མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲིབ་ཡོར་མག་མོག་འོག་གི་བོད།

བོད་ཀྱི་དུས་བབ།
༢༠༡༡/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཕུན་ཚོགས།

བོད་པ་བཙན་བྱོལ་བ་རྣམས་རྒྱ་ནག་གཞུང་གི་དོན་གཅོད་ཁང་བརྒྱུད་དེ། ཕྱིར་བོད་ནང་དུ་ལོག་ཆོག་པའི་ཐོངས་མཆན་སྤྲོད་ཀྱིན་པའི་སྲིད་བྱུས་ལ་རགས་ཙམ་དཔྱད་པ།

 

            ཉེ་བའི་ཆར་རྒྱ་ནག་གི་དོན་གཅོད་ཁང་བརྒྱུད་བོད་དུ་ལོག་མཁན་བོད་མི་རྣམས་ལ་མཐོང་མཆན་སྤྲོད་པ་དང་སྣེ་ལེན་གཟབ་རྒྱས་བྱེད་ཀྱིན་པའི་སྲིད་བྱུས་གཏིང་མི་ཚུགས་པ་ཞིག་སྤེལ་གྱིན་ཡོད་པ་འདི་ནི། རྒྱ་ནག་གི་རྩོམ་པ་པོ་ཁ་ཤས་ཀྱིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྤྱི་ལོ་ ༢༠༠༩ ལོའི་ལོ་མཇུག་ནས་གློ་བུར་བསྒྱུར་བཅོས་ཆེན་པོ་བཏང་བ་ལྟ་བུའི་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། རྩ་བའི་ཆ་ནས་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་གང་ཡང་བཏང་མེད་ལ། རྒྱ་གཞུང་གི་དམིགས་ཡུལ་དང་ཕུགས་བསམ་གྱི་ངོས་ནས་ཀྱང་བསྒྱུར་བཅོས་གང་ཡང་བཏང་མེད་མོད། འོན་ཀྱང་ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་འཛིན་པའི་སྲིད་བྱུས་སྤེལ་ཐབས་ཁྱད་པར་པ་དང་། ཡང་ན་ཐོག་མ་ནས་འཛིན་བཞིན་པའི་སྲིད་བྱུས་ཀྱི་དམིགས་ཡུལ་འགྲུབ་ཐབས་ཆེད། སྲིད་བྱུས་སྤེལ་ཐབས་དམིགས་བསལ་བ་དང་མ་འདྲ་བ་དུ་མ་རབས་དང་རིམ་པར་འབྱུང་གིན་པ་འདི་ནི་འུ་ཚོས་མིག་འོག་ནས་འབོར་མི་ཉན་ཞིང་། དཔྱད་པས་གཡོལ་མི་རུང་པའི་གནད་འགག་གལ་ཆེན་དག་ཡིན།

 

དང་པོ། སྲིད་བྱུས་འདི་ཉིད་འདིང་དགོས་པའི་རྒྱབ་ལྗོངས།

 

སྲིད་བྱུས་འདི་ནི་རྣམ་པའི་ཐོག་སྤྱི་ལོ་ ༢༠༠༩ ལོའི་ཟླ་ ༡ ཚེས་ ༦ ཉིན་སྲིད་བློན་ཝུན་ཅ་པའོ་(温家宝)ཡིས་ཕྱི་སྡོད་ཀྲུང་གོའི་མི་སེར་རྣམས་ལ་བདག་པོ་རྒྱག་དགོས་ཚུལ་དང་། ཕྱི་སྡོད་སྤུན་ཟླ་མི་རིགས་རྣམས་མེས་རྒྱལ་དུ་ལོག་པར་དགའ་བསུ་ཞུ་རྒྱུ་ཡིན་ཟེར་བའི་བརྗོད་བབ་འོག་ནས་བྱུང་བའི་སྲིད་བྱུས་ཞིག་ཡིན་པའི་མངོན་ཚུལ་བྱུང་ཡོང་ནའང་། དོན་དངོས་སུ་སྤྱི་ལོ་ ༢༠༠༨ ལོའི་བོད་ཀྱི་གཞི་རྒྱ་ཆེ་བའི་ཞི་རྒོལ་གྱི་སྔ་ཕྱི་ལ་ ཉམས་ཞིབ་དང་། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ས་བྱི་ཞི་རྒོལ་ཆེན་མོའི་ཤུགས་རྐྱེན་དང་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་པའི་སྐོར་ལ་ཉམས་ཞིབ་ཐེངས་མང་བྱས་རྗེས་ཀྱི་མཇུག་བསྡོམས་སྲིད་བྱུས་སྤེལ་སྟངས་ཤིག་ཡིན་ལ། སྤྱི་ལོ་ ༢༠༠༨ ལོའི་བོད་ཀྱི་ཞི་རྒོལ་ཆེན་མོའི་སྔ་གཞུག་གི་ཤུགས་རྐྱེན་དང་ཁོར་ཡུག་བཅས་ལ་ཕྱིར་བལྟས་བྱས་རྗེས། རྒྱ་ནག་གི་ཆབ་སྲིད་བློ་འདོན་པས་སྣེ་ཁྲིད་དང་སློབ་སྟོན་བརྒྱུད་ཉེན་གཡོལ་གྱི་བྱེད་ཐབས་འཚོལ་བ་ཞིག་ཀྱང་ཡིན།

གནས་ཚུལ་འདིར་རྒྱ་ནག་གི་རྩོམ་པ་པོ་ཚའོ་ཁྲང་ཆིན་གྱི་རྩོམ་ཡིག་<<རྒྱ་དམར་གྱི་མཐའ་འཁྱོལ་དཀའ་བའི་སྲིད་བྱུས>>ཞེས་པར་བརྗོད་དོན། “སྤྱིར་ད་ལྟའི་རྒྱ་དམར་གཞུང་ནི་དུས་དང་རྣམ་པ་ཀུན་ཏུ་ཧྥ་ཤི་སི་སྒེར་གཅོད་རིང་ལུགས་པའི་ཕྱོགས་སུ་འཕེལ་གྱིན་ཡོད་སྟབས། རྒྱ་ནག་མི་རིགས་སྤྱི་དང་སྒོས་སུ་གྲངས་ཉུང་མི་རིགས་མང་དག་ཅིག་རྒྱ་དམར་གཞུང་གི་སྤྱོད་སྟངས་ལ་ཞེན་ཁ་ལོག་བཞིན་ཡོད།”ཅེས་དང་། “གནས་ཚུལ་དེར་བསྟུན་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་ཅིག་གིས་རང་དབང་དང་ཐོབ་ཐང་རྩོད་པའི་ལམ་ཏུ་ཞུགས་ཤིང་། འཐབ་རྩོད་ཀྱི་ནུས་ཤུགས་ཀྱང་རྣོ་དབལ་ཅན་དུ་གྱུར་བས། རྒྱ་དམར་གཞུང་གིས་དུས་ཡུན་ངེས་ཅན་ཁྲོད་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་པ་བླ་ལྷག་ཏུ་ཐོན་པའི་རྒྱུ་མཚན་ཁག་ལ་ཉམས་ཞིབ་བྱས་ཡོད། ཉམས་ཞིབ་ཁྲོད་འཐབ་རྩོད་ཀྱི་ནུས་པ་གཙོ་བོ་འདོན་མཁན་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྡོད་པའི་བོད་པ་བཙན་བྱོལ་བ་ཁོ་ན་ཡིན་པར་ངོས་འཛིན་ཐོབ་ཡོད་ཅིང་། ནུས་ཤུགས་དེ་དག་ཉམས་དམས་སུ་གཏོང་ཆེད་དང་རྩ་དོན་ཁ་འཐོར་ཏུ་གཏོང་ཆེད། སྲིད་བློན་ཝུན་གྱིས་“ཕྱི་སྡོད་ཀྲུང་གོའི་མི་སེར་”ཞེས་མཛའ་སེམས་ཆེན་པོ་ཡོད་མདོག་བསྟན་ཡོད།”ཅེས་ཟེར།

ཡང་གནས་ཚུལ་འདིར་ད་ལོའི་སྤྱི་ཟླ་ ༢ བའི་ཚེས་ ༢ ཉིན་ཨ་པོ་ལོ་རྒྱ་ཡིག་དྲ་བར་རྩོམ་པ་པོ་ཀྲུང་ནན་ཁཱི་ཟེར་བ་ཞིག་གིས་དྲ་རྩོམ་ཞིག་སྤེལ་བའི་ནང་། “ཉེ་བའི་ཆར་ཝུན་གྱིས་མཛའ་སེམས་ཆེ་མདོག་གིས་ཕྱི་སྡོད་སྤུན་ཟླ་མི་རིགས་རང་རྒྱལ་དུ་ལོག་པར་སྣེ་ལེན་དང་རོགས་རམ་བྱ་རྒྱུ་ཡིན་ཚུལ་གྱི་གནས་ཚུལ་སྤེལ་བར་ཉན་འཇོག་གཟབ་ནན་བྱ་དགོས། གནས་ཚུལ་འདིའི་ཁྱབ་ཁོངས་ཀྱི་དམིགས་ཡུལ་ངོ་མ་ནི། བོད་དང་ཡུ་གུར། ད་དུང་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། རྩ་རླུང་ཆོས་འཁོར་ཕྱོགས་ཁག་གི་མི་བཅས་རྒྱ་དམར་གཞུང་གི་ཁ་གཏད་དུ་ལངས་མཁན་ཁོ་ན་འདུས་ཡོད།”ཅེས་དང་། གཞན་ཡང་ཏ་ཅེ་ཡོན་(大纪元)རྒྱ་ཡིག་དྲ་བར་མི་རབས་གསར་བའི་བོད་དོན་འཐབ་རྩོད་པའི་ནུས་ཤུགས་སྐོར་ནས་གླེང་བའི་གནས་ཚུལ་ཞིག་ལས། “རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་སྟངས་ལས་བལྟས་ན། ༡༩༥༩ ལོར་ཏཱ་ལའི་བླ་མ་བོད་པ་ཁྲི་ཕྲག་དུ་མ་དང་མཉམ་དུ་བཙན་བྱོལ་ལ་ཕེབས་པ་ནས་ ༡༩༨༤ ལོའི་བར་རྒྱ་ནག་དང་བོད་པ་བཙན་བྱོལ་བ་གཉིས་བར་ལྷ་སའི་སྐུ་དྲག་དང་བཅིང་གྲོལ་དམག་བར་གྱི་ཆ་རྒྱུས་ཙམ་ལས་ཕན་ཚུན་གྱི་དངོས་ཡོད་སྤྱི་ཚོགས་ལ་རྒྱུས་ལོན་གང་ཡང་མེད་ཅིང་། ཁྱད་པར་དུ་བོད་ཕྱོགས་ནས་རྒྱ་ནག་གི་ཉེ་རབས་ཆབ་སྲིད་དང་དཔལ་འབྱོར་སྟོབས་ཤུགས་བཅས་ལ་རྒྱུས་ལོན་ཆེན་པོ་མེད་སྟབས། ལོ་རབས་གསུམ་ལྷག་གི་ཡུན་ལ་ཏཱ་ལའི་བླ་མའི་ཆབ་སྲིད་གྱི་ཐུགས་དགོངས་དང་། ཕུགས་འདུན་ལ་མངོན་གསལ་དོད་པོའི་གྲུབ་འབྲས་གང་ཡང་ཐོན་མེད་མོད། ལོ་རབས་བརྒྱད་བཅུ་བ་ནས་བོད་ནས་གསར་དུ་ཐོན་པའི་མཇལ་བ་དང་། གནས་སྐོར་པ། སྒོས་སུ་བོད་ནས་སློབ་སྦྱོང་ཅུང་ཐོབ་ཅིང་རྒྱ་ནག་གི་ཉེ་བའི་ཆབ་སྲིད་ཀྱི་གནས་སྟངས་དང་དཔལ་འབྱོར་གྱི་གནས་བབ་ཅུང་མཐོང་མྱོང་མཁན་ཤེས་ཡོན་པ་ཁག་ཅིག་སླེབས་པ་ལ་བརྟེན་ནས། རྒྱལ་སྤྱིའི་སྒང་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་བླ་ལྷག་གིས་ཆེ་རུ་ཕྱིན་པ་དང་། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཐོན་ཏེ་བོད་ནང་གི་ལས་འགུལ་ཅི་རིགས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་པའི་ངོས་འཛིན་རྒྱ་ནག་གཞུང་གིས་བྱེད་ཀྱིན་ཡོད།” ཅེས་ཟེར།

གོང་བརྗོད་གནས་ཚུལ་འདི་དག་ལ་ག་ལེར་བལྟས་དུས། རྒྱ་ཕྱོགས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ནུས་པའི་སྐོར་ལ་འཛིན་པའི་ལྟ་ཚུལ་མདོ་ཙམ་རྒྱུས་ལོན་ཐུབ་ཅིང་། རྒྱུས་ལོན་འདི་དག་དཔང་ལ་བཞག་སྟེ་བལྟས་པ་ཡིན་ན། སྤྱིར་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་རྒྱ་མི་རིགས་བར་གྱི་རྩོད་ཉོག་ཅེས་པ་ཞིག་མངོན་གསལ་དོད་པོས་ཁས་ལེན་བྱ་འདོད་ཀྱིན་མེད་ལ། “བོད་ཀྱི་གནད་དོན་”ཞེས་པའི་བརྗོད་གཞིའི་སྟེང་གླེང་སློང་ཙམ་ཡང་བྱེད་འདོད་ཀྱིན་མེད་ཚུལ་སྤྱི་བསྒྲགས་བྱས་ཡོད་པ་ལྟར། བོད་རྒྱའི་གནད་དོན་ཐད་རྒྱ་ཕྱོགས་ནས་ནར་འགྱང་དང་། ཕྱི་བཤོལ། རྫུན་སྒྲིག ཉེན་ཡོལ་བཅས་བྱས་རྗེས་གནས་ཚུལ་རང་ཤུགས་ཀྱིས་འཇགས་འགྲོ་བའི་ངོས་འཛིན་བྱེད་ཀྱིན་ཡོད་ཀྱང་། སྤྱི་ལོ་ ༢༠༠༨ ལོའི་བོད་ས་ཡོངས་ཀྱི་ཞི་རྒོལ་རྔམ་སྟོན་དང་། རྒྱ་ནག་གི་དྲག་ཤུགས་ལ་མགོ་བོ་མི་སྒུར་བའི་དཔའ་ཉམས་ཆེར་བསྐྱེད་ཀྱི་རྣམ་པ་དངོས་སུ་མཐོང་རྗེས། རྒྱ་ནག་གཞུང་གིས་མིག་སྔའི་བོད་ཀྱི་གནད་དོན་ཐོག་འཛིན་པའི་ལྟ་ཚུལ་དང་། བོད་དོན་འཐབ་རྩོད་ཀྱི་ནུས་པའི་སྐོར་ལ་འཛིན་པའི་སྲིད་བྱུས་དེར་བསྐྱར་ཞིབ་ཐེངས་གཅིག་བྱེད་དགོས་ཐུག་ཡོད།

བསྐྱར་ཞིབ་འདིའི་ཁྲོད་ནས་རྒྱ་ནག་གཞུང་གིས་ངེས་ཤེས་ར་འཕྲོད་པ་ཞིག་བྱུང་བ་ནི། སྤྱི་ལོ་ ༡༩༨༤ ལོའི་ཟླ་ ༥ ཚེས་ ༣༡ ཉིན་རྒྱ་ནག་མི་མང་འཐུས་ཚོགས་སྐབས་དྲུག་པའི་གྲོས་ཚོགས་ཐེངས་གཉིས་པར་<<མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས>>ལ་གྲོས་མཆམས་བྱུང་སྟེ་ཁྱབ་བསྒྲགས་བྱས་པ་ནས། རིམ་བཞིན་བོད་ནང་གི་གནས་ཚུལ་ཞི་འཇམ་ཡོང་རྒྱུར་ངོས་འཛིན་བྱས་པ་མ་ཟད། བོད་གྱི་དཔལ་འབྱོར་འཛུགས་སྐྲུན་ཐད་ཤུགས་སྣོན་བྱས་ཏེ་བོད་ཀྱི་ཆབ་སྲིད་འཐབ་རྩོད་དང་། རང་དབང་བརྩོན་ལེན་གྱི་སེམས་ཁམས་དཔལ་འབྱོར་འདུ་འགོད་ཀྱི་བསླུ་ཐབས་བྱེད་ཐུབ་པའི་ངོས་འཛིན་སོགས་བྱས་པའི་ཞོར་ལ། རྒྱ་གར་དུ་སྡོད་པའི་བོད་པའི་བཙན་བྱོལ་གྱི་གཞིས་ཆགས་ཁག་དང་། གཞུང་དང་སློབ་གྲྭ དགོན་པ་ཁག་གི་འཚོ་བའི་གནས་བབ་སྐྱོ་བོ་ཡོད་པ་བཅས་ལ་དམིགས་ཏེ། ༡༩༨༤ ལོའི་རྗེས་ནས་བོད་པ་གང་མང་མངོན་གསལ་མ་ཡིན་པའི་སྲིད་བྱུས་འོག་བཙན་བྱོལ་དུ་འགྲོ་བ་དང་། གནས་མཇལ་དུ་འགྲོ་བ་བཅས་ལ་དམ་དྲག་ཆེར་མ་བྱས་པར་གུ་ཡངས་ཀྱི་རྣམ་པ་བསྟན་ཡོད།

དགོས་དོན་སྲིད་བྱུས་འདིའི་འོག་བོད་ནང་གི་བོད་མི་སེར་སྐྱ་མང་པོའི་སེམས་ཁམས་ལྷོད་གཡེང་དུ་གཏོང་ཐུབ་པ་དང་། གཉིས་ནས་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་སུ་བཙན་བྱོལ་བའི་མི་འབོར་གློ་བུར་འཕེལ་བ་ཡིན་ན། བཙན་བྱོལ་གཞུང་གིས་མི་མང་གི་འཚོ་བའི་བཀོད་སྒྲིག་ལ་དཀའ་ངལ་ལྷག་མ་སྤྲོད་ཐུབ་པ་དང་བསྟུན། བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་དམས་སུ་འགྲོ་བའི་ངོས་འཛིན་གཙང་མ་བྱེད་ཀྱིན་ཡོད་ལ། ༧གོང་ས་མཆོག་སྐུ་འདས་རྗེས་བོད་པ་བཙན་བྱོལ་བའི་ཁྲོད་ཀྱི་བོད་དོན་འཐབ་རྩོད་ཟེར་བ་དེ་མིང་ཙམ་དང་། སྐད་འབོད་ཙམ་གྱི་ངང་ཡལ་འགྲོ་བའི་ངོས་འཛིན་ཡང་བྱེད་ཀྱིན་ཡོད།

འོན་ཀྱང་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་གནས་བབ་དང་མཐུན་རྐྱེན་སོགས་རྒྱ་ནག་གཞུང་གི་ཆབ་སྲིད་དབྱེ་ཞིབ་པ་དག་གི་ཚོད་དཔག་དང་ལྡོག་ཕྱོགས་སུ་ཕྱིན་པ་མ་ཟད། ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱ་ཆེ་རུ་སོང་ཞིང་། ལས་འགུལ་དེར་ཞུགས་མཁན་དང་ལས་འགུལ་གྱི་སྣེ་ཁྲིད་པ་གང་མང་ཞིག་མི་རབས་གསར་བའི་གཞོན་སྐྱེས་རྣམས་དང་། ༡༩༨༤ ལོའི་རྗེས་སུ་བོད་ནས་གསར་དུ་བཙན་བྱོལ་དུ་སླེབས་མཁན་རྐྱང་ཡིན་པ་མ་ཟད། བོད་ནས་རྒྱ་གར་དུ་གནས་མཇལ་དུ་སྐྱོད་མཁན་དང་། ཕ་མ་སྤུན་མཆེད་བོད་དུ་ཡོད་པའི་བོད་པ་གསར་འབྱོར་བ་དག་བརྒྱུད་བོད་ནང་གི་ཞི་རྒོལ་འདི་ཉིད་གོ་རིམ་ལྡན་པ་དང་། ནུས་པ་ལྡན་པའི་ལས་འགུལ་ཞིག་ཏུ་གྲུབ་པས་རྒྱ་ནག་གཞུང་ཧ་ལས་ཧོན་འཐོར་དུ་བཅུག་ཡོད།  

གནས་ཚུལ་འདིར་ཆེད་ལས་ཉམས་ཞིབ་པ་རྣམས་ཀྱིས་གསལ་འདོན་བྱས་པ་ལྟར། དོན་དངོས་ཐོག་རང་དབང་ལུང་པར་གནས་ཤིང་ཕ་མ་སྤུན་མཆེད་བོད་དུ་ཡོད་པའི་བོད་པ་གསར་འབྱོར་བ་དག་ནི་ ༡༩༨༤ ལོའི་རྗེས་ནས་བཙན་བྱོལ་དུ་སླེབས་པའི་བོད་པ་གསར་འབྱོར་པ་ཤ་སྟག་ཡིན་ལ། ཁོང་ཚོའི་ཉིན་རེའི་འཚོ་བའི་ཁྲོད་བོད་དུ་ཡོད་པའི་ཕ་མ་སྤུན་མཆེད་ཚོར་བདེ་སྡུག་ལྷན་ཞུ་བྱ་རྒྱུ་དང་། རང་དབང་ལུང་བར་ཇི་ལྟར་འཚོ་བ་རོལ་བཞིན་པའི་གནས་སྟངས་སོགས་ཕན་ཚུན་ལ་གནས་ཚུལ་གསར་ལེན་བྱ་རྒྱུ་ནི་འགོག་ཐབས་མེད་པ་ཞིག་ཡིན་པར་བརྟེན། བོད་ནང་གི་གནས་སྟངས་གང་ཡོད་ཁོང་ཚོ་བརྒྱུད་ཤེས་རྟོགས་ཡོང་རྒྱུ་ཡང་མིའི་རིགས་ཀྱི་འཚོ་བའི་འཁོར་ཕྱོགས་བཅོས་ཐབས་མེད་པ་དེ་ཡིན་ཕྱིར། དང་ཐོག་ཁོ་བ་ཚོས་བཙན་བྱོལ་གཞུང་ལ་དཀའ་ངལ་ལྷག་མ་སྤྲོད་ཕྱིར་ཆེད་གཏོང་བྱས་པའི་བོད་པ་གསར་འབྱོར་བ་དག་ནི་རང་དབང་ལུང་པ་ནས་ཕྱིར་བོད་ནང་ལོགས་སུ་གནས་ཚུལ་སྐྱེལ་མཁན་ཆགས་ཡོད་པ་མ་ཟད། བོད་ནང་གི་གནས་ཚུལ་དང་རྒྱ་དམར་གྱི་ཆབ་སྲིད་གནས་བབ་སོགས་རང་དབང་ལུང་བར་གོ་བརྡ་སྤྲོད་མཁན་དུའང་གྱུར་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ཕ་མ་སྤུན་མཆེད་བོད་དུ་ལུས་པའི་བོད་པ་ཚོ་ནི་ས་བྱི་ཞི་རྒོལ་སྐབས་ཀྱི་སྣེ་ཁྲིད་མཁན་དང་། བོད་ནང་གི་བོད་མིའི་ཁྲོད་ལས་འགུལ་གྱི་ནུས་ཤུགས་སྤེལ་མཁན་དང་ཤུགས་རྐྱེན་འདོན་མཁན་གཙོ་བོར་ངོས་འཛིན་བྱེད་བཞིན་ཡོད། ཁོང་ ཚོ་བརྒྱུད་བོད་ནང་གི་བོད་མི་རེ་རེའི་སེམས་སུ་རྒྱ་ནག་གི་གནས་བབ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་གནས་བབ་ཐད་གཤིབ་བསྡུར་བྱེད་ཐུབ་པ་བྱུང་བ་མ་ཟད། དམངས་གཙོ་དང་རང་དབང་གི་གོ་དོན་གསལ་རྟོགས་ཐུབ་པ་བྱུང་ཡོད་པར་ངོས་འཛིན་བྱས་ཤིང་། སྒོས་སུ་༧གོང་ས་མཆོག་གི་མཛད་འཕྲིན་ཁག་ལ་མི་ཕྱེད་པའི་དད་པ་དང་། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་འཛིན་སྐྱོང་ལ་ཡིད་ཆེས་ཐོན་པ་བཅས་ཀྱང་བྱུང་སྟབས། བོད་ཀྱི་ཆབ་སྲིད་དམ་རྩ་དོན་འཐབ་རྩོད་ཀྱི་ནུས་ཤུགས་རྒྱ་ཇེ་ཆེ་དང་། གཏིང་ཇེ་ཟབ་ཏུ་བཏང་བར་ངོས་འཛིན་ཞིབ་ཙམ་བྱུང་ཡོད། དེ་བས་རྒྱ་གཞུང་གིས་སྤྱི་ལོ་ ༡༩༨༤ ལོར་མི་མང་འཐུས་ཚོགས་སྐབས་དྲུག་པའི་རྗེས་ཀྱི་རྨི་ལམ་དེ་མངོན་གྱུར་བྱེད་ཐབས་མེད་པའི་སྟོང་འདང་ཞིག་ཏུ་གྱུར་བ་ཚོར་ཞིང་། དེ་སྔའི་རྒྱ་ནག་གིས་བོད་དོན་འཐབ་རྩོད་ཐད་བཟུང་དང་འཛིན་བཞིན་པའི་སྲིད་བྱུས་དང་། བོད་ནང་ལོགས་སུ་གནས་བབ་ཞི་འཇགས་ཐད་འཛིན་གྱིན་པའི་སྲིད་བྱུས་དེ་གཉིས་ལམ་ལྷོང་མ་ཡོང་བའི་སྲིད་བྱུས་ལྷག་མ་ཞིག་ཏུ་གྱུར་བའི་ངོས་འཛིན་ཡང་གསལ་བོ་ཐོབ་ཡོད།

རྒྱ་ནག་གཞུང་གིས་གོང་གི་ཤེས་རྟོགས་འདི་དག་དང་གནས་བབ་འདི། ཡང་ན་བོད་རྒྱའི་བར་གྱི་མིག་སྔའི་གནད་དོན་འདི་དག་གཞི་ལ་བཞག་སྟེ། རྒྱ་གཞུང་གིས་མགྱོགས་མྱུར་ངང་སྔར་ཡོད་བོད་ཐོག་འཛིན་པའི་སྲིད་བྱུས་སམ། བཙན་བྱོལ་ཁྲོད་ཀྱི་བོད་དོན་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་དམས་སུ་གཏོང་འདོད་ཀྱི་སྲིད་བྱུས་སྤེལ་ཕྱོགས་ལ་འགྱུར་བ་ཕྲན་ཙམ་བཏང་སྟེ། མུ་མཐུད་བོད་ཀྱི་ཆབ་སྲིད་འཐབ་རྩོད་ལ་བཀག་འགོག་དང་། ནུས་ཞན་ཉམས་དམས་སུ་གཏོང་བར་འབད་བརྩོན་ཞུ་རྒྱུ་ནི་ཅིས་ཀྱང་གཡོལ་ཐབས་མེད་པ་ཞིག་ཡིན། དེ་བས་རྒྱ་རིགས་རྩོམ་པ་པོ་ཚའོ་ཁྲང་ཆིན་གྱིས་བརྗོད་དོན་ལྟར། རྒྱ་ནག་གཞུང་གིས་ཆེད་ལས་ཉམས་ཞིབ་པ་བསྐོང་འགུག་ཐེངས་མང་བྱས་པ་དང་། ཆབ་སྲིད་སློབ་སྟོན་པ་སོགས་ཀྱི་ལམ་སྟོན་བཞིན་ཉེ་ལམ་བོད་པ་བཙན་བྱོལ་བ་ཚོ་རྒྱ་ནག་གི་དོན་གཅོད་ལས་ཁུངས་ཁག་བརྒྱུད་ཕྱིར་བོད་དུ་ལོག་ཆོག་པ་དང་། སྲིད་བློན་ཝུན་གྱིས་ཕྱི་སྡོད་སྤུན་ཟླ་རྣམས་ལ་གཞུང་གིས་བདག་པོ་བྱ་རྒྱུ་དང་། སྣེ་ལེན་གཟབ་རྒྱས་བྱ་དགོས་ཚུལ་གྱི་ཁྱབ་བསྒྲགས་བྱས་པ་རེད་ལ། ཁྱབ་བསྒྲགས་འདི་ནི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཉམས་ཞིབ་བྱས་པའི་མཐའ་བསྡོམས་གསར་པ་ཞིག་ཀྱང་ཡིན། ཁྱབ་བསྒྲགས་འདི་བརྒྱུད་རྒྱ་ནག་གི་དོན་གཅོད་ཁག་ནས་ཕྱི་སྡོད་རྒྱ་མི་རྣམས་དང་། བོད་པ་བཙན་བྱོལ་བ་མང་པོ་དོན་གཅོད་ཁང་བརྒྱུད་དེ་ཕྱིར་མེས་རྒྱལ་དུ་རང་དབང་གིས་ལོག་ཆོག་པའི་གསལ་བསྒྲགས་བསྐྱངས་ཡོད།  

 

གཉིས་པ། སྲིད་བྱུས་འདིའི་ཁ་གཏད་ཡུལ་དངོས།

 

གོང་བརྗོད་ཁྱབ་བསྒྲགས་འདིའམ་སྲིད་བྱུས་འདིས་བོད་ཀྱི་ཞི་རྒོལ་དང་བོད་དོན་འཐབ་རྩོད་སོགས་ལ་སྣང་མེད་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན་གྱི་ཡོད་ནའང་། དོན་དངོས་ཐོག་འདིས་རྒྱབ་ཕྱོགས་ཀྱི་གནད་དོན་གཉིས་ལ་ཁ་གཏད་ཡོད།

དང་པོ། སྤྱིར་བོད་ཀྱི་གནད་དོན་གྱི་འགག་རྩ་གཙོ་བོ་ནི་བོད་གཞིས་ལུས་མི་མང་ཡིན་པ་དང་། གཞིས་ལུས་མི་མང་གི་འཕག་ཚག་ནི་རྒྱ་གཞུང་ལ་ཤིན་ཏུ་གནོད་པའི་ན་ཟུག་ཆེན་པོ་ཞིག་ཏུ་གྱུར་ཡོད། བོད་དོན་འཐབ་རྩོད་དོན་སྨིན་ཡོང་མིན་ཡང་བོད་ནང་དུ་སྡོད་པའི་བོད་པ་རྣམས་ལ་རགས་ལས་ལ། རྒྱལ་སྤྱིའི་སྒང་ནས་བོད་དོན་ལ་དོ་སྣང་དང་གསོན་ཤུགས་ལྡན་པའི་ནུས་པ་འདོན་ཐུབ་པའང་བོད་དུ་ཡོད་པའི་མི་མང་དང་། མི་མང་དེ་དག་གི་བསམ་འདུན་དང་ཀུན་སྤྱོད། ལས་རིགས་དང་སྙིང་སྟོབས་བཅས་ཀྱི་སྟོབས་ཤུགས་ཀྱིས་བསྐྱེད་པ་ཁོ་ན་ཡིན། ཤུགས་རྐྱེན་འདི་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རྒྱ་ནག་གཞུང་གི་ངོ་གདོང་ས་ལ་འདྲུད་དགོས་ཐུག་པ་མ་ཟད། འཛམ་གླིང་མི་མང་དང་སྲིད་གཞུང་ཁག་གིས་སྡང་སྡིགས་ཀྱང་གང་མང་རག་དགོས་ཐུག་ཡོད་རྐྱེན། གཞིས་ལུས་མི་མང་གི་བསམ་འདུན་ལ་བཅོས་བསྒྱུར་དང་། གཞིས་ལུས་མི་མང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཁ་འཐོར་དུ་གཏོང་རྒྱུ་ནི་སྲིད་བྱུས་འདིའི་དམིགས་ཡུལ་གཙོ་བོ་དང་གལ་འགངས་ཆེ་ཤོས་དེ་ཡིན།

གཉིས་ པ། གོང་དུ་བརྗོད་པ་ལྟར་གཞིས་ལུས་མི་མང་གི་སེམས་ཀྱི་མོས་ཁ་ཕྱོགས་ས་དང་། སྙིང་གི་རེ་བ་བཅོལ་ས་ནི་༧གོང་སྐྱབས་མགོན་རིན་པོ་ཆེ་མཆོག་དང་བཙན་བྱོལ་དུ་ཡོད་པའི་བོད་མིའི་འཐུས་ཚབ་མི་སྣ་དང་དེ་འབྲེལ་ཀྱི་སྒྲིག་འཛུགས་ཁག་ཡིན་ཞིང་། དེ་བཞིན་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཁག་གི་ལས་རིམ་ཡང་གཞིས་ལས་མི་མང་གི་མངོན་འདོད་ལ་ཕྱོགས་ཅི་ཐུབ་བྱེད་ཀྱིན་པ་ནི་རྒྱ་ནག་གཞུང་ཙམ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་གདེང་འཇོག་དང་དོ་སྣང་གསར་བ་ཡོང་བའི་གཞི་རྩ་གལ་ཆེན་ཆགས་ཡོད། གཞིས་བྱིས་གཉིས་མ་གྲོས་གཅིག་མཐུན་གྱིས་ལྟ་བ་གཅིག་དང་ལངས་ཕྱོགས་གཅིག་གི་སྒང་ལ་བསྐྱོད་ཐུབ་པས་རྒྱ་ནག་གཞུང་ལ་སེམས་འཚབ་དང་གནོད་ཤུགས་རྣོན་པོ་སྤྲོད་ཀྱིན་པ་ཡིན། དེ་ལྟའི་གནོད་ཤུགས་ཡོང་གཞིར་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ནི་གོང་དུ་བརྗོད་པ་ལྟར་ ༡༩༨༤ ལོའི་རྗེས་སུ་བོད་ནས་གསར་དུ་ཐོན་པའི་བོད་པ་བཙན་བྱོལ་བ་དག་ཡིན་ལ། ཁོང་ཚོ་བརྒྱུད་གཞིས་བྱིས་གཉིས་བར་འབྲེལ་ལམ་རླུང་གིས་མི་ཁོག་པ་ཞིག་ཡོང་གི་ཡོད་པར་བརྟེན། བཙན་བྱོལ་ལུང་པའི་ནང་གི་བོད་པ་གསར་འབྱོར་རྣམས་ཀྱི་སྟོབས་ཤུགས་དང་གྲངས་འབོར་ཉུང་དུ་གཏོང་ཐབས་བྱ་རྒྱུ་ཡང་ཐེངས་འདིའི་སྲིད་བྱུས་ཀྱི་ཁ་གཏད་ཡུལ་གཙོ་བོ་གཅིག་ཡིན།

གོང་བརྗོད་སྲིད་བྱུས་ཀྱི་ཁ་གཏད་ཡུལ་འདི་གཉིས་ལེགས་གྲུབ་ཡོང་ཐབས་དང་དམིགས་ཡུལ་འགྲུབ་ཐབས་ཁོ་ནའི་ཆེད། གསར་དུ་འབྱོར་བའི་བོད་པ་བཙན་བྱོལ་བ་རྣམས་ཕ་མ་གཉེན་ཉེ་དང་ཁ་བྲལ་ཞིང་། དུས་ཡུན་རིང་བོར་ཕ་ཡུལ་གྱི་འཚོ་བ་དང་ཁ་བྲལ་པའི་འཚོ་བའི་གནས་བབ་དང་སེམས་ཀྱི་ཚོར་བ་རྣམས་ལ་ཉམས་ཞིབ་རགས་ཙམ་བྱས་རྗེས། བཙན་བྱོལ་གྱི་དངོས་ཡོད་འཚོ་བའི་དཀའ་སྡུག་དང་། ཉེ་བའི་ཆར་བོད་ནས་གསར་དུ་འབྱོར་བའི་བོད་པ་རྣམས་རྒྱ་གར་གྱི་སྤྱི་ཚོགས་ལ་འབྲེལ་འདྲིས་དཀའ་བ། བཙན་བྱོལ་གྱི་སྒྲིག་འཛུགས་ཁག་གིས་འཚོ་བའི་བཀོད་སྒྲིག་ལ་དང་ལེན་བྱེད་དཀའ་བའི་གནས་ཚུལ་འབྱུང་གི་ཡོད་པ། བཙན་བྱོལ་གཞིས་ཆགས་ཀྱི་འཚོ་བ་དང་མཉམ་གཤིབ་དཀའ་བ་སོགས་ཡོང་གི་པའི་འཚོ་བའི་གནས་བབ་རྣམས་གཞི་ལ་བཞག་སྟེ། རེབ་འདིའི་སྲིད་བྱུས་སྤེལ་ཐབས་འདི་བརྒྱུད་བོད་པ་བཙན་བྱོལ་བ་མང་པོ་ཕྱིར་བོད་དུ་ལོག་པར་དགའ་བསུའི་རྣམ་པ་བསྟན་པ་དང་། རྣམ་པ་དེ་བརྒྱུད་བཙན་བྱོལ་བོད་པ་གང་མང་ཞིག་གི་དཀའ་ངལ་དང་སེམས་ཚོར་སོགས་ཞི་བར་བྱེད་ཐུབ་པར་ཚོད་དཔག་བྱེད་ཀྱིན་ཡོད། དེར་བསྟུན་བོད་ནང་གི་དཔལ་འབྱོར་ཡར་རྒྱས་དང་འཚོ་བའི་རྨང་གཞི་བཅས་ཡར་རྒྱས་བཏང་བ་དང་ལྷན། ཐོངས་མཆན་སྤྲོད་པ་དང་སྣེ་ལེན་བཟང་པོ་བྱེད་རྒྱུའི་ལམ་ཡིག་གསར་བ་དང་རྣམ་འགྱུར་གསར་པ་བསྟན་པའི་རྣམ་འགྱུར་འདིའི་འོག་ནས་བོད་པ་བཙན་བྱོལ་བ་གང་མང་ཞིག་དང་། ཕ་མ་སྤུན་མཆེད་བོད་ནང་དུ་ཡོད་མཁན་གང་མང་ཕྱིར་ལོག་མཚམས། བཙན་བྱོལ་སྤྱི་ཚོགས་དང་གཞིས་ལུས་མིང་མང་གཉིས་ཀྱི་འབྲེལ་ཟམ་ཕྲ་རུ་འགྲོ་སྲིད་པ་དང་། འབྲེལ་ལམ་ཇེ་ཕྲར་སོང་བའམ་འབྲེལ་ལམ་ཉུང་དུ་སོང་བ་དང་བསྟུན་ཏེ། གཞིས་བྱེས་གཉིས་བར་ཧེ་བག་ཀྱང་གང་འཚམས་ཤིག་ཤོར་སྲིད་པས། ཧེ་བག་དེ་ནི་རྒྱ་ནག་ཕྱོགས་ཀྱི་གོ་སྐབས་རྩ་ཆེ་ཤོས་སུ་བེད་སྤྱད་དེ་བོད་ནང་གི་ཛ་དྲག་གི་སེམས་ཁམས་དང་། ཛ་དྲག་གི་གནས་བབ་བཅས་གནས་སྐབས་ཞི་འཇམ་དུ་ཡོང་བའི་རེ་བ་དང་རྨི་ལམ་གཏོང་གི་ཡོད་པ་རེད།

དོན་དངོས་ཐོག བོད་པ་བཙན་བྱོལ་བ་རྣམས་ལ་སྣེ་ལེན་གང་བཟང་བྱེད་པའི་སྲིད་བྱུས་སྤེལ་བ་དང་ལྷན། དེའི་ཤུགས་རྐྱེན་སྤྲོད་ཡུལ་གཙོ་བོ་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ཞི་རྒོལ་དང་རྔམ་སྟོན་སོགས་ལ་དྲག་གནོན་བྱ་ཆེད་རྒྱ་ནག་གིོ་རྒྱལ་སྲུང་དམག་མི་ཁྲི་བརྒྱད་བཅུ་ལྷག་དྲག་ཆས་ཉེན་རྟོག་པར་བསྒྱུར་བ་དང་། བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ། ཆེད་ལས་པ། དགེ་འདུན་པ། སློབ་མ་བཅས་ཀྱི་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་སྟེ། བོད་ནང་ལོགས་ཀྱི་བོད་དོན་ལས་འགུལ་ལ་དོ་སྣང་ཡོད་མཁན་སྤྱི་དང་། སྒོས་སུ་ཤེས་ཡོན་པའི་སྡེ་ལ་དམ་དྲག་ཤུགས་ཆེ་རུ་གཏོང་འདོད་ཀྱི་སྲིད་བྱུས་ཤིག་མངོན་སུམ་མ་ཡིན་པའི་སྣང་ཚུལ་དང་གྲིབ་ཡོར་མག་མོག་གི་རྣམ་པ་འཇིགས་སུ་རུང་བ་ཞིག་གི་འོག་ཁུ་སིམ་པོར་གནས་ཡོད་པ་ལྟ་བུ་ཡིན།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 7

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ངའི་སེམས་ལའང་འདི་མོ་དགོད་སྐྱེད་ཅིག་དྲན་ནས་བསྡད་ཡོད། 《བཙན་བྱོལ་གྱི་ནམ་མཁའ་》ཞེས་པའི་རྩོམ་ཡིག་རིང་བོ་ཞིག་འབྲི་གི་ཡོད། དེའི་སྡེ་ཚན་ཞིག་གི་ནང་དུ་རྒྱ་ནག་གིས་བཙན་བྱོལ་ནང་གི་ལག་འཁྱེར་ལེན་མཁན་ཚང་མར་ལག་འཁྱེར་སྤྲོད་པ་དང་ སྣེ་ལེན་བྱེད་པ་དང་། བཙན་བྱོལ་ནང་ཕྱིས་སུ་བཟོས་པའི་R.C ལ་རྒྱ་གར་གྱིས་ཐོ་འགོད་མི་བྱེད་པ། བོད་གཞུང་གི་སྲིད་བྱུས་ཀྱང་རྒྱ་ནག་ལ་བཤད་པའི་སྐད་ཆ་དང་མིང་དོན་གཉིས་མཐུན་གྱི་ལམ་དུ་ཤར་སྤྱོད་བྱེད་མགོ་ཚུགས་པ་བཅས་ཀྱི་བར་ན་གསང་བ་ཞིག་ཨེ་ཡོད་སྙམ་གྱིན་འདུག ཡིན་ནའང་དཔྱད་པ་ཙམ་རེད།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བཙན་བྱོལ་གཞུང་གི་སྲིད་ཇུས་འདིང་སྟང་འདི་ལ་གཞིས་བྱས་གཉིས་ཆར་ལ་ཨ་མ་ཡིན་དང་ཡིནནུ་མ་ནུ་དང་ནུ་དེ་བཞིན་འདུག་ཀྱང་ཡིད་སྐྱོ་བ་ཞིག་ལ་གཞིས་ཆག་ཟིན་པའི་བོད་མི་འདི་ཚོ་དང་གསར་འབྱོར་གཉིས་ཀྱི་བར་ལ་སུ་གི་བརྗོད་ཀྱང་ཁྱད་པར་ཆེན་པོ་འདུག

    Reply
  3. ཕུན་ཚོགས ། says:
    ལོ་ 14 སྔོན།

    དྲ་གྲོགས་ཡུས་ཞུན་དང་སྐྱོ་བྲག་དགའ་དབང། དེ་བཞིན་མིག་བཅས་ཕེབས་པ་དགའ་ཡོད། མུ་མཐུད་བརྗོད་གཞི་འདི་འབྲེལ་གྱི་སྐད་ཆ་ཡག་བཙོག་གཉིས་ཆ་བཤད་པར་དགའ་བསུ་ཞུ།

    Reply
  4. མིག says:
    ལོ་ 14 སྔོན།

    གྲ་གྲོགས་རྣམས་འདིར་ཕེབས་ཏེ་བརྗོད་བྱའི་བབ་དང་བསྟུན་པའི་བསན་ཚུལ་དང་། དགག་སྒྲུབ། དེ་བཞིན་སྐྱོན་བརྗོད་སོགས་གང་མང་ཡོང་པའི་རེ་བ་ཡོད་ལ། དེ་ལས་ཀྱང་རྩོམ་ཡིག་འདྲི་འབྲེལ་གྱི་བགྲོ་གླེང་ལ་ཞུགས་མཁན་ཡོང་ན་དེ་ལས་དགའ་བསུ་ཞུ་བཞིན་ཡོད།

    Reply
  5. མིག says:
    ལོ་ 14 སྔོན།

    བམ་བཀླག་ཙམ་བྱས་པ་ཡིན། ཞིབ་ཀློག་བྱེད་རྒྱུ་མ་བྱུང་ཐ། འོན་ཀྱང་བརྩམས་ཆོས་འདིའི་ཁ་ཕྱོགས་ཀྱི་ཆ་ནས་དཔྱད་རིན་ཡོད་པ་ཞིག་རེད་ལ། དཔྱོད་ཚུལ་གྱི་ཕྱོགས་ནས་ཀྱང་རིན་ཐང་ལྡན་པ་ཞིག་ཡིན་པ་གདོན་མི་ཟ། འདི་ནི་ངས་ངོ་བསྟོད་བྱས་པ་ཁྱོན་ནས་མིན། ཕྱོགས་ངོས་ཚང་མ་ནས་ཚད་དང་ལྡན་ཞིག་རེད་ཅེས་ཞུ་གི་མེད། ་བཙན་བྱོལ་སྤྱི་ཚོགས་ཀྱི་བོད་ཡིག་རྩོམ་པ་པོ་ཚོའི་སྟོང་ཆ་གསར་བའི་ཕྱོགས་ནས་བསམ་ན། རྩོམ་ཡིག་འདི་ལྟ་བུ་མེད་མི་རུང་བས་རྩོམ་པ་པོས་ཁ་ཕྱོགས་འདི་རྒྱུན་མཐུད་བྱ་རྒྱུ་རེ་བ་ཡོད།

    ད་སྔ་རྒྱ་ནག་གིས་བོད་ཐོག་འཛིན་གྱིན་པའི་སྲིད་བྱུས་ཟེར་ན་དཔག་དཀའ་བ་ཞིག་ཡིན་པ་སུ་ལ་མི་གསལ། འོན་ཀྱང་བོད་ཀྱི་རྩོམ་པ་པོ་དང་། ཉམས་ཞིབ་པ་སོགས་ཀྱིས་འགན་རྐང་ལེན་བྱས་ནས་རྒྱ་ནག་གི་ཆབ་སྲིད་དང་སྲིད་བྱུས་སྐོར་ལ་དཔྱད་ཞིབ་བྱ་རྒྱུ་ནི་དུས་སུ་བབ་པའི་ལས་འགན་ཞིག་རེད།

    Reply
  6. སྐྱོ་བྲག་དགའ་དབང་། says:
    ལོ་ 14 སྔོན།

    གོ་དོན་ཡོད་པའི་རྩོམ་ཡིག་སྤེལ་བར་དགའ་བསུ་ཞུ་ཞིང་། ད་དུང་མུ་མཐུད་འདི་ལྟའི་རྩོན་ཡིག་སྤེལ་ཐུབ་ན་སྤྱི་སྒེར་མང་པོར་ཕན་ངེས་འདུག་གོ། །

    Reply
  7. ཡུས་ཞུན། says:
    ལོ་ 14 སྔོན།

    ཀློག་རན་ཡོད་པ་ཞིག་སྤེལ་འདུག མུ་མཐུད་མང་དུ་བཀོད་པར་དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese