ཨ་རིའི་གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་གྱི་སྣེ་ཁྲིད་འོག་བོད་དང་། ཡུ་གུར། ཧོང་ཀོང་། དེ་བཞིན་རྒྱ་ནག་གི་འཐུས་ཚབ་བཅས་མཉམ་དུ་འཛོམས་ནས་འགྲོ་བ་མིའི་ཐོབ་ཐང་མ་གླེང་བར། ཞི་ཅིན་ཕིན་ཨ་རིའི་རྒྱལ་སར་ཡོང་མི་ཆོག་ཅེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཨ་རིའི་ཕྱི་དྲོའི་ཆུ་ཚོད་༡ ཐོག ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཇེམ་མེག་གྷོ་ཝན་ (Jim McGovern) གྱི་སྣེ་ཁྲིད་འོག ཨ་རྒྱའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཉིད་གྲོས་གཞིའི་ནང་འཇོག་དགོས་པའི་དགོས་འདུན་བཏོན་འདུག གསར་འགོད་གསལ་བསྒྲགས་དེར་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇ་མེ་ར་སི་ཀེན་(Jamie Ruskin) གྱིས་མཉམ་ཞུགས་བྱས་ནས་གཏམ་བཤད་བྱས་འདུག་པ་དང་། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོ་ཧྥི་ལུའོ་ (Sophie Luo)། ཧོང་ཀོང་གི་རང་དབང་ཐེབས་རྩའི་སྲིད་ཇུས་དང་ཞུ་གཏུག་དོ་དམ་པ་ཧྥེ་རན་སི་ཧུའེ་ (Frances Hui)། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་ཡུ་གུར་སྐད་སྡེ་ཚན་གྱི་གསར་འགོད་པ་ཟུར་པ་གུལ་ཆེ་ཧི་ར་ཧོ་ཇ་ (Gulchehra Hoja) བཅས་ཀྱིས་ཐེངས་འདིའི་ཨ་རྒྱ་གཉིས་ཀྱི་གྲོས་མོལ་ནང་འགྲོ་བ་མིའི་ཐོབ་ཐང་ཀྱི་གནད་དོན་ཚུད་དགོས་སྐོར་སོ་སོ་དང་འབྲེལ་ཡོད་ཀྱི་དཔེ་མཚོན་དྲངས་ནས་རེ་འདུན་ཞུས་འདུག
གྲོས་ཚོགས་འཐུས་མི་ཇེམ་མེག་གྷོ་ཝན་ལགས་ཀྱིས། སྔོན་ཆད་ཨ་རི་དང་རྒྱ་ནག་གི་མཐོ་རིམ་དཔོན་རིགས་མཇལ་འཕྲད་སྐབས་སྤྱི་མཐུན་ཚོགས་པ་དང་། དམངས་གཙོ་ཚོགས་པ་གཉིས་ཀྱིས་མཉམ་འབྲེལ་ཐོག་གསར་འགོད་གསལ་བསྒྲགས་བསྐྱངས་ནས་རེ་འདུན་འདོན་སྲོལ་ཡོད་ཀྱང་། ད་ལོར་སྤྱི་མཐུན་ཚོགས་པའི་འཐུས་མི་གཅིག་གིས་ཀྱང་མཉམ་ཞུགས་མ་བྱས་པ་ནི་བློ་ཕམ་སྐྱེ་འོས་པ་ཞིག་རེད། ཅེས་དང་། སྲིད་འཛིན་ཊོམ་ཕུ་ཡིས་འགྲོ་བ་མིའི་ཐོབ་ཐང་གཞིར་བཟུང་བའི་ཕྱི་འབྲེལ་སྲིད་ཇུས་དེ་ཚོང་དོན་གཞིར་བཟུང་བའི་སྲིད་ཇུས་ཤིག་ཏུ་བསྒྱུར་ཡོད་པར་བློ་འཚབ་ཡོད་ཅེས་ཊོམ་ཕུ་གཞུང་གི་ཕྱི་སྲིད་ལ་སྐྱོན་བརྗོད་ཀྱང་བྱས་འདུག
གྲོས་ཚོགས་འོག་མའི་ཁྲིམས་ལུགས་ལྷན་ཁང་གི་ཚོགས་གཙོ་ཇ་མེ་ར་སི་ཀེན་ལགས་ཀྱིས། ཨ་རྒྱའི་མགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་སྐབས་སྲིད་འཛིན་ཊོམ་ཕུ་ཡིས་དམངས་གཙོ་དང་། རང་དབང་། འདྲ་མཉམ་བཅས་ཀྱི་རིན་ཐང་དེ་ཉིད་གཅེས་འཛིན་བྱེད་དགོས་པ་ལས། རྒྱ་ནག་གི་མགོ་ཁྲིད་ཀྱི་བྱེད་སྟངས་འདྲ་པོ་བྱས་ན་འགྲིག་གི་མེད་པ་དང། དེ་བཞིན་བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་གནས་སྟངས་གླེང་སློང་བྱེད་དགོས་པ་ལས་དུས་ཚོད་དེ་ཉིད་སྟོང་ཟད་དུ་གཏོང་མི་རུང་བའི་ནན་སྐུལ་གནང་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་འགྲོ་བ་མིའི་ཐོབ་ཐང་དང་། བོད་དང་བོད་མིའི་གནད་དོན་གླེང་སློང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སོང་བ་མ་ཟད་གཟའ་ཕུར་བུའི་ཉིན་ཝ་ཤིང་ཊོན་དུ་བོད་མི་ ༢༠༠༠ ལྷག་གིས་ངོ་རྒོལ་བྱ་རྒྱུ་ཡིན་པའི་གནས་ཚུལ་ཡང་བསྒྲགས་འདུག
འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སོ་ཧྥི་ལུའོ་ (Sophie Luo) ལགས་ཀྱིས། ངའི་བཟའ་ཟླ་ཌིང་ཅ་ཞི་ (Ding Jiaxi) ནི་ཁྲིམས་རྩོད་པ་ཞུ་ཀྲི་ཡུང་ (Xu Zhiyong) དང་མཉམ་དུ་རྒྱ་ནག་གི་མི་སེར་ལས་འགུལ་གསར་པ་ (New Citizens’ Movement) བཙུགས་པར་བརྟེན། ཁོང་གཉིས་ལ་ལོ་ ༡༤ དང་ ༡༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ཚོས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་མི་སེར་གྱི་ཐོབ་ཐང་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་ཙམ་བྱས་པ་ལས་གཞན་གང་ཡང་བྱས་མེད་ཅེས་ཐེངས་འདིའི་སྲིད་འཛིན་གཉིས་ཀྱི་ཐུག་འཕྲད་སྐབས་གནད་དོན་དེ་གླེང་སློང་ཡོང་བའི་རེ་བ་བཏོན་སོང་།
ཧོང་ཀོང་གི་རང་དབང་ཐེབས་རྩའི་སྲིད་ཇུས་དང་ཞུ་གཏུག་དོ་དམ་པ་ཧྥེ་རན་སི་ཧུའེ་ (Frances Hui) ཡིས། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ཡིག་དང་འགལ་བའི་ཉེས་མིང་འོག་ལོ་ངོ་ཉི་ཤུའི་བཙོན་འཇུག་གི་ཁྲིམས་ཆད་ཕོག་པའི་ལོ་ན་༧༨ ལ་སོན་པའི་ཨེ་པལ་ཉིན་རེའི་ཚགས་པར་གསར་འཛུགས་གནང་མཁན་ཇིམི་ལེ་ཡི་ (Jimmy Lai) ཡི་འཕྲོད་བསྟེན་ལ་ཉམས་རྒུད་ཆེན་པོ་ཕྱིན་ཡོད་པ་དང་། ཁོ་རང་སྒེའུ་ཁུང་མེད་པའི་བཙོན་ཁང་ཞིག་ཏུ་ཡོད་པ་མ་ཟད། ཁྲག་ཤེད་དང་གཅིན་སྙིའི་ན་ཚ་ཕོག་ཡོད་པ་སོགས་ཀྱི་གནས་བབ་བསྒྲགས་པ་དང། སྲིད་འཛིན་ཊོམ་ཕུ་ཡིས་ཁོང་གློད་བཀྲོལ་ཡོང་ཆེད་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་རེ་འདུན་འདོན་དགོས་སྐོར་བརྗོད་འདུག
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་ཡུ་གུར་སྐད་སྡེ་ཚན་གྱི་གསར་འགོད་པ་ཟུར་པ་གུལ་ཆེ་ཧི་ར་ཧོ་ཇ་ (Gulchehra Hoja) ལགས་ཀྱིས། ངས་འདས་པའི་ལོ་ངོ་ ༢༥ རིང་གསར་འགྱུར་སྤེལ་བར་བརྟེན། ཡུ་གུར་དུ་ཡོད་པའི་ནང་མིར་དཀའ་ངལ་མང་པོ་འཕྲད་པ་དང་། ལྷག་པར་དུ་ངའི་གཅེན་པོ་ཕྱི་ཟླ་བརྒྱད་པའི་ནང་འདས་གྲོངས་སུ་ཕྱིན་པ་དང༌། དེའི་རྗེས་མི་རིང་བར་ངའི་ཨ་ཕ་ཡང་འདས་གྲོངས་སུ་ཕྱིན་ཞིང༌། ངའི་ཨ་མ་ནི་ད་ལྟའང་རྒྱ་ནག་ཏུ་གཅིག་པུར་ལུས་ཡོད། རྒྱ་ནག་གཞུང་གིས་ང་ཚོའི་སྙིང་ཉེ་བའི་མི་དག་མཚོན་ཆ་ལྟར་བེད་སྤྱོད་བཏང་ནས་ང་ཚོའི་ཁ་གཅོད་ཀྱི་ཡོད་པ་རེད། ང་ད་དུང་ཁ་རོག་ལ་སྡོད་ཀྱི་མེད། ངའི་ལོ་རྒྱུས་ནི་རྒྱ་ནག་དམར་ཤོག་ཚོགས་པས་གཉའ་གནོན་བྱས་ཏེ་ཁ་ཐོར་དུ་སོང་བའི་ཁྱིམ་ཚང་སྟོང་ཕྲག་དང་ས་ཡ་མང་པོའི་དངོས་ཡོད་གནས་ཚུལ་དེ་ཡིན་པས་རེད། ཅེས་བརྗོད་འདུག
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།




