དེ་རིང་ས་ག་ཟླ་བའི་ཚེ་གཅིག་གི་དུས་བཟང་དང་བསྟུན་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་མཚན་བྱང་གསར་པའི་འོག་གི་བཀའ་ཤག་གི་ཐོག་ཁང་གསར་པ་དེ་སྤྱི་ནོར་༧གོང་ས་མཆོག་གིས་དབུ་འབྱེད་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་སྟེང་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་དག་གི་རྔ་རོལ་དུང་རྒྱའི་སྙན་དབྱིངས་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བདམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ། དེ་བཞིན། གངས་སྐྱིད་ཁུལ་གྱི་གཞུང་ཞབས་ལས་བྱེད་ཆེ་ཕྲ་དང་མང་ཚོགས་བཅས་མི་མང་བརྒྱ་ཕྲག་བརྒལ་བའི་ཕེབས་བསུ་གཟབ་རྒྱས་ཁྲོད། ༸གོང་ས་མཆོག་གངས་སྐྱིད་དུ་ཆིབས་བསྒྱུར་བསྐྱངས་ཏེ་བཀའ་ཤག་གི་ཐོག་ཁང་གསར་པ་དབུ་འབྱེད་གནང་ཡོད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་ཤག་ཐོག་ཁང་གསར་པའི་སྒོ་ཆེན་གྱི་དར་ཚོན་སྣ་ལྔ་མདུད་བཀྲོལ་བསྐྱངས་ཏེ། རབ་གནས་ཐུགས་སྨོན་དང་བཅས་སྒོ་འབྱེད་གནང་ཡོད་ལ། སྒོ་ཆེན་ནང་རོལ་གྱི་པར་རིས་འགྲེམས་སྟོན་ལ་ཡུན་ཙམ་གཟིགས་རྗེས་གློག་སྐས་ལ་བཞུགས་ཏེ། ཐོག་ཁང་གསར་པའི་ཡང་སྟེང་གི་བཀའ་ཤག་ཚོགས་ཁང་དུ་ཆིབས་བསྒྱུར་བསྐྱངས་ཤིང་། ཚོགས་ཁང་གི་ཞུགས་ཁྲིར་བཀོད་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་བདམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད། ༸གོང་ས་མཆོག་གིས་བཀའ་ཤག་ཐོག་ཁང་གསར་བ་ལེགས་འགྲུབ་ལ་རྟེན་འབྲེལ་དང་སྦྲགས་ཏེ། བཀའ་ཤག་དང་སྤྱི་འཐུས་གསར་པ་རྣམས་ལ་ལམ་སྟོན་བཀའ་སློབ་སྙིང་བསྡུས་ཤིག་བསྩལ་དོན། ཁང་པ་གསར་པ་འདི་ལེགས་འགྲུབ་ཡོང་བར་བཀྲ་ཤིས་བདེ་ལེགས་ཡོད་ལ། དེ་བཞིན། སྤྱི་འཐུས་གསར་རྙིང་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། དུས་རབས་གསར་པ་དང་བཀའ་ཤག་གསར་པ་ཆགས་ཏེ། དུས་ཚོད་ཧ་ཅང་མགྱོགས་མྱུར་ངང་འགྱུར་བ་འགྲོ་བཞིན་ཡོད་པ་རེད། གཙོ་ཆེ་ཤོས་རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། ང་ཚོ་བོད་པ་ཚོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན། སྐབས་སྔོན་མའི་དུས་ཡུན་རྙིང་པའི་ནང་མང་ཚོགས་ནང་མཐོང་ཚུལ་ཡག་པོ་མེད་པ་དེ་འདྲ་བྱུང་ཡོད། དེ་དག་དྲན་པར་ཉེར་བར་བཞག་སྟེ། ད་རེས་སྐབས་གསར་པའི་འཐུས་མི་རྣམ་པ་ཚོས་དངོས་གནས་དོན་དག་ཐོག་རྒྱུན་ལྡན་སྐྱོན་བསྲང་བྱ་རྒྱུ་ཡོད་པ་དེ་དག་ལྷག་བསམ་རྣམ་དག་གིས་བྱ་དགོས། ཞེས་གསུངས་ཡོད།
དེ་རྗེས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་༸གོང་ས་མཆོག་ལ་བཀའ་ཤག་དང་བཀའ་དྲུང་ལས་ཁུངས་གསར་བཞེངས་ཇི་ལྟར་ཞུས་སྐོར་སྙན་སྒྲོན་དང་། ༸གོང་ས་མཆོག་གིས་རྒྱ་གར་ས་གནས་ཡུལ་མིའི་བཀའ་དྲིན་མཚོན་ཆེད་དགེ་རྒན་ཆེན་མོ་ཤཱར་མ་ལགས་དང་། དེ་བཞིན་རྒྱ་གར་དབུས་གཞུང་དང་མངའ་སྡེའི་གཞུང་གི་བཀའ་དྲིན་མཚོན་ཆེད་རྒྱ་གར་དབུས་སྣེ་ཤན་པ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་གསོལ་རས་གནང་པར་མ་ཟད། ཐོག་ཁང་གསར་རྒྱག་གི་བཟོ་སྐྲུན་པ་དང་ཇུས་འགོད་པ། ཨར་རྒྱག་པ་སོགས་སྡེ་ཚན་སོ་སོའི་མི་གྲངས་ ༡༥ ཙམ་ལ་ཐུགས་རྗེ་ཆེ་མཚོན་ཆེད། ཐུབ་དབང་གི་སྐུ་ཆུང་ངུ་རེ་དང་ཕྱག་རྟགས་བཅས་གསོལ་རས་བསྩལ་ཡོད། དེ་ནས་༸གོང་ས་མཆོག་བཀའ་ཤག་ཐོག་ཁང་གི་ལས་ཤག་རེ་རེའི་ནང་གཟིགས་སྐོར་གནང་ཡོད་པ་མ་ཟད། ཐོག་ཁང་གསར་པའི་སྟེང་འོག་གི་སྒོ་འགྲམ་དག་ཏུ་ལྗོན་ཤིང་འདེབས་འཛུགས་གནང་སྟེ། རྟེན་འབྲེལ་གྱི་མཛད་སྒོ་ཡོངས་སུ་གྲུབ་རྗེས་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་སོང་།
འདི་གའི་གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ལ་བཀའ་ཤག་ཐོག་ཁང་གསར་པའི་དབུ་འབྱེད་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་པར་ཁོང་གིས། རྩ་བའི་ཁང་པ་གསར་རྒྱག་གི་ལས་འགན་དེ་ནང་སྲིད་ལས་ཁུངས་ཀྱིས་ཐུགས་འགན་གཙོ་བོ་བཞེས་པ་རེད། ཡིན་ནའང་། དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་དུས་ནས་དུས་སུ་སྤྱི་ཡོངས་ལ་གཟིགས་རྟོག་ལམ་སྟོན་གནང་བ་བཅས་ལ་བརྟེན་ཏེ། ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བཀའ་དྲུང་ཡིག་ཚང་བཅས་ཀྱི་ཐོག་ཁང་གསར་བ་འདི་ལེགས་འགྲུབ་བྱུང་བ་རེད། དེ་བཞིན་ ༸གོང་ས་མཆོག་ལ་སྙན་འབུལ་ཞལ་བཞེས་ཐོབ་པ་ལྟར། དེ་རིང་ས་ག་ཟླ་བའི་ཚེས་ ༡ ཉིན་༸གོང་ས་མཆོག་གདན་འདྲེན་ཞུས་ཏེ་དབུ་འབྱེད་གནང་ཡོད་ལ། དབུ་འབྱེད་མཛད་སྒོ་དེའང་ནང་མོལ་རྟེན་འབྲེལ་ལྟ་བུ་ཞིག་གི་ཐོག་གནང་ཡོད། རྒྱ་གར་གཞུང་དང་རྒྱ་གར་ཡུལ་མིའི་སྐུ་ཚབ་ཀྱི་ངོ་བོ་མཚོན་ཆེད་རྒྱ་གར་དབུས་སྣེ་ཤན་པ་དང་སློབ་དཔོན་ཤཱར་མ་རྣམ་གཉིས་གདན་འདྲེན་ཞུས་ཡོད་པ་མ་གཏོགས། ཕྱི་ལོགས་ནས་སྐུ་མགྲོན་གདན་ཞུ་གནང་བ་སོགས་གྲ་རྒྱས་པོ་དེ་འདྲ་གང་ཡང་ཡོད་པ་མ་རེད།
དེ་རིང་སྔ་དྲོ་དབུ་འབྱེད་མཛད་སྒོའི་སྐབས་༸གོང་ས་མཆོག་གིས་བཀའ་ཤག་ཐོག་ཁང་གི་ལས་ཤག་རེ་རེའི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་མ་ཟད། བཀའ་དྲུང་རིམ་པའི་མཚན་གཞུང་ལ་ཞིབ་གཟིགས་གནང་སྟེ་ཐུགས་སྨོན་ཟབ་མོ་གནང་སོང་། སྐབས་དེར་ང་རང་གི་བསམ་པར། དེ་རིང་སྐུ་མདུན་གྱིས་སྔར་སྐུ་ཚེ་འཕེན་པ་རྫོགས་ཟིན་པའི་བཀའ་དྲུང་རྣམ་པ་དང་། ད་ལྟ་སྐུ་འཚོ་བཞུགས་གནང་བཞིན་པའི་བཀའ་དྲུང་ཟུར་བ་རྣམ་པ་བཅས། དེ་སྔ་ལས་སྨོན་གྱི་དབང་གིས་དགའ་ལྡན་ཕོ་བྲང་གི་གཞུང་ལ་ཞབས་ཞུ་གནང་མཁན་ཁོང་རྣམ་པར་ཚེ་རབས་རྗེས་འཛིན་གྱི་ཐུགས་སྨོན་གནང་སོང་བསམ་པའི་སེམས་ཚོར་ཟབ་མོ་ཞིག་བྱུང་སོང་། ཞེས་གསུངས་སོང་།
བཀའ་དྲུང་མཆོག་གིས་ཐོག་ཁང་གསར་པའི་ནང་གི་ཆ་བགོས་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་དོན། བཀའ་ཤག་ཐོག་ཁང་གི་འདབས་གཤམ་དུ་ཡོད་པའི་རིམ་པ་དང་པོ་དེའི་ཕྱོགས་གཅིག་ཏུ་ཡིག་ཆ་གསོག་འཇོག་ཁང་ཡོད་ལ། དེའང་བཀའ་དྲུང་ཡིག་ཚང་ངེས་མེད་སྡེ་ཚན་གྱི་ཡིག་ཆ་རྣམས་ཕྱོགས་བསྒྲུག་བྱས་རྗེས། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཡིག་ཆ་དག་ཡིག་མཛོད་ནང་བཞག་སྟེ་ཉར་ཚགས་གནང་རྒྱུ་རེད། ཕྱོགས་གཞན་གཅིག་ཏུ་ལས་བྱེད་འདེམས་བསྐོ་ལྷན་དང་འོས་བསྡུ་ལས་ཁུངས་གཉིས་གོ་སྒྲིག་བྱས་ཡོད། དེ་མིན་ཐོག་བརྩེགས་གསུམ་ཅན་གྱི་བཀའ་ཤག་ཐོག་ཁང་གི་རྟིང་ཐོག་རིམ་པའི་ནང་འཆར་འགོད་ལས་ཁུངས་དང་། བཀའ་ཤག་གི་མཇལ་འཕྲད་ཁང་དང་གསོལ་སྟོན་ཁང་བཅས་ཡོད། བར་ཐོག་རིམ་པར་བཀའ་དྲུང་ཡིག་ཚང་གི་ལས་ཁུངས་དང་། རྩིས་ཁང་། བཀའ་དྲུང་ཡིག་ཚང་གི་ཁྱབས་ཁོངས་སུ་ཡོད་པའི་བོད་རྒྱ་ཞི་མོལ་ལས་དོན་སྡེ་ཚན་གྱི་ལས་ཁུངས་ཤིག་བཅས་ཡོད། སྟེང་ཐོག་རིམ་པར་བཀའ་བློན་ཁྲི་པའི་ལས་ཁུངས་དང་ཚོགས་ཁང་། དེ་མིན་བཀའ་ཤག་ལྷན་རྒྱས་མཇལ་འཛོམས་གནང་ས་བཅས་གོ་སྒྲིག་བྱས་ཡོད་པ་རེད། ཅེས་གསུངས་སོང་།
གསར་འགོད་པ། ཚེ་རིང་རྒྱལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱིའི་ལས་ཁང་གསར་བསྐྲུན་ལེགས་གྲུབ་བྱུང་བར་
འཚམས་དྲིན་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་ཞུ་ཞུ།།
ལྔ་རིག་སྨྲ་བའི་པཎ་ཊི་ཏར་གྲགས་པའི་དགེ་བཤེས་ཤེས་རབ་རྒྱ་མཚོ་ཞེས་སྐད་ཆ་བཤད་ཐེངས་གཅིག་གིས་པི་ཅན་དུ་རྒྱ་དཔོན་མའོ་ཡི་ཡིད་དབང་ཡོངས་སུ་འཕྲོག་པར་མཛད་མཁན་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ལ་འཁོར་གསུམ་སྐོར་རྒྱུ་ཡིན་གསུངས་པ་ག་ལ་སྲིད་ཏེ། དེ་ནི་དགེ་འདུན་ཆོས་འཕེལ་གྱིས་ཐ་སྙད་ཚད་གྲུབ་ལ་དོགས་པ་སྐྱེས་པའི་གཏམ་སྨྲ་བར་དགའ་འཆོང་བྱས་པ་དག་གིས་དགེ་བཤེས་ཆེན་མོ་ཁོང་གིས་དགེ་དགག་གི་སེང་གེའི་ང་རོ་བྲིས་པར་མི་འདོད་གཏམ་འཆལ་སྤེལ་བ་ཞིག་རེད། ཀླུ་བྱམས་ཅན་ལགས་ཀྱིས་ངེས་པར་དུ་ཐུགས་ལ་བཞག་དགོས་པ་ནི་བོད་ནང་ཁུལ་དུ་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་བེད་སྤྱད་དེ་༸གོང་ས་མཆོག་ལ་ལྷ་མེད་འདྲེ་མེད་སྨྲ་བའི་ལྟ་ཚུལ་ནས་བོད་མི་མང་གི་སེམས་ལ་ཕོག་པའི་སྐད་ཆ་བཤད་ག་ལ་རུང་སྟེ། ཀླུ་བྱམས་ཅན་རང་ཉིད་བོད་ཀྱི་འཐབ་རྩོད་པ་ཞིག་ཏུ་བསྒྲགས་པས་བོད་འདི་ཁ་ཕྱོགས་གང་ཞིག་ནས་འཕེལ་རྒྱས་སུ་ཕྱིན་པ་དང་། མ་འོངས་པར་ཡང་ཁ་ཕྱོགས་གང་ཞིག་ཏུ་བསྐྱོད་དགོས་མིན་དང་། ནང་ཆོས་ཀྱི་སྙིང་པོ་གང་ཡིན་དང་། དེས་བོད་དང་རྒྱལ་སྤྱིར་དོན་དམ་གྱི་ཁེ་ཕན་གང་སྤྲད་ལ་དགོངས་པ་གཟབ་བཞེས་གནང་རོགས།
དྲྭ་གྲོགས་ཚོ། ཤེས་ཡངས་ཀླུ་མཁར་བྱམས་ལགས་ཀྱི་རང་རེ་བོད་ཀྱི་མ་འོངས་བདེ་དོན་ལ་སྨིན་པའི་བསམ་ཤེས་ཀྱིས་དགོངས་འཆར་གནང་བར་དེ་འདྲ་འཁང་ར་བྱེད་དགོས་དོན་ཅི་ཡིན་ན། མ་གཞི་རང་རེའི་སྤྱི་ཚོགས་འདི་སྔར་དང་མ་འདྲ་བར་ད་ནི་དམངས་གཙོ་ཡང་དག་པའི་སྟེང་ཕེབས་རྒྱུར་ཆོད་སེམས་ཀྱི་བོད་གཞུང་གི་མཚན་བྱང་ཡང་བསྒྱུར་ཟིན་པ་ལ། དམངས་གཙོའི་འགྲོ་སྟངས་དང་བསྟུན་ན་༧སྐྱབས་མགོན་རིན་པོ་ཆེར་ཆབ་སྲིད་དང་འབྲེལ་བའི་མཚན་སྨད་ཞུས་པར་དེ་ཙམ་ཡོ་ལངས་སྤེལ་རྒྱུ་མེད་ལ། གཞི་ནས་སྔར་བོད་དེ་དམངས་གཙོ་རྩ་བ་ནས་མེད་པའི་སྐབས་སུའང་དགེ་བཤེས་ཤེས་རབ་རྒྱལ་མཚན་ཞེས་པ་ཞིག་ཡོད་པ་གོ་ཐོས་ལ། ཁོང་གིས་ད་ལྟ་༧སངས་རྒྱས་བཞུགས་མི་འདུག་མ་གཏོགས། གལ་སྲིད་ཁོང་སྐུ་འཚོ་བཞུགས་ཡོད་ན་འཁོར་གསུམ་ལན་མ་གསུམ་སྐོར་རྒྱུ་ཡིན་པའི་སྐོར་གསུངས་པའི་སྐད་ཆ་ཞིག་སྔར་ཕྲན་གྲྭ་སར་དཔེ་ཆ་བལྟ་སྐབས་སུ་གོ་རྒྱུ་འདུག་ན། བདག་ཅག་གི་སྟོན་པ་ཡང་དག་པ་མཆོག་ལ་དེ་ལྟར་ཞུ་སྤོབས་ཐུབ་ན་གཞན་ཐམས་ཅད་ལ་ལྟ་ཅི་སྨོས།
ས་ག་ཟླ་བའི་ནམ་ཟླ་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་བྷབན་གསར་པ་དབུ་འབྱེད་གནང་བར་རྟེན་འབྲེལ་བཟང་། བཀྲིས་བདེ་ལེགས་གྲངས་མེད་ཞུ། ཆབས་ཅིག་ཏུ། གནས་ཚུལ་ཕྱོགས་ཡོངས་ལ་གཟིགས་ཞིབ་དང་མཁྱེན་རྒྱ་ཧ་ཅང་གི་ཆེ་བའི་ངེས་པ་དོན་གྱི་བདག་ཉིད་ཆེན་པོ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གིས་སྐུ་ཚེ་ཡོངས་རྗོགས་བྱེ་བྲག་ཏུ་བོད་མིའི་བདེ་རྩ་ཁོ་ནར་དམིགས་ནས་རླབས་ཆེན་གྱི་མཛད་པ་གང་མཛད་པ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་སྐྱབས་མགོན་ཆེན་པོ་འོག་ལ་ཟམ་གདོང་རིན་པོ་ཆེ་འོ་ཅག་བོད་མི་རྣམས་ཀྱི་སྲོག་ཤིང་ལྟ་བུ་ཡིན་པས་སྐལ་བརྒྱར་བརྟན་པའི་སྨོན་ལམ་ཞུ།
བཀྲ་ཤིས་པའི་དེ་རིང་གི་ཉིན་འདི་ལ་ཡང་བཀྲ་་མི་ཤེས་པའི་གནས་སྐྱོང་ཞབས་འདྲེན་རྡོ་རྗེ་སླེབས་འདུག་པས་ངོ་ཚ་དགོས་པ་ཞིག་མ་རེད་དམ། ཁོས་ལག་མགོའི་དུས་ཚོད་འདོག་སྟངས་འདིས་ཀྱང་ཁོ་བཀྲ་མ་ཤེས་པ་ཞིག་ཡིན་པ་མཚོན་ཐུབ། རྗེས་ཕྱོགས་སུ་གཞུང་འབྲེལ་གྱི་མཛོད་སྒོ་ལོ་རྒྱུུས་ལྡན་པ་འདི་འདྲེའི་སྐབས་སུ་གོང་ས་མཆོག་སྐྱབས་མགོན་མཆོག་གི་སྐུ་མདུན་དུ་གྲྭ་བ་ཞབས་འདྲེན་དེ་འདྲ་མ་འཇོགས་རོགས་ཞུ།
བོད་ཀྱི་ཡོངས་ཀྱི་མགོན་སྐྱབས་གོང་ས་སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱལ་གྱུར་ཅིག བདེན་པ་གཉིས་རྣམ་པར་རྒྱལ་གྱུར་ཅིག དེ་རིང་སྐྱབས་མགོན་ཡིད་བཞིན་ནོར་བུའི་གསུངས་པ་བཞིན་ བོད་མི་མང་སྤྱི་འཐུས་རྣམས་པའི་ཕྱག་ལས་གནང་སྟངས་སྔར་ལས་ལྷག་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་མི་གནང་བར་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལྷག་བསམ་དང་དྲང་བདེན་རྩོད་རོགས། དགེ་བཤེས་གཡུང་དྲུང་དང་སྨོན་ལམ་མཐར་ཕྱིན་གཉིས་ཀྱི་ཀུན་སློང་དེ་ཙམ་ཡིན་པའི་ཚོར་སྣང་ཡོང་གི་འདུག་པས་ང་ཚོས་རྟག་དཔྱད་བྱེད་དགོས། གོང་ས་སྐྱབས་མགོན་རིན་པོ་ཆེ་་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཀླུ་མཁར་བྱམས་ཀྱི་དེ་རིང་ཡང་བསྐྱར་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་དངོན་སུམ་འཛེམས་ཀྱི་སྐྱོན་བརྗོད་བྱེད་ཀྱིན་འདུག་པ་འདིས། ང་ཚོ་བོད་གཞིས་བྱེས་གཉིས་ཀྱིས་པར་ལ་དབྱིན་དཀྲུག་ཆེན་པོ་བྱེད་ཀྱིན་འདུག་པས་གཞུང་འབྲེལ་གཉིས་ཐད་ནས་ཁོ་ལ་རྒྱུ་མཚན་ལྡན་པའི་ངང་ལེགས་ལམ་དུ་བསྒྱུར་དགོས་སོ།
ད་ཡིན་ན་ཟམ་གདོང་བླ་མའི་འགོ་འཁྲིད་འོག་འདི་བྱས་འདི་བྱེད་མི་འདུག ཁང་པ་གསར་པ། བཀའ་ཁྲི་གསར་པ། ལས་ཀ་གསར་པ། དམིགས་ཡུལ་གསར་པ། མཚན་བྱང་གསར་པ། ད་གཅིག་མ་གཏོགས་ཐམས་ཅད་གསར་པ་རང་རེད་འདུག གསར་པ་མ་ཡིན་པ་གཅིག་ཡོད་པ་ནི། བོད་འདི་རྒྱ་ནག་གཞུང་གི་ཁྲིམས་མཐུན་མངའ་འོག་ཏུ་སྡོད་རྒྱུའི་དམ་བཅའ་དེ་རེད། དགའ་ལྡན་ཕོ་བྲང་དང་། ཟམ་གདོང་བླ་མས་བོད་འདི་སྐྱེལ་ས་གཅིག་ལ་བསྐྱེལ་སོང་། ཕོ་ཤི་རེ་ཁ།
མངའ་རིས་བུ་ཁྱོད་སུ་ཡིན་ནམ།
ཁྱོད་ཀྱིས་ངའི་སྨྱུག་མིང་རྐུ་མ་བརྒྱབ་སོང་།
ང་རང་མངའ་རིས་གནས་མཆོག་གངས་དཀར་ཏི་སིའི་ཉེ་འགྲམ་སྤུ་ཧྲེང་དུ་སྐྱེས་པ་ཡིན། །
ང་ཡང་ཆུང་དུས་ནས་སློབ་གྲྭར་གྲོ་དུས་ནས་ངའི་སྨྱུག་མིང་ལ་མངའ་རིས་བུ་ཞེས་འབོད་ཀྱི་ཡོད།
ཕྱི་སུ་ཉིས་སྟོང་བཞི་ལོ་རྒྱ་གར་ནང་བཙན་བྱོན་སླེབས་སྐབས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སོང་པ་ཡིན།་
དེ་དུས་དྲ་ལམ་ཁག་ལ་བསམ་ཚུལ་སྤེལ་རྒྱུ་གོ་སྐབས་རག་མ་སོང་ལ་དྲ་ལམ་ལ་འཛུལ་རྒྱུར་དངུལ་ཡང་དཀོན་པོ་ཡོད་།
དེ་དུས་ངའི་སྨྱུག་མིང་ཡང་རྐུ་ལ་ཤོར་སོང་།
རང་ཉིད་དྲ་ལམ་ཁག་ལྟས་དུས་མངའ་རིས་བུ་ཟེར་བ་མཐོང་རྒྱུ་འདུག
ཨ་ཁ་ཁ་ཁ། ངའི་སྨྱུགས་མིང་རྐུ་མ་བརྒྱབ་འདུག
ཁྱོད་སུ་ཡིན་ཞེས་བྲིས་པ་ཡིན་ལ་ཁྱེད་ཀྱི་མིང་ཡང་སྒྱུར་རོགས་གནང་ཟེར་ནས་རེ་སྐུལ་ཞུས་པ་ཡིན།
མིང་ཡང་བསྒྱུར་མ་སོང་ལ་བརྡ་ལན་གཅིག་རྐྱང་སླེབས་མ་སོང་།
ད་ལྟའི་སྐབས་གྲོགས་པོ་དང་སྔོན་གྱི་སློབ་གྲོགས་རྙིང་པ་ཚོ་མངའ་རིས་བུ་དེ་ང་ལ་ངོས་འཛིན་བྱེད་ཀྱི་འདུག་ངས་གྲོགས་པོ་མང་པོ་ཞིག་ལ་མངའ་རིས་བུ་ཟེར་བ་མིང་དེ་ད་ལྟ་ང་མ་རེད་ལབ་ན་ཁོང་ཚོ་ཡང་ཡིད་ཆེད་ཀྱིན་མི་འདུག
ད་ལྟ་ངའི་མངའ་རིས་ཕོ་ཉ་ཞེས་བཏགས་ཡོད་གྲོགས་ཚོར་ཤོད་ཀྱི་ཡོད་།
བྱུང་ན་ཁྱེད་ཀྱི་མིང་དེ་བསྒྱུར་རོགས་གནང་ངས་ཁྱེད་ལ་རེ་སྐུལ་ཞུ།
དགའ་བཞིན་སྤྲོ་བཞིན་རྟེན་འབྲེལ་ཞུ། བཀའ་ཁྲི་གསར་བ། བཀའ་ཁྲིའི་ལས་ཤག་གསར་བ། སྒྲིགས་འཛུགས་གསར་བ། གསར་བ་ཐབས་ཅད་བདེ་ལེགས་ངང་འགྲུབ་པའི་སྨོན་འདུན་ཞུ།
རང་ཉིད་ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཐོག་ལས་ཤག་ནས་ལས་ཁུངས་སུ་འགྲོ་སྐབས་གངས་ཅན་སྐྱིད་གཤོངས་ཀྱི་བཀའ་ཤག་གསར་པའི་ཉེ་འགྲམ་དང་ལམ་ཁའི་གཡས་གཡོན་ཚང་མར་གྲོག་མ་ཚང་རྡོལ་ལྟར་ལས་བྱེད་དང་མི་དམངས་བཅས་ལག་ཏུ་མཇལ་དར་དང་སྤོས་སྣ་སྣ་ཚོགས་བཟུང་ནས་༧གོང་ས་མཆོག་ལ་ཕེབས་བསུ་ཟབ་རྒྱས་ངང་སྒུག་ནས་བསྡད་འདུག
ང་རང་ཡང་ལས་ཁུངས་སུ་སླེབས་སྐབས་ཆུ་ཚོད་དགུ་པ་ཟིན་འགྲོ་ཀྱིན་འདུག་ལ་ལས་ཁུངས་ནང་གི་ལས་རོགས་ཚོ་ཕེབས་སུར་ཕྱིན་ཚར་འདུག་ལས་ཁུངས་ཡང་སྒོ་ཕྱེད་འདུག་ལ་ལས་རོགས་ཚོ་མཐོང་རྒྱུ་ཡང་མི་འདུག་རང་ཉིད་མགྱོགས་པོ་ཕེབས་བསུ་ལ་འགྲོ་སྐབས་ལས་རོགས་ཁག་ཅིག་ལག་ཏུ་མཇལ་དར་བཟུང་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཉེ་འགྲམ་སྐས་འཛེགས་ཀྱི་ལམ་ཟུར་དུ་ཕེབས་བསུ་ལ་སྒུག་ནས་བསྡད་འདུག་ཅུང་ཙམ་ཕྱིན་རྗེས་གནས་ཆུང་སྒྲ་དབྱངས་གླིང་གི་དགེ་འདུན་པ་དག་གི་རྔ་རོལ་དུང་རྒྱའི་སྙན་མོ་སྒྲོགས་གནང་མཛད་སོང་། ཆུ་ཚོད་དགུ་དང་སྐར་མ་བཅོ་ལྔ་ཡོལ་མེད་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བདམས་ཐོན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་བཅས་བཀའ་ཤག་གསར་པའི་སྒོ་འགྲམ་དུ་ཕེབས་བསུ་ཟབ་རྒྱས་ངང་༧གོང་ས་མཆོག་གིས་བཀའ་ཤག་གསར་པ་དབུ་འབྱེད་མཛད་སྒོ་གནང་བར་དགའ་སྤྲོ་དཔག་མེད་སྐྱེས་བྱུང་། ང་རང་ལམ་ཟུར་ནས་བཀའ་ཤག་གསར་པའི་ཐོག་ཁང་རྩེར་ལྟ་དུས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཚན་བྱང་གསར་པའི་འོག་གི་བར་ཐོག་ནས་༧གོང་ས་མཆོག་གིས་ལྷན་ཁང་ཁག་ལ་གཟིགས་ཀྱི་འདུག ལས་བྱེད་དང་མི་དམངས་ཚོ་ཚང་མ་སྔར་ལྟར་སྒུག་ནས་བསྡད་འདུག
བཀའ་་ཁྲི་འདི་ལོ་ཙཱ་བ་ཆེན་པོ་ཞིག་རེད།
དང་པོ་དམངས་གཙོ་་་་་མང་གཙོ་རུ་བསྒྱུར་སོང།
དེ་ནས་ཏིག་གནས་ཞེས་པ་དེ་ལེགས་སྦྱང་ཞེས་པར་བསྒྱུར་སོང།
དེ་ནས་་་བོད་ཆོས་ལྡན་གྱི་རྒྱལ་ཁབ་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་གྱི་རྒྱལ་ཁབ་དུ་བསྒྱུར་སོང།
དེ་ནས་བཙན་བྱོལ་བོད་གཞུང་ཞེས་པ་དེ་བོད་མིའི་སྒྲིགས་འཛུགས་སུ་བསྒྱུར་སོང།
དེ་ནས་བོད་ཀྱི་གསོ་རིག་གིས་མཚོན་པའི་བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་དེ་རྒྱ་གར་གྱི་ཆོས་དང་རིག་གཞུང་གསོ་རིག་ཅེས་པ་རུ་བསྒྱུར་སོང།
ཐམས་ཆད་སྟོང་པ་ཉིད་དུ་མཉམ་པར་འཇོག་རོགས།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་རྒྱལ་གྱུར་ཅིག བདེན་པ་གཉིས་རྣམ་པར་རྒྱལ་གྱུར་ཅིག
བཞེད་དོན་ལྷུན་གྱིས་འགྲུབ་པར་ཤོག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལག་བསྟར་འགན་འཛིན་གྱི་ལས་ཁུངས་གསར་བ་བཟོ་བསྐྲུན་ཡོངས་སུ་གྲུབ་པ་ལ་རྟེན་འབྲེལ་ཞུ། ད་ནི་ང་ཚོའི་འདོད་རུང་མ་འདོད་རུང་མིང་ཚིག་དེ་འདི་ལྟར་བེད་སྤྱོད་གཏོང་དགོས་སོང་བ་རེད། སེམས་ནང་ནས་འདི་བསྒྱུར་བཅོས་་གཏོང་མཁན་གྱི་གྲོས་ལ་དབང་མི་རྣམས་ལ་ཡང་བདེ་མེད་ཁོ་ཐག་ཡིན། འོན་ཀྱང་ང་ཚོས་དངོས་ཡོད་གནས་ཚུལ་དགའ་ན་སྡུག་ན་ཁས་ལེན་དགོས་པ་ཡིན་སྟབས་མིང་བྱང་འདི་ལྟར་མི་བསྒྱུར་རང་བསྒྱུར་དུ་གྱུར་སོང་བ་རེད། དེ་རིང་ནས་བཟུང་ཚང་མས་དབུས་བོད་མའི་སྒྲིག་འཛུགས་ཞེས་འབོད་དགོས་པ་རེད། མཚམས་གཅིག་གཉིས་ལ་གོམས་པའི་དབང་གིས་ཁ་ནོར་ཐེབས་རུང་སྐྱོན་མེད། ཡང་སུ་ཡང་སུ་དེ་ལྟར་ཁ་ནོར་ཐེབས་ན་ཁྲིམས་ཐག་གཅོད་གི་ཡིན།