མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་སྔོན་མ་ཁས་ལེན་གང་བྱས་ཐམས་ཅད་ལ་འགྱུར་བ་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་མཆོག་ལ་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་རྗེས། བཞུགས་སྒར་ངྷ་རམ་ས་ལར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐོག་བཅར་ཡོད་པ་དང་། བཀའ་ཤག་ནང་སྔོན་འགྲོའི་ལས་རིམ་ཁག་ཅིག་སྒྲུབ་བཞིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ་འདི་གའི་གསར་འགོད་པའི་བཅར་འདྲི་ཞུས་ཡོད།

དྲི་བ། ཉེ་ལམ་དབུས་འོས་བསྡུ་ལྷན་ཁང་གིས་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བསྐྱངས་ཏེ། སྐུ་ཉིད་བཀའ་ཤག་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པར་འོས་ཐོབ་ཡོད་པ་མཁྱེན་རྟོགས་བྱུང་མ་ཐག་སེམས་ཚོར་གང་འདྲ་བྱུང་སོང་ངམ།

ལན། ཚོར་བ་ཤུགས་ཆེན་པོ་ཞེ་དྲག་བསླེབས་སོང་། མི་དེ་འདྲའི་མང་པོ་ཞིག་གིས་ཡིད་ཆེས་དང་རེ་བ་བཅོལ་ཏེ། ང་ལ་རྒྱབ་སྐྱོར་གནང་བ་རེད། སྔོན་འགྲོའི་སྐབས་སུ་ཡང་འོས་ཤོག་མང་པོ་ཐོབ་ཡོད་ཀྱང་། དངོས་གཞི་ལ་སྔོན་འགྲོ་ལས་ཀྱང་མང་བ་ཐོབ་ཡོང་སྐབས། མི་མང་ལ་སྔར་ལས་ལྷག་པའི་རེ་བ་དང་ཡིད་ཆེས་ཤིག་སྐྱེ་ཡོང་གི་འདུག ལྷག་པར་དུ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་མ་གནང་གོང་ལ། བོད་ནས་གཞས་བཏང་ཡོད་པ་ཞིག་གོ་སོང་ལ། འོས་གསལ་བསྒྲགས་བསྐྱངས་པའི་ཉི་མོར་ཡང་། ཨ་མདོ་ནས་༼ སེང་གེ་གསུམ ༽ཟེར་བའི་གཞས་འདྲ་བཏང་བ་ཐོས་སོང་། དངོས་གཞིའི་འོས་བསྡུའི་སྔ་ཕྱིར་བོད་ནང་གི་བོད་མི་མང་པོ་ཞིག་གིས་བསང་གསོལ་བཏང་བ་དང་། འོས་ཤོག་གསལ་བསྒྲགས་ཀྱི་ཉིན་མོར་སྤྲོད་སྐྱིད་གཏོང་བ་དང་། ཤོག་སྦག་སྒྲོན་གྱི་ཡོད་པ་སོགས་གོ་སོང་ལ། རྗེས་སུ་ང་ལ་ཡི་གེ་དང་འཚམས་འདྲིའི་ཁ་བཏགས་སོགས་བཏང་ཡོང་གི་འདུག དེ་དག་བརྒྱུད་དེ་སེམས་ཚོར་དང་སྤོབས་པ་ཆེན་པོ་ཞིག་བསླེབས་སོང་། ང་རང་གི་སེམས་ལ་དངོས་གནས་དྲང་གནས་ལྷག་བསམ་རྣམ་དག་དང་། སེམས་ཤུགས་བརྟན་པོས་ཐོག་ནས་དཀའ་ལས་རྒྱག་གི་ཡིན་བསམ་པ་ཞིག་བྱུང་སོང་། བསམ་པ་ཅི་བཞིན་ལམ་ལྷོང་ཡོང་བའི་སྨོན་ལམ་ཡང་བརྒྱབ་པ་ཡིན།

 

དྲི་བ། འོས་བསྡུ་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་ཁྲོད་སྐུ་ཉིད་ལ་འོས་ཤོག་མང་པོ་ཐོབ་པ་དང་། ཐེངས་འདིར་སྐུ་ཉིད་ལ་བཀའ་བློན་ཁྲི་པ་ཐོབ་དགོས་པའི་རྒྱུ་རྐྱེན་གང་ལ་ངོས་འཛིན་གནང་གི་ཡོད་དམ། 

ལན། བཙན་བྱོལ་བོད་མིའི་ཚོགས་སྒེར་མང་པོ་ཞིག་གིས་སྐབས་སྔོན་མ་དག་ལས་ལྷག་པའི་བགྲོ་གླེང་དང་གཏམ་བཤད་མང་པོ་གོ་སྒྲིག་ཞུས་ཡོད་པ་རེད། སྤྱི་ཡོངས་ནས་བཙན་བྱོལ་བོད་མི་ཚོའི་ཆབ་སྲིད་གོ་རྟོགས་མཐོ་རུ་འགྲོ་བཞིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན། བགྲོ་གླེང་དང་གཏམ་བཤད་རིམ་པའི་སྐབས་མི་མང་ཚོས་དོ་སྣང་ཆེན་པོ་དང་། ཁ་རྣ་མིག་གསུམ་བེད་སྤྱོད་ཡག་པོ་བཏང་སྟེ། གནས་ཚུལ་ཚང་མ་རྟོགས་པའི་ཐོག་ནས་སེམས་ཐག་བཅད་པ་དང་། གདམ་གསེས་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ནང་མི་གཅིག་ལ་མཚོན་ན། ཕ་མ་བུ་ཕྲུག་བཅས་ནང་མི་གསུམ་ཡོད་པ་ཞིག་གིས་རང་རང་གི་མོས་ཕྱོགས་ལྟར། འོས་མི་གསུམ་ལ་འོས་བླུགས་པ་རེད་ཟེར་བ་ཞིག་གོ་ཡོང་གི་འདུག འདི་ནི་དམངས་གཙོའི་གོ་རྟོགས་ཚད་མཐོན་པོར་བསླེབས་ཡོད་པའི་རྟགས་ཤིག་རེད། ལྷག་པར་དུ་ང་རང་གི་འོས་ཤོག་ཐད་ནས་དངོས་གཞི་ལ་སྔོན་འགྲོ་ལས་ཀྱང་མང་བ་ཐོབ་ཡོང་སྐབས། མི་དམངས་ཟེར་བ་འདི་ཞེ་དྲག་བརྟན་པོ་རེད་བསམ་གྱི་འདུག ཐོག་མ་ང་འོས་གཞིར་ལངས་རྒྱུ་ཡིན་ཟེར་སྐབས། གྲོགས་པོ་རེ་ཟུང་གིས་ངྷ་རམ་ས་ལ་དང་ཝ་ཤིན་ཊོན་ཏུ་ཁྱེད་ལ་ཧ་ལམ་རྒྱབ་སྐྱོར་བྱེད་མཁན་མི་འདུག་ཟེར་མཁན་བྱུང་། དེ་བཞིན་གྲོགས་པོ་གཞན་འགའ་རེ་ཡིས་ཀྱང་། ཁྱེད་རང་ལངས་པ་ཡག་པོ་རེད་དེ། རོགས་པ་གཞན་དག་མི་ཆེན་ཡིན་སྟབས། ཁོང་ཅག་གི་ཟུར་ནས་ཁྱེད་ལ་ཐར་ལམ་ཞིག་རག་ཁག་པོ་རེད་ཟེར། དེ་འདྲ་གསུང་མིན་ལ་མ་བལྟས་པར། མང་ཚོགས་ནང་དངོས་སུ་སྐད་ཆ་བཤད་དུ་ཕྱིན་པ་ཡིན། མང་ཚོགས་དང་མཉམ་གཤིབ་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱས་ཡོང་སྐབས། སོ་སོར་སྔར་ལས་ལྷག་པའི་སྤོབས་པ་དང་། མི་མང་ལ་ཡིད་ཆེས་ཤིག་སླེབས་ཡོང་གི་འདུག

 

དྲི་བ། སྐུ་ཉིད་ཀྱིས་སྔོན་ཆད་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་ཤུགས་ཆེན་པོ་བཤད་པ་རེད་ལ། དེ་མིན་གྱི་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡིན་པའི་ཁས་ལེན་གནང་བ་རེད། འོན་ཀྱང་། འོས་ཐོབ་པའི་རྗེས་སུ་སྔར་གྱི་བཤད་སྟངས་ལ་ཅུང་འགྱུར་བ་ཐེབས་འདུག་ཟེར་མཁན་ཡོང་གི་ཡོད་སྟབས། དེ་ལ་གསལ་བཤད་གང་འདྲ་ཡོད་དམ། 

ལན། ང་རང་གི་གཞི་རིམ་གྱི་ལྟ་གྲུབ་གསུམ་སྟེ། ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་ལ་འགྱུར་བ་རྩ་བ་ནས་མེད། ལངས་ཕྱོགས་དེ་རང་གི་ཐོག་ནས་ལས་ཀ་བྱ་རྒྱུ་ཡིན། དེ་ལས་གཞན་པའི་ཁས་ལེན་བྱས་པ་ཁག་ལའང་འགྱུར་བ་ཡོད་པ་མ་རེད། ང་རང་གིས་གང་བཤད་པ་དེ་ང་རང་གིས་བསྒྲུབ་རྒྱུ་རེད། ལེགས་འགྲུབ་ཡོང་མིན་དང་། གྲུབ་འབྲས་ཐོན་མིན་ཟེར་བ་དེ་གནས་ཚུལ་གཞན་ཞིག་རེད། ཆིག་སྒྲིལ་ལྟ་བུར་མཚོན་ན་མེད་དུ་མི་རུང་བ་ཞིག་རེད། བོད་པའི་རྩ་དོན་དང་རྩ་དོན་རྩོད་ཕྱོགས་ཀྱི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཞིབ་འཇུག་བྱེད་མཁན་ཡོངས་ཀྱིས་ཁ་གཅིག་གྲགས་ཐོག་ཆིག་སྒྲིལ་ཟེར་བ་དེ་ཨང་དང་པོར་མཐོང་གི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ཆོལ་ཁ་ཆོས་ལུགས་ཀྱི་མཐུན་ལམ་དེ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད། མཚམས་རེར་རྙོག་གླེང་རེ་ཟུང་ཡོང་སྲིད་ཀྱང་། རྩ་བའི་ལངས་ཕྱོགས་དེ་ཆིག་སྒྲིལ་གྱི་ཐོག་ནས་གཡོ་འགུལ་ཐེབས་ཉན་གི་མ་རེད། དེ་བཞིན། རང་མགོ་རང་འཐོན་ཟེར་བ་དེ་ཡང་གཅིག་མཚུངས་རེད། དུས་དང་རྣམ་པ་ཀུན་ཏུ་རང་མགོ་རང་ཐོན་གྱི་ལམ་ལ་འབད་བརྩོན་བྱ་དགོས་པ་རེད་མ་གཏོགས། གཞན་ལ་བརྟེན་བསྡད་པའི་འཚོ་བ་དེ། ནམ་ཞིག་གཞན་གྱི་རྒྱབ་སྐྱོར་ཆད་པ་ཡིན་ན། རང་གི་སྦོ་ལུག་རྒྱུ་ལས་ལྷག་ཡོད་པ་མ་རེད།

 

དྲི་བ། བློ་བཟང་སེང་གེ་མཆོག་ངྷ་རམ་ས་ལར་བཅར་ཏེ། བཀའ་ཤག་ནང་ད་ཆར་དངོས་སུ་ལས་ཀ་མགོ་འཛུགས་གནང་ཡོད་རབས་གོ་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན། ཐེངས་འདིར་ང་ངྷ་སར་ཡོང་དོན་གཙོ་བོ་རྒྱལ་ཡོངས་ཚོགས་ཆེན་ཐོག་བཅར་བ་ཡིན། ངས་སྔོན་མ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཞུས་པ་ཡིན། སྐབས་དེར་ཁོང་གིས་མཐུན་འགྱུར་རོགས་རམ་ག་རེ་དགོས་ཀྱང་གནང་གི་ཡིན་གསུངས་སོང་། ཉེ་ཆར་ང་འདིར་འབྱོར་མ་ཐག་བཀའ་ཤག་ནང་ལས་ཁུངས་ཆུང་ཆུང་ཞིག་དང་། བཀའ་བློན་རྣམ་པ་བཞུགས་ཤག་གི་སྐུ་མགྲོན་སྡོད་གནས་སུ་ང་ལ་ཁང་པ་ཡང་གྲ་སྒྲིག་གནང་སོང་། ཉིན་འདི་འགར་ངས་འཛམ་གླིང་གང་ས་ནས་ཡོང་བའི་གསར་འགོད་པ་ཧ་ཅང་མང་པོ་ཞིག་ལ་སྐད་ཆ་བཤད་རྒྱུའི་ལས་རིམ་བསྒྲིགས་ཡོད། ལྡི་ལིའི་རྒྱ་གར་བརྙན་འཕྲིན་ IDTV གྱིས་བཅར་འདྲི་བྱས་སོང་ལ། བྷི་བྷི་སི་བརྙན་འཕྲིན་ཁང་གི་ hardtake ཟེར་བ་དེའི་སྟེང་ལ་ཡང་སྐད་བཏང་སོང་། དེ་བཞིན་སི་ཨིན་ཨིན་བཅས་ཀྱི་བཅར་འདྲི་དང་ལེན་བྱས་པ་ཡིན། ཕྱི་ཟླ་དྲུག་པ་ཧྲིལ་བོར་ང་ངྷ་རམ་ས་ལར་འདུག་རྒྱུ་ཡིན། སྐབས་དེར་བོད་གཞུང་གི་ལྷན་ཁང་རེ་རེ་བཞིན་ཞིབ་འཇུག་བྱས་ཏེ། བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་རྣམ་པས་ད་བར་དུ་ག་རེ་གནང་ཡོད་དང། ད་ལྟའི་གནང་སྟངས་གང་འདྲ་ཡིན་པ་སོགས་མགོ་འཚོས་པ་བྱ་རྒྱུ་ཡིན།  ང་རང་གི་གཞི་རིམ་ལྟ་གྲུབ་གསུམ་གྱི་ཐོག་ནས་ལས་ཀ་བྱ་དགོས་དུས། འདས་པའི་ལས་དོན་ལ་བསྐྱར་ཞིབ་དང་། ད་ལྟའི་གནང་སྟངས་ལ་རྒྱུས་ལོན་བྱས་ཏེ། མ་འོངས་པའི་འཆར་གཞི་བསྒྲིག་དགོས་པ་རེད། དེ་དང་མཉམ་དུ་མ་འོངས་པའི་བཀའ་བློན་གདམ་ཕྱོགས་ལ་ཡང་བསམ་བློ་གཏོང་དགོས་པ་རེད། ཕྱི་ཟླ་བདུན་པའི་ནང་ཕྱིར་ཨ་རིར་ཕྱིན་ཏེ། ཝ་ཤིན་ཊོན་ཏུ་༧གོང་ས་མཆོག་གི་དུས་འཁོར་དབང་ཆེན་ལ་བཅར་རྒྱུ་ཡིན། ཟླ་བདུན་པའི་ཟླ་མཇུག་ཙམ་ལ་ཕྱིར་ངྷ་རམ་ས་ལར་ཡོང་སྟེ། ཕྱི་ཟླ་ ༨ པའི་ཚེས་ ༡༤ ཉིན་ད་ལྟའི་བཀའ་ཤག་གི་དུས་ཡུན་འཁྱོལ་གྱི་ཡོད་སྟབས། རྩིས་སྤྲོད་རྩིས་ལེན་ལ་གྲ་སྒྲིག་བྱ་དགོས་པ་རེད། 

 

དྲི་བ། ད་ཆར་བཀའ་ཤག་གི་ལས་ཁུངས་ནང་དངོས་སུ་འཛུལ་ཏེ་ལས་ཀ་བྱེད་སྐབས། གདང་ཚོད་དང་། ཡང་ན་སེམས་འཚབ་གང་འདྲ་བྱུང་ཡོད་པ་དང་། གཞུང་ཞབས་ལས་བྱེད་ཚོས་མཉམ་རུབ་བྱེད་མིན་ཐོག་གཟིགས་ཚུལ་གང་འདྲ་བྱུང་སོང་ངམ།  

ལན། ངས་སྔོན་མ་ནས་ཞུས་བསྡད་པ་ལྟར། གངས་སྐྱིད་ཀྱི་ལས་ཁུངས་ནང་ཞོགས་པ་ཆུ་ཚོད་དགུ་བ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བའི་བར་ལས་ཀ་བྱས་མྱོང་མེད་མོད། ལས་བྱེད་དག་གི་ལས་ཀ་བྱེད་སྟངས་དང་། ལྷན་ཁང་ཁག་གི་འགྲོ་སྟངས་གང་ལ་གང་འཚམ་ཤེས་ཀྱི་ཡོད། གཞུང་ཞབས་ལས་བྱེད་ཚོས་མཉམ་རུབ་བྱེད་མིན་ཐད་སེམས་ཁྲེལ་ཁྱོན་ནས་མེད། རྒྱ་གཞུང་གིས་གང་ཞིག་བཤད་ཀྱི་ཡོད་ཟེར་ན། བཙན་བྱོལ་ནང་གི་མི་ཐོག་རྒན་པ་རྫོགས་ཚར་བའི་ཉིན་མོ་དེར་བཙན་བྱོལ་བོད་གཞུང་སྦོ་ལུག་རྒྱུར་རྒྱག་གི་ཡོད་ཀྱང་། དེ་འདྲ་རྩ་བ་ཉིད་ནས་ཡོང་གི་མ་རེད། མི་རབས་གཞོན་པ་ཚོས་རྒན་རབས་པ་དག་གི་བཀའ་དྲིན་དྲན་པའི་ཐོག་ནས་བཙན་བྱོལ་བོད་གཞུང་དེ་ནུས་པ་ལྡན་པ་ཞིག་དང་། ཚགས་ཚུད་པོའི་ཐོག་ནས་གནས་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན། རྩ་དོན་བདེན་མཐའ་མ་གསལ་བར་ལོ་བརྒྱ་དང་ཉིས་བརྒྱར་བསྒུག་དགོས་བྱུང་ཡང་། གཞུང་གི་སྒྲིག་འཛུགས་དེ་མུ་མཐུད་སྲ་བརྟན་དུ་གནས་ཐུབ་པ་ཞིག་བཟོ་རྒྱུ་ཡིན། ཞེས་རྒན་པར་གུས་ཞབས་དང་བརྩི་མཐོང་ཆེན་པོའི་ཐོག་ནས་ལས་ཀ་བྱེད་རྒྱུ་ཡིན། གཞུང་ཞབས་རྣམ་པ་ཚོས་ད་བར་རྩ་དོན་ལ་དཀའ་ལས་ཅི་ཙམ་བརྒྱབ་ཡོད་པ་ངས་ཤེས་ཀྱི་ཡོད་ལ། མ་འོངས་པར་ཡང་མུ་མཐུད་དཀའ་ལས་རྒྱག་རྒྱུའི་ལྷག་བསམ་དང་སེམས་ཤུགས་ལ་འགྱུར་བ་མེད་པའི་ཡིད་ཆེས་ཡོད།

 

དྲི་བ། སྐུ་ཉིད་ཀྱིས་ཐེངས་འདིའི་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐོག་དགོངས་འཆར་གང་འདྲ་ཞིག་བསྣམས་ཡོད་དམ།

ལན། ད་ལྟ་ང་རང་བཀའ་བློན་ཁྲི་པར་འོས་ཐོབ་ཙམ་ཡིན་སྟབས། ང་རང་སྒེར་གྱི་བསམ་ཚུལ་གང་ཐུབ་ཀྱིས་གཡོལ་ཏེ་མ་བཤད་ན་བསམ་ཡོད། གང་ཡིན་ཟེར་ན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བཞུགས་བཞུགས་པ་རེད། དེ་བཞིན་བཀའ་ཤག་སྐབས་བཅུ་གསུམ་པ་དང་སྤྱི་འཐུས་སྐབས་བཅུ་བཞི་བའི་ལས་ཡུན་འཁྱོལ་ཡོད་པ་མ་རེད། ཚོགས་ཆེན་གྱི་གྲོས་གཞི་ཁག་གི་ཐོག་གཞིས་ཆགས་ཁག་ནས་བགྲོ་གླེང་སྦྱང་བཤད་ལྷུག་པོ་གནང་སྟེ་དགོངས་འཆར་འཁྱེར་ཡོང་གི་ཡོད་པ་རེད། ང་རང་བཀའ་བློན་ཁྲི་པར་ལངས་ནས་དུས་ཚོད་ཞེ་དྲག་ཕྱིན་མེད་སྟབས། མི་མང་གི་སེམས་ནང་ཚོར་བ་ཤུགས་ཆེན་པོ་ཡོད་པ་རེད། ངས་བསམ་འཆར་འདྲ་བཏོན་པ་ཡིན་ན། ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ངའི་བསམ་ཚུལ་ལ་རྒྱབ་སྐྱོར་བྱེད་པ་དང་། འོས་མི་གཞན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་དགོངས་འཆར་གཞན་པ་གསུང་སྲིད་པ་རེད། དེ་འདྲ་བྱུང་བ་ཡིན་ན་མཉམ་རུབ་ཀྱི་ནུས་པ་འཐོན་ཐུབ་པ་མ་རེད། རྒྱུ་མཚན་དེ་དག་ལ་བསམས་ཏེ་ང་རང་སྒེར་གྱི་བསམ་ཚུལ་མི་བཤད་རྒྱུར་འབད་བརྩོན་ཞུ་བཞིན་ཡོད།

 

དྲི་བ། ཉེ་ལམ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་བཀའ་བློན་ཁྲི་པའི་འོས་མི་རྣམ་པར་ནང་ཚགས་ཀྱི་བཀའ་མོལ་ཞིག་གནང་ཡོད་རབས་གོ་སོང་ལ། ད་ཆར་སྐུ་ཉིད་ཀྱིས་བོད་རྒྱ་འབྲེལ་མོལ་ཐོག་ལས་དོན་ཇི་ལྟར་མགོ་བརྩམ་འཆར་ཡོད་དམ།

ལན། ཉེ་ཆར་ང་ཚོ་བཀའ་བློན་ཁྲི་པར་ལངས་མཁན་འོས་མི་གསུམ་ལ། དམིགས་བསལ་སྐུ་ཚབ་རྣམ་པས་ནང་ཁུལ་གྱི་བཀའ་མོལ་ཞིག་གནང་སོང་། སྐབས་དེའི་བཀའ་མོལ་གྱི་ནང་དོན་ཁག་དམིགས་བསལ་གསང་བ་དེ་འདྲ་མ་རེད། བཀའ་བློན་ཁྲི་པའི་ངོས་ནས་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་གནང་བའི་སྲིད་བྱུས་དེ་ལག་བསྟར་བྱ་དགོས་པ་དེ་རེད། འདིའི་ཐད་ང་རང་སྒེར་ངོས་ནས་ཀྱང་སྔོན་མ་ནས་བཤད་བསྡད་པ་ལྟར། བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་གནང་བཞག་པའི་དབུ་མའི་ལམ་གྱི་ཐོག་ལ་ཤར་སྐྱོད་བྱ་རྒྱུ་ཡིན་ལ། འཕྲལ་ཕུགས་གང་ཐད་ནས་བསམ་བློ་བཏང་ཡང་། ལམ་ཁ་འདི་ལས་ལྷག་ཅིག་མཐོང་གི་མི་འདུག འོན་ཀྱང་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབས་དང་། ཕྱི་རྒྱལ་དོན་གཅོད་ཁག་དེ་སྔ་བཞིན་མུ་མཐུད་༧གོང་ས་མཆོག་གི་མཚན་ཐོག་ནས་གནང་དགོས་པ་རེད་བསམ་གྱི་ཡོད། རྒྱ་གཞུང་གིས་སྔོན་མ་བཙན་བྱོལ་གྱི་མི་རབས་རྒན་པ་རྫོགས་སྐབས། བཙན་བྱོལ་བོད་གཞུང་སྦོ་ལུག་གི་རེད་ཟེར་བ་དེའི་ཐད། བཙན་བྱོལ་སྤྱི་ཚོགས་ཀྱིས་དབུ་ཁྲིད་གསར་པ་འོས་འདེམས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ང་དང་ང་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་མདུན་དུ་ཐོན་ཏེ། མི་རབས་རྒན་པའི་ལས་འགན་དེ་དག་དགའ་བཞིན་སྤྲོ་བཞིན་རྩིས་ལེན་བྱེད་ཀྱི་ཡོད་པ། མི་རབས་རྒན་པའི་རྩ་དོན་འཐབ་རྩོད་ལ་དཀའ་ལས་བརྒྱབ་པའི་འཕྲོས་དེར་མི་རབས་གསར་པ་ཚོ་འཇུག་བཞིན་ཡོད་པ་འདིས་པེ་ཅིན་ལ་བརྡ་ལན་གསལ་བོ་ཞིག་བསྟན་ཡོད་སྟབས། ཉེ་ལམ་འོས་ཤོག་བླུགས་པའི་རྗེས་ཀྱི་ཉིན་གཉིས་པར་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་ནས་ང་ལ་ཁ་མཆུ་ཆེན་པོ་ཞིག་བཙུགས་པ་རེད། དེ་ནི་ཁོང་ཚོའི་ཐོག་མའི་རྩིས་རྒྱག་སྟངས་འཁྲུག་ཡོད་པ་ངོས་ཟིན་བྱུང་བའི་རྟགས་རེད།

 

དྲི་བ། ཐེངས་འདིར་བཅའ་ཁྲིམས་བསྐྱར་བཅོས་དང་བསྟུན་ཏེ། བཀའ་ཁྲི་གཙོས་པའི་བཀའ་བློན་རྣམ་པའི་ལས་ཡུན་དུས་ཚོད་ངེས་མེད་བཟོས་ཡོད་པ་དེའི་ཐད་དགོངས་འཆར་གང་འདྲ་ཡོད་དམ།

ལན། འདིའི་སྐོར་ལ་ངས་སྔོན་མ་གསར་ལམ་ཁག་ཅིག་ནང་བཤད་པ་ཡིན། བཀའ་བློན་གྱི་ཡུན་ཚད་དེ་དུས་ཚོད་ངེས་མེད་དུ་མ་བཞག་ན་བསམ་ཡོད། བཀའ་བློན་ཁྲི་པར་སུ་ཞིག་ཕེབས་ཀྱང་ལོ་བཅུའི་ནང་ལས་དོན་མ་འགྲུབ་པ་དེ་འདྲ་ཡོང་གི་མ་རེད། ངས་དུས་རྒྱུན་བཤད་བསྡད་ཡོད། བཀའ་བློན་ཁྲི་པའི་དུས་ཚོད་རྒྱས་བཅད་ཡོད་ན་ཡག་པོ་ཡོད་པ་རེད། དུས་ཚོད་འགྱུར་བཞིན་ཡོད་པ་རེད། མི་རབས་རྗེ་བཞིན་ཡོད་པ་རེད། མིའི་བསམ་བློ་གཏོང་ཕྱོགས་དང་གནས་ཚུལ་ཆ་ཚང་ལ་འགྱུར་བ་འགྲོ་བཞིན་ཡོད་པ་རེད། མི་རབས་གསར་བར་གོ་སྐབས་སྤྲོད་དགོས་པ་རེད། གལ་སྲིད་བཀའ་བློན་ཁྲི་པས་ལོ་བཅུའི་ནང་རྫོགས་མ་ཐུབ་པའི་ལས་ཀ་འདྲ་ཡོད་ན། བཀའ་བློན་ཁྲི་ཟུར་ཡིན་པའི་སྐབས་སུ་གནང་ཡང་ལམ་ཁ་ཁྱོན་ནས་མེད་པ་དེ་འདྲ་མ་རེད།

 

དྲི་བ། ༧གོང་ས་མཆོག་གིས་ད་ནས་བཟུང་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་སྐུ་དབང་མཚམས་འཇོག་གནང་གི་ཡོད་པ་རེད། སྐུ་ཉིད་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་གི་བཀའ་བློན་ཁྲི་ཆགས་ཡོད་སྟབས། དབང་ཚད་དང་ལས་འགན་གྱི་ཐད་ནས་དགོངས་ཚུལ་གང་འདྲ་ཡོད་དམ། 

ལན། ༧གོང་ས་མཆོག་གིས་ཕུགས་རྒྱང་རིང་པོ་ཞིག་ལ་གཟིགས་ཏེ། ཆབ་སྲིད་ཀྱི་སྐུ་དབང་དེ་མི་མང་གིས་བདམས་པའི་མགོ་ཁྲིད་ལ་སྤྲོད་བཞིན་ཡོད་པ་རེད། དེ་ནི་ཧ་ཅང་གི་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ལྷག་པར་དུ་ཉིན་འདི་གར་ང་ལ་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དེ་ཡང་། གཙོ་བོ་༧གོང་ས་མཆོག་གི་གནང་སྟངས་དེ་ལ་བརྟེན་ནས་བྱུང་བ་རེད། སོ་སོར་ལས་འགན་ལྕི་རུ་སོང་བ་དེར་བློ་འཚབ་དང་ཞེད་སྣང་གང་ཡང་མི་འདུག ༧གོང་ས་མཆོག་བཞུགས་བཞུགས་པ་རེད། ལམ་སྟོན་བཀའ་སློབ་ཞུ་ས་ཡོད་པ་རེད། དེར་བརྟེན་སེམས་ནང་གདེང་ཚོད་གང་ལ་གང་འཚམ་སླེབ་ཀྱི་འདུག་ལ། ང་རང་གི་ངོས་ནས་ཀྱང་དཀའ་ལས་རྒྱག་གི་ཡིན་བསམ་པའི་ཆོད་སེམས་ཡོད་ལ། རྒན་རབས་པ་དག་གིས་ང་ལ་རྒྱབ་སྐྱོར་གནང་གི་རེད་བསམ་པའི་ཡིད་ཆེས་ཀྱང་ཡོད།

 

དྲི་བ། སྐུ་ཉིད་བཀའ་བློན་ཁྲི་པར་འོས་ཐོབ་ཡོད་སྟབས་བོད་ཀྱི་དུས་བབ་བརྒྱུད་དེ་བོད་གཞིས་བྱེས་མི་མང་ལ་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།

ལན། འོས་བསྡུའི་ཁྲོད་ང་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། དེ་དང་ཆབས་ཅིག་འོས་ཤོག་ནང་འཛུལ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། བཀའ་བློན་ཁྲི་པར་བཞེངས་མཁན་བསྟན་འཛིན་རྣམ་རྒྱལ་ལགས་དང་། བཀྲ་ཤིས་དབང་འདུས་ལགས་རྣམ་གཉིས་འོས་བསྡུའི་ནང་ཞུགས་པ་དེ་ནི། བོད་པའི་རྩ་དོན་འཐབ་རྩོད་དང་ལོ་རྒྱུས་ནང་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཆགས་ཡོད། ཁོང་རྣམ་པ་གཉིས་ལ་ངས་ཚར་གཉིས་ལ་གློག་འཕྲིན་བརྒྱུད་འབྲེལ་བ་གནང་ཡོད། ཁོང་རྣམ་པས་ཀྱང་ང་ལ་འཚམས་འདྲིའི་གློག་འཕྲིན་འབྱོར་སོང་། དེ་བཞིན། འོས་བསྡུའི་ལས་རིམ་འདིས་ང་ལ་ཕན་ཐོགས་ཆེན་པོ་ཞེ་དྲག་བྱུང་སོང་། བསམ་བློ་གཏོང་སྟངས་དང་འཆར་གཞི་བསྒྲིག་རྒྱུར་ལམ་ཕྱོགས་གསལ་པོ་བསྟན་སོང་། མ་འོངས་པར་ང་ཚོ་ཚང་མ་རྡོག་རྩ་ཆིག་སྒྲིལ་གྱིས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ལས་ཀ་བྱ་དགོས་པ་རེད། དེ་བཞིན། བོད་ནང་གི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོས་བོད་ལ་རང་དབང་ག་དུས་འཐོབ་རྒྱུ་དང་། ༧གོང་ས་མཆོག་གི་ཞལ་ག་དུས་མཇལ་རྒྱུར་བསྒུག་བསྡད་ཡོད། ངས་སྔོན་མ་ཁས་ལན་གང་བྱས་ཐམས་ཅད་ལ་དམ་བཅའ་བརྟན་པོས་ཐོག་ནས་ཤུགས་རྒྱག་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད། 

གསར་འགོད་པ། དོན་གྲུབ་བཀྲིས།

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༢ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 10

  1. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེས་NDTV་ཐོག་ཏུ་སྐད་ཆ་བཤད་པའི་སྐབས་སུ། ངས་མིང་དོན་མཚུངས་པའི་རང་སྐྱོང་གི་དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། བོད་ཀྱི་གཞོན་སྐྱེས་རྣམས་ཀྱིས་རང་བཙན་འདོད་པ་དང་ཁོང་ཚོས་ང་ལ་བོད་ནང་དུ་རང་དབང་ཞིག་བཟོ་དགོས་པར་རེ་བ་བྱེད་བཞིན་ཡོད། དེར་བརྟེན། ད་ལྟ་ང་ལྟ་བ་གཉིས་ཀྱི་བར་དུ་གནས་ཡོད་ཟེར་བ་ལ་བལྟས་ན་ཁོང་གི་མ་འོངས་པའི་སྲིད་ཇུས་ཀྱི་ལངས་ཕྱོགས་དེ་ད་དུང་ལམ་ཁ་གང་ཞིག་ཏུ་འགྲོ་རྒྱུའི་གཏན་འཁེལ་མེད་པ་གསལ་བོ་རེད།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    བློ་བཟང་སེངྒེ་མཆོག་ལ།
    ད་དུང་བཀའ་ཁྲིའི་འོས་ཤོག་ཐོབ་པ་ཙམ་ལས་ཁོང་གིས་བྱ་གཅིག་ཀྱང་མགོ་བཟུང་མེད་ན། སྔོན་མ་ཁས་ལེན་གང་བྱས་ཐམས་ཅད་ལ་ད་ནས་འགྱུར་བ་འགྲོ་དོན་ཅི་ཡོད། ཁྱེད་ཀྱིས་བཤད་པས་བསྒྲིགས་འཛུགས་དང་འཆར་གཞི་རྣམས་ལེགས་པོ་མཐོང་ནས་ང་ཚོས་ཁྱེད་ལ་འོས་ཤོག་འཕངས་པ་རེད།
    ད་ནི་རེ་བ་གཉིས་པ་དེ། ཁྱེད་ཀྱིས་ཁ་བཤད་དོན་ལ་ཡོད་མེད་རིམ་གྱིས་བལྟ་རྒྱུ་ཡིན་མ་གཏོགས། གཞན་བྱ་བ་མ་མཐོང་གོང་ནས་བསྟོད་སྨད་ཅི་བྱེད། སྤྱིར་བོད་པའི་སྤྱི་ཚོགས་འདི་རྒྱུ་མཚན་མ་རྟོགས་གོང་ནས་འུར་རྒྱག་རྒྱུ་ལ་ཧ་དགའ་པོ་འདུག
    ཕར་ཆེར་སྤྲེའུ་རྒྱུད་པ་ཡིན་པའི་རྒྱུ་མཚན་ཀྱིས་ཡིན་པ་འདྲ།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བོད་གཞི་བྱེས་གཉིས་ནས་རེ་བ་དང་ཡིད་ཆེས་ཇི་ཙམ་བྱ་ཡིས་ཡོད་མེད་སྐུ་ངོ་མཆོག་ནས་མཁྱེན་གསལ་དང་། འོན་ཀྱང་ཉིད་ཀྱི་མཁས་བླངས་པ་ཐམས་ཅད་སྒྲུབ་ཐུབ་པའི་ངེས་པ་མེད་ཀྱང་མཁས་ལེན་ལག་བལྟར་བྱ་དགོས་པ་དོན་གྱི་དམ་ཡིན། དེ་ལྟར་མ་བྱུང་བ་ཡིན་ན་དེ་རིང་བསྟོད་པ་འཐེན་ཡང་། སང་ཉིན་ངོ་རྒོལ་མི་བྱེད་པའི་ངེས་པ་མེད་པས་དེ་ལུགས་ཟབ་ཟབ་དགོས་པའི་རེ་སྐུལ་ཞུ་རྒྱུ་ལས་གཞན་གང་ཡང་ཤོད་རྒྱུ་མེད།

    Reply
  4. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ཕ་བཟང་གི་བུ། ཁ་བཤད་ལག་ཐོག་ཏུ་ལོན་རྒྱུ་དེ་ངེད་བོད་པ་ཚང་གི་གཤིས་སྤྱོད་ཡིན་པས་མ་བརྗེད་པར་ཡིད་ལ་ཉོར། ལས་དོན་རྣམས་ཡིད་རེ་བཞིན་འགྲུབ་པའི་སྨོན་འདུན་འང་བྱེད།

    Reply
  5. མངའ་རིས་བུ། says:
    ལོ་ 14 སྔོན།

    ངས་སྔོན་མ་ཁས་བླངས་བྱས་པ་ཐམས་ཅད་ལ་འགྱུར་བ་མེད།
    དེ་ཤིན་ཏུ་ལེགས་འོན་ཀྱང་ཆབ་སྲིད་པ་སུ་འདྲ་ཞིག་ཡིན་རུང་དེ་འདྲ་རང་བཤད་ཀྱི་རེད།
    དཔེར་ན་རྒྱ་གར་གྱི་འོས་སློང་བའི་ཚེ་ན་ལམ་ཁ་མེད་སར་ལམ་བཟོ་རྒྱུ་དང་ཆུ་མེད་སར་ཆུ་འདྲེན་རྒྱུ་སྨན་ཁང་མེད་སར་སྨན་ཁང་བཟོ་རྒྱུ་ལས་སོགས་སྐད་ཆ་ལུང་པ་གང་ཤོད་ཀྱི་རེད།
    འོན་ཀྱང་ཁོ་འོས་ཐོབ་ཚར་དུས་ཐུག་ས་དང་སྐད་ཆ་ཤོད་ས་ཡང་མི་ཐོབ་ཅིང་སྔར་གྱི་སྐད་ཆ་ཐམས་ཅད་རྙིང་དྲི་ཐུལ་ལེར་འགྱུར་བཞིན་ཡོད།
    ཁྱེད་ནས་༧གོང་ས་༧་མཆོག་པོ་ཏ་ལར་གདན་འདྲེན་ཞུ་ཐུབ་པ་བྱེད་ཀྱི་ཡིན་གསུངས་ཡོད་དེ་གཅིག་པོར་བསྒྲུབ་ཐུབ་པ་བྱུང་ན་ང་ཚོར་དེས་ཆོག
    དེ་མིན་ཟམ་གདོང་རིན་པོ་ཆེ་ཡིས་རྒྱ་གར་གྱི་ཁྲིམས་དང་ཆབ་སྲིད་འགྲོ་ལུགས་རྣམས་དཔེ་བཤུས་ཏེ་ལོ་ངོ་བཅུ་འདས།
    ཁྱེད་ཀྱིས་ཨ་རི་ཡི་ཁྲིམས་དང་ཆབ་སྲིད་འགྲོ་ལུགས་དཔེ་བཤུས།
    ཉིན་ཅིག་བོད་མི་རྣམས་ཤར་ནུབ་གཉིས་ཀྱི་ཁྲིམས་དང་ཆབ་སྲིད་ཐམས་ཅད་ཉ་དང་ཉུང་མ་བསྲེས་ཏེ་མགོ་བོ་རྨོངས་སུ་བཅུག་སྟེ་འཇིག་རྟེན་གྱི་བར་དོར་འཁྱམས་སུ་འཇུག་ཉེན་འདུག
    དེ་ཁྱེད་ཀྱི་ཐུགས་ལ་འཇག་རོགས།

    Reply
  6. ཤེས་རབ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་སྙིང་རྗེའི་ཡུལ་དུ་གྱུར་འདུག བོད་ཀྱི་དོན་དུ་དཀའ་ངལ་ཇི་ཙམ་བརྒྱབ་དགོས་དྲན་ནའང་། ད་ལྟའི་བཀའ་ཁྲི་དང་སྤྱི་འཐུས་རྣམས་ཀྱིས་བོད་གཞུང་ནུས་མེད་དུ་བཟོ་ཚར་སེམས།

    Reply
  7. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བོད་མི་ཞེས་པ་འདི་བསོད་ནམས་མེད་པའི་སྒང་ལ་ཡོད་སྡད་པའི་ཚོེ་བ་ཞིག་བྱུང་གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་ངེས་པ་དོན་གྱི་༧སྐྱབས་གཅིག་ཞི་བའི་མགོན་པོ་ཡིད་བཞིན་ནོར་བུ་ནི་ཞལ་བཞུགས་གནང་།
    གཞོན་སྐྱེས་ལྷག་བསམ་ཅན་དང་ཤེས་ཡོན་ཅན་གྱི་བོད་དོན་འཐབ་རྩོད་ནི་ཇེབརྟན་དང་ཇེ་གླིང་འདུག། རྒན་རབས་ལོ་རྒྱུས་དང་འཛིན་སྟང་གི་ཕྱུག་པའི་ཕོ་རབ་རྣམས་ནི་རི་བཞིན་བརྗིད།

    བཀའ་སྤྱི་གཉིས་ལས་གྲུབ་པའི་དབུ་ཁྲིད་ཆོད་སེམ་ཆེན་པོ་དང་ཤེས་ཡོན་ཆེན་པོ་གདམ་ཁ་མི་ནོར་བ་ལམ་ལྷོང་བྱུང་འདུག་པས་ངོ་མ་དགའ་འོས་པ་ཞིག་ཅི་ཡི་ཕྱིར་མིན
    བཀའ་ཁྲི་ལགས་དེ་དེ་བཞིན་འགྲུབ་པའི་རེ་བ་དང་ཡིད་ཆེས་ཀྱི་ཁེང་ཡོད།
    བོད་མི་ཚོ་མཐུན་བསྒྲིལ།
    མཐུན་སྒྲིལ་ནི་སྲོག་རྩ་ཡིན་ལ་མཐུན་སྒྲིལ་ནི་མེད་དུ་མི་རུང་བ་ཞིག་ཡིན་པས་མཐུན་སྒྲིལ་བྱོས་ཡ། མཐུན་སྒྲིལ་ལས་ལྷག་པ་ཞིག་མེད་ཁི། ཕ་བཟང་བུ་ཚོ།

    Reply
  8. ཅང་མེད། says:
    ལོ་ 14 སྔོན།

    ལས་དོན་རྣམས་ལེགས་འགྲུབ་ཡོང་བས་ཡིད་ཆེས་དང་རེ་བའི་ཁེངས།
    དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག དེ་དེ་བཞིན་འགྲུབ་ནས་བོད་རྒྱལ་བར་གྱུར་ཅིག བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    སྐུ་ངོ་ལགས། གསུང་འབྱོན་རྒྱུ་དེ་གལ་ཆེན་རེད། བོད་མིས་སྐུ་ཉིད་བཀའ་ཁྲིར་གདམ་ཡོད་ཀྱང་ཟིན་བྲིས་ཚོགས་ཆུང་གིས་སྐུ་ཉིད་བཙན་བྱོལ་སྐྱིད་སྡུག་གི་ཚོགས་གཙོར་འགྱུར་བ་གཏོང་བཞིན་པས། ངེས་པར་དུ་གསུང་འབྱོན་དགོས་ཀྱི་འདུག གལ་སྲིད་སྐུ་ཉིད་ནས་གསུང་མ་འབྱོན་ཚེ་སྐུ་ཉིད་ཀྱང་ཚོགས་འདུ་འདིར་ཞུགས་ཟིན་པས། འོས་འགན་ལ་གཡོལ་ཐབས་མེད་ལ། ལོ་རྒྱུས་ཀྱི་ནག་ཉེས་ཅན་དུ་མི་འགྱུར་བའི་ངེས་པའང་མེད། གཞན་རྒྱ་མིའི་གཞུང་གིས་གོང་ས་མཆོག་དང་ཁོང་གི་མཐའ་འཁོར་གྱི་མི་ཁ་ཤས་ཀྱི་མདུན་ལམ་གཏོགས་བཤད་ཀྱི་མིན་ཞེས་ས་བསྒྲགས་གནམ་བསྒྲགས་གནང་བཞིན་པས། ཞི་མོལ་ལྟ་བུའི་ཕྱོགས་ལ་རེ་བ་ཆེར་མེད་ལ། སྔར་ཡོད་སྲ་བརྟན་གྱིས་གོ་སྐབས་ལ་སྒུག་རྒྱུ་ལས་ལྷག་མེད། གལ་སྲིད་སྔར་ཡོད་ལ་འགྱུར་བ་ཐེབས་པའི་ཕྱི་ཉིན། རོགས་བསྐྱོར་གནང་མཁན་ཚོའང་ཐབས་ལམ་ལྷག་མེད།

    Reply
  10. ཁྲུང་ཁྲུང་དཀར་མོ། says:
    ལོ་ 14 སྔོན།

    བོད་ནང་ནས་མཁས་དབང་བློ་བཟང་སེང་གེ་མཆོག་བཀའ་ཁྲི་ཕེབས་པའི་རྟེན་འབྲེལ་གླུ་གཞས་དང་སྙན་རྩོམ་མང་པོ་ཞིག་ཐོན་དང་ཐོན་བཞིན་ཡོད་འདུག་ལ་དེ་ཡང་ན་དཔེ་ན་བོད་ནང་གཞས་མ་ཀུན་དགའ་སྒྲོལ་མས་གླུ་གཞས་ཆེད་སྒྲིག་དང་བོད་མགོ་ལོག་ཕྱོགས་ནས་ཡིན་པའི་གཞས་པ་ཡེ་ཤེས་གྲགས་པ་ལགས་ཀྱི་གླུ་གཞས་ཆེད་སྒྲིག་སོགས་ཀྱི་ནང་དོན་(སེང་གེ་སུམ་འཛོམ།) ཞུས་པ་སོགས་ཐོན་ཡོད་དེ་བཞིན་བོད་ནང་གི་སྙན་ངག་པ་གྲགས་ཅན་ལྷམ་ཀོག་ནས་(ལྷ་རྒྱལ་ལོ་)ཞུས་པའི་སྙན་རྩོམ་དང་ས་དཀྱིལ་ཚེ་བཀྲ་ནས་(ཁྲི་ལ་གསོལ་བའི་མི།)ཅེས་པ་སོགས་མང་པོ་ཐོན་འདུག། དེ་ཡང་མི་མང་གི་འོས་འདེབས་བྱེད་པའི་བཀའ་ཁྲི་སྐབས་གསུམ་པ་ཁོང་ལ་དམིགས་བསལ་རྒྱལ་སྤྱིའི་དོ་སྣང་སྤྲོད་ཏེ་ད་བར་སྙན་གྲགས་ཆེ་བའི་དྲ་ལམ་དང་བརྙན་འཕྲིན་ཚགས་ཤོག་སོགས་སུ་New Prime Minister of Tibet Dr Lobsang Sangay མཁོད་པའི་ནང་དོན་ལྟར་བོད་ཀྱི་སྲིད་བློན་གསར་པ་མཁས་དབང་བློ་བཟང་སེང་གེ་ཅེས་ཁ་གཅིག་གྲགས་ཏུ་ཐོན་ཡོད་། དེ་ཡང་དུས་འདི་ནི་བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་ཆེན་པོ་ཞིག་གི་སྐབས་ཡིན་པས་དམངས་ཚོགས་ཁྲོད་དུས་ཀྱི་གནང་བའི་དངོས་གྲུབ་རེད་ཟེར་བའི་བོད་མིའི་ལྟ་ཚུལ་དང་དངོས་ཡོད་ཤེས་ཡོན་ཀྱི་ཚད་འཛིན་ཆོག་པའི་རྒྱལ་སྤྱིའི་ཁོང་ལ་ལྟ་ཚུལ་གཉིས་ཁ་མ་བྲལ་བ་གཅིག་ཏུ་སྤུངས་ནས་བལྟས་ན་ཁོང་ནི་བོད་གསར་པའི་དབུ་ཁྲིད་ཐོག་མ་དེ་ཆགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese