དེང་གི་སྤྱི་ཚོགས་འདིས་ཆོས་ལུགས་དག་ཀྱང་མིའི་བར་འགལ་ཟླ་བཟོ་བྱེད་ཅིག་ཏུ་བསྒྱུར་ཡོད། དོན་ངོ་མའི་ཐོག་ཆོས་ལུགས་ཚང་མ་ཉམ་ཚར་བ་རེད། ང་ཚོའི་ནང་ཆོས་ལ་མཚོན་ཡང་ན། ནང་པའི་བསྟན་པ་ཕལ་ཆེར་ཉམ་ཟིན་ཞིང་། ད་ལྟ་སྐུ་གསུང་ཐུགས་རྟེན་དང་དགོན་པ་དེ་དག་ལྷག་ཡོད། གྲྭ་ཆས་གྱོན་མཁན་གྱི་མི་དེ་དག་ལྷག་ཡོད། མདོར་ན་ཆོས་ཀྱི་སྒྲིག་འཛུགས་དང་ཁང་པ། དངུལ་བཅས་ལྷག་ཡོད་པ་ཙམ་རེད་ཟེར།
བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ལོ་ལྟར་འཆར་ཅན་གྱིས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ཟབ་སྦྱོང་སྤྲོད་ཀྱི་ཡོད་པ་དང་། ལོ་མགོར་མཐོ་རིམ་སློབ་ཕྲུག་དང་ལོ་མཇུག་ལ་འབྲིང་རིམ་སློབ་ཕྲུག་བཅས་ལ་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་འབྲེལ་བའི་སྐོར་ལ་ཉིན་བཅུའི་རིང་ཟབ་སྦྱོང་ཞིག་སྤྲོད་ཀྱི་ཡོད་པ་ལྟར། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་བཙན་བྱོལ་བོད་མིའི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་ ༼ དེང་གི་ན་གཞོན་དང་མ་འོངས་མགོ་ཁྲིད ༽ ཅེས་པའི་ཟབ་སྦྱོང་ཞིག་ངྷ་ཤོད་བོད་ཁྱིམ་ཚོགས་ཁང་ཏུ་དབུ་འཛུགས་གནང་ཡོད་ཅིང་། ཟབ་སྦྱོང་འདིར་བོད་གཞུང་ལྷན་ཁང་ཁག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཀྱི་མགོ་ཁྲིད་རྣམས་ཆེད་ཕེབས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་གཙོ་བོར་གྱུར་བའི་བཙན་བྱོལ་བོད་གཞུང་གི་ལྷན་ཁང་མ་ལག་དང་བཅས་པའི་ལས་དོན་བྱེད་ཕྱོགས་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་ལས་དོན་དང་དམིགས་ཡུལ་ངོ་སྤྲོད་དང་། ངྷ་ས་ཁེ་འཁོར་གྱི་ལས་ཁུངས་ཁག་དང་སློབ་གྲྭ་ཁག་རིག་གཞིང་བསྟི་གནས་ཁག་བཅས་སུ་གཟིགས་སྐོར་བཅས་གནང་བཞིན་ཡོད།
དེ་རིང་ཟབ་སྦྱོང་ཉིན་བདུན་པ་སྟེ། ཕྱི་ཚེས་ ༡༡ ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་རྣམས་ལ་ ༼ སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཤེས་ཡོན་ལམ་སྟོན ༽ ཞེས་པའི་བརྗོད་གཞིའི་སྟེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་ཡོད། སྐབས་དེར་བཀའ་ཁྲི་མཆོག་གིས་སྤྱི་ཚོགས་ངོས་འཛིན་བྱེད་ཕྱོགས་སྐོར་གསུངས་དོན། སྲོལ་རྒྱུན་དང་ཤར་ཕྱོགས་པའི་སྤྱི་ཚོགས་ཚན་རིག་ནི་རིག་གཞུང་གསར་གཏོད་བྱ་རྒྱུའི་རྨང་གཞི་ཡིན། གཅིག་བྱས་ན་མ་འོངས་པར་རིག་གཞུང་གསར་གཏོད་ཡོང་མདོག་ཁ་པོ་རེད་ལ། གཅིག་བྱས་ན་ད་ལྟ་གང་ཡོད་པ་རྣམས་ཡལ་འགྲོ་མདོག་ཁ་པོ་རེད། དེང་རབས་ཅན་ཞེས་པའི་རྦ་རླབས་འཕྱུར་བཞིན་པའི་ནང་དུ་སྲོལ་རྒྱུན་དང་དོན་དམ་རིག་གནས་ཤིག་གནས་ཐུབ་དང་མི་ཐུབ་ཚོད་དཔག་བྱེད་དཀའ་མོ་ཞིག་རེད། བོད་སྐད་ནང་སྤྱི་ཚོགས་ཟེར་པ་འདི་བེད་སྤྱོད་བྱས་ཏེ་ལོ་ ༧༠ ཡས་མས་ཤིག་ལས་ཕྱིན་མེད། ང་ཚོའི་གཞུང་རྙིང་པ་དག་ཏུ་སྤྱི་ཚོགས་ཞེས་པའི་ཐ་སྙད་འདི་ཕལ་ཆེར་མཐོང་རྒྱུ་མེད། དེའི་ཚབ་ཏུ་འདུ་བ་དང་འདུ་ཚོགས་ཞེས་པའི་ཚིག་བེད་སྤྱོད་བྱས་ཡོད་ལ། ཚིག་དེ་ལེགས་སྦྱར་གྱི་སྐད་ལས་དྲངས་པ་ཞིག་རེད། འདུ་བ་ཞེས་པ་དེ་ནི་འདུན་པ་མཐུན་པ་དང་ལྟ་བ་མཐུན་པའི་མཉམ་རུབ་ཀྱི་མི་ཚོགས་ཤིག་ལ་འདུ་བ་དང་། དེང་སང་སྤྱི་ཚོགས་ཟེར་པ་འདི་རེད། ཅེས་དང་།
ཁོང་གིས་མུ་མཐུད་དུ་སྤྱི་ཚོགས་སྐོར་གསུངས་དོན། སྤྱི་ཚོགས་ཞེས་པའི་ཐ་སྙད་འདི་ནུབ་ཕྱོགས་ཀྱི་སྐད་ནས་རྒྱ་སྐད་དུ་དར་པ་དང་། རྒྱ་ནག་མི་སེར་རྒྱལ་ཁབ་ཏུ་གྱུར་རྗེས་དགེ་བཤེས་ཤེས་རབས་རྒྱ་མཚོ་སོགས་ཀྱིས་རྒྱ་ནག་གི་རྩ་ཁྲིམས་ཡིག་ཆ་རིགས་བོད་སྐད་དུ་བསྒྱུར་སྐབས་ཐ་སྙད་གསར་པ་མང་པོ་བེད་སྤྱོད་བྱས་ཡོད། སྐབས་དེར་སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས། བཀས་བཀོད་རྒྱུན་འཛིན་རིང་ལུགས་སོགས་བྱུང་པ་ལ་བརྟེན་ནས་སྤྱི་ཚོགས་ཞེས་པའི་ཐ་སྙད་འདི་བྱུང་པ་ཞིག་རེད། སྤྱི་ཚོགས་ཟེར་པ་དེར་མཚན་ཉིད་གང་འདྲ་ཞིག་འཇོག་དགོས་ཞེ་ན། ད་སྔ་ནུབ་ཕྱོགས་པའི་ནང་དུ་མཐའ་འཁྱོལ་པ་དང་གསལ་པོར་གསུང་མཁན་ཞིག་ངས་མཐོང་མ་སོང་། རྒྱ་གར་ནང་ལ་ཡང་འགྲེལ་བཤད་རྒྱག་སྟངས་འདྲ་མི་འདྲ་འདུག འོན་ཀྱང་ང་ཚོ་བོད་པར་ལྟ་སྟངས་ཤིག་ཡོད་རེད། དེ་ནི་རྟེན་ཞིང་འབྲེལ་བར་འབྱུང་པའི་ལམ་ནས་མཉམ་རུབ་དུ་གནས་པའི་མི་ཚོགས་སམ་སྲོག་ཆགས་ཀྱི་ཚོགས་ཤིག་ལ་སྤྱི་ཚོགས་ཞེས་ལབ་ཀྱི་ཡོད་པ་རེད། མི་ནི་སྨྲ་ཞིང་དོན་གོ་བ་མིའི་མཚན་ཉིད་ཚང་པ་ཞིག་ཆགས་པ་དེ་མི་གཞན་པ་མང་པོ་ཞིག་ལ་བརྟེན་ཞིང་ལྟོས་ཏེ་མཉམ་རུབ་དང་། ཕན་ཚུན་རོགས་རེས་བྱས་ཏེ་བྱུང་པ་ཞིག་ལས་སྤྱི་ཚོགས་ལ་མ་བརྟེན་པར་འཚོ་ཐབས་མེད་པ་ཡིན། ཞེས་གསུངས་སོང་།
བཀའ་ཁྲི་མཆོག་གི་སྤྱི་ཚོགས་ཀྱི་དབྱེ་བ་དང་གྲལ་རིམ་གྱི་སྐོར་ལ་གསུངས་དོན། སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལྟ་སྟངས་མ་འདྲ་བ་གཉིས་རེད། ཤར་ཕྱོགས་པ་དང་ནང་པའི་ངོས་ནས་སྤྱི་ཚོགས་ཉམ་རྒུད་ལས་འཕེལ་རྒྱས་སུ་འགྲོ་བ་ཞིག་ལ་མི་བརྩི། དེ་ནི་བསྐལ་པ་རྫོགས་ལྡན་དང་། སུམ་ལྡན། ཉིས་ལྡན། རྩོད་ལྡན། མཐར་ཚེ་ལོ་བཅུ་བའི་བར་མིའི་ཡོན་ཏན་དང་རིན་ཐང་། བསོད་ནམས་བཅས་ཉམ་འགྲོ་བཞིན་པ་ཞིག་ཏུ་བརྩི། འོན་ཀྱང་། ནུབ་ཕྱོགས་པས་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བ་ཞིག་ལ་བརྩི་བཞིན་ཡོད། ནུབ་ཕྱོགས་པའི་སྤྱི་ཚོགས་ཡར་རྒྱས་ཟེར་པ་དེ་སྡོམ་བརྒྱབ་ན་ཉི་ཧོང་ནང་གི་ནཱ་གྷ་ས་ཀེ་དང་ཧེ་རོ་ཤི་མར་བྱུང་པའི་མཇུག་འབྲས་དང་། ཉེ་ཆར་ཉི་ཧོང་ནང་ས་འགུལ་དང་ཆུ་འཁྱོམ་བྱུང་པའི་གནོད་སྐྱོན་ཁྲོད་རྡུལ་ཕྲན་རྟེན་གཞི་གས་འཐོར་བྱུང་སྟེ། ཉེ་འཁོར་དུ་མི་ཚོགས་གནས་མ་ཐུབ་པ་ཙམ་དུ་མ་ཟད་དེའི་དུག་རླངས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མིའི་འཕྲོད་བསྟེན་ལ་གནོད་འཚེ་བྱུང་ཡོད་པ་ལྟ་བུ་རེད། ཅེས་དང་།
དེ་བཞིན་སྤྱི་ཚོགས་ཀྱི་གྲུབ་ཆ་འདྲ་མིན་བྱུང་པའི་རྒྱབ་ལྗོངས་ཀྱི་རྒྱུ་རྐྱེན་ཆེན་པོ་གཅིག་ནི་ཤ་ཁྲག་གི་འབྲེལ་བ་རེད། ཤ་ཁག་གི་འབྲེལ་བ་ལ་བརྟེན་ནས་རྒྱ་གར་ལྟ་བུའི་སྤྱི་ཚོགས་མང་པོའི་ནང་རིགས་ཀྱི་དབྱེ་བ་བྱུང་པ་རེད། རིགས་ཀྱི་དབྱེ་བ་ཕལ་ཆེ་བ་ཆོས་ལུགས་ནས་བྱུང་པ་རེད། ཐོག་མའི་དུས་སུ་རིགས་ཀྱི་དབྱེ་བ་འདི་དག་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། མི་ལ་ལས་འགན་བགོ་བཤའ་རྒྱག་སྟངས་ཤིག་གི་ཆ་ནས་བྱུང་པ་རེད། ཡང་རིགས་ཀྱི་དབྱེ་བ་མེད་པའི་ལུང་པ་མང་པོའི་ནང་དཔའ་འབྱོར་གྱི་གནས་བབ་ལ་བརྟེན་ནས་གྲལ་རིམ་གྱི་དབྱེ་བ་བྱུང་ཡོད། ཆོས་ལུགས་ལས་བྱུང་པའི་རིགས་ཀྱི་དབྱེ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་བསམ་པའི་རྨོངས་དད་དང་། ཆོས་ལུགས་ལ་ཡིད་ཆེས་མི་བྱེད་མཁན་ཚོས་གྲལ་རིམ་གྱི་དབྱེ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་བསམ་པའི་རྨོངས་དད་གཉིས་རྨོངས་དད་ཡིན་པ་གཅིག་པ་རེད་ལ། རྒྱུ་མཚན་མེད་པ་ཡང་གཅིག་པ་རེད། དེ་ལ་བརྟེན་ནས་མིའི་སྤྱི་ཚོགས་ལ་ཧ་ལས་པའི་གྱོང་གུད་ཐེབས་ཡོད་པ་ཡང་གཅིག་པ་རེད། འདས་པའི་ལོ་བརྒྱ་ཕྲག་གཅིག་གི་ནང་མཱ་ཁེ་སི་རིང་ལུགས་ཀྱི་གྲལ་རིམ་འཐབ་རྩོད་ལ་བརྟེན་ནས་མི་དུང་ཕྱུར་མང་པོ་ཤི་རྨས་ཐེབས་པ་རེད། ལུང་པ་མང་པོ་རྩ་མེད་བཏང་པ་རེད། རིག་གཞུང་དང་ལེགས་བྱང་མང་པོ་རྩ་མེད་དུ་ཕྱིན་པ་རེད། དེ་ལ་བརྟེན་ཏེ་དེང་རབས་སྤྱི་ཚོགས་ཡར་རྒྱས་ཀྱི་ཐབས་ལམ་དག་ཀྱང་ཡང་དག་ཅིག་ཆགས་ཡོད་མ་རེད། ཅེས་གསུངས་བྱུང་།
བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་ཀྱི་དཀའ་ངལ་དབྱེ་བ་ ༥ ལ་བཀར་ཏེ་གསུངས་རྒྱུར། ད་ལྟའི་འགྲོ་བ་མིའི་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་ལྔ་ཡོད་རེད། དང་པོ། དཔལ་འབྱོར་གྱི་འདྲ་མཉམ་མེད་པ་འདི་རེད། གླིང་ཕྲན་དང་གླིང་ཕྲན་བར་ལ་དབུལ་ཕྱུག་གི་ཁྱད་པར་ཡོད། ལུང་པ་དང་ལུང་པའི་བར་ལ་དབུལ་ཕྱུག་གི་ཁྱད་པར་ཡོད་པ། ལུང་པའི་ནང་ཁུལ་དུའང་དབུལ་ཕྱུག་གི་ཁྱད་པར་ཡོད། ཕྱུག་པོ་དག་གིས་དབུལ་བོ་ལ་བཤུ་གཞོག་དང་། དབུལ་བོ་ཚོས་ས་ནས་རྐུ་ཇག་འཕྲོག་གསུམ་བྱས་ཏེ་ཁོ་ཚོ་ཕྱུག་པོ་ཆགས་པ་རེད།
གཉིས་པ། འཇིགས་སྐུལ་རིང་ལུགས་པའི་འཚེ་བ་དང་། དམག་འཁྲུག་གི་འཚེ་བ། ནང་འཁྲུག་གི་འཚེ་བ་སོགས་རེད། སྔོན་མ་དང་མ་འདྲ་བར་དེང་སང་མཛུབ་མོ་རྡེབ་ཐེངས་གཅིག་གིས་མི་འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོག་ཐུབ་པའི་མཚོན་ཆ་དང་དམག་དཔུང་ཡོད། མཚོན་ཆ་དང་དཔག་སྟོབས་དེ་འདྲ་ཞིག་ཡོད་བཞིན་དུ་ཅིའི་ཕྱིར་འཇིགས་སྐུལ་རིང་ལུགས་པ་དག་རྩ་མེད་བཟོ་མ་ཐུབ་པ་རེད། དེང་སང་གི་དམག་འཐབ་ནི་རྒྱལ་ཕམ་གྱི་དམག་འཐབ་མ་རེད། ཚོང་རའི་འགྲན་བསྡུར་གྱི་དམག་འཐབ་རེད། ཁྲོམ་རའི་དྲག་ཆས་ཡོ་བྱད་འཁོར་རྒྱུག་ཆེད་མིའི་ཚེ་སྲོག་ལ་རྩེད་མོ་རྩེ་བཞིན་ཡོད་པ་རེད།
གསུམ་པ། ཁོར་ཡུག་བཙོག་བསྒྱུར་དང་ཉམ་ཆགས་རེད། ཁང་པ་དང་གཞུང་ལམ་འཛུགས་སྐྲུན། གློག་གི་བེད་སྤྱོད་ཀྱི་རྣམ་གྲངས་མང་བ་བཅས་ལ་བརྟེན་ཏེ། ས་ཡའི་གོ་ལ་ཆུང་ཆུང་འདིའི་ཁོར་ཡུག་ཧ་ལམ་རྩ་མེད་བཏང་ཚར་པ་རེད། ཁོར་ཡུག་སྦག་བཙོག་བཟོས་པའི་རྐྱེན་གྱིས་ན་ཚའི་རིགས་འདྲ་མིན་ཡོང་གི་ཡོད་པ་དང་། མི་རིང་པར་འགྲོ་བ་མིའི་རིགས་ལ་འཐུང་ཆུ་དང་སྲོག་རླུང་གི་དཀའ་དཀའ་འཕྲད་རྒྱུའི་ཉེན་ཁར་ཐུག་ཡོད།
བཞི་བ། མི་འབོར་འཕེལ་ཤུགས་ཆེ་དྲགས་པ་དེ་རེད། སྤྱིར་རྒྱལ་ཁབ་ཚང་མ་དང་ལྷག་པར་དུ་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མི་འབོར་དང་མཐུན་རྐྱེན་ཆ་མ་སྙོམས་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། རྒྱ་གར་ལ་མཚོན་ན། སྔོན་མ་རང་བཙན་ཐོབ་པའི་རྗེས་སུ་མི་འབོར་ཤུགས་ཆེན་འཕེལ་མེད་པ་ཡིན་ན། ད་ལྟའི་ཨ་རི་ལས་ལྷག་པའི་འབྱོར་ལྡན་དུ་གྱུར་ཡོད།
ལྔ་བ། དེང་གི་སྤྱི་ཚོགས་འདིས་ཆོས་ལུགས་དག་ཀྱང་མིའི་བར་འགལ་ཟླ་བཟོ་བྱེད་ཅིག་ཏུ་བསྒྱུར་ཡོད། དོན་ངོ་མའི་ཐོག་ཆོས་ལུགས་ཚང་མ་ཉམ་ཚར་བ་རེད། ང་ཚོའི་ནང་ཆོས་ལ་མཚོན་ཡང་ན། ནང་པའི་བསྟན་པ་ཕལ་ཆེར་ཉམ་ཟིན་པ་རེད། ད་ལྟ་སྐུ་གསུང་ཐུགས་རྟེན་དང་དགོན་པ་དེ་དག་ལྷག་ཡོད། གྲྭ་ཆས་གྱོན་མཁན་གྱི་མི་དེ་དག་ལྷག་ཡོད། མདོར་ན་ཆོས་ཀྱི་སྒྲིག་འཛུགས་དང་ཁང་པ། དངུལ་བཅས་ལྷག་ཡོད་པ་ཙམ་རེད། ང་ཚོའི་དགོན་སྡེ་ཁག་ལ་མཚོན་ན་བོད་གཞུང་གིས་དངུལ་སྒོར་གཅིག་ཀྱང་སྤྲོད་ཀྱི་མེད་ཀྱང་། བཙན་བྱོལ་ནང་དགོན་སྡེ་ཚོ་ཕྱུག་ཤོས་ཡིན་རྒྱུ་རེད། ཅེས་གསུངས་བྱུང་།
ཡང་ཁོང་གིས་སྤྱི་ཚོགས་འཕེལར་རྒྱས་ཀྱི་དགེ་སྐྱོན་སྐོར་ལ་གསུངས་དོན། ཕྱི་ལོགས་ཀྱི་གནས་ཚུལ་ལ་བལྟས་ན་སྔོན་ཆད་མ་བྱུང་པ་དང་མེད་པ་མང་པོ་ཞིག་བྱུང་ཡོད། དཔེར་ན། ཟླ་བའི་ནང་མི་འགྲོ་བ་དང་བར་སྣང་ལ་རྟེན་གཞི་བསྐྲུན་པ། དེ་བཞིན། གློག་ཀླད་དང་ཁ་པར་སོགས་གསར་དུ་ཐོན་པ། རིམ་བཞིན་གྲངས་ཚད་དང་སྤུས་ཀ་ཡག་ཏུ་ཕྱིན་ཡོད་པ་རེད། འོན་ཀྱང་། འདི་དག་བྱུང་བ་ལ་བརྟེན་ཏེ་མིའི་བསམ་བློར་འགྱུར་པ་ག་རེ་ཕྱིན་ཡོད། ང་རྒྱལ་དང་ཁོང་ཁྲོ་ཆུང་དུ་ཕྱིན་ཡོད་དམ་ཆེ་རུ་ཕྱིན་ཡོད། སྤྱི་ཚོགས་འཆམ་མཐུན་ལ་མཐུན་འགྱུར་གྱི་ནུས་པ་ཆེ་རུ་སོང་ཡོད་དམ་ཆུང་དུ་སོང་ཡོད། འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་སྟེ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཉམ་རྒུད་གང་ཡིན་ལ་བསམ་བློ་གཏོང་དགོས་པ་རེད།
བོད་པའི་སྤྱི་ཚོགས་ལ་མཚོན་ན་འདས་པའི་མི་ལོ་ ༥༠ དེ་འགྱུར་ལྡོག་ཆེས་ཤོས་ཤིག་ཆགས་ཡོད། བོད་ནང་གི་བོད་མི་ཚོ་ཞེད་སྣང་དང་གདུག་རྩུབ་འོག་གནས་པའི་རིང་། རྒྱ་ནག་གིས་བོད་ཀྱི་ཆོས་དང་ལེགས་བྱང་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་བོད་ནང་གི་བོད་མིའི་སྤྱི་ཚོགས་ཉམ་རྒུད་ཆེན་པོ་ཕྱིན་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། ༡༩༥༩ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་སྐབས་ངས་ཡང་ཡང་བཤད་ཀྱི་ཡོད། ང་ཚོ་དུས་རབས་བདུན་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལས་མཆོངས་ཐེངས་གཅིག་གིས་དུས་རབས་ཉི་ཤུ་བའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་འཕོ་འགྱུར་འགྲོ་དགོས་ཞེས་ལབ་པ་ཡིན། སྡོམ་ཞིག་བརྒྱབ་ན་རང་དབང་ལུང་པར་ཡོད་པའི་བོད་མི་ཚོའི་སྤྱི་ཚོགས་ཀྱི་ཉམ་རྒུད་དེ་བཙན་དབང་འོག་གི་བོད་མིའི་སྤྱི་ཚོགས་ཉམ་རྒུད་ལས་ཚབ་ཆེ་བ་མིན་ན་ཆུང་པ་མ་རེད། ཅེས་གསུངས་སོང་།
མཐར་ཁོང་གིས་ཤེས་ཡོན་ལམ་སྟོན་ཐད་ནས་གསུངས་དོན། ཤེས་ཡོན་གྱི་ངོ་བོ་དང་དགོས་པ། ལྷག་པར་དུ་བོད་རང་གི་ཤེས་ཡོན་གྱི་དགོས་པ་སོགས་ནི་ཤེས་ཡོན་སྲིད་བྱུས་གསར་པའི་ནང་གསལ་བོར་འཁོད་ཡོད་པས་དེ་ལ་བལྟས་ན་ན་ཧ་གོ་ངེས་རེད། སྤྱིར་འབྲི་ཀློག་རྩོད་གསུམ་ནི་ཤེས་ཡོན་ལ་མི་བརྩི་པའི་བཤད་ཚུལ་ཞིག་ཡོད་རེད། གང་ལྟར་ནུབ་ཕྱོགས་པའི་ཤེས་ཡོན་སྤྲོད་སྟངས་ལ་གནས་ཚུལ་མང་པོ་ངོ་སྤྲོད་བྱ་རྒྱུ་དེ་གལ་ཆེར་བརྩི་བ་རེད། འོན་ཀྱང་། ཤར་ཕྱོགས་པ་དང་སྲོལ་རྒྱུན་གྱི་ཤེས་ཡོན་སྤྲོད་སྟངས་ནང་གནས་ཚུལ་མང་པོ་ངོ་སྤྲོད་བྱེད་མིན་གང་ལྟར་ཡང་། ཤེས་ཡོན་སྤྲོད་སའི་མི་དེའི་རྣམ་དཔྱོད་ཀྱི་ཤེས་རབ་གོང་མཐོར་བཏང་སྟེ། མཐར་མི་དེའི་ཤེས་རབ་ཀྱི་ཆ་ཡོངས་སུ་རྫོགས་པའི་སྐབས་ལ། ཕྱིའི་གནས་ཚུལ་མང་པོ་ཞིག་སྤྲད་ཀྱང་རུང་མ་སྤྲད་ཀྱང་རུང་། རང་སྟོབས་ཀྱིས་དེ་ཚོ་ཚང་མ་ལེན་ཐུབ་མཁན་ཞིག་དང་། ལེན་ཐུབ་པ་ཙམ་དུ་མ་ཟད་ལེགས་ཉེས་ཀྱི་དབྱེ་བ་འབྱེད་ཐུབ་མཁན་ཞིག་བཟོ་བའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།
གསར་འགོད་པ། བནྡེ་སྐྱབས།
དྲ་གྲོགས་རིག་པའི་རལ་གྲི་ལགས།
གང་ལྟར། གསར་བརྗེ་ངེས་པར་དུ་བྱ་དགོས་ས་ཞིག་ལ། ཐབས་ལམ་ཅི་ཞིག་བསྟན་དགོས་རུང་། ཆོད་སེམས་དང་བློས་བཏང་ཆེན་པོ་ཞིག་གིས་རྩོད་ལེན་བྱེད་དགོས་པ་ནི། འགྱུར་བ་ཞིག་མཚོན་པ་རེད། ཅི་ཙམ་གྱི་འགྱུར་ལྡོག་མང་ན། དེ་ཙམ་གྱིས་འཕེལ་རྒྱས་དང་གསར་བསྐྲུན་གྱི་ཆ་མང་པོ་ཞིག་ཡོང་གི་རེད། དེ་དུས། འཁྱོག་གཟུགས་འཁྱོག་བགྲོད་བྱེད་ཀྱིན་པའི་གནས་ཚུལ་གང་ཞིག་ཡིན་རུང་། བརྟན་ས་ཁེན་ས་མེད་པར་ཆགས་འགྲོ་གི་རེད་ལ། ལྷག་པར་དུ། གུ་ཡངས་འདྲ་མཉམ་གྱི་འགྲོ་ལམ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་མངོན་གི་རེད་དོ།། འདི་ནི། དུས་རབས་ཀྱི་རིན་ཐང་ཞིག་དང་མི་རབས་གསར་བའི་ངོས་འཛིན། དེའི་ནང་ནས་ཀྱང་ཐབས་བྱུས་གསར་བས་བསླངས་པའི་གྲུབ་འབྲས་ཉག་ཅིག་རེད།
དྲ་གྲོགས་རིག་པའི་རལ་གྲི་ལགས།
གང་ལྟར། གསར་བརྗེ་ངེས་པར་དུ་བྱ་དགོས་ས་ཞིག་ལ། ཐབས་ལམ་ཅི་ཞིག་བསྟན་དགོས་རུང་། ཆོད་སེམས་དང་བློས་བཏང་ཆེན་པོ་ཞིག་གིས་རྩོད་ལེན་བྱེད་དགོས་པ་ནི། འགྱུར་བ་ཞིག་མཚོན་པ་རེད། ཅི་ཙམ་གྱི་འགྱུར་ལྡོག་མང་ན། དེ་ཙམ་གྱིས་འཕེལ་རྒྱས་དང་གསར་བསྐྲུན་གྱི་ཆ་མང་པོ་ཞིག་ཡོང་གི་རེད། དེ་དུས། འཁྱོག་གཟུགས་འཁྱོག་བགྲོད་བྱེད་ཀྱིན་པའི་གནས་ཚུལ་གང་ཞིག་ཡིན་རུང་། བརྟན་ས་ཁེན་ས་མེད་པར་ཆགས་འགྲོ་གི་རེད་ལ། ལྷག་པར་དུ། གུ་ཡངས་འདྲ་མཉམ་གྱི་འགྲོ་ལམ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་མངོན་གི་རེད་དོ།། འདི་ནི། དུས་རབས་ཀྱི་རིན་ཐང་ཞིག་དང་མི་རབས་གསར་བའི་ངོས་འཛིན། དེའི་ནང་ནས་ཀྱང་ཐབས་བྱུས་གསར་བས་བསླངས་པའི་གྲུབ་འབྲས་ཉག་ཅིག་རེད།
བསྟན་པ་ཉམས་ཡོད་མེད་རྩོད་དགོས་དོན་ཨེ་ཡོད། ང་ཚོས་མཐོང་བཞིན་པ་འདི་རེད། བསྟན་པའི་གནས་ཚད་ལོ་ལྔ་སྟོང་ལས་ཕྱེད་ཀ་ལྷག་ཅིག་རྫོགས་ཚར་རེད། མུ་མཐུད་ནས་ཉམས་བཞིན་པ་རེད། དེ་ལས་ཟམ་གདོང་རིན་པོ་ཆེས་བརྩིས་པའི་འཛམ་གླིང་གི་ད་ལྟའི་དཀའ་ངལ་ལྔ་པོ་འདི་དག་སེལ་ཐབས་ལ་བློ་གྲོས་བསྡུར་ན་མི་ལེགས་སམ།
དུས་བབ་ཚང་ལགས་ཉིན་གཉིས་ཀྱི་སྔོན་དུ་ངས་འདིར་མཆན་ཞིག་བཏབ་ཡིན་འོན་ཀྱང་བཀོད་མ་སོང་ད་གང་བྱས་པ་རེད་དམ།
ངས་མཆན་བུ་བ་གཞན་མ་ཚོས་བཤད་པ་ལས་ལྷག་པའི་རྒྱ་ལས་རྒལ་མེད་བསམ་པ་ཡིན།
རྒྱུ་མཚན་ཡོད་ན་གསུང་རོགས་གནང།
དེ་མིན་བློ་ཕམ་ཡོད།
ངས་དུས་བབ་ལས་དྲ་རྒྱ་གཞན་དུ་མཆན་འདེབས་པར་ཉུལ་གྱི་མེད།
ངས་དུས་བབ་ཚང་ལ་མཐོང་ཆེན་བརྩིས་པའི་ཁུལ་ཡིན།
དྲ་གྲོགས་ཚེ་སྐྱིད་ལགས།
སྤྱིར་སྟངས་ནས་གང་ཞིག་གླེང་རུང་གང་ཞིག་བཤད་ཀྱང་བྱེད་པོ་བྱེད་ཆོས་གཉིས་ནོར་མི་ཉན
སྔོན་ད་བར་ཆོས་ལུགས་ཀྱིས་སྣོད་བཅུད་གཉིས་ཀའི་འཇིག་རྟེན་ལ་ཕན་གྲོགས་བྱེད་པ་ལས་གནོད་འཚེཡི་ནག་ཉེས་གང་ཡང་བྱས་མེད།
དེར་བརྟེན་ཆོས་ལུགས་འགྲོ་བ་མི་རྣམས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་མངོན་འདོད་དང་རྣམ་སྨིན་བདེ་འབྲས་ཀྱི་ཆེད་རྟག་ཏུ་གནས་དགོས་ནམ་ཡང་གཉེར་དགོས། ཆོས་ཁ་ལ་འཁུར་ནས་ཆོས་ལུགས་ལོག་སྤྱོད་པ་རྣམས་གྱི་ནག་ཉེས་ཐེར་འདོན་དང་སྤྱོད་ངན་ལ་དགག་བཞག་ཇི་ཙམ་བྱས་ཀྱང་ཁོ་ཚོའི་ལོག་སྤྱོད་ཀྱི་སྤྱོད་ངན་གཙང་གསལ་དུ་འགྲོ་རྒྱུ་མི་སྲིད་པ་རེད།
དེ་ལས་ང་ཚོའི་རང་ས་ནས་རང་ཚུགས་བརྟེན་འཛིན་གྱིས་ཁོ་ཚོའི་གཡོ་སྒྱུ་འཕྲུལ་གསུམ་ལས་ཐར་ཐབས་དང། ཁོ་ཚོར་གོང་བཀུར་དང་གུས་རྩིས་རྨོངས་དད་ཀྱི་དྲ་བར་ནམ་ཡང་མ་ཚུད་བྱེད་ཐུབ་ན་རང་བཞིན་གྱིས་ཁོ་ཚོའི་རིགས་གཙང་གསལ་ཆགས་འགྲོ
དེ་ལས་ལྡོག་ཏེ་རྟག་ཏུ་ཁོ་ཚོའི་ནག་ཉེས་ཐེར་འདོན་དང་སྐྱོན་མཚང་སྔོག་འདོན་བྱེད་ན་ནམ་ཞིག་ཚེ་མི་གསོད་ཁྲག་སྦྱོར་གྱི་རྙོག་འཛིངས་དང་འཁྲུགས་རྩོད་བྱུང་ངེས་བས་ཅི་བྱེད།
ཆོས་ལུགས་ཕལ་ཆེར་ཉམ་ཟིནད་ཀྱང་། ཞལ་འདེབས་རྒྱབ་མཁན་ཕལ་ཆེར་མེད་པར་ཆགས་དགོས་པ་ལ་དེ་མ་ཆགས་པར་ནོར་རྙེད་པ་ནི། འདི་སྐལ་བཟང་ལུགས་བཟང་ཡིན་པས་རྗེས་སུ་ཡི་རང་མཛོད་ཅིག་ཀྱེ། དགེའོ། །
དྲ་གྲོགས་རིག་པའི་རལ་གྲི་ལགས།
ཆོས་ལུགས་ཡོད་ཚད་ཉམས་རུང་མ་ཉམས་རུང་། དེ་ནི། ཆོས་ལུགས་རང་རང་གི་རིན་ཐང་ལ་རག་ལས་ཡོད་པ་ཞིག་རེད་དེ། སྐབས་འདིར། ངས་ཤོད་ཀྱིན་པའི་གནད་འགག་གཙོ་བོ་ནི། ཆོས་ལུགས་ཀྱི་རིན་ཐང་མ་ཤེས་རུང་ཆོས་ལུགས་ཁ་ལ་འཁུར་ནས་སྒེར་དོན་བསྒྲུབས་དང་སྒྲུབ་བཞིན་པའི་རྣམ་འགྱུར་འདི། ཆོས་ལུགས་རིག་གནས་ཀྱི་དགོས་དོན་དང་རིན་ཐང་གི་ངོས་ནས་བལྟས་རུང་། ཆེས་ཐ་ཆད་པའི་ལས་ཤིག་ལས་ཅི་ཡང་མེད་པ་རེད་ལ། སྤྱིར་བཏང་གི་ངོས་འཛིན་ཞིག་གི་ཐད་ནས་བསམས་རུང་། ཉ་དང་ཉོག་མ་བསྲེས་པའི་ཁེ་གྲགས་ཀི་ལས་ཀར་ཁོ་ནར་འཇུག་པས་སོ།།
རྔ་བ་ཚེ་སྐྱིད་ལགས། ད་ཁྱེད་ཀྱིས་སེམས་ཁྲེལ་བྱེད་དགོན་དོན་མི་འདུག་
བཀའ་ཁྲི་མཆོག་གི་ཆོས་ལུགས་ཚ་ང་མ་ཉམས་ཚར་བ་རེད་གསུངས་འདུག་པས་ཁྱེད་ཀྱི་སེམས་བདེ་མོ་བྱོས།
ཆོས་ལུགས་ཚང་མ་ཉམས་ཡོད་མེད་ཁོང་ལ་འདྲི་དང་བཤད་ནི་རེད།
ཁྱེད་བཙོག་དང་ང་ཡག་གི་སྐད་ཆ་མ་བཤད་གཙོ་བོ་དེ་ཁོང་གིས་གསུངས་བ་དེ་དངོས་ཡོད་ལ་གནས་མིན་ལ་ལྟོ་དགོས་པ་རེད་།
དངོས་ཡོད་མིན་མཁན་ཞིག་ཨུ་ཚུགས་ཀྱིས་འཁྱོག་བརྗོད་བྱས་དགོས་ཕན་གང་ཡོད་པ་རེད་དམ།
བཀའ་ཁྲི་ཟམ་གདོང་མཆོག་གིས།
ད་ལྟའི་འགྲོ་བ་མིའི་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་ལྔ་ཡོད་པ་གསུངས་ཡོད་པ་ཤིན་ཏུ་མད།
༡༽ དཔལ་འབྱོར་གྱི་འདྲ་མཉམ་མེད་པ། ༢༽ འཇིགས་སྐུལ་རིང་ལུགས་པའི་འཚེ་བ་ཆེ་བ། ༣༽ ཁོར་ཡུག་བཙོག་བསྒྱུར་དང་ཉམ་ཆགས་ཕྱིན་པ། ༤༽ མི་འབོར་འཕེལ་ཤུགས་ཆེ་དྲགས་པ། ༥༽ དེང་གི་སྤྱི་ཚོགས་འདིས་ཆོས་ལུགས་དག་ཀྱང་མིའི་བར་འགལ་ཟླ་བཟོ་བྱེད་ཅིག་ཏུ་བསྒྱུར་ཡོད་པ།
དེའི་ནང་ནས་ཀྱང་། ཕྱི་མ་སྟེ། དེང་གི་སྤྱི་ཚོགས་འདིས་ཆོས་ལུགས་ཁག་བེད་སྤྱད་ནས་ཚོང་ལས་གཉེར་བ་དང་འབུལ་སྡུད་བྱེད་པ། ལྷག་པར་དུ། ཆོས་ལུགས་ཁ་ལ་འཁྱེར་ནས་མི་དམངས་ལ་སྒེར་གཅེད་བྱས་དང་བྱེད་ཀྱིན་པའི་གནས་ཚུལ་འདི་དང་རིས་གཅོད་ཀྱི་བསམ་སྤྱོད་སྤེལ་ནས་ཆེ་བ་མི་རིགས་སོ་སོ་དང་ཆུང་བ་ཚོགས་སྡེ་ཡན་ཆད་འགལ་ཟླའི་ངོ་བོར་བསྒྱུར་ནས་ཁེ་གྲགས་གཉེར་བ་སོགས་ཀྱི་གནས་ཚུལ་རྣམས་ཉི་མའི་འོད་ཟེར་སྤར་མོས་མི་འཁེབས་པ་བཞིན་གསལ་ཐིང་ཐིང་འདི་རེད། དེའི་ཕྱིར་ན། འདི་ཚོའི་གནས་ཚུལ་རྣམས་ང་ཚོ་ཤེས་རྟོགས་རྙེད་དགོས་པ་མ་ཟད། ལག་ལེན་གྱི་ཐོག་ནས་དགག་བསྒྲུབ་ཚ་ནན་གཏོང་དགོས་སོ།།
སྟོན་པས།
དགེ་སློང་མ་རྣམས་རྙེད་རྙེད་ལྡན་ཤོག །
ཅེས་སྨོན་པ་ལས།
རྙེད་ལྡན་དགེ་སློང་བསྟན་པ་ཉམ། །གསུངས་མི་འདུག་ལགས། དེ་ཅི་ཡིན་ནམ། ལན་ཅིག་དགོས།
དྲང་པོ་བཤད་ན་མི་མི་དགའ། །དབྱུག་པ་བརྒྱབ་ན་ཁྱི་མི་དགའ། །ལབ་པ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེ་གི་དེང་དུས་བོད་ཀྱི་ཆོས་ལུགས་པས་གཙོས་པའི་ཆོས་ལུགས་ཡོངས་ཀྱི་སྟེང་ནས་གསུང་པའི་བདེན་ཚིག་འདི་མ་བཟོད་ནས་འཆོང་ལྡིང་མང་པོ་ཞིག་བྱེད་ཀྱི་འདུག་ཀྱང་དོན་ངོ་མའི་ཐོག་ནས་གསུང་པ་འདི་གནད་དུ་ཁེལ་བ་དང་ཐམས་ཅད་ཀྱི་ངེས་པར་དུ་ཉམས་མྱོང་ཀྱི་སྟེང་ནས་ཀྱང་ར་འཕྲོད་གསལ་པོ་ཅི་ཡི་ཕྱིར་མིན།
ལྟོས་དང་ཡེ་ཤུ་དང་མུ་སི་ལིམ་གཉིས་ཀྱིས་ནི་ཟླ་བའི་སྟེང་དུ་ཞིངས་ཁམས་འདོད་པ་དེ་རྐུབ་བུད་ཚར་བ་དང་ཆོས་ལུགས་ལ་གནོད་ཀྱི་དོགས་ནས་ཚན་རིག་མཁས་ཅན་གྱི་མི་ག་ཚོད་ག་ཚོད་དམར་བསད་གཏང་བ་ཀུན་གྱི་མཁྱེན་གསལ་ལ་བཤད་པ་དབྱུང་།
ཁ་ཆེ་ནི་འཛམ་གླིང་སྟེང་གི་དྲག་སྤྱོད་པའི་ཁྱུ་ཚོགས་ཞིག་ལས་དོན་ངོ་མའི་ཉམས་ལེན་བྱེད་པ་གཅིག་ཀྱང་མི་འདུག་ཞེས་ལབ་མི་ཐུབ་པ་མེད་པ་འདི་རེད།
ནང་པ་དང་ཧིན་དུ་གཉིས་ཀྱི་ནང་དུ་རྩལ་གྲུབ་རྟགས་སྒོམ་ཉམས་ལེན་སྔོན་གྱི་གྲུབ་ཐོབ་རྣམ་པ་ནང་བཞིན་རྣ་བས་གོ་ཐོས་དང་མིག་གི་མཐོང་ཐོས་མེད་པའི་དུས་འདི་འདྲ་ཞིག་ལ་ཆོས་ལུགས་ཉམས་ཞེས་མ་ལབ་ན་ག་འདྲ་ཞིག་ལ་ཉམས་་པའི་མིང་འཇུག་པ་ཡིན་ནམ།
དཔེར་ན་བོད་ཀྱི་ནང་དུ་སྔོན་གྱི་བཀའ་དམ་པའི་དགེ་བའི་བཤེས་གཉེན་རྣམ་པ་ནང་བཞིན་གནས་བྲག་ཕུག་དང་རྙེད་སླ་ཕྱག་དར་ཁྲོད་པའི་འཚོ་གོས་སོགས་ཞེན་དབྱུང་བློས་བཏང་གི་ཕྱག་ལས་ཐམས་ཅད་བི་ལ་ས་གི་ཁང་པ་གཞལ་ཡས་ཁང་དང་ཞལ་ལག་དུས་ངེས་མེད་ཅན་གང་ཞིམ་ཞིམ་གང་མངར་མངར་ལ་བསྒྱུར་ཟིན་མི་འདུག་གམ།
མ་ཚད་རིན་པོ་ཆེ་དང་བླ་མ་མཁན་པོ་སོགས་སྔགས་འཆང་སོགས་ཀྱི་མིང་ཐོབ་མང་ཆེ་ནས་གནས་ཚུལ་ཐབས་སྡུག་གླེང་སླང་དང་བསྐྱར་ཟློས་བྱེད་མ་ཐུབ་པའི་བླ་མ་བླ་ལོག་ཞབས་འདྲེན། སྤྲུལ་སྐུ་སྤྲུལ་ལོག་གི་ཞབས་འདྲེན། མཁན་པོ་མཁན་ལོག་ཞབས་འདྲེན། སྔགས་པ་འཆོལ་སྤྱོད་ཀྱི་ཞབས་འདྲེན།
སོགས་ག་ཚོད་ཙམ་འདུག་འདི་ཚོ་གི་ལོ་རྒྱུས་ཞིབ་ཕྲ་ཞིག་བཤད་ན་ག་འདྲ་ཞིག་ཡོང་ས་འདུག་ལེགས་པར་དཔྱོད་དང་། མིན་ན་རང་བློ་རང་ལ་ལྐོག་གྱུར་མ་ཡིན་པའི་ཆ་ནས་དེ་ཚོ་གི་ཉམས་བཞེས་ག་འདྲ་དང་ཡང་དག་པའི་བསྟན་པ་འཛིན་སྐྱོང་ག་ཚོད་ཙམ་དང་རང་རྒྱུད་ཀྱི་ཉོན་མོངས་མགོ་གནོན་ག་ཚོད་ཙམ་དཀོན་མཆོག་དཔང་གཙུག་གི་བསྒྲོ་གླེང་ཞིག་བཀང་ན་རང་ལ་གདེང་ཚོད་ཅན་གྱི་བླ་སྤྲུལ་ག་ཚོད་རྩལ་གྲུབ་རྟགས་ཐོན་པའི་བླ་སྤྲུལ་ག་ཚོད་ཡོད་པ་དེ་གུས་པས་བསམ་ན་དེང་གི་བྱེད་སྟང་དང་ལས་སྟང་འདི་ཚོ་ལ་གཞིག་ན་ཆེས་ཉུང་ཤོས་ཤིག་ལས་མེད་པ་འདི་ལ་བསམ་ན་མི་རྣམས་ཀྱི་མིག་ནས་ཁྲག་གི་མཆི་མ་གཞུར་བ་ཞིག་ལས་མི་འདུག འགའ་རེས་ཁྱོད་རང་གི་རྒྱུད་ལོགས་ལྟས་ཟིན་པ་རེད་ཅེས་བཤད་སྲིད་ཀྱང་ཉམས་མྱོང་གི་བརྒྱུད་ནས་ང་རང་ལ་གདེང་ཁེལ་བ་དང་ཡིད་ཆེས་པའི་བསྟན་པ་འཛིན་སྐྱོང་ཐ་ཐོར་ལས་མེད་པ་དང་མ་མཐོང་བའི་དངོས་ཡོད་ཀྱི་གནས་ཚུལ་བྲིས་པ་ལས་བསྟན་པ་ཉམས་པ་ཡིན་པ་རང་གི་བློ་ངོས་ནས་ཚོད་དཔག་བྱེད་ཐུབ་ཀྱི་འདུག་སྙམས། བཀའ་ཁྲི་རིན་པོ་ཆེ་ཐུགས་མུག་པ་ནི་འདི་ལ་ཧང་སང་དགོས་པ་གང་ཡང་མི་འདུག་པ་མ་ཚད་དོན་ལ་གནས་པ་ཉིད་དུ་འཁུམ། དེང་གི་སྤྱི་ཚོགས་ཀྱི་སྟེང་དུ་ཆ་མཚོན་ན་ཕྱུག་ཆེ་ཤོས་ཆོས་ལུགས་པ་ཡིན་པ་གསལ་པོ་མ་ཡིན་ནམ། ལེགས་པར་དཔྱོད་ཅིག
ཟམ་གདོང་རིན་པོ་ཆེའི་ནང་བསྟན་ཕལ་ཆེར་ཉམ་ཟིན་པ་རེད་གསུང་པ་ལས་ཆ་ཚང་ཉམ་ཚར་བ་རེད་གསུང་མི་འདུག་ ༼ང་ཚོའི་ནང་ཆོས་ལ་མཚོན་ཡང་ན། ནང་པའི་བསྟན་པ་ཕལ་ཆེར་ཉམ་ཟིན་པ་རེད། ད་ལྟ་སྐུ་གསུང་ཐུགས་རྟེན་དང་དགོན་པ་དེ་དག་ལྷག་ཡོད། གྲྭ་ཆས་གྱོན་མཁན་གྱི་མི་དེ་དག་ལྷག་ཡོད། མདོར་ན་ཆོས་ཀྱི་སྒྲིག་འཛུགས་དང་ཁང་པ། དངུལ་བཅས་ལྷག་ཡོད་པ་ཙམ་རེད།༽ དངོས་གནས་རེད་ཞག་ང་ཚོ་རང་ཉིད་གི་བསམ་བློ་གཏང་ཕྱོགས་དང་ཆོས་ལུགས་ཁག་གི་དབུ་ཁྲིད་ཚོས་ཕྱགས་ལས་གནང་སྟང་དང་ནང་བསྟན་ཚོགས་བསྒྱུར་བྱེད་སྟང་སོགས་ལྟོས་ན་ བསྟན་པ་ཇི་ཙམ་ཉམ་ཡོད་མེད་ཤེས་ཚོད་རེད།།
ངའི་མཆེད་གྲོགས་སྨར་ཀླུང་ལགས། ངས་ཟམ་གདོང་རིན་པོ་ཆེར་སྨྱོན་པ་མིན་འགྲོ་ཞེས་པར་རྒྱུ་མཚན་ཡོད། གང་ལགས་ཞེས་ན། བོད་ནང་སངས་རྒྱས་ཀྱི་བསྟན་པ་སྔར་ནས་ནུབ་ཟིན་ན། སླར་ཡང་བསྟན་པ་སྣུབ་རྒྱུ་ཞིག་གང་དུ་བསྡད་ཡོང་། ནུབ་ཟེར་བའི་ཚིག་དང་། སྣུབ་ཞེས་པ་གཉིས་སུམ་རྟགས་ཀྱི་འགྲོས་དང་བསྟུན་ན་གོ་རྒྱུ་གཅིག་ལ་གོ་སྟངས་ཐ་དད་པ་ཞིག་ཡོད། དང་པོ་དེ་རང་བཞིན་གྱིས་ཉམ་ཉེས་སུ་འགྲོ་བ་དང་། ཕྱི་མ་དེ་བྱེད་པ་པོས་རྩོལ་བ་ལ་བརྟེན་ནས་ཉམ་ཉེས་སུ་བཏང་བའི་གོ་དོན་ཡིན། དེ་ལྟར་ན། ད་ལྟ་ང་ཚོའི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་རྩ་སྟོར་གཏོང་གི་འདུག་ཞེས་ཕྱོགས་མཚམས་ཀུན་ཏུ་རླུང་ལྟར་སྒྲོག་བཞིན་པའི་ཚིག་དེ། རང་སྟེང་དུ་བབས་ཉེན་ཆེ་བའི་རྒྱུ་མཚན་ལ་བརྟེན་ནས་བྲིས་པ་དང་། རང་ངོས་ནས་བཤད་ན་ཐོག་མར་ཟམ་གདོང་བླ་མ་བཀའ་བློན་ཁྲི་པའི་སྟེང་འོས་འཕེན་མཁན་གྲས་གཅིག་ཡིན་པ་མ་ཟད་ཁོང་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་ཞུ་མཁན་གྱི་གང་ཟག་ཞིག་ཀྱང་ཡིན།
དེང་གི་སྤྱི་ཚོགས་འདིས་ཆོས་ལུགས་དག་ཀྱང་མིའི་བར་འགལ་ཟླ་བཟོ་བྱེད་ཅིག་ཏུ་བསྒྱུར་ཡོད། ཞེས་པའི་སྐབས་ནས་བསྟན་པའི་འགལ་ཟླ་བཟོ་བྱེད་དེ་ཆོས་ལུགས་ཀྱི་མགོ་འཁྲིད་པ་སྤྲུལ་སྐུ་ཟམ་གདོང་ཁོང་ཉིད་ཀྱང་ཚུད་ཡོད་ལ་གཙོ་བོ་ཞིག་ཀྱང་ཡིན། དོན་ངོ་མའི་ཐོག་ཆོས་ལུགས་ཚང་མ་ཉམ་ཚར་བ་རེད་ཞེས་པའི་ཉམ་ཟིན་པའི་ཆོས་ལུགས་དེ་ཁོང་གིས་བྱེད་བཞིན་པའི་ཚུལ་ཆོས་ལ་བསྟན་ནས་ཉམས་པ་ཞིག་རེད། ཁོང་ཉིད་ཀྱང་གྲྭ་ཆས་གྱོན་མཁན་གྱི་མི་དེ་དག་འཁྲོད་ཀྱི་བྱེད་སྟེ་ཞིག་ཡིན། མདོར་ན་ཆོས་ཀྱི་སྒྲིག་འཛུགས་དང་ཁང་པ། དངུལ་བཅས་གང་ཚམ་ཞིག་ཟམ་གདོང་གི་དབང་འོག་དུ་ཡིད་པ་ནི་དངོས་ཡོད་སྙོན་མེད་ཞིག་ཡིན།
ཟམ་གདོང་རིན་པོ་ཆེའི་དངོས་གནས་ཡག་པོ་གསུང་འདུག ནང་བསྟན་ཕལ་ཆེར་ཉམ་ཚར་གསུང་པ་དང་ ད་དུང་ ཆོས་ལུགས་དེ་མིའི་བར་དུ་འགལ་ཟླ་བཟོ་བྱེད་ཅིག་ཏུ་བསྒྱུར་ཡོད་ཟེར་བ་སོགས་བདེན་པ་མ་རེད་པས་ བོད་རྒྱུད་ནང་བསྟན་ལ་ལྟོས་ན་ཡང་ཤེས་ཐུབ་སྔོན་ནས་ད་ལྟའི་བར་དུ་གཅིག་གཟིགས་དང་
ཟམ་གདོང་རིན་པོ་ཆེ་གྲྭ་བ་མ་ཡིན་པ་མཁས་བླངས་འདུག
གྲྭ་བ་ཡིན་མིན་དབྱེ་ཙམ་བསྟན་པའི་རྩ་བ་སོ་ཐར་གྱི་སྡོམ་པ་ཡོད་མེད་ལ་རག་ལས་ཡོད་པས་ཟམ་གདོང་རིན་པོ་ཆེས་གྲྭ་ཆས་གྱོན་གི་མི་ལྷག་ཡོད་པ་ལས་ཆོས་ལུགས་ཚང་ཉམས་ཟིན་པ་དང་ནང་པའི་བསྟན་པ་ཡང་ཉམས་ཟིན་པར་གསུངས་དུས་ཁོ་རང་རྒྱུད་ལ་བསྟན་པའི་རྩ་བ་སོ་ཐར་སྡོམ་པ་ཉམས་ཟིན་པ་དོན་ལ་མཁས་བླངས་པ་རེད།
རིན་པོ་ཆེས་ནོར་བ་རེད་བཙན་བྱོལ་ནང་ཕྱུག་ཤོས་ནི་སྨན་རྩིས་ཁང་རེད་སྨན་རྩིས་ཁང་ལས་ཕྱུག་པ་ནི་མེད་
དགོན་པའི་དཔལ་འབྱོར་གཏོང་ས་གཙོ་བོ་གང་ཡིན་རུང་མིན་རུང་། ཉེ་སྔོན་ངས་དགོན་པའི་སློབ་གྲྭ་ཞིག་ཏུ་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་གི་གནས་བབ་ཡར་རྒྱས་གཏོང་ཡག་དང་བོད་ཀྱི་སྐད་ཡིག་ལ་དབྱིངས་ཡོང་ཆེད། ལས་འགུལ་ཞིག་སྤེལ་བརྩིས་བྱས་པ་ཡིན། འོན་ཀྱང་དཔལ་འབྱོར་ཡོང་ཁུངས་མེད་སོང་བས་གྲྭ་ཚང་ལ་ཞུས་པར། གྲྭ་ཚང་གི་ཕྱག་མཛོད་ལགས་ཀྱིས་འགྲོ་སོང་བཏང་མ་སོང་།
མི་ཐམས་ཅད་ལ་སྐྱོན་བརྗོད་དང་འཚང་འདྲུ་དཀྲུག་ཤིང་གཅིག་པུ་བཤད་ནས་སྨྱོ་བའི་གཏམ་འབའ་ཞིག་ལས་མེད་པ་ཁྱོད་རང་སྨྱོ་བ་ལས་བོད་མི་ས་ཡ་དྲུག་གི་གདམ་ཐོན་བྱུང་བའི་བཀའ་ཁྲི་རིན་པོ་ཆེ་སྨྱོ་བར་བསམ་ན་རང་ངོ་གདོང་གི་གཡག་རྗེས་དེ་མ་རིག་ནས། མི་གཞན་ངོའི་གདོང་གི་ཤིག་གི་རྗེས་མཐོང་བའི་སྨྱོན་པ་ཁྱོད་རང་ཚོད་ཟིན་ན་མི་ལེགས་སམ།
དེ་སྔ་དགོན་པའི་དཔལ་འབྱོར་རྣམས་མོའོ་ཡིས་གཞུང་བཞེས་ཐེངས་གཅིག་བཏང་ནས་ ༥༩ ལོར་གྲྭ་བ་དང་མི་སྐྱ་ཚང་མ་ལུས་ལ་གང་སྦྱར་ལས་མེད་པ་ཀུན་གྱི་མཁྱེན་གསལ་ལས་གྲྭ་བ་ཁག་ལ་རྒྱུ་དཔལ་འབྱོར་ཆེ་བཞིན་སྐྱིད་པོ་རྒྱག་པ་བྱས་ནས་སྡད་པ་སྐྱ་སེར་ཚང་མ་གཅིག་མཚུངས་རེད། ད་ཆ་དགོན་པ་གྲྭ་ཚང་ཁག་ལ་དཔལ་འབྱོར་ལྟས་ཚེ་ཡོད་པ་དེར་ཚང་མས་མིག་ལྡིར་ལྡིར་བལྟ་བཞིན་ཡོད་པ་ནི་སྐྱིད་གཡའ་བའི་གནས་བཏང་ཞིག་མིན་ནམ། གྲྭ་ཚང་ཁག་ལ་དཔལ་འབྱོར་ཅུང་ཡོད་པ་དེར་གྲྭ་ཚང་སོ་སོའི་བླ་མ་དང་ལས་སྣེ་རྣམས་ནས་དཀའ་དཔྱད་ཀྱི་འབྲས་བུ་དང་། སྦྱིན་བདག་ཁག་ནས་དད་མོས་ཀྱིས་ཕུལ་བ་ཞིག་ལས་ལས་ངན་བྱས་ནས་བྱུང་བ་ཞིག་མིན་པ་མཁྱེན་དགོས། དངོས་ནས་ད་ཡིན་ན་བོད་པ་ཚང་གི་ཡ་རབ་བཟང་གང་འདུག་གམ།
ཤོད་མཁན་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་དད་པ་ཉམ་ཟིན་པ་ཡིན་ནམ། དངོས་གནས་བོད་ཀྱི་ནང་ཆོས་ཉམ་ཟིན་པ་ཡིན་ནམ། བོད་ཀྱི་ནང་ཆོས་ཉམ་ཟིན་པ་ཡིན་ན། བླ་མ་སྤྲུལ་སྐུའི་མིང་ཡོད་ཚད་ཚང་མ་རྒྱ་ནག་གི་བཙོན་ཁང་ནང་ལ་བཅུག་རོགས་ཞེས་ཞུ་དགོས་འདུག
ཡང་ན། རྒྱུ་ནོར་ཡོད་མཁན་བླ་མ་་དང་གྲ་ཚང་དེ་ཚོ་ལ་ཆོས་མེད་ན་ཁོང་ཚོ་ཡང་རྒྱ་གར་གཞུང་གི་ཁྲིམས་ཁང་ནང་ལ་གཏུགས་བཤེར་དགོས་རེད་པེ། དྲ་གྲོགས་ཚོས་ང་ལ་གསལ་བཤད་ཅིག་གནོངས་དང་། ང་ནི་འཐོམས་བཅུག་སོང་། དད་པ་ཏོག་ཙམ་ཡོད་པ་དེ་ཡང་ཡལ་འགྲོ་འདུག ཨོ་ཨོ། ཧ་ཧ་ཧ།
ཟམ་གདོང་གིས་གསུངས་བ་དེ་ནི་དོན་ལ་གནས་པ་ཞིག རྒྱུ་མཚན་གང་ཡིན་ཟེར་ན། དེ་ནི་རྒྱ་གར་ནང་སྔོན་བྱུང་མྱོང་བའི་ནང་པའི་བསྟན་པའམ་ཆོས་ལུགས་དེ་ཕལ་ཆེར་རིན་པོ་ཆེས་གསུང་པ་དེ་ཏག་ཏག་དོན་ལ་གནས་ཡོད། རིན་པོ་ཆེས་གསུངས་པ་དེ་ཡང་དེ་ལ་དགོངས་ནས་ཡིན་པ་རེད། དེ་མ་གཏོགས་ནང་བའི་ཆོས་ལུགས་གཞི་རྩ་ནས་ཉམས་པར་གསུངས་པ་ག་ལ་ཡིན། དུས་དང་བསྟུན་ནས་དེ་ལྟར་འགྱུར་བ་འགྲོ་སྲིད་པ་ཞིག་ཡིན་པ་ཡང་ཤུགས་ཀྱིས་བསྟན་ཏོ།
ཟམ་གདོང་བླ་མ་འདི་སྨྱོ་བ་མི་ན་ཅི་ཡིན། ང་ཚོ་ནང་ཆོས་ཀྱི་བསྟན་པ་ཕལ་ཆེར་ཉམ་ཟིན་པ་རེད། ཟེར་བ་འདི་རྒྱུ་མཚན་གང་གི་ཐོག་ནས་ཁོང་གིས་གསུང་པ་ཡིན་ན། གལ་སྲིད་ནང་པའི་བསྟན་པ་ཉམ་ཚར་བ་ཡིན་ན་དང་པོ་ཁྱེད་རང་གི་མིང་འགོར་ཡོད་པའི་རིན་པོ་ཆེ་ཟེར་བ་དེ་གཡུག་རོགས། གཉིས་པ་དེ་ལྟར་ཡིན་ན། མི་ལོ་ ༥༠ ལྷག་རིང་བོད་བཙན་བྱོལ་གཞུང་ཡིན་ན་འདྲ། བོད་མིའི་སྒྲིག་འཛུགས་ཡིན་ན་འདྲ། མགོ་༧སྐྱབས་མགོན་རིན་པོ་ཆེས་གཙོས། བླ་སྤྲུལ་ལས་བྱེད་ཚང་མས་ཁ་གཅིག་གྲགས་ཀྱིས། རྒྱ་མིས་བོད་ཀྱི་ནང་ཆོས་རྩ་མེད་བཏང་དང་གཏོང་བཞིན་འདུག་ཞེས་འཛམ་གླིང་ཡུལ་གྲུར་གང་སར་ཁྱབ་སྤེལ་བྱས་དང་་བྱེད་བཞིན་པ་དེ་བདེན་པ་ཇི་ལྟར་འགྱུར་ཐུབ། གང་ལགས་ཞེས་ན། ཐོག་མར་ནས་ཉམ་ཟིན་པས་སོ། མི་དེའི་ཁ་ལ་ཀུ་རུ་ཁ་ཞིག་རྒྱོབས།
ད་རེས་བནྡེ་སྐྱབས་ཀྱིས་གསར་འགྱུར་གྱི་ཁ་བྱང་ནད་འགག་དང་མི་རྣམས་ལ་དོ་སྣང་དང་འུར་སྒྲོག་སློང་བྱེད་ཅིག་འདམས་འདུག་པས་ང་ལ་མཚོན་ན་དགའ་བསུ་ཡོད། ཁྱེད་ཚོ་ལ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་འདི་ལ་བསམ་ཚུལ་གང་འདྲ་ཡོད། ངའི་བསམ་ན་འདི་ནི་དོན་དངོས་ཞིག་རེད་ལ་མངོན་ལྐོག་མེད་པའི་སྐད་ཆ་འཁྲུགས་ཆ་དོད་བོ་ཞིག་ཀྱང་རེད།
དེང་སྐབས་རྒྱ་གར་བ་ཚོས་ཀྱང་བླ་མ་རྣམས་ལ་སྒོར་མོ་མང་རབས་དང་དགོན་པ་རྣམས་ཕྱུག་པོ་དང་སྟོབས་འབྱོར་ཆེ་རབས་བཤད་ཀྱི་འདུག
དགོན་པ་རྣམས་སྟོབས་འབྱོར་ཆེ་ན་ཡང་ཕྱུག་པོ་ཡིན་ན་ཡང་དེ་འགྲིག་གི་མི་འདུག་ཟེར་ནས་སྐྱོན་བརྗོད་དང་ཉེས་འདོགས་བྱས་ན་གླེན་རྟགས་རེད།
ང་ཚོས་གླེང་དགོས་ས་དང་བཤད་དགོས་ས་དེ་དགོན་པའི་རྒྱུ་ནོར་དེ་དག་བེད་སྤྱོད་ཇི་ལྟར་བྱེད་ཀྱིན་འདུག་པ་དང་། རྒྱུ་ནོར་དེ་དག་དོན་ཐོག་ལ་འགྲོ་ཀི་འདུག་མི་འདུག་སྐོར་ལ་བསམ་གཞིགས་དང་མནོ་བསམ་གཏོང་དགོས་གྱིན་འདུག ངས་བསམ་ན་དགོན་པའི་རྒྱུ་ནོར་དེ་དག་མི་དམངས་ཀྱི་དད་རྫས་ཤ་སྟག་རེད། དེར་བརྟེན་དེ་དག་ཡོད་ཚད་ཆོས་ཕྱོགས་སུ་འགྲོ་འཇུག་དགོས་པ་ལས་དེ་མིན་མི་སྒེར་བའི་གྲོ་ཁོག་དང་ལྟོ་གོས་ཆེད་དུ་སོང་བའམ་ཡང་ན་ཕྱི་ཡི་རྫིག་ཉམས་དང་རྒྱ་བསྐྱེད་ཁཽའི་ཆེད་སོང་བ་ཡིན་ན་ལོག་སྤྱོད་བྱས་བ་རེད་བསམ་གྱིན་ཡོད། དགོན་པའི་རྒྱུ་ནོར་མཁོ་སྒྲུབ་བྱས་དོན་ཡང་དགེ་འདུན་པ་རྣམས་ཀྱི་ལྟོ་གོས་ཁོའི་ཆེད་ལ་ག་ལ་ཡིན།
་་དགེ་འདུན་པ་རྣམས་ཀྱི་ལྟོ་གོས་ཁོའི་ཆེད་དགོན་པ་བཞེངས་བསྐྲུན་བྱས་བ་ཡིན་ན་དོན་མེད་དགོས་མེད་ཅིག་མ་རེད་དམ། དགོན་པ་བཞེངས་བསྐྲུན་བྱས་དོན་ཡང་དགེ་འདུན་པ་རྣམས་པར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོམ་རྩོད་གསུམ་སོགས་ཀྱི་སློབ་སྤྱོང་དང་ཤེས་ཡོན་སྤྲོད་ཆེད་ཡིན་པ་སྨོས་ཅི་དགོས། དེའི་ཕྱིར་དགོན་པའི་རྒྱུ་ནོར་གང་ཡོད་པ་དེ་དག་དགེ་འདུག་པ་རྣམས་ཀྱི་སློབ་སྦྱོང་དང་ཤེས་ཡོན་ཁོའི་ཆེད་གཏོང་བ་ཡིན་ན་དགོས་མཚན་དང་དོན་སྙིང་ལྡན་པ་ཞིག་མ་རེད་དམ། ཕྱི་ཕྱོགས་སུ་དངུལ་སློང་གྱི་ལས་འགུལ་སྤེལ་སྐབས་ཡང་དགེ་འདུན་པ་རྣམས་ཀྱི་སློབ་སྦྱོང་དང་ཤེས་ཡོན་ལ་ཁག་དཀྲིས་ནས་འགྲེལ་བཤད་རྒྱག་གི་ཡོད་པ་བཤད་ཅི་དགོས། དངོས་གཞིའི་སྐབས་སུ་ཡང་དེ་ལྟར་མ་བཤད་ན་ག་ལ་འགྲིག དེ་སྐོར་ནས་བཤད་རྒྱུ་མང་། ཡིན་ན་ཡང། ད་རེས་མཚམས་འདི་ནས་འཇོག་གི་ཡིན།