མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དག་མེད་པའི་ཐ་སྙད་ཆུང་ཆུང་།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས།

ཁ་བྱང་གི་འགྲེལ་བ།

ཁ་བྱང་གི་ཚིག་འདི་དཔལ་ལྡན་བཀའ་བློན་ཁྲི་བ་མཆོག་གིས་གྲོས་ཚོགས་ལ་བཀའ་ཤག་གི་གསལ་བཤད་གནང་སྐབས་བེད་སྤྱོད་གནང་བའི་ཚིག་ཅིག་རེད། ཁོང་གིས་“ད་ལྟ་རྒྱ་གར་གྱི་གནོན་ཤུགས་མེད་ལ་རྒྱ་མིའི་གནོན་ཤུགས་ཀྱང་མེད། ཡིན་ན་ཡང་མ་འོངས་པར་གནོན་ཤུགས་བྱུང་པ་ཡིན་ན་དོན་དག་མེད་པའི་གདོང་ལེན་བྱེད་ཁག་པོ་ཅན་གྱི་ཐ་སྙད་ཅིག་ང་ཚོས་ཉར་ནས་བསྡད་ན་ཇབ་གང་མི་འདུག”་ཅེས་གསུང་འདུག ད་དུང་ཁོང་གིས “དོན་ལ་འགྱུར་བ་གང་ཡང་མེད་ན་ཡང་ཐ་སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དཀའ་ངལ་བྱུང་ན” ཞེས་གསུངས་སོང་། ཚིག་འདི་དག་ལ་རྟེན་ནས་ཁོང་གི་དགོངས་པའི་ནང་དུ་བོད་གཞུང་ཞེས་པ་འདི་ལ་བརྩི་བཀུར་དང་གལ་གནད་གང་ཙམ་གཟིགས་ཀྱི་ཡོད་པ་མཐོང་ཐུབ་པར་སྙམ།  

ཉེ་ཆར་རང་རེའི་བཙན་བྱོལ་གཞུང་གི་མིང་མེད་པར་བཏང་བ་འདི་ལ་སྤྱི་ཚོགས་ནང་དུ་ཕྱོགས་གཅིག་གིས་དེ་ནི་ལག་པས་ཡར་བཞེངས་གཏོར་མ། རྐང་བས་མར་བཤིག་ཀླུད་རོ་བཟོས་པ་རང་རེད་བསམ་ནས་བློ་མ་བདེ་ལོང་བས་རྩམ་སྐྱ་འགམ་འདྲར་གྱུར་བ་དང་། ཕྱོགས་གཅིག་གིས་འདི་ནི་ དུས་ཐོག་གི་ཆར་བ། གནད་ཐོག་གི་སྐད་ཆ་རེད་ཟེར་ནས་ཕྱོགས་གཉིས་ཀ་སེམས་པ་བསམ་པའི་འཁྱེར་སོ་ཁ་ཁ། ལག་ལས་ཀའི་བྱེད་སོ་སོ་སོར་གྱུར་ནས་ནང་ཁུལ་བསམ་འཆར་མི་མཐུན་པ་ཤུགས་ཆེན་བྱུང་།

དེ་ལ་རང་རང་གི་ཟིན་མཚམས་དེ་ལ་རང་རང་གིས་བློ་རིག་བཀོལ་ནས་ཁུངས་ཇེ་བཙན་དང་། གནས་ལུགས་ལ་ཇེ་ཉེར་གཏོང་བའི་འབད་བརྩོན་བྱེད་ཀྱིན་པ་འདི་ནི་སྤྱིར་ན་ཆོས་ཉིད་ཅིག་ལོས་ཡིན། ད་ལན་གྱི་རྩོད་པ་འདི་ནི་གཞུང་ཕྱོགས་དང་དམངས་ཕྱོགས་ཀྱི་འགལ་ཟླའི་རང་བཞིན་དུ་གྱུར་ཞིང་། གཞུང་ཕྱོགས་ནས་ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་ཐ་སྙད་ཙམ་ལ་གལ་ཆེན་དུ་བརྩི་མི་འོས་ཚུལ་བཤད་ནས་ད་ལན་གྱི་གནད་དོན་འདི་ཅི་ཆུང་གང་ཆུང་དུ་སྒྲུབ་པའི་འབད་བརྩོན་བྱེད་ཅིང་། དམངས་ཕྱོགས་ནས་འདི་ནི་རང་སྲོག་རང་གིས་བཅད་པ་རེད་ཅེས་བཤད་ནས་ད་ལན་གྱི་གནད་དོན་འདི་ཅི་ཆེ་གང་ཆེ་རུ་སྒྲུབ་པའི་འབད་བརྩོན་བྱེད།

འདིའི་སྐོར་ལ་སྔར་ཡང་གུས་པས་ཕོ་ངན་གྱིས་བཤད་སྔ། བོང་ལིས་རྒྱུག་སྔ་བྱས་ནས་རང་སེམས་ལ་འཆར་སྒོ་གང་ཡོད་དེ་སྐེ་བཅད་ན་སྐེ་ཁྲག་འོ་མ། བྲང་བཀོག་ན་དྲན་པ་དཀར་བོ་བྱས་ནས་གང་ཤེས་རེ་བྲིས་ཡོད་ཀྱང་། ཕན་རྒྱུའི་ཚབ་ལ་གནོད་དུ་སོང་ནས། བསམ་སའི་ཁ་ལ་མ་སོང་། མ་བསམ་སའི་མིག་ལ་སོང་ཡོད་མེད་ཀྱང་ཤེས་དཀའ་། དེའི་ཕྱིར་ད་ལྟ་བདག་གིས་ཁྱིམ་བུ་སྤུན་ནང་འཁྲུག་བྱེད་པ་དེ། །ཆུས་བརྟན་པ་ཤོར་བའི་བསུ་མ་རེད། །རྗེ་རྒྱལ་བློན་ནང་འཁྲུག་བྱེད་པ་དེ། །ཇུས་རྒྱལ་སྲིད་ཤོར་བའི་སྔ་བལྟས་རེད། ཟེར་བ་བཞིན་འདི་ལྟར་ནང་ཁུལ་བསམ་བློ་མ་མཐུན་པར་ཕྱོགས་གཉིས་ཀྱི་རང་རང་གི་བལྟ་བ་དེ་བདེན་ལུགས་རྒྱན་ལུགས་རྣམས་རང་རང་གི་ཕྱོགས་གཏོགས་རྣམས་ལ་རེ་བཤད་ནས་སྡོད་པ་ལས། ཕན་ཚུན་བསམ་ཚུལ་རྗེ་རེས་ཀྱིས་རྡར་ཤ་མ་བཅད་པར་བསྡད་ན་ཉིན་ཞིག་ཟས་ཁོག་ལ་བཟུང་ན་དུག་ཏུ་གྱུར་། གཏམ་ཁོག་ལ་ཉར་ན་མཁོན་དུ་འགྱུར་གྱི་རེད་བསམ་ནས་དཔྱད་པ་ཐུང་ངུ་འདི་བྱེད་བྱས་པ་ཡིན།

དེས་ན་མིང་ཙམ་ཞེས་པ་འདི་ཅི་འདྲ་ཞིག་ལ་གོ་དགོས་སམ། ངོ་མ་མིང་ཞིག་ཡིན་ན་དོན་སྙིང་མེད་པས་ཁྱབ་པ་ཡིན་ནམ། དུས་རྟག་ཏུ་མིང་དང་དོན་གཉིས་འགལ་བ་ཡིན་ནམ། མིང་ལ་གཙིགས་སུ་བཟུང་བ་ཡིན་ན་དེ་ལ་གལ་གནད་ཅན་གྱི་དོན་ཞིག་རག་རྒྱུ་མེད་པས་ཁྱབ་བམ། ཞེས་པའི་དྲི་བ་འདི་དག་ལ་ལན་འདེབས་པའི་འབད་བརྩོན་གྱིས་རང་གི་དམ་བཅའ་དེ་སྲུང་བའི་ཐབས་ཤེས་བྱེད་རྒྱུ་ཡིན།

ཟམ་གདོང་རིན་པོ་ཆེ་ནི་རང་གི་རྩ་བའི་དམ་བཅའ་སྲུང་བ་ལ་མཆོག་ཏུ་གྱུར་བ་ཞིག་རེད། མང་ཚོགས་དཀྱུས་མའི་དཀྱིལ་དུ་ཁོང་གི་དམ་བཅའ་གང་འདྲ་ཞིག་ལ་དགག་པ་དང་དྲི་བ་ག་འདྲ་ཞིག་བཏང་ཡང་སྐབས་ཐོག་དེར་ལན་གྱིས་ཟློག་པར་མི་ནུས་པའི་དགག་ལན་དང་དྲིས་ལན་ཚ་བོ་ཐོག་འདྲ་བ་རེ་འདེབས་པ་ནི་ཁོང་གི་ཁྱད་ཆོས་སུ་ཡོངས་གྲགས་དེ་རེད། སྐད་ཆ་འདི་ཕྱོགས་གཞན་ནས་ཟམ་གདོང་རིན་པོ་ཆེ་འདི་རང་གི་དམ་བཅའ་སྲུང་ཆེད་དུ་འགྲེལ་ལོག་བྱེད་པ་ལ་ཁྱད་དུ་འཕགས་པ་ཞིག་རེད་ཅེས་བཤད་ཀྱང་མི་འོས་པ་མི་འདུག མ་གཞི་ད་ནི་སྐད་ཆ་འདི་འདྲ་ཁ་ལ་ལེན་འདོད་མི་འདུག་མོད་ད་ལྟ་སྐབས་དང་འབྲེལ་བས་ཞུ་དགོས་བྱུང་། རང་ཅག་གི་བཤད་སྲོལ་ལ། མཁས་པས་བཤད་ན་ཅི་ཡང་བདེན། ཞེས་པ་ཞིག་ཡོད་པ་འདི། མཁས་པས་འགྲེལ་ན་ཅིར་ཡང་འགྱུར། ཞེས་པའི་དོན་ཡིན་པར་ཁོ་བོས་བསམ་གྱིན་འདུག

གཞུང་གི་ཕྱོགས་འཛིན་པ་དག་གིས་“ཐ་སྙད་ཙམ་དང་མིང་ཙམ་འཛིན་པ་གལ་ཆེ་འམ་དོན་དག་སྙིང་པོ་འཛིན་པ་གལ་ཆེ་”ཞེས་རྟོན་པ་རྣམ་བཞིའི་རིགས་ལམ་སྤྱད་ནས་ཐ་སྙད་དང་དོན་གཉིས་དུས་རྟག་ཏུ་འགལ་བ་ཡིན་པ་ལྟ་བུའི་ཐལ་འགྱུར་ཚ་བོ་ཞིག་འཕེན། ཐལ་འགྱུར་འདི་དམངས་ཕྱོགས་ཀྱིས་སེམས་ལ་ཅི་མ་བདེན་ཨང་སྙམ་པའི་ཟུགས་འགྲོ་བ་ཞིག་མ་ཡིན་ཡང་སྐབས་ཐོག་དེར་གཅིག་གིས་གཅིག་གི་ངོ་གདོང་ལ་བལྟ་ཙམ་བྱེད་པ་ལས་དེ་མ་ཐག་ཏུ་ལན་འདེབས་ཞིག་མ་རག་པ་བལྟ་བུར་འགྱུར་བཞིན་ཡོད་པར་སྣང་། 

གཞུང་ཕྱོགས་ཀྱི་ཐལ་འགྱུར་ལ་བལྟས་ན་མིང་ངམ་ཐ་སྙད་ཡིན་ན་དེ་དོན་གལ་གནད་ཅན་ལ་ནམ་ཡང་འགྱུར་རྒྱུ་མེད་པ་དང་། མིང་དང་དོན་གཉིས་ནམ་ཡང་འགལ་ཟླ་ཡིན་པ་ལྟ་བུ་ཞིག་གསུང་གི་ཡོད། གང་ལགས་ཤེ་ན་མིང་དང་དོན་གཉིས་འདེམས་ཀ་ལ་སྤྲད་ནས་རྟོན་བཞིའི་རིགས་ལམ་སྤྱད་དེ་གཞན་ཕྱོགས་ཀྱི་ཁ་འགོགས་ཐབས་བྱས་པ་རེད། དེར་མ་ཟད་མིང་ཡིན་པ་ཙམ་གྱིས་མིང་ཙམ་ཡིན་དགོས་ཤག་ལྟ་བུར་ཡང་བཞག་ཡོད། གང་ལགས་ཤེ་ན་བོད་གཞུང་ཞེས་པ་འདི་མིང་ཙམ་ཡིན་ཤག་བྱེད་པ་ལས་དོན་སྙིང་ལྡན་པའི་མིང་ཞིག་ཡིན་ནམ་མིང་ཙམ་ཡིན་མིན་གྱི་ཚུལ་ཚིག་ཟུར་ཙམ་ཡང་གླེང་གི་མེད་པ་རེད།

ཐོག་མར་མིང་དང་མིང་ཙམ་ལ་ཁྱད་པར་ཅི་ཡོད་ཀྱི་སྐོར་ལ་ཁྱེད་ཅག་གིས་ཐུགས་གཞིག་ཅིག་གནང་ནས་ཁྱེད་ཅག་གི་རྒྱུད་ཀྱི་གཏན་ཚིག་གི་དྲན་ཚོར་གང་ཞིག་ཟམ་གདོང་གི་རྟོན་བཞིའི་རིག་པའི་ཐལ་འགྱུར་གྱིས་ནུས་མེད་དུ་བཏང་ཟིན་པ་དེ་སླར་གསོ་བྱ་རྒྱུ་ཡིན། མིང་ཞེས་པ་ནི་ཀུན་ལ་དགོས་པ་དང་། ལྷག་པར་དུ་འཇིག་རྟེན་པ་ལ་དེ་བས་ཀྱང་དགོས་པའི་དོན་དག་གལ་ཆེན་ཞིག་རེད། “སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བསགས་པའི་ནོར་ལ་སྲུང་བའི་རྭ་དགོས།” ཟེར་བ་མིན་ནམ། འཇིག་རྟེན་པའི་གྲལ་དུ་ཚུད་མིན་གྱི་ཚད་འཛིན་བྱེད་ལ་འཇིག་རྟེན་ཆོས་བརྒྱད་ཟེར་བ་ཞིག་འདྲེན་རྒྱུ་ཡོད་པའི་ནང་ནས་སྙན་པ་དང་། མི་སྙན་པ། བསྟོད་པ། སྨད་པ་བཅས་བཞི་ནི་མིང་དང་འབྲེལ་བའི་ཆོས་བཞི་རེད། སྤྱི་ཚོགས་ཚན་རིག་གིས་བཤད་ཚུལ་ལྟར་ན་འཇིག་རྟེན་མི་ཞིག་ལ་མེད་དུ་མི་རུང་བའི་དགོས་མཁོ་གསུམ་ཡོད་པ་ནི་ཟས་གོས་གནས་མལ་གསུམ་ཡིན་ཞིང་། ཅུང་འུད་ཀྱིས་བཤད་ན་མིང་ནི་འདིའི་ནང་དུ་ཡང་ཚུད་ཡོད་པར་བཤད་ཆོག་སྟེ། རང་ཅག་གི་ཁ་རྒྱུན་དུ་“ལྟོ་གོས་གཏམ”་གསུམ་ཞེས་ལྟོ་གོས་གཉིས་ཀྱི་གྲལ་དུ་གནས་མལ་གྱི་ཚབ་ལ་གཏམ་བཞག་ནས་བགྲང་ཡོད་པ་མ་ཡིན་ནམ། འདི་དག་གིས་མིང་ཞིག་ཡིན་ན་མིང་ཙམ་དང་ཐ་སྙད་སྐམ་པོ་ཡིན་མིན་ལ་དོགས་པ་མེད་པ་དེ་འདྲ་མ་ཡིན་པ་དེ་ད་ལྟ་ཀློག་པ་པོ་ཁྱེད་ཅག་གིས་དྲན་པ་གསོས་ཡོད་པའི་རེ་བ་ཡིན།

 

མིང་ནི་དེ་འདྲའི་གལ་ཆུང་ཞིག་མིན།

དེས་ན་མིང་ཞིག་ཡིན་པ་ཙམ་གྱིས་མིང་ཙམ་པོ་བ་འམ་ཐམ་སྙད་སྐམ་པོ་ཟེར་བ་ཞིག་ཡིན་མི་དགོས། ནམ་རྒྱུན་ང་ཚོས་“མིང་ཙམ་ལ་མ་རྩོད་དོན་ལ་རྩོད”་ཞེས་བཤད་སྲོལ་ཡོད་པའི་མིང་ཙམ་ཟེར་བ་ནི་དཔེར་ན། བུ་སྤུན་གཉིས་ཀྱིས་ལས་ཀ་ཞིག་བྱས་ན་དེ་བྱེད་མཁན་གྱི་མིང་དེ་སོ་སོ་ལ་རག་ཐབས་ཀྱི་དོན་དུ་ཤི་འཐབ་རོ་འཐབ་བྱེད་མཁན་ཡོད་པ་དེ་འདྲ་ལ་གོ་དང་། དེ་བཞིན་བུ་ལོན་སྒོར་མོ་འབུམ་མང་པོ་བླངས་བའི་མི་ཞིག་ཕྱི་རྒྱལ་ལ་སྒོར་མོའི་དོན་དུ་སོང་རྗེས་མི་དེས་སྒོར་མོའི་དོན་དུ་གཙང་སྤྱོད་བཀྲུ་ཡི་མིན་ཞེས་ལབ་ན་དེ་ལ་“ཁྱོད་ལ་བུ་ལོན་དེ་འདྲའི་ཆེན་པོ་ཡོད། ད་སྒོར་མོ་དེ་འདྲ་མང་པོ་ཞིག་རག་གི་ཡོད་ན་མིང་ཙམ་ལ་མ་བལྟ།”་ཞེས་བཤད་ཆོག་པ་རེད། མིང་ཙམ་ཞེས་པ་འདི་འདྲ་ཞིག་ལ་གོ་བ་ལས་མིང་ཞེས་པའི་ཚིག་ཡོད་ཚད་ཐམས་ཅད་མིང་ཙམ་དང་ཐ་སྙད་ཙམ་ཡིན་པ་འདྲ་བ། མིང་ཞེས་པའི་ཚིག་ཡོད་ཚད་ཐམས་ཅད་རིན་ཐང་ཆུང་བ་འདྲ་བ། མིང་ཞེས་པའི་ཚིག་ཡོད་ཚད་ཐམས་ཅད་ནམ་ཡང་དོན་ལས་གལ་ཆུང་བ་འདྲ་བ་དེ་འདྲ་ཡེ་ནས་མིན་པར་སྐབས་རེ་དོན་ལས་མིང་གལ་ཆེ་བ་ཡང་ཧ་ཅང་མང་།  

སྐབས་རེ་དོན་ལས་མིང་གལ་ཆེ་བ་ཡང་ཧ་ཅང་མང་། ལྷག་པར་དུ་ཆབ་སྲིད་ཀྱི་ནང་དུ་ལས་དོན་སྒྲུབ་པའི་བརྒྱ་ཆའི་དགུ་བཅུ་ཙམ་ལ་ཐོག་མར་མིང་སྐྲུན་ཞིང་དེ་ནས་དེ་འབྲེལ་གྱི་དོན་སྒྲུབ་པ་དེ་འདྲ་རེད། དེ་ནི་འཇིག་རྟེན་མི་ལ་གཏམ་སྙན་པ་དེ་ཧ་ཅང་གལ་ཆེ་བར་བརྩི་བ་དང་འབྲེལ་མེད་དམ་སྙམ།  གང་ལྟར་གཏམ་མགོ་སྣ། ཁོག་དཔུང་ལ་རྒྱ་ཟེར་བ་འདི་ཐམས་ཅད་ཀྱིས་མིང་གི་སྐོར་བཤད་ཀྱི་ཡོད་པ་རེད། དཔེར་ན། འཛམ་གླིང་གི་རྒྱལ་ཁབ་སོ་སོས་འགྲོ་སོང་གང་མང་ཞིག་རང་རང་གི་མི་སེར་གྱི་ཁ་དང་ལག་པའི་བར་ནས་བཅད་དེ་རྩེད་མོའི་ཆེད་དུ་གཏོང་གི་མི་འདུག་གམ། དེ་དག་མིང་གི་ཆེད་དུ་རེད། ས་ཁུལ་བྱེ་བྲག་རེ་ལ་རང་བྱུང་གི་གོད་ཆག་རེ་བྱུང་དུས་འཛམ་གླིང་གི་རྒྱལ་ཁབ་དག་གིས་རོགས་རམ་དངོས་དང་རོགས་རམ་རུ་ཁག་ཇི་ལྟར་གཏོང་གི་འདུག ཨ་རིའི་རོགས་རམ་མ་སླེབས་པའི་འཛམ་གླིང་གི་གོད་ཆད་ཅིག་ཧ་ལམ་མེད་པ་འདི་ལ་མིང་གི་ཆེད་དུ་བྱས་པ་ཅུང་ཟད་ཀྱང་མི་འདྲེས་སམ། མཐའ་ན་བཟོ་ཚོང་ལས་གྲྭ་དག་གིས་སྒོར་མོ་དུང་ཕྱུར་མང་པོ་བཏང་ནས་རང་རང་གི་ཚོང་རྫས་ཁྱབ་བསྒྲགས་བྱེད་པ་འདི་མིང་གི་ཆེད་དུ་མིན་ན་གང་རེད།

ད་ལན་ལ་ཆ་བཞག་ན་ཡང་ཕྱི་རྒྱལ་གྱི་དོན་གཅོད་ཁག་གིས་༧གོང་ས་མཆོག་གི་མཚན་བེད་སྤྱོད་གནང་ཆོག་པའི་བོད་སྐུལ་གསོལ་བ་ཕུར་ཚུགས་འདེབས་མཁན་ང་ཚོ་རེད་ལ། དེ་ལ་༧གོང་ས་མཆོག་གིས་ཀྱང་ཞལ་བཞེས་གནང་ཡོད། འདིས་མིང་དེ་གལ་ཆེ་བ་ཞིག་བསྟན་པ་མིན་ན་གང་ཡིན། ལར་ནས་མིང་ལ་གལ་ཆེན་མི་བརྩི་བའི་འདུ་ཤེས་དེ་སངས་རྒྱས་ཆོས་ལུགས་ཀྱིས་ཤན་ཤུགས་ཤིག་ཡིན་པས་ཆོས་ཀྱི་ལམ་སྲོལ་སྲིད་ལ་བཀབ་པ་དེ་འགྲིག་མ་སོང་བསམ་པ་ཡིན།

དཔེར་ནཿ གང་ཟག་ཅིག་རང་གི་སྐྱེ་སའི་རྒྱལ་ཁབ་ཀྱི་འབངས་མི་ཡིན་བཞིན་དུ་རྒྱལ་ཁབ་གཞན་ཞིག་གི་ཁོངས་མིར་ཞུགས་ན་རང་གི་སྐྱེ་སའི་རྒྱལ་ཁབ་དེའི་འབངས་མི་རྦད་དེ་མ་ཡིན་པ་འམ་ཡང་ན་ཕྱེད་ཙམ་ལས་མ་ཡིན་པར་གྱུར་བ་མ་ཡིན་ནམ། དོན་དུ་གང་ཟག་དེའི་རྒྱལ་ཁུངས་ཀྱི་མིང་ཙམ་སྒྱུར་བ་ལས་ནང་གི་ཤ་ཁྲག་རྗེས་མེད་ལ་མཐའ་ན་སོ་སོའི་འབོད་མིང་ཀྱང་རང་སོར་གནས་ཡོད། འོན་ཀྱང་ཉིན་དེ་ནས་བཟུང་རང་སྐྱེ་སའི་རྒྱལ་ཁབ་དེའི་མིའི་མི་གོ་མི་ཆོད་པར་གྱུར་བ་རེད། འབངས་མི་གཅིག་གིས་རྒྱལ་ཁབ་ཅིག་གི་མི་གོ་ཆོད་བཞིན་དུ་གློ་བུར་དུ་མི་ཆོད་པར་འགྱུར་བ་དེ་མིང་སྒྱུར་བ་ཙམ་ལས་བྱུང་བ་རེད།

དཔལ་ལྡན་བཀའ་ཁྲི་མཆོག་གིས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་མེད་པའི་སྒྲུབ་བྱེད་ལ་ད་ལྟ་དམངས་གཙོའི་ཀ་བ་གསུམ་ཀའི་ཆ་ཤས་ཕྲ་མོ་ཙམ་ཡང་ཕྱིར་བསྡུ་མ་གནང་བར་ཉུང་སྔར་བཞིན་ཕྱག་ལས་གནང་བཞིན་ཡོད་པ་དེ་བཀོད་སོང་བ་དཔེ་འདི་དང་འདྲ་བ་ཞིག་མི་འདུག་གམ། ཡང་གཅིག་བཤད་ན་མི་ཞིག་གིས་ཞི་མི་ཞིག་ལ་འདིའི་མིང་ལ་ཞི་མི་ཟེར་རུང་ད་དུང་ཡང་སྟག་ཡིན་དེ། འདི་ལ་མཆེ་སྡེར་སོགས་དམར་གཡག་སྟག་གི་མཛུམ་དྲུག་ཡོངས་སུ་རྫོགས་པ་ཚང་ཡོད་ཟེར་བ་དང་འདྲ་བ་ཞིག་མི་འདུག་གམ་སྙམ། གོང་མི་དེས་ཀྱང་མིང་དེ་མ་གཏོགས་ཆ་ཤས་ཕྲ་མོ་ཙམ་ཡང་འགྱུར་བ་བཏང་མེད་ཅིང་། མཐའ་ན་རང་གི་འབོད་མིང་ཚུན་ཆད་ནས་བརྗེས་མེད་པ་རེད། འོན་ཀྱང་རྒྱལ་ཁབ་གཞན་གྱི་མི་ཁུངས་ལ་ཞུགས་པའི་རྗེས་དང་མ་ཞུགས་པའི་སྔོན་གྱི་བར་ལ་ཁྱད་པར་ག་ཚོད་ཡོད་ཀྱི་རེད་དམ། ཡང་གཅིག་བཤད་ན་འདི་ནི་རྒྱལ་ཁབ་དེའི་འབངས་མི་ཡིན་པར་ཡིག་ཐོག་ལ་བྲིས་ཀྱང་དོན་དུ་སྐྱེ་སའི་རྒྱལ་ཁབ་ཀྱི་འབངས་སྔར་བཞིན་ཡིན། གང་ལགས་ཤེ་ན་མགོ་རྐང་ལག་སོགས་ལུས་ཀྱི་ཕྱི་ནང་གི་ཆ་ཤས་ཕྲ་མོ་ཙམ་ཡང་འགྱུར་བ་སོང་མེད་ཅེས་བཤད་པ་དང་འདྲ་བ་ཞིག་མི་འདུག་གམ་སྙམ། 

ལར་ནས་ཁོང་བཀའ་བློན་ཁྲི་བའི་མཚན་ཐོག་ནས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་མེད་པར་ད་ཡོད་ཀ་བ་གསུམ་དེ་དེ་རང་ཡིན་པར་གྲོས་ཚོགས་སུ་གསུངས་བ་ལ་ཡིད་ཅུང་ཟད་དགའ་ནས་ཡོད། གང་ལགས་ཤེ་ན་འདིས་ཉུང་མཐར་ཡང་མ་འོངས་པར་ལུང་ཙམ་འདྲེན་རྒྱུ་ཡོད་པ་ཞིག་ཏུ་གྱུར་བ་རེད། འོན་ཀྱང་ཁོང་གིས་“བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་ཁྲིམས་མཐུན་གྱི་སྒྲིག་འཛུགས་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་གང་ཡོད་དེ་དག་གྲ་མ་མཉམ་པ་དང་། གྲུ་མ་ཞིག་པར་ཡོད་མ་གཏོགས་ཕྱིར་བསྡུ་བྱས་མེད། ཅེས་བཀའ་བློན་ཁྲི་བས་འགན་ཁུར་ཡོད་པའི་ཐོག་ནས་ཚིག་ཐག་ཆོད་པོས་སྙན་གསན་ཞུ་ཡ་ཡིན།”་ཞེས་གསུང་བ་ལས་“བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་མེད། ད་ལྟ་ངྷ་སར་ཡོད་བཞིན་པའི་བོད་མིའི་སྒྲིག་འཛུགས་འདི་བཙན་བྱོལ་བོད་གཞུང་ཡིན།”ཞེས་ཚིག་ཐད་ཀར་ནི་གསུང་མི་འདུག འདི་ནི་ཞོར་འཕྲོས་ཙམ་ཡིན།

མདོར་ན་མིང་གིས་དོན་མཚོན་གྱི་ཡོད་པ་འདི་རང་ཅག་གིས་གཏན་ནས་མ་བརྗེད་མི་འོས། དོན་ལ་བརྟེན་ནས་མིང་འབྱུང་རྒྱུ་ཞིག་ཡོད་པ་ལོས་བདེན་ཀྱང་། མིང་ལ་བརྟེན་ནས་དོན་འབྱུང་རྒྱུ་ཡོད་པ་ཡང་དེ་བཞིན་དུ་བདེན་པ་རེད། ལྷག་པར་དུ་ཆོས་དང་སྲིད་གཉིས་ཀྱི་ལྟ་ཕྱོགས་མི་མཐུན་ས་གཙོ་བོ་ཞིག་འདི་ན་གནས་ཡོད། ཆོས་ཀྱིས་དོན་ལས་མིང་འབྱུང་བའི་རྒྱུད་རིམ་དེ་ལ་གཞི་འཛིན་ཞིང་། སྲིད་ཀྱིས་མིང་ལས་དོན་འབྱུང་བའི་རྒྱུད་རིམ་དེ་ལ་གཞི་གཙོ་བོ་འཛིན་པ་ཡིན། དེའི་ཕྱིར་ད་ལན་མིང་ལས་དོན་གལ་ཆེན་དུ་བདམ་པ་དེ་དོན་དུ་ཆོས་ཀྱི་ལམ་ལུགས་ཀྱིས་སྲིད་ཀྱི་ལམ་ལུགས་ལ་གནོད་པ་ཡང་གཅིག་བསྐྱལ་སོང་སྙམ། ཆོས་སྲིད་སྐྱོང་ལུགས་སོ་སོ་ཡིན་པས་གཅིག་གིས་གཅིག་ལ་འདི་ལྟར་གནོད་བྱེད་དུ་འགྲོ་བ་ཡིན། འདི་ནི་ཡང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མི་བཟང་བའི་སྒྲུབ་བྱེད་གསོན་པོ་གཅིག་རེད།

ཚེས་ ༦ ཚེས་ ༢ ཀྱི་ཉིན་བཀའ་ཤག་གིས་རྒྱ་ནག་གིས་གནོན་ཤུགས་ཡེ་ནས་མེད་ཚུལ་ནན་གྱིས་གསུང་སོང་ཡང་། ཚོགས་ཆེན་མ་འཚོགས་པའི་སྔོན་ཞིག་ལ་ཟིན་བྲིས་ཚོགས་ཆུང་གིས་ཐ་སྙད་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ལ་རྒྱ་གར་དང་རྒྱ་ནག་གཉིས་ཀའི་གནོན་ཤུགས་དང་འབྲེལ་ཡོད་པར་དངོས་སུ་གསུང་སོང་། དེ་དུས་རྒྱ་ནག་གིས་བོད་ཀྱི་བཅའ་ཁྲིམས་ལུང་དྲངས་ནས་མི་འགྲིག་པ་བཟོ་ཡི་ཡོད་ཚུལ་གསུང་སོང་། རྒྱ་ནག་གིས་ཐ་སྙད་དེ་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཐ་སྙད་དེ་རང་གིས་ཁོང་ཚོ་ལ་གནོད་པ་ཞིག་ཐེབས་ཀྱི་ཡོད་པར་བསྟན་པ་རེད། རྒྱུ་མཚན་དེ་རང་གིས་ཀྱང་ཐ་སྙད་འདི་གལ་ཆེན་པོ་ཞིག་ཡིན་པ་མི་མཚོན་ནམ།



སྐབས་རེ་མིང་ནི་དོན་ཡང་ཡིན།

གཉིས་པ་མིང་དང་དོན་གཉིས་འགལ་ཡོད་མདོག་གི་བཤད་སྟངས་འདི་ལོག་འགྲེལ་ཡིན་པ་ཁུངས་སྐྱེལ་རྒྱུ་ཡིན། བཤད་སྟངས་འདི་འདྲ་ལས་དེ་གཉིས་ནང་འགལ་དུ་སྟོན་གྱི་ཡོད་པ་ཟམ་གདོང་རིན་པོ་ཆེས་སྔོན་ནས་སྐབས་གཞན་དུ་ཁས་ལེན་སོང་ཟིན་པས་དེ་ལ་གཞི་བཅོལ་ནས་བཤད་ཀྱིན་ཡོད། སྤྱིར་ན་མིང་དང་མིང་ཙམ་པོ་གཉིས་ཁྱད་པར་ཡོད་པ་གོང་དུ་བཤད་པ་འདི་ཡིན་ཞིང་། མིང་དང་དོན་གཉིས་འགལ་བ་ཞིག་ཡེ་ནས་མིན། མིང་འགའ་རེ་དོན་ཡིན་ཞིང་། དོན་འགའ་རེ་མིང་ཡིན།

ཕྱི་ལོ་ ༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་དུས་རང་ཅག་གིས་དགའ་སྤྲོ་སྟོན་མོ་ལ་ཇི་ལྟར་མ་རོལ། ཕྱི་ལོ་ ༢༠༠༨ ལོར་༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་ཕུལ་སྐབས་ང་ཚོས་འཕགས་ཚག་ག་ཙམ་མ་བརྒྱབས། ནོ་བྷེལ་ཞི་བདེའི་བདག་ཉིད་ཅེས་པ་འདི་མིང་མིན་ན་གང་རེད། དེ་དག་མིང་ཡིན་ཞིང་དོན་ཡང་རེད། ཞེ་ས་བྱས་ན་མཚན་དང་མཚན་གནས་ཞེས་འབོད་པ་རེད། དེའི་ཕྱིར་མིང་ཕྱིར་བསྡུ་བྱས་ན་དོན་ཕྱིར་བསྡུ་བྱས་པར་མཐོང་བ་རེད། དེ་འདྲ་སོང་ཙང་ད་ལན་གྱི་ཕྱིར་བསྡུ་བྱས་པའི་བཙན་བྱོལ་བོད་གཞུང་གི་མིང་དེ་མིང་ཡིན་ལ་དེ་བཙན་བྱོལ་བོད་གཞུང་གི་དོན་དེ་དང་འདྲ་བ་ཞིག་ཡིན་ཞིང་། དེ་ཕྱིར་བསྡུ་བྱས་པ་དེ་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་པ་ཞིག་གམ་དེ་དང་འདྲ་བ་ཞིག་ལ་མཐོང་དོན་དེ་རེད། ལོ་རྒྱུས་ཐོག་ལ་བསམ་བློ་བཏང་ན་རང་རེའི་བླ་ཆེན་མང་པོ་ཞིག་རྒྱ་ནག་དང་སོག་པོའི་ཆོ་ལོའི་དོན་དུ་ཇི་ཙམ་རྒྱུགས་རབས་མེད་དམ། འདི་ཐམས་ཅད་མིང་གི་དོན་དུ་རེད། མིང་དེ་གལ་ཆེ་བའི་རྐྱེན་གྱིས་རེད། མིང་དེ་དག་དོན་ཡིན་པའི་རྐྱེན་གྱིས་རེད།

རྟགས་མ་དང་ཆོ་ལོ་འདི་དག་མིང་ཤ་སྟག་ཡིན་ཞིང་མིང་ཙམ་མ་ཡིན་པར་དོན་ཡང་ཡིན། མིང་དེ་དག་ལ་བརྟེན་ནས་དོན་དག་ཅི་ཙམ་འགྲུབ་མ་སོང་། དེའི་ཕྱིར་མིང་དེ་འདྲ་རག་པ་ནི་དོན་རག་པ་དང་གཉིས་སུ་མེད་པ་རེད། དཔེར་ནཿ ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་མ་ཕུལ་བའི་དུས་ཚོད་ཀྱི་ནང་དུ་སྐུའི་མཛད་པ་འཕྲིན་ལས་ཁྱད་པར་གང་ཙམ་ཞིག་བྱུང་སོང་། སྟོབས་ཆེན་རྒྱལ་ཁབ་ལ་འགྲུལ་བཞུད་ཡིན་ན། གྲགས་ཅན་མི་སྣ་ལ་མཇལ་འཕྲད་ཡིན་ན། སོ་སོའི་བོད་ཀྱི་རང་དོན་ཡིན་ན། ཅི་ས་ལ་དྲུག་གང་ས་ཅི་ཐད་ནས་མཛད་པ་འཕྲིན་ལ་ཧ་ཅང་ཁྱད་པར་བྱུང་མ་སོང་སམ། དེ་དག་མིང་གནས་རྗེས་འབྲེལ་གྱིས་འོང་གིན་ཡོད་པ་ཞིག་རེད། ཆུང་ས་ནས་སློབ་གྲྭ་ཞིག་གི་ནང་དུ་གང་ཟག་གང་གཉིས་ལས་གཅིག་ལ་ཤེས་ཚད་ཕུལ་དུ་བྱུང་བ་ཞིག་ཡོད་ཀྱང་ཁོང་ལ་ལག་འཁྱེར་མེད་པ་དང་། གཞན་དེ་ལ་ཤེས་ཚད་གོང་ལས་གནམ་སའི་ཁྱད་པར་གྱིས་ཞན་པ་ཡོད་རུང་ལག་འཁྱེར་མཐོན་པོ་ཞིག་ཡོད་ན་སློབ་ཁྲིད་བྱེད་པའི་གོ་སྐབས་ལག་འཁྱེར་ཡོད་མཁན་དེ་ལས་ཤེས་ཚད་ཡོད་མཁན་དེ་ལ་མི་འཐོབ་པ་རེད།

ཆོ་ལོ་ཟེར་བ་དང་མཚན་བསྟོད་ཟེར་བ་འདི་དག་མིང་ཡིན་པ་ཙམ་དུ་མ་ཟད་དེ་དང་དེ་འདྲ་བའི་མིང་ཞིག་སུ་ལ་རག་ན་མི་ཚེ་གཅིག་གི་བྱས་རྗེས་ཡིན་པར་དགའ་སྤྲོ་བྱེད་དགོས་པའི་དོན་ཞིག་མིན་ནམ། དེ་བཞིན་སྐབས་སུ་བབ་པ་བོད་ཀྱི་སྲིད་གཞུང་གི་མིང་འདི་ཡང་མིང་ཡིན་པ་ཙམ་དུ་མ་ཟད་མི་ལོ་ཉིས་སྟོང་ལྷག་གི་རིང་ལ་གནས་ཤིང་། བོད་རང་གི་ངོ་འཛིན་པའི་ལོ་རྒྱུས་ཀྱི་བདེན་ཁ་སྦྱིན་པའི་དོན་དག་ཧ་ཅང་ཧ་ཅང་གལ་གནད་ཆེན་པོ་ཞིག་རེད། དོན་ནི་མདོར་བསྡུས་བོད་རྒྱལ་ཁབ་རེད། ཐ་སྙད་འདི་སྲུང་བ་དང་བོད་རྒྱལ་ཁབ་སྲུང་བ་གཉིས་ངོ་བོ་དབྱེར་མེད་པར་གཟིགས་ནས་མི་ལོ་ཉིས་སྟོང་ལྷག་གི་རིང་ལ་ཨུ་ཚུགས་ཀྱིས་ཉར་ནས་འོང་བ་རེད། རྒྱུ་མཚན་འདི་དག་གིས་གཞུང་ཕྱོགས་ཀྱིས་མིང་ཡིན་ན་དོན་དང་འགལ་བ་ཡིན་མདོག་མདོག་དང་། མིང་ཡིན་ན་མིང་ཙམ་པོ་ཡིན་པའི་ཁྱབ་མདོག་མདོག་གི་འཆད་ཚུལ་དེའི་བརྫུན་ཁོང་ཧད་ཀྱིས་རྟོལ་སོང་མི་འདུག་གམ། འདི་ལྟར་མིང་དང་མིང་མི་འདྲ་བ་ཡིན་ལ་ཐ་སྙད་དང་ཐ་སྙད་མི་འདྲ་བ་རེད། གནད་དོན་འདི་ཤེས་དགོས་ཀྱི་འདུག

དེར་བརྟེན་ད་ལན་གྱི་ཕྱིར་བསྡུ་བྱས་པའི་ཐ་སྙད་འདི་ནི་རང་འགར་གྱི་ཐ་སྙད་ཅིག་ཕྱིར་བསྡུ་བྱས་པ་དང་ཡེ་ནས་འདྲ་བ་མིན་པར་འཆི་གསོན་གྱི་དོན་ལ་འབྲེལ་བའི་ཐ་སྙད་ཅིག་ཕྱིར་བསྡུ་བྱས་པ་རེད། ཐ་སྙད་གང་ཞིག་མེད་པར་བཏང་བས་གསོན་པོ་ཡིན་ཀྱང་གཤིན་པོའི་གྲལ་དུ་ཚུད་འགྲོ་བས་རང་སྲོག་རང་གིས་བཅད་པ་དང་གཉིས་སུ་མེད་པའི་ཐ་སྙད་ཕྱིར་བསྡུ་བྱས་པ་རེད། ཐ་སྙད་གང་ཞིག་གསོན་པོར་ཉར་བས་རང་ཉིད་བར་དོའི་ཕྲང་ལ་ཡོད་ཀྱང་གསོན་པོའི་གྲལ་དུ་ཚུད་ཐུབ་པའི་ཐ་སྙད་ནུས་ལྡན་ཞིག་ཕྱིར་བསྡུ་བྱས་པ་རེད། རང་ཅག་གི་ཐུགས་ལ་འདི་དུས་གཏན་མངའ་བར་ཞུ།

 

མཐའ་དོན་ཞེན་སྐུལ་གཅིག

དཔལ་ལྡན་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཚོགས་པའི་ངོས་ནས་བོད་གཞུང་མི་མཐུད་ནས་བེད་སྤྱོད་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་མཛད་པ་འདི་ཁོ་བོའི་བློ་ལ་ཧ་ཅང་འཐད་བྱུང་། ཁ་སྔོན་ངས་ཀྱང་འདི་འདྲ་ཞིག་ཡོང་རྒྱུ་མེད་དམ་སྙམ་ནས་དེའི་སྐོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཞུ་ཡིག་ཅིག་ཕུལ་ཡོད། དེའི་ངོ་བཤུས་བདག་གི་དུས་བབ་ཟིན་བྲིས་ལ་བཀོད་ཀྱང་ཡོད། ད་ནི་བོད་གཞུང་གི་མིང་དེ་ཕྱིར་བསྡུ་བྱས་ནས་ཁྲིམས་སུ་བཅས་ཟིན་པས་སེམས་ལ་འདོད་པ་ཡོད་རུང་མེད་རུང་བྱེད་རྒྱུ་ཆེན་པོ་ཞིག་མེད། མ་འོངས་སྔོན་གཟིགས་ལྟ་བུའི་བྱེད་སྟངས་འདི་གཅིག་བྱས་ན་གནད་འགག་ཆེན་པོ་ཞིག་ཡིན་སྲིད་ན་ཐང་། དེས་ན་རང་རང་གི་ངོས་ནས་ཕར་མིང་ག་འདྲ་ཞིག་གིས་འབོད་པ་ནི་དམངས་གཙོའི་སྤྱི་ཚོགས་ནང་དུ་རང་རང་གི་རང་དབང་ཡིན་ངེས་པས་འུ་ཅག་སྒེར་གྱི་ངོས་ནས་མུ་མཐུད་ནས་བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་མུ་མཐུད་ནས་བཀོལ་དགོས་ཀྱི་འདུག དེའི་ཕྱིར་རང་རེའི་སྤྱི་ཚོགས་ཀྱི་སྒེར་དང་ཚོགས་པ་ཡོངས་རྫོགས་དང་། དམའ་མཐར་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་ཀྱང་གཞོན་ནུ་ལྷན་ཚོགས་ཀྱིས་བྱེད་སྟངས་ཇི་བཞིན་ཐག་གཅོད་གསལ་བོར་མཛད་དེ། བཙན་བྱོལ་བོད་གཞུང་ཞེས་པ་འདི་མུ་མཐུད་ནས་བཀོལ་སྤྱོད་ཨུ་ཚུགས་ཀྱི་གནང་རོགས་འབོད་སྐུལ་ཞུ་རྒྱུ་ཡིན། འདི་ལྟར་བྱས་ན་གཞུང་འབྲེལ་ཡིག་ཆའི་ནང་དུ་བོད་གཞུང་ཞེས་པ་འདི་བརླགས་སོང་རུང་མང་ཚོགས་ཀྱི་ཁ་དང་། གཞུང་འབྲེལ་མ་ཡིན་པའི་ཡིག་ཆ་དག་གི་ནང་དུ་བཙན་བྱོལ་བོད་གཞུང་དེ་ཤི་མ་གསོན་ཙམ་ཞིག་གནས་ཐུབ་པ་ཞིག་འབྱུང་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེས་“་་་ད་ལྟ་རྒྱ་གར་གྱི་གནོན་ཤུགས་མེད་ལ་རྒྱ་མིའི་གནོན་ཤུགས་ཀྱང་མེད། ཡིན་ན་ཡང་མ་འོངས་པར་གནོན་ཤུགས་བྱུང་པ་ཡིན་ན་དོན་དག་མེད་པའི་གདོང་ལེན་བྱེད་ཁག་པོ་ཅན་གྱི་ཐ་སྙད་ཅིག་ང་ཚོས་ཉར་ནས་བསྡད་ན་ཇབ་གང་མི་འདུག”་ཅེས་དང་ “་་་་དོན་ལ་འགྱུར་བ་གང་ཡང་མེད་ན་ཡང་ཐ་སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དཀའ་ངལ་བྱུང་ན་་་” ཅེས་གསུང་སྟངས་ལ་བལྟས་ན་ད་ལན་གྱི་ཐ་སྙད་འགྱུར་བ་བཏང་བ་དེ་ཟམ་གདོང་སོགས་ཀྱིས་མ་འོངས་བའི་ཉེན་ཁ་ཡོང་ངེས་ཀྱི་སྔ་ལྟས་དངོས་སུ་གཟིགས་ནས་ཕངས་སེམས་སྐྱེ་བཞིན་དང་མི་འདོད་བཞིན་དུ་འགྱུར་བ་བཏང་བ་ཞིག་མིན་པར་། བོད་གཞུང་ཞེས་པའི་ཐ་སྙད་འདི་ལ་ཁོང་གི་དགོངས་པའི་ནང་དུ་བརྩིས་ཐང་དང་གལ་གནད་གང་ཡང་མེད་པའི་ཐ་སྙད་རྙོག་དྲ་ཅན་ཞིག་ཏུ་གཟིགས་ནས་འགྱུར་བ་བཏང་བ་ལས་ཐ་སྙད་འདི་བེད་སྤྱོད་བྱས་ན་འབྱུང་བཙན་བྱོལ་བོད་གཞུང་གནས་མི་ཐུབ་པའི་སྔ་ལྟས་དངོས་སུ་མཐོང་ནས་མ་བྱས་ཐབས་མེད་ཀྱིས་བྱས་པ་མིན་པའི་ཚོད་དཔགས་བྱེད་ཐུབ་པར་འདུག་སྙམ། སེམས་ཀྱིས་མི་ཐུབ་རྒྱུ་དེ་འདི་རེད། ལུས་ཀྱི་མི་ལྕོག་རྒྱུ་དེ་འདི་རེད། འདི་མ་འགྲིག་པར་བཤད་པ་ལས་ཐ་སྙད་འདི་བེད་སྤྱོད་བྱས་ན་རྙོག་དྲ་མེད་པར་ནམ་ཡང་མི་བཤད་ལ། ཐ་སྙད་འདིའི་ཆེད་དུ་རྙོག་དྲ་དེ་གདོང་ལེན་བྱེད་རིན་ཡོད་པར་བསམ་པ་ཡིན།

    Reply
  2. གཙང་ཞོལ་བདེ་གསལ། says:
    ལོ་ 15 སྔོན།

    བོད་མི་རིགས་ཀྱི་ལོ་རྒྱུས་འབྲེལ་བ་ཡོད་ལ། འཐབ་རྩོད་དང་འབྲེལ་བ་ཡོད་པའི་ཕྱིར་ན། དོན་དག་མེད་པའི་ཐ་སྙད་ཆུང་ཆུང་ཞིག་ཨེ་ཡིན་ནམ།??????

    Reply
  3. གངས་ཅན། says:
    ལོ་ 15 སྔོན།

    ཨ་མཆོད་ལགས། ཁྱེད་རང་གི་སྡོད་སའི་བོད་མི་དབུས་སློབ་གྲྭ་སྟེང་ལ་དཀའ་ངལ་འཕྲད་སྟངས་ལ་བསམ་བློ་བཏང་ནས་ཚུར་གཞུང་ལ་བསམ་བློ་ཐོངས་དང་དེ་བཞིན་ཡོང་རྒྱུ་ཡིན་པ་གཏན་འཁེལ་རེད། གཅིག་བྱས་ན་ཁྱེད་རང་གི་རངལ་གླ་ཆ་སྒོར་ཁྲི་ཁ་ཤས་ཡོང་གི་ཡོད་པ་དེ་ཤེས་པ་ལས་བོད་མི་དབུས་སློབ་གྲྭ་སྒྲིག་འཛུགས་ལ་དཀའ་ངལ་ག་རེ་ཡོང་གི་ཡོད་པ་ཤེས་ཀྱིན་མེད་པ་འདྲ།

    Reply
  4. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ།
    ཟམ་གདོང་རིན་པོ་ཆེས་“་་་ད་ལྟ་རྒྱ་གར་གྱི་གནོན་ཤུགས་མེད་ལ་རྒྱ་མིའི་གནོན་ཤུགས་ཀྱང་མེད། ཡིན་ན་ཡང་མ་འོངས་པར་གནོན་ཤུགས་བྱུང་པ་ཡིན་ན་དོན་དག་མེད་པའི་གདོང་ལེན་བྱེད་ཁག་པོ་ཅན་གྱི་ཐ་སྙད་ཅིག་ང་ཚོས་ཉར་ནས་བསྡད་ན་ཇབ་གང་མི་འདུག”་ཅེས་དང་ “་་་་དོན་ལ་འགྱུར་བ་གང་ཡང་མེད་ན་ཡང་ཐ་སྙད་ཆུང་ཆུང་ཞིག་ལ་བརྟེན་ནས་དཀའ་ངལ་བྱུང་ན་་་” ཅེས་གསུང་སྟངས་ལ་བལྟས་ན་ད་ལན་གྱི་ཐ་སྙད་འགྱུར་བ་བཏང་བ་དེ་ཟམ་གདོང་སོགས་ཀྱིས་མ་འོངས་བའི་ཉེན་ཁ་ཡོང་ངེས་ཀྱི་སྔ་ལྟས་དངོས་སུ་གཟིགས་ནས་ཕངས་སེམས་སྐྱེ་བཞིན་དང་མི་འདོད་བཞིན་དུ་འགྱུར་བ་བཏང་བ་ཞིག་མིན་པར་། བོད་གཞུང་ཞེས་པའི་ཐ་སྙད་འདི་ལ་ཁོང་གི་དགོངས་པའི་ནང་དུ་བརྩིས་ཐང་གང་ཡང་མེད་པ་དང་གལ་གནད་གང་ཡང་མེད་པའི་ཐ་སྙད་རྙོག་དྲ་ཅན་ཞིག་ཏུ་གཟིགས་ནས་འགྱུར་བ་བཏང་བར་ཚོད་དཔགས་བྱེད་ཐུབ་པར་འདུག་སྙམ།
    འདི་མ་འགྲིག་པར་བཤད་པ་ལས་ཐ་སྙད་འདི་བེད་སྤྱོད་བྱས་ན་རྙོག་དྲ་མེད་པར་ནམ་ཡང་མི་བཤད་ལ། ཐ་སྙད་དེའི་ཆེད་དུ་རྙོག་དྲ་དེ་འདྲ་གདོང་ལེན་བྱེད་རིན་ཡོད་པར་བསམ་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese