག་ཡོད་ལ། ཁ་ནོར་ན་བསྐོར་ས་ཞིག་མེད་ཅེས་པའི་གཏམ་ལྟར་ཡིན།

    Reply
  11. ལྗང་གཞོན། says:
    ལོ་ 14 སྔོན།

    སྔ་མའི་”བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་”ལ་མིང་བསྒྱུར་གྱིས་”བདེན་པ་ཉིད་རྒྱལ་གྱུར་ཅིག” ཅེས་བྲིས་ཡོད་པ་རེད། ཚིག་འདི་ནི་ཤོག་བྱང་སྟེང་འབྲི་རྒྱུའི་སྨོན་ཚིག་ཅིག་ཡིན་པ་ལས། རྒྱལ་ཁབ་ཅིག་གི་སྲིད་གཞུང་གི་མིང་གང་ནས་འོས་སམ། ཐ་ན་བོད་མཚོན་པའིཚིག་ཟུར་ཙམ་ཡང་མིང་འདིའི་སྟེང་ན་མི་འདུག་པ།

    Reply
  12. ལྗང་གཞོན། says:
    ལོ་ 14 སྔོན།

    བཙན་བྱོལ་གཞུང་ཞེས་བརྗོད་ཀྱང་མ་བརྗོད་ཀྱང་། མི་སྣ་རེ་ཟུང་ཞིག་གི་བསམ་སྦྱོར་གཉིས་ཀྱི་ཐེ་ཇུས་འོག་ན་འཁོར་བཞིན་པ་རེད། ཁ་ནས་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ནི་༧གོང་ས་མཆོག་གི་དགོངས་པ་དང་མཐུན་པ། མི་མང་གི་བསམ་ཚུལ། གཞིས་ལུས་མི་མང་གི་མངོན་འདོད། སོགས་ཁ་སྙན་པོ་རྐྱང་རེད། དོན་དུ་ཟིན་བྲིས་ཚོགས་ཆུང་གི་མངོན་འདོད་དང་སྲིད་ཇུས་ཤིག་ཆགས་ཡོད་པ་རེད།

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་རྒྱ་གཉིས་སྨན་དབུ་མའི་སྲིད་འཇུས་ཀྱིས་དངོས་གནས་རྒྱ་བོད་ཞི་འགྲིགས་ཞི་འཇགས་ལ་འབད་བརྩོན་མྱུར་དུ་བྱ་འདོད་ཡོད་ན། རྒྱ་གཞུང་ལག་དམར་བདུག་རྩུབ་ཅན་ལ་དྭོགས་འགྲོགས་མེད་པ་གཅིག་དང་། ཝ་མོ་ལྟ་བུའི་རྒྱའི་ངན་གཡོའི་སྲིད་འཇུས་གྱི་ཁག་དཀྲིས་བྱ་ཡུལ་མེད་པ་གཅིག་དགོས་གནད་ཆེན་པོ་མཐོང་ལགས།
    དེ་མིན་རང་བཙན་ལམ་ལ་འགྲོ་འདོད་གྱིས་མང་མོས་བྱུང་བ་ཡིན་ན། དེ་དེའི་ཚེ་འགྲན་ཐུབ་པའི་ཆབ་སྲིད་མིང་དོན་མཚུངས་པའི་བཙན་བྱོལ་སྲིད་གཞུང་གི་མིང་དང་། རྒྱལ་དར་རྒྱལ་གླུ་དང་བཅས་གསར་བཟོ་བྱ་དགོས་ཀྱང་། དེ་ལ་འགོར་ཡུན་གང་ཡང་ཡོད་མ་རེད་སྙམ་ལགས། དགེའོ། །

    Reply
  14. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ད་ང་ཚོ་ལ་ཡོད་པའི་དྲི་བ་འདི་རེད་ ད་ནི་ཟུང་བཙན་བྱོལ་དུ་ཡོད་པའི་བོད་གཞུང་ཟེར་བ་དེ་མིང་སྒྱུར་ནས་ཕྱི་ལ་ཡོད་པའི་བོད་མི་གཅིག་པུའི་ཆེད་དུ་ཡིན་། ཕྱི་ནང་གཉིས་གའི་བོད་མིའི་ཆེད་དུ་ཡིན་སྐད་ཆ་གསལ་པོ་དང་གཙང་མ་ཆགས་དགོས་ཡོད་།
    བོད་མི་ཚང་མའི་ཆེད་ཡིན་ན་ བོད་དང གཞུང་གཉིས་ག་ ཁྲིམས་དང་ལས་ཐམ་ཚང་མའི་ནང་ལ་ཡོད་དགོས་པ་ཡིན་། བྱེས་མི་དག་གི་ཆེད་ཡིན་ན་། ཇུ་རྟོག་མེད་།

    Reply
  15. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    བཙན་བྱོལ་བ་ལགས། འདི་གཉིས་ཀྱི་སུ་ལའང་ནོར་འཁྲུལ་ཆེན་པོ་མེད་པ་འདྲ། དོན་དངོས་ཐོག་བགྲོ་གླེང་འདི་གོ་སྒྲིག་ཞུ་མཁན་བསང་ཆུའི་འབྲུག་བྷེ་ཡིན་ཡང་། བགྲོ་གླེང་གཙོ་སྐྱོང་བྱེད་མཁན་ཡང་ཁོ་རང་ཆགས་ཡོད་སྟབས། སྐབས་དེར་ཁོས་ ” བོད་རིགས་ན་གཞོན་དང་བླང་སྐོར་ཞིག་གིས ” ཞེས་བརྗོད་སོང་། དེ་ནི་མང་ཚོགས་ལ་ཞུ་རྒྱུར་ཅུང་སྟབས་མ་བདེ་བ་མིན་འགྲོ

    Reply
  16. གནས་ཚང་། says:
    ལོ་ 14 སྔོན།

    སྨར་ཁམས་དཔའ་ལ་ལགས། གལ་སྲིད་ཁྱོད་རང་གི་བཤད་པ་དེ་ལྟར་ཡིན་ན། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཉེ་སྔོན་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་དང་མང་ན་ཁོའི་མཐའ་འཁོར་གྱི་མི་རེ་འགའི་མདུན་ལམ་ལས་གྲོས་མོལ་བྱེད་ཡ་ལྷག་མེད་ཟེར་སྲིད་དམ། ཟམ་གདོང་ཡབ་སྲས་ཀྱིས་འདི་ལྟར་གནང་དོན་ཡང་གསལ་བོ་མ་ཡིན་ནམ། ད་ཚང་མ་ལོ་སད་རན་མེད་དམ།

    Reply
  17. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གསར་འགོད་པ་སུ་འགྲིག་མིན་མི་ཤེས། བོད་ཀྱི་བང་ཆེན་དྲ་ཚིགས་ནང་དུ་ཚོགས་འདུ་དེ་དྷ་ས་མེག་གྷན་ཉིན་མོའི་སློབ་གྲྭ་རུ་ན་གཞོན་དང་བླངས་པ་ཁག་ཅིག་གི་གོ་སྒྲིག་འོག བོད་གཞུང་མང་ཚོགས་ཆེན་དང་བཅའ་ཁྲིམས་བསྐྱར་བཅོས་བྱེད་སྟངས་སྐོར་ལ་བགྲོ་གླེང་ཞིག་འཚོགས་ཡོད་པ་དང་། ཞེས་བཀོད་འདུག ཡང་བོད་ཀྱི་དུས་བབས་ནང་དུ་སྤེལ་སྐབས། ཚོགས་འདུ་འདི་ནི་བསང་ཆུའི་འབྲུག་བྷེ་ལགས་ཀྱི་གཙོ་སྒྲུབ་འོག་ཞེས་བཀོད་འདུག གང་ལྟར་ཚོགས་པ་གཉིས་ཀས་ཐུན་མོང་དུ་གོ་སྒྲིག་བྱེད་པ་ཡིན་ནམ། ཡང་ན། གསར་འགོད་པ་གཉིས་ཀྱིས་གསར་འགོད་པའི་ལས་འགན་ལས་བརྒལ་ནས་རང་ལྟ་ཕྱོགས་འཛིན་གྱིས་བཀོད་པ་ཡིན། མི་ཤེས་འདུག

    Reply
  18. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་གི་ཕྱི་ལུས་པོ་རྒས་ཡོད་ཀྱང་ནང་གི་སེམས་གཤིས་ད་དུང་གསོན་ཉམས་ལྡན་པ་ཞིག་འདུག སྔ་མོ་ལུས་པོ་ཐང་པོ་ཡིན་པའི་སྐབས་བོད་རྩ་དོན་གྱི་ཆེད་དུ་རང་གི་ནུས་པ་གང་ཡོད་ཀྱིས་ཕྱག་ལས་གནང་ཡོད། བར་ལམ་ཤིག་ནས་བོད་གཞུང་གི་རྩ་དོན་དེ་དབུ་མའི་ལམ་གྱི་ཐོག་བསྐྱོད་པ་དེ་ནས་བཟུང་སྟེ་ཁྱེད་འཇམ་ཐེང་ངེར་གྱུར་སོང་། ངོ་མར་ཁྱེད་ཀྱིས་བཤད་པ་བཞིན་ཐབས་ལམ་དབུ་མའི་ལམ་དམིགས་ཡུལ་ཐོག་བསྐྱོད་ནས་འཐབ་རྩོད་བྱེད་པ་ནི་དམིགས་ཡུལ་མེད་པའི་རྩོད་པ་དང་འདྲ་ཟེར་བཤད་འདུག་པ་ནང་བཞིན་རེད་འདུག

    Reply
  19. དབྱངས་ཅན་སྒྲོན་མ། says:
    ལོ་ 14 སྔོན།

    ད་ལྟ་ང་ཚོའི་མཁས་པ་དང་བསམ་བློ་བ་ཁག་གཅིག་གི་ཚོགས་འདུ་བསྐོངས་ཏེ་བསམ་ཚུལ་འདོན་ཡོད་པ་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཡོད།

    Reply
  20. མཁས་བཙུན། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་བཟང་ངོ་་་བདེན་ནོ་་་་་ངས་ཀྱང་དེ་ལྟར་དྲན་གྱི།

    Reply
  21. བསོད་ནམས། says:
    ལོ་ 14 སྔོན།

    གཞན་གྱིས་བསྟོད་སྨད་གང་བྱས་རུང་ཁྱད་པར་མེད། གཙོ་བོ་ཁ་ནས་བཤད་ཐུབ་པ་ཙམ་གྱིས་མི་འགྲིགས་པར་རང་ཉིད་ཀྱིས་འགོ་ཁྲིད་དེ་ལག་ལེན་བསྟར་དགོས་པ་གལ་ཆེ། དེ་ལྟར་བྱུང་ན་མི་མང་ནས་ཡིད་ཆེས་སླེབས་ངེས།

    Reply
  22. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བར་ཆད་རེད་ཡ་བར་ཆད་རེད།

    Reply
  23. ཐོ་རེངས། says:
    ལོ་ 14 སྔོན།

    ༼བཙན་བྱོལ་བོད་གཞུང་༽
    སྥྱིར་མིང་འདོགས་ཚུལ་མང་པོ་ཞིག་ཡོད་ནའང་། སྐབས་འདིར་བརྗོད་བྱ་དོན་དང་འབྲེལ་བའི་མིང་ཞིག་འཚོལ་གྱིན་ཡོད་པ་རེད། དེ་རྙེད་རྒྱུ་དཀའ་བར་སྣང་། རྒྱུ་མཚན་ནི་ང་ཚོའི་གཞུང་གི་ངོ་བོ་འདི་ཡིན་དང་དགོས་དོན་གསལ་པོ་མེད་པས་ཕྱིར།
    ད་དུང་༼བཙན་བྱོལ་བོད་གཞུང་༽ ཞེས་པའི་མིང་བརྗེ་དགོས་དོན་ནི། རྒྱ་ནག་སྲིད་གཞུང་གི་འདོད་བློ་བསྐང་ཕྱིར་ཡིན་ཚུལ་བཤད་འདུག དེས་ན་མིང་གསར་པ་དེ་ ༼ དམར་པོའི་ཡན་ལག་ཚོགས་ཆུང་། ༽ཞེས་བཏགས་ན་འགྲིག་པར་སེམས།
    སེམས་སྐྱོ་འོས་པ་ཞིག་ལ་བཙན་བྱོལ་བོད་གཞུང་གི་བསྒྲིགས་འཇུགས་དང་འཆར་གཞི་སོགས་ངེས་གཏད་མེད་པ་ཞིག་ཆགས་འོངས་ཀྱིན་ཡོད་པ་གསལ་བོར་ཤེས་ཐུབ།
    དེས་ན་རིག་གནས་སྲུས་སྐྱོབ་དང་།
    བོད་གཞི་ཕྱིས་མཉམ་འབྲེལ།
    ཕུགས་བདུན་སྲ་བརྟན་གཏོག་རོགས་འབོད་བསྐུལ་ཞུ་ཞུ་ཞུ།

    Reply
  24. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བསམ་ཚུལ་ཁ་ཤས་ལ་བལྟས་ན་ཐད་ཆེ་དྲག་མི་འདུག་གམ།
    མདུན་རྒྱབ་གཉིས་ཀ་ལ་བསམ་གཞིགས་གཏོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་ཡོད།

    Reply
  25. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    ཁ་བདེ་པོ་དང་ལྕེ་སྲབ་མོ་བཙན་བྱོལ་ནང་ནས་ཨ་ཡོད་ནང་གི་ད་ཡོད་སྒོ་ང་ནང་གི་སེར་ཐིག་ཚང་མ་སྐོང་འཚོགས་གནང་ཡོད་དུས། མཁས་པས་བཤད་ན་ཅི་ཡང་བདེན། །སྙན་ངག་བ་ལ་ཅི་ཡང་བརྒྱན་ཞེས་པ་བཞིན་ག་འདྲ་ཞིག་བཤད་པ་ཡིན་ན་དེ་བདེན་པ་འདྲ་ཞིག་ལས་མི་བདེན་པ་དང་ཁུང་མེད་ལུང་མེད་ཞིག་སུས་ཀྱང་མི་བཤད་ཁར་བདེན་པ་དང་དཔྱད་ཞིབ་ཅན་ལོས་ཡིན། ངས་བསམ་ན་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་འདི་དཔྱད་པ་ནང་ནས་དཔྱད་པ་ཆེས་ཕུལ་དུ་བྱུང་བ་དང་ཞིབ་ཕྲའི་སྔ་དཔྱད་ཕྱི་མཐོང་ཡོད་ཚད་བསྲེགས་བཅད་བརྟུལ་བའི་གསེར་བཞིན་མཐིལ་ཕྱིན་པའི་དཔྱད་པ་ནན་མོ་ཞིག་གི་སྒོ་ནས།
    སྒྱུར་བཅོས་བྱས་པ་ཡིན་ཙང་ཐ་སྙད་དང་བཅོས་བསྒྱུར་ཡོད་ཚད་ལ་སྐྱོན་དེ་ཙམ་མེད་པ་མ་ཚད་མཏར་གྱི་བདེན་པ་དེ་ཡིན་པར་སེམས། གང་ཡིན་ཞུ་ན་ང་ཚོ་བོད་མི་འདི་གཞིས་བྱེས་གཉིས་ཀྱིས་སོ་མཚམས་ཆེས་སྡུག་པོ་ཞིག་འབྱེད་སྡོད་པའི་སྐབས་འདི་ལ་གཞིས་བྱས་མཉམ་འཛོམ་ཀྱི་ཐབས་ལམ་སྐྱོན་བྲལ་ཡོན་ལྡན་ཞིག་ལ་སྒོ་ཀུན་ནས་གང་དྲག་ཅི་དྲག་ཞིག་གི་ཐབས་ལམ་འདི་ལྟ་བུ་ཞིག་ལ་བསམ་གཞིག་མ་བཏང་ནས་ནམ་མཁའི་སྟོང་སྒྲ་སྒྲོག་ཆེ་ན་མི་རིགས་ཀྱི་གཉན་འཕྲང་ཤིན་ཏུ་ཚབ་ཆེ་བའི་སྒང་འདི་ལ་བོད་གཞིས་བྱས་ཕུང་ལ་ངོ་མ་སྦྱར་བའི་ཉན་ཤིན་ཏུ་ཆེ་བས་དྲན་ཚད་ཤོད་པའི་ཐབས་ཐང་ཡོད་ཀྱང་ད་རས་ཞིབ་དཔྱོད་ཀྱི་སྒོ་ནས་ཐུགས་བསམ་ཡང་དག་པ་ཞིག་བཞེས་དགོས་པ་གནད་ཀྱི་དམ་པར་འཁུམ ངས་རང་སྨ་ཕབ་པ་མིན་ཀྱང་བོད་ཆོས་ལུགས་ཀྱི་འཆིང་བ་དམ་པའི་རྐྱེན་གྱིས་སྲིད་སྐྱོང་གི་ཕ་འབབ་ནི་རང་གཞན་སུ་ལ་ཡང་དེ་ཙམ་ཡོད་པའི་ཚོར་སྣང་མི་འདུག་པས་ཐག་བཅད་ཟིན་པ་ལ་མ་ཆོད་ནས་ཉ་སེ་ཀོ་སེ་མང་པོ་ཞིག་བཤད་བསྡད་ན་སྤྱི་ཚོགས་འདི་ལ་ཁྲིམས་ཀྱི་རྒྱབ་ལྗོངས་ནི་མེད་དེར་བརྟེན། ཡང་འཁྲབ་སྟོན་ཞིག་བཤམས་པའི་ཉན་འདུག་པས་ཕན་ཚུན་ཞིབ་དཔྱོད་ཀྱི་ཐུགས་བསམ་བཞེས་དགོས་པ་འདི་ནི་ཤིན་ཏུ་གལ་ཆེ་སྙམས།

    Reply
  26. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    འདི་ལྟར་རང་སྐེ་རང་གིས་བསྡམས་ནས་རང་གཞུང་དེ་ཡང་དང་བླངས་ཀྱིས་གཏོར་གཤིག་བཏང་བ་ཡིན་ན་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་སུ་བྱ་བ་ཅུང་མ་འགྲིག་པ་ཞིག་བྱས་སྐབས་ལམ་སང་རྒྱ་མིའི་སོ་བ་རེད་ཅེས་པའི་བཤད་ཚུལ་ཞིག་ཡོད། ད་ནི་བོད་རྒྱལ་ཁབ་ལ་གནོད་པ་ཐེབས་པ་དང་རྒྱ་མི་ལ་ཕན་པའི་བྱ་བ་བྱེད་མཁན་ནི་ཟིན་བྲིས་ཚོགས་ཆུང་འདི་ལས་ཐུ་བ་ཞིག་མི་འདུག་པས་ཚོགས་ཆུང་འདི་རྒྱ་མིའི་སོ་བ་ཨེ་ཡིན????? ཧ་ཧ་ཧ་ ཧ་ཧ་ཧ་ ཧ་ཧ་ཧ་ སྒོར་མོ་ག་ཚོད་རག་ཡོད་དམ། ཧ་ཧ་ཧ་ ་ཧོ་ཧོ་ཧོ་
    ཀུ་རེ་ཡིན། ངོ་མ་སོམས་དང་ང་ཚོས་འདི་ལྟར་རང་ལ་ཡོད་པའི་ཁྲིམས་མཐུན་གྱི་བདག་དབང་དེ་རྩ་མེད་བཏང་བ་ཡིན་ན་བོད་ཀྱི་ཐོག་ལ་བཙན་འཛུལ་གྱིས་དབང་སྒྱུར་བའི་རང་སྐྱོང་ལྗོངས་གཅིག་དང་ཞིང་ཆེན་བཞིའི་སྲིད་གཞུང་དེ་དག་དོན་གྱིས་ཁྲིམས་མཐུན་དུ་ངོས་ལེན་བྱས་པར་གྱུར་བ་མིན་ནམ།
    གང་ལྟར་བོད་མིའི་གཞུང་དང་གང་བོས་རུང་ཁྲིམས་མཐུན་གྱི་གཞི་རྩ་ཡེ་ནས་མེད་པར་གྱུར་བ་ཡིན་ནོ།
    མིང་ལ་ཁྱད་པར་མེད་དོན་གྱིས་བོད་ཕྱི་ནང་གཉིས་ཀྱི་རྩ་དོན་སྒྲུབ་མཁན་ཡིན་ཟེར་བ་ལ། འདི་ནི་སྔར་ནས་ད་བར་དུ་བྱུང་བའི་བོད་མིའི་ཆབ་སྲིད་ཀྱི་སེམས་ཁམས་ཀྱི་ཞན་ཆ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ཤོག་བུ་དཀར་བོའི་ཐོག་ཏུ་ཡི་གེ་ནག་པོ་བྲིས་ནས་བསྒྲགས་ཚར་དུས་བོད་རྒྱལ་ཁབ་ཀྱི་རྩ་དོན་སྒྲུབ་མཁན་ལ་ཇི་ལྟར་འགྱུར་རམ།

    Reply
  27. བསྟན་པ says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་ཀླུ་མཁར་བྱམས་གཉིས་ཀྱི་སྐད་ཆ་ལ་གསོན་ཉམས་འདུག་པས་དགའ་ནས་ཡོད། ཁོང་གཉིས་ནི་བཙན་བྱོལ་ནང་རང་བཙན་འཐབ་རྩོད་པ་འབུར་དུ་ཐོན་པའི་ཤེས་ཡོན་ཅན་གཉིས་རེད། དགའ་བསུ་རྗེས་སུ་ཡི་རངས་ཞུ།

    Reply
  28. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    གྲོགས་བསང་ཆུའི་འབྲུག་བྷེས་བོད་ཀྱི་ཆབ་སྲིད་ཀྱི་དཀྱོགས་མཚམས་འདིར། བོད་ཀྱི་ཆབ་སྲིད་ལ་དོ་སྣང་ཅན་གྱི་ཤེས་ལྡན་མི་སྣ་ཁག་ཅིག་བསྡུས་ཏེ་བགྲོ་གླེང་བྱས་པ་ནི་ཁ་ཚ་དགོས་གཏུག་ཅིག་རེད། སེམས་གཏིང་ནས་དགའ་བསུ་ཞུ། གཞན་འབབ་བ་སྐལ་བཟང་མཆོག་གི་གསུང་བཤད་ནང་གི་དགའ་ལྡན་ཕོ་བྲང་གི་བརྒྱུད་རིམ་དང་ལྷག་པར་སྐུ་ཕྲེང་གཉིས་པ་དགེ་ལེགས་རྒྱ་མཚོ་ཟེར་བ་ནོར་བ་རེད། དེ་ནི་གསར་འགོད་པ་སྐུ་ངོ་སུས་ནོར་ངས་མི་ཤེས། བཅོས་ན་དགེ་མཚན་ཆེ་བར་མཐོང་།དགེ་འདུན་རྒྱ་མཚོ་རེད།

    Reply
  29. བསྟན་པ says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་དང་ཀླུ་ཁར་བྱམས་གཉིས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ།ཁོང་གཉིས་ནི་བཙན་བྱོལ་གྱི་ཚབ་མཚོན་མི་སྣ་རེ་བ་ཅན་གཉིས་རེད།སྐད་ཆའི་ཚིག་རེ་རེ་ལ་གསོན་ཉམས་འདུག་ཡ།

    Reply
  30. གནས་ཚང་། says:
    ལོ་ 14 སྔོན།

    བགྲོ་གླེང་འདི་ནི་བོད་ཀྱི་ཤི་གསོན་ལ་ཐུག་ཡོད་པ་ཞིག་རེད། བོད་བཙོང་ནས་རང་དོན་སྒྲུབ་ཀྱི་ཡིན་ཟེར་མཁན་ཆ་ཚང་གི་ངོ་གདོང་ངོ་མ་དེ་ཕྱིར་འདོན་ཡོད། རྒན་ལྷ་བཟང་གི་དགོངས་ཚུལ་ཡག་པོ་ཞེ་དྲག་རེད། ༼གལ་སྲིད་བཙན་བྱོལ་བོད་མི་གཅིག་པུའི་གཞུང་ཡིན་ཚེ། ཉིན་དེ་ནས་ངས་དཔྱ་ཁྲལ་འབུལ་རྒྱུ་མིན། ༽

    Reply
  31. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    བགྲོ་གླེང་འདིའི་ནང་གུས་པ་ཡང་མཉམ་ཞུགས་གནང་ཡོད་པས་དེ་ཙམ་གྱི་ཕན་ཐོག་ཆེ་བའི་རེ་བ་ཞིག་མ་བྱུང་་་་་མ་ཚད་ཡང་སྤྱི་འཐུས་ལས་ཐོག་འབའ་པསྐལ་བཟང་རྒྱལ་མཚན་དང་ཀླུ་མཁའ་བྱམ་གཉིས་ནས་གཅིག་གི་གཅིག་ལ་ཟུར་གཟར་གྱི་གཏམ་གླེང་ཡང་བྱས་སོང་།
    དེ་རིང་མང་པོ་མི་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese