རྡོ་སྦིས་ཟླ་བ་ཚེ་རིང་།
སྤྱི་ལོ་ཉིས་སྟོང་བཅུའི་དབྱར་ཟླ་དྲུག་པའི་ཚེིས་བཅུ་ཉིན། འདས་པའི་ལོ་ཟླ་དུ་མར་ཉར་བའི་རང་གི་ཕུགས་མདུན་གྱི་སྒོ་མོ་ཆེ་ཡོངས་སུ་གྲུབ་ཅིང་། རང་ཉིད་ཆེས་དགའ་བའི་ལས་ཁུར་ཏེ་དགེ་རྒན་ཞེས་པའི་མིང་སྙན་མོ་འདིའི་ལས་གནས་སུ་ཁུར་བོ་འཕར་མ་ཞིག་དང་ཕུགས་སེམས་སྒོར་སྒོར་ཞིག་རུམ་ནས་ཕྱིན་པ་ཡིན། ཡིན་ནའང་། སེམས་བྱུང་ཁྲོད་ཀྱི་ཕུགས་སེམས་དང་སྤྱི་ཚོགས་གར་སྟེགས་སྟེང་གི་ཕུགས་སེམས་གཉིས་ནི། རྦད་དེ་གནམ་ས་ལྟ་བུའི་ཧེ་བག་ཆེན་པོ་ཞིག་གི་བར་ཐག་གིས་ཆོད་ཡོད་པ་མཐོང་སོང་། དེ་ནི་མི་རིགས་ཤིག་གི་སོན་རྩའི་མདུན་ལམ་ཡོད་ཚད་དགེ་རྒན་ཚོའི་མིག་མདུན་དུ་ལྷག་ཡོད་པས། སེམས་བྱུང་ཁྲོད་ཀྱི་ཕུགས་སེམས་ཆིག་རྐྱང་ཅན་དང་རྨི་ལམ་ལྟ་བུའི་ཚོར་ཤུགས་རྣོན་པོ་ཙམ་གྱིས་ཅི་ཡང་འཁྱོང་ཐབས་མེད་པ་གཞི་ནས་རྟོགས་སོང་།
དགེ་རྒན་ཞིག་ཡིན་ཚེ་སློབ་མའི་སེམས་ཀྱི་མོས་ཕྱོགས་དང་ངོ་གདོང་གི་རྣམ་འགྱུར་ལ་དཔག་སྟེ་མཛུབ་སྟོན་གནང་དགོས་པས་ན། གར་སྟེགས་སྟེང་གི་ཕུགས་སེམས་ཏེ་བསམ་བློའི་ངལ་རྩོལ་གྱི་ལག་ལེན་དང་། ལུས་ཉམས་ངལ་རྩོལ་གྱི་ལག་ལེན། ངག་འཇམ་ངལ་རྩོལ་གྱི་ལག་ལེན་གསུམ་དང་རྒྱང་ཐག་རིང་བས་ན། མ་མཐའི་དགེ་རྒན་ཆུང་ཆུང་ཞིག་གི་རྨང་གཞི་ལ་མཁོ་བའི་ཆ་རྐྱེན་མེད་པའི་འུ་ཚང་གི་ཚོགས་སྤྱི་འདིའི་གསེང་དུ། ད་དུང་ཡང་འཆད་ཉན་དང་དཔེ་བཤུས་ཀྱི་ཤེས་ཡོན་སློབ་གསོ་དེ་ག་རང་ན་བསྡད་ཡོད་སྟབས། སྔོན་ཐོན་ནམ་ཡར་རྒྱས་ཟེར་བའི་ཐ་སྙད་འདི་ནི་ད་དུང་མི་ལོ་བརྒྱ་ཕྲག་རྗེས་ཀྱི་གཏམ་སྙན་ཞིག་རེད།
འདི་འདྲའི་བཟོད་དཀའ་བའི་གྱོང་གུད་དེ་ནི་སློབ་གྲའི་ཁོར་ཡུག་དང་དགེ་རྒན་ཚོའི་བསམ་བློའི་འཐུས་ཤོར་ཁོ་ན་ཙམ་མ་ཡིན་པར་གཙོ་བོ་ཁྱིམ་གྱི་སློབ་གསོ་ཡིས་མ་འདང་བས་རེད། འུ་ཚོའི་ཁྱིམ་གྱི་སློབ་གསོ་ནི་སློབ་མའི་ཤེས་ཡོན་འཕེལ་རྒྱས་ཀྱི་ཁ་གཏད་རྐྱང་རྐྱང་ན་ལངས་བསྡད་ཡོད་པ་ངས་འདི་ནས་དངོས་བྱུང་གཏམ་བརྒྱུད་ཅིག་གིས་ར་སྤྲོད་བྱེད་ན་འདོད། ཉེ་སྔོན་ངའི་ལས་གྲོགས་དགེ་རྒན་ཞིག་གིིས་རང་དོན་ཙག་ཙག་རྒྱབ་ཏུ་ཕངས་ཏེ། སློབ་མའི་ཤེས་ཡོན་མཐོར་འདེགས་ཀྱི་སེམས་ཤུགས་འཕར་མ་ཞིག་བསྣམས་ཏེ། ཉིན་ལྟར་སློབ་གྲྭ་གྲོལ་རྗེས་ཀྱི་དུས་ཚོད་གཅིག་རེར་སློབ་ཕྲུག་ཚོར་ཟུར་ཁྲིད་གནང་གི་ཡོད། ལྷག་བསམ་ཟོལ་མེད་ཀྱི་ཕྱག་ལས་འདིས་ང་ཚོའི་སློབ་གྲྭའི་ཁོར་ཡུག་དང་སློབ་མའི་བསམ་བློ་ལ་གཡོ་འགུལ་གསར་བ་ཞིག་ཐེབས་ཡོད།
བློ་ཡུལ་ལས་འདས་པ་ཞིག་ལ། “དོན་བཟང་ལ་བདུད་ཀྱིས་བར་ཆད་མང” ཟེར་བའི་ཁ་དཔེ་ལྟར། ང་ཚོའི་སློབ་གཙོ་བརྒྱུད་དེ་དགེ་རྒན་ཚོའི་རྣ་ལམ་དུ་མི་འདོད་པའི་གཏམ་གྱིས་ཡང་ཡང་གཙེས་བར་མ་ཟད། ཉིན་གཅིག་སློབ་ཕྲུག་ཅིག་གི་ཨ་མ་དངོས་སུ་ཡོང་སྟེ། “ངའི་བུ་དུས་ལྟར་ནང་དུ་གཏོང་རོགས་མཁྱེན”ཟེར་བའི་སྐད་ཆ་ཞིག་གིས་མགོ་བརྩམས་ཏེ་ཉོག་གཏམ་ཁུག་མའི་ཁ་འདིག་གྲོལ་སོང་། ལས་གྲོགས་ཀྱིས་མོ་ལ་སློབ་མ་བསྟན་འཛིན་ལ་འདི་ལྟར་ཟུར་ཁྲིད་མ་བྱེད་ཚེ་སློབ་མ་གཞན་དག་ལྟར་སློབ་ཚན་གྱི་རྗེས་ཟིན་གྱི་མི་འདུག་ཟེར་བའི་ལན་དུ། ངའི་བུས་སློབ་ཚན་གྱི་རྗེས་མ་ཟིན་ནའང་སྐྱོན་མིི་འདུག ཁྱིམ་གྱི་ལས་ཀ་དེ་ལས་ཀྱང་མང་བོ་ཞིག་ཤོར་འགྲོ་བ་རེད་ཟེར། སྐད་ཆ་འདིས་ལས་གྲོགས་ཀྱི་སྨྲ་སྒོ་ཡོངས་སུ་བཅད་དེ་ལྷག་བསམ་གྱི་དྲོད་འཁོལ་འཁྱིལ་བའི་བྲང་གཞུང་བཟོད་པར་དཀའ་བའི་ཚིག་རྩུབ་ཀྱི་ཚེར་མ་བརྡབ།
འདི་འདྲའི་ཡ་ང་བའི་གཏམ་རྒྱུད་འདི་ནི་འུ་ཚོས་རྣ་ཡིས་ཐོས་ཤིང་མིག་གིས་མཐོང་བའི་རླབས་ཆེན་གྱི་ཕ་མ་ཚོས་རང་གི་བུ་ལ་བཅངས་བའི་ཁྱིམ་གྱི་སློབ་གསོ་ཡིན་ལ། ད་དུང་འདི་ལས་སྦྱོར་བ་རྩུབ་ཅིང་བྱེད་ལས་ངན་པའི་ཁྱིམ་གྱི་སློབ་གསོ་མང་བས་ན། འུ་ཚོས་ཇི་ལྟར་མི་རིགས་ཤིག་གི་སོ་རྩར་མཁོ་བའི་སློབ་མ་འཇོན་ཐང་ཅན་སྐྱེད་སྲིང་བྱ་དགོས་སམ། འུ་ཚོས་ཇི་ལྟར་ཁྱི་སྤྱང་གི་མཆེ་བར་ནས་རང་ས་དོག་མོ་རང་སྲུང་བྱ་རྒྱུ། འདི་དག་ལ་བསམ་བློ་བཏང་ན། འུ་ཚོའི་ཕ་མ་ཚོ་ནི་རང་དོན་འཁྱོང་ཚེ་བུ་ཕྲུག་བཙོང་དགོས་རུང་བློ་འགྱོད་མེད་པའི་མི་ངན་གདུག་རྩུབ་ཅན་ཤ་སྟག་རེད་ལ། འདི་དག་གི་གམ་ན་གསར་དུ་སྙོམ་ལག་རྒྱས་བཞིན་པའི་གཤིས་ག་འཇམ་ཞིང་བློ་རིག་རྒོད་བའི་བྱིས་པ་འདི་དག་སྙིང་རེ་རྗེ་ཨང་། སྤྱིར་མི་རིགས་གཞན་དག་གི་ཕ་མ་ཚོས་བུ་ཕྲུག་གི་ཤེས་ཡོན་ཆེད་དུ་ཁྱིམ་གྱི་དགེ་རྒན་(家庭老师) ཟེར་བའི་དགེ་རྒན་འགྲོ་སོང་བཏང་བུ་ཕྲུག་ཚོར་ཟུར་ཁྲིད་བྱེད་བཞིན་ཡོད་པའི་སློབ་གསོ་འདི་ནི། སྐད་ཆ་ཆུང་ཆུང་ཞིག་གིས་བཤད་ན་བྱིས་པ་ཞིག་གི་མདུན་ལམ་ལ་འོད་སྣང་སྐྲུན་བཞིན་ཡོད་ལ། ཆེ་ས་ནས་བཤད་ན་མི་རིགས་དང་རྒྱལ་ཁབ་ཀྱི་མ་འོངས་པའི་ཆེད་དུ་སྲི་ཞུ་དང་ལེགས་སྐྱེས་འབུལ་བཞིན་ཡོད།
འུ་ཚོའི་ཕ་མ་ཚོས་འདི་ལྟ་བུའི་རླབས་ཆེན་གྱི་སློབ་གསོ་སྤེལ་རྒྱུ་སེམས་པའི་ཟུར་ཙམ་དུ་འཁོར་རྒྱུ་ཕར་ཞོག ཐ་ན་སེམས་ཤུགས་ཅན་གྱི་དགེ་རྒན་ཚོའི་རླབས་ཆེན་གྱི་ལས་དོན་ལ་རྡོག་རྫིས་དང་། རྣམ་པར་དཀར་བའི་ལྷག་བསམ་དམར་གསོད་གཏོང་གི་ཡོད་པས། འུ་ཚོའི་ཕ་མ་ཚོ་ནི་རྒྱལ་ཁབ་ཅིག་གཏོར་བཤིག་གཏོང་མཁན་གྱི་ཕུང་འདྲེ་རེད་ལ། མི་རིགས་ཤིག་གི་སོན་རྩ་དུར་སྦས་བྱེད་མཁན་གྱི་གཤེད་མ་ནག་པོ་དེ་རེད། སོ་སོར་ལོ་རྒྱུས་ཀྱི་ནག་ཉེས་འཁུར་འདོད་མེད་ཚེ་ཁྱིམ་གྱི་སློབ་གསོ་ཡར་རྒྱས་དང་རྒྱ་བསྐྱེད་ཀྱིས་དགེ་རྒན་དང་སློབ་གྲྭའི་སློབ་གསོ་ལ་རམ་འདེགས་དང་སེམས་ཁུར་བྱ་དགོས་བར་འདོད། བོད་པའི་ཁ་རྒྱུན་ལ། “ལག་པ་ཡ་གཅིག་གིས་ཐལ་སྒྲ་མི་གྲགས” ཞེས་པའི་དཔེ་ལྟར། སློབ་མའི་ཤེས་ཡོན་ཡར་རྒྱས་ནི་དགེ་རྒན་གཅིག་པུའི་ལག་ཏུ་ཡོད་པ་ཞིག་མ་རེད་ཟེར་བ་འདི་ཡིན་ནོ།།
ཁྱིམ་ཚང་སློབ་གསོ་ནི་སློབ་གསོ་ཡོངས་རྫོགས་ཀྱི་རྨང་གཞི་ལྟ་བུ་དེ་ཡིན། ལྷག་པར་དུ་མི་གཤིས་རིན་ཐང་གི་རྩ་བའི་ས་བོན་འདེབས་སའང་ཁྱིམ་ཚང་སློབ་གསོ་ནས་འགོ་འཛུགས་བྱེད་ཀྱི་ཡོད། དེས་ན་རྒན་ལགས་ཁོང་གིས་དངོས་བྱུང་གནས་ཚུལ་དང་སྦྱར་ཏེ་གསལ་འདོན་བྱས་ཤིང་། ཚོའི་སྤྱི་ཚོགས་ཀྱི་སྟོད་སྨད་བར་གསུམ་ནས་རུལ་སོང་བའི་ཁྱིམ་ཚང་སློབ་གསོ་ལ་མི་རེ་ངོ་རེ་ནས་དག་ཐེར་བྱའོ།།
བོད་མི་མང་སྤྱི་ཟུར་དང་རྩོམ་པ་པོ་ཆེས་བཀུར་འོས་པའི་ཆབ་བྲག་ལྷ་མོ་སྐྱབས་ལགས།
ཐུགས་སྣང་ཆེན་པོའི་སྒོ་ནས་བཀའ་ལན་གནང་བར་བཀའ་དྲིན་ཆེའོ།།
བདེན་པ་ཡིན་ལགས། ང་ནི། དོགས་འདྲི་དང་ལྡོག་ཕྱོགས་ནས་ལངས་མཁན་ཞིག་ཡིན། དེའི་རྒྱུ་མཚན་ནི། གཅིག་ནས། ང་རང་གི་བློ་རིག་སྒྲིམ་ཐབས་ལ་ཕན་ནུས་ཐོན་པ་དང་། གཉིས་ནས། མཁྱེན་དཔྱོད་ལྷག་བསམ་ཡངས་པའི་ཁྱེད་ལྟ་བུའི་རྣམ་པའི་ངོས་ནས་ལམ་སྟོན་ཡོང་བར་ཕན་པ་དང་། གསུམ་ནས། བརྒྱུད་རིམ་དེ་འདྲའི་ཁྲོད་ནས་རང་གཞན་ཚང་མར་བླངས་བྱ་རྡོག་རྡོག་ཅིག་རག་ཐབས་སོགས་ཀྱིས་ཡིན་ལགས་སོ།།
དེ་ནས། སྐུ་ཉིད་ཀྱི་བཀའ་ལན་དང་པོ་ནི། མི་རིགས་ཀྱི་སློབ་གསོ་ཞིག་གི་དམིགས་ཡུལ་དང་དགོས་པ་ཙམ་ཞིག་བསྟན་པ་ལས། བོད་རང་ལ་མི་རིགས་ཀྱི་སློབ་གསོ་གཙང་མ་ཞིག་ཡོད་མེད་གསལ་ཁ་བཏོན་མི་འདུག་པས་ན། སྐུ་མཁྱེན་བཀའ་ལན་ཏག་ཏག་ཅིག་ཕེབས་པའི་རེ་འདུན་བསྐྱར་དུ་ཞུ་རྒྱུ་ཡིན་ལགས།
བཀའ་ལན་གཉིས་པ་ནི། དེ་ག་རང་ཡིན་ཞེས་པ་ནི། སྟབས་བདེ་རྒྱུ་མང་སོང་ཞིག དེ་འདྲ་ཡིན་ན། གང་ཞིག་ལ་ངོས་འཛིན་བྱེད་དགོས་པ་དང་གྲུབ་འབྲས་གང་ཞིག་འདྲ་ཡིན་པ་སོགས་མི་གསལ་བས་ན། ད་ལྟའི་བོད་མི་རིགས་འདིའི་རྣམ་པ་དང་འགྲོ་སྟངས། ངོས་འཛིན་དང་གྲུབ་དོན་སོགས་ནི། དོན་དངོས་ཀྱི་གང་འདྲ་ཞིག་ཡིན་ནམ།
བཀའ་ལན་གསུམ་པ་ནི། གནའ་དེང་ཟུང་འབྲེལ་གྱི་བོད་མི་མཚན་ལྡན་ཞིག་ཡོང་བའི་ཡིན་པ་ནི། སྤྱིར་ན། རྒྱལ་ཁབ་ཅིག་གི་གནས་སྟངས་ཇི་བཞིན་པའི་ཐོག་ཏུ་ང་ཚོ་ཡོད་ན་ནི། འགྲིགས་བཟོ་བསྡད་པ་འདྲ་བ་ཞིག་རེད་དེ། ངས་བསམས་ན། ད་ལྟའི་བོད་ལ་མཁོ་བ་ནི། རིགས་གཅིག་རྐང་འཛིན་པ་གང་མང་མང་ཞིག་དང་། ཆེད་ལས་པ་གང་ཐུབ་ཐུབ་ཀྱིས་སྐྱེད་སྲིང་བྱ་ཐབས་ཀྱི་དམིགས་ཡུལ་ཞིག་བཟུང་ན། ད་ལྟའི་དུས་བབ་འདི་དང་། ལྷག་པར་དུ། བོད་མི་རིགས་ཀྱི་མ་འོངས་པའི་ཁ་ཕྱོགས་ལ་ཕན་རླབས་ཐོན་གྱི་རེད། དེས་ན། གནའ་དེང་ཟུང་འབྲེལ་ཟེར་བ་དང་འདབ་གཤོག་གཉིས་ལྡན་ཟེར་བ་ལ་སོགས་པའི་སློབ་གསོའི་ཁ་ཕྱོགས་བསྒྱུར་ནས། རང་རང་གི་དགའ་ཕྱོགས་དང་འབྲེལ་བའི་རིག་ཚན་བྱེ་བྲག་པ་གཅིག་རང་གི་ཐོག་ཏུ་སྐྱེད་སྲིང་བྱ་ཐབས་ཀྱི་སྲིད་བྱུས་ཤིག་བཟུང་ན་གང་འདྲ་ཞིག་འདུག་གམ།
བཀའ་ལན་བཞི་བ་ནི། རང་གཞན་གཉིས་ཕན་ཟེར་བ་དང་རང་ལས་གཞན་གཅེས་ཟེར་བ་ལ་སོགས་པའི་དོན་དུ་འཚོ་དགོས་པ་ཡིན་ན། ང་ཚོས་གང་ཞིག་རྩོད་ཀིན་ཡོད་དམ། དེ་ལས་ཀྱང་། འཐབ་རྩོད་ཅིག་དགོས་དོན་མི་འདུག གང་ལགས་ཞེ་ན། རང་ལས་གཞན་གཅེས་པས་སོ།། རང་གཞན་གཉིས་ཕན་ཡིན་པས་སོ།། ང་རང་གི་བསམ་ཕྱོགས་ཡིན་ན། བོད་མི་རིགས་འདི་ངེས་པར་དུ་འཚོ་དོན་དང་གསོན་དགོས་དོན་སོགས་ནི། ང་ཚོ་ལ་ལྷན་སྐྱེས་ནས་ཡོད་པའི་ཐོབ་ཐང་ཁག་དང་། ཕ་ས་ཕ་ཡུལ་རང་གི་ལག་ཏུ་ཡོང་བའི་ཆེད་དུ་ཡིན་པ་རེད། ད་རུང་། ཇེ་གསལ་དུ་བཏང་ན། ཆབ་སྲིད་ཀྱི་དཀའ་ངལ་ཉག་ཅིག་རེད། དེ་ལས་གཞན་པའི་ནང་ཆོས་ཀྱི་འགྲེལ་བཤད་མང་པོ་ཞིག་ཆབ་སྲིད་ཀྱི་འཁོར་བསྐྱོད་ནང་དུ་བཙན་ཤུགས་ཀྱིས་འཁྱེར་ཡོང་བ་དང་། དེའི་རིགས་ལམ་བཀོལ་ནས་མགོ་བོ་གནོན་ཐབས་བྱེད་པ་ནི། ཆབ་སྲིད་ཀྱི་སྟོབས་ཤུགས་ཉམས་དམས་སུ་བཏང་བ་དང་གཅིག་མཚུངས་རེད་ལགས།
བཀའ་ལན་ལྔ་པ་ནི། ཆོས་ལ་ཆོས་ཀྱི་ཐོབ་ཐང་ཞིག་དང་གོ་གནས་ཤིག ད་དུང་འགྲོ་སྟངས་ཤིག་ཀྱང་ཡོད་པ་རེད་ལ། དེ་མཚུངས། སྲིད་ལ་སྲིད་ཀྱི་འགྲོ་ཕྱོགས་ཤིག་དང་ཐབས་ལམ་ཞིག་ཀྱང་ཡོད་པ་རེད། དེའི་སྟོབས་ཀྱིས། ཆོས་ཀྱིས་སྲིད་ཀྱི་སྟོབས་ཤུགས་འཕེལ་ཐུབ་ཀི་མ་རེད་ལ། སྲིད་ཀྱིས་ཆོས་ལ་ཞོགས་འདེགས་བྱེད་ཐུབ་ཀི་མ་རེད་ལགས། གང་གིས་ཟེར་ན། ཆོས་སྲིད་ཀྱི་དམིགས་ཡུལ་ཐ་དད་ཡིན་པས་སོ།། ཆོས་སྲིད་གཉིས་ཀྱི་བྱེད་ཐབས་སོ་སོ་ཡིན་པས་སོ།། ཆོས་སྲིད་གཉིས་ཀྱི་ངོས་འཛིན་ཁ་ཁ་ཡིན་པས་སོ།། ཆོས་སྲིད་གཉིས་ཀྱི་འགྲོ་ཕྱོགས་མི་འདྲ་བས་སོ།། དེའི་དབང་གིས། རང་རང་གི་ཁྱད་ཆོས་དང་རིན་ཐང་མ་དཀྲུགས་པ་ཡིན་ན། རང་རང་གི་ནུས་སྟོབས་འཕེལ་གི་རེད་མོད། འོན་ཏང་། བོད་ཀྱིས་ད་ལྟའི་བར་དུ། ཆོས་སྲིད་གཉིས་ཀ་བསྲེས་ནས་ཡོང་བའི་གྲུབ་འབྲས་ནི། ད་ལྟའི་ཡ་མ་ཟུང་གི་རྣམ་འགྱུར་འདི་ཆགས་པ་རེད། དེ་ལས་ཀྱང་ཚབས་ཆེ་བ་ཞིག་ལ། ད་ནི། བོད་མི་རིགས་དང་སྐད་ཡིག་ཉམས་སོང་རུང་། ནང་ཆོས་མ་ཉམས་ན་འགྲིགས་པའི་ཟོལ་མང་པོ་ཞིག་བསྟན་ཚར་བ་རེད། དེའི་རྒྱུ་རྐྱེན་ནི། མི་རིགས་ལས་ཆོས་དེ་གལ་ཆེན་དོན་ཆེན་ཞིག་བརྩི་སྟངས་ནི། གཅིག་ནས། རང་རང་གི་དགའ་ཕྱོགས་དང་འབྲེལ་བ་ཡོད་པ། གཉིས་ནས། རང་གིས་རྒྱུས་ཡོད་ས་དེར་ཨུ་ཚུགས་ཀྱིས་དེད་པ་ཞིག་དང་ཨ་ན་མ་ན་རེད། གསུམ་ནས། མི་རིགས་ཀྱི་འདུ་ཤེས་ཟབ་མོ་ཞིག་མེད་པའི་ཏན་རྟགས་ཤིག་རེད་ལགས།
དྲ་གྲོགས་སྨར་ཀླུང་དཔའ་ལ་ལགས།
དྲ་གྲོགས་ཉིད་ཀྱིས་དྲིས་ལན་དུས་ཐོག་ཏུ་གནང་བར་དགའ་སོང་། གང་གིས་ཕྱིར་ན། དོ་སྣང་དང་མཉམ་འཇོག་ཆེན་པོ་གནང་ཡོད་པས་སོ།།
དྲིས་ལན་དང་པོ་ནི།
བསྟར་རྒྱུན་དུ་ཆགས་པའི་བོད་བཙན་པོ་སྐབས་ཀྱི་དམག་འཁྲུག་གི་ལོ་རྒྱུས་ཙམ་ལས། བོད་མི་རིགས་ལ་མི་རིགས་ཀྱི་སློབ་གསོ་དག་གཙང་ཞིག་ཡོད་མེད་ཅི་ཡང་གསལ་སྟོན་གནང་མི་འདུག་མོད། འོན་ཀྱང་། ཁྱིམ་མཚེས་མི་རིགས་རྣམས་ལ་དམག་འཁྲུག་མང་པོ་ཞིག་བྱུང་ནས་རྒྱལ་ཁའི་རྣམ་འགྱུར་ཐོབ་པ་ནི། སློབ་གསོ་གཙང་མ་ཞིག་ཡོད་པའི་སྒྲུབ་བྱེད་དུ་གང་འདྲ་བྱས་ནས་འགྲོ་གི་རེད་དམ། དམག་འཁྲུག་དེའི་ཤུགས་ལས་རྟོགས་ཐུབ་ཟེར་བ་ནི། ངོས་འཛིན་ནོར་བ་ཞིག་རེད། རྒྱུ་མཚན་ནི། སྐབས་དེའི་དམག་འཁྲུག་ཁག་ལ་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་པ་རེད། དཔེར་ན། ཆོས་ཀྱི་ཆེད་དུ་དང་མཐའ་མཚམས་སྲུང་སྐྱོབ་ལ་སོགས་པའི་ཆེད་དུ་གཙོ་བོ་ཞིག་ཡིན་པ་ལས་མི་རིགས་སློབ་གསོའི་སྟོབས་ཤུགས་ཀྱིས་ཅི་ཡང་མ་རེད་དོ།།
དྲིས་ལན་གཉིས་པ་ནི།
ཉིད་ཀྱིས་ཐད་ཀར་བཤད་མི་འདུག ནང་ཆོས་ཀྱི་དམིགས་ཡུལ་འདྲ་བོ་དང་ཕན་ནུས་འདྲ་བོ་ཞིག་བསྙད་འདུག་པ་ལས། ནང་ཆོས་ཀྱིས་བོད་སྐྱོང་སྟངས་ཏག་ཏག་ཅིག་བསྟན་མི་འདུག་ཡ། ཉིད་ཀྱི་ངོས་འཛིན་འདྲ་བོ་ཞིག་ཡིན་ན་ནི། བོད་རྒྱའི་དཀའ་རྙོག་མེད་ན་ཆོག་ག གང་ཡིན་ཟེར་ན། བོད་རྒྱ་གཉིས་འཛམ་གླིང་གི་ཆ་ཤས་སུ་གྲུབ་ཡོད་པས་སོ།། ཞི་བདེ་ནི། མི་རིགས་ཚང་མ་ལ་དགོས་པ་ཞིག་རེད་དེ། དེ་འདྲ་ནི་མི་འདུག མཉམ་འདྲ་ནི། མི་རིགས་ཚང་མ་ལ་དགོས་མཁོ་ཡོད་པ་ཞིག་རེད་དེ། དེ་ཡང་མི་འདུག་པས་ན། ཁྱེད་ཀྱིས་འགྲེལ་བཤད་བྱས་པ་ནི། དོན་དངོས་ཀྱི་དོན་ལ་གནས་དཀའ་སེ་རེད།
དྲིས་ལན་གསུམ་པ་ནི།
དྲི་བ་ལ་འབྲེལ་བ་ཅི་ཡང་མི་འདུག
དྲིས་ལན་བཞི་བ་ནི།
ཏག་ཏག་ཅིག་ཤེས་མ་སོང་ལགས། གསལ་ཁ་རེ་ཡོད་ན། ཕན་ནུས་ཐོན་ས་རེད་དོ།། མཁས་དབང་ཟམ་གདོང་གིས་གསུང་ན། ནང་ཆོས་རྒྱུད་འཛིན་གྱི་ཆེད་དུ་མཐའ་གཅིག་ཏུ་རེད་ལ། ནང་ཆོས་ཀྱི་ཆེད་དུ་བོད་མི་རིགས་ཉམས་སོང་རུང་། འགྲིགས་པའི་རྣམ་འགྱུར་ཆེན་པོ་བསྟན་ཟིན་པ་རེད། བོད་ནང་གི་ཤེས་ལྡན་པ་མང་པོ་ཞིག་གིས་ནང་ཆོས་རྒྱུན་འཛིན་བྱེད་སྟངས་མ་འགྲིགས་པས། ང་ཚོ་བོད་མི་རིགས་ཀྱི་ཁ་སྟབས་སྐྱོ་བོ་འདིར་བསྐྱལ་བ་ལ་ངོས་འཛིན་བྱེད་ཀྱིན་འདུག་པའི་ངོས་འཛིན་ཆེན་པོ་ཡོད་པ་རེད།
དྲིས་ལན་ལྔ་པ་ནི།
བོད་མི་རིགས་ལ་རང་སྐྱ་ཐུབ་པའི་ལོ་རྒྱུས་ཤིག་ཡོད་མེད། དེ་ལས་ཀྱང་། བོད་ལ་ལོ་རྒྱུས་ཀྱི་གཞུང་ལུགས་ཤིག་ཡོད་མེད། གཞན་ཡང་། བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ནང་དུ་ནང་ཆོས་ཀྱི་ཤུགས་རྐྱེན་ཆེ་དགོས་པའི་རྒྱབ་ལྗོངས་སོགས་ཀྱི་སྐོར་ཡིན་ནོ།།
མི་རེ་རེར་རྒྱུ་མཚན་དང་མྱངས་པ་རེ་རེར་ཡོད་པ་གནས་ལུགས་ཀྱི་རང་བཞིན་དུ་གྲུབ་ནའང། གང་ལྟར་འདི་ནི་བོད་ལ་སློབ་གསོ་ཡོད་མེད་ཀྱི་སྐད་ཆ་མིན་ལ། བོད་ཀྱི་ཁྱིམ་ཚང་ཕལ་ཆེ་བར་སློབ་སྦྱོང་དང་ཤེས་ཡོན་གྱིས་དབེན་པས་རེད། དེས་ན་བོད་པའི་ཁྱིམ་ཚང་གི་ལྟ་བ་དང་བསམ་བློའི་ནུས་ཚད་དེ་འཛམ་གླིང་གི་རྒྱལ་ཁབ་གཞན་གྱི་ཁྱིམ་ཚང་གི་བསམ་པའི་དཔལ་ཡོན་ལ་བསྡུར་ཐུབ་དེ་བས་ཀྱང་མེད། ལྷག་པར་ཏུ་རྒྱལ་ཁབ་གཞན་ལག་ཏུ་ཤོར་ནས་བཙན་བྱོལ་བ་ལྟ་བུར་དེ་ལས་ཀྱང་ལག་པ་སྲིང་སར་མེད། ཡིན་ཡང། ང་ཚོས་གནས་སྟངས་དང་ཁོར་ཡུག་ལ་དཔག་པས་རང་ངོས་ནས་སློབ་གསོའི་ལང་ཕྱོགས་བརྟན་པོར་འཛིན་རྒྱུར་གལ་ཆེ་བར་འདོད།
སྤྱི་ཚོགས་འདི་ཆུང་ཆུང་ཞིག་ཡིན་ན་ཡང་ཆུང་ཆུང་འདི་ངན་པ་དང་རྗེས་ལུས་ཁོ་ནས་ཁེངས་པ་ཞིག་མིན། ཁྱིམ་གྱི་སློབ་གསོ་ལ་མཚོན་ནས་བཤད་ནའང་དེ་འདྲ་རེད། ངས་རང་ཉིད་ཀྱི་མིག་གིས་ཁྱིམ་གྱི་སློབ་གསོའི་རྣམ་པ་ཡག་སྡུག་གཉིས་མཐོང་བྱུང་། ངོ་མ་བཤད་ན་ཁྱིམ་གྱི་སློབ་གསོ་ངན་པ་ལས་ཡག་པ་མང་བར་འདུག་ཅིང་། དེ་ནི་བོད་ཀྱི་སྤྱིོ་ཚོགས་གཅིག་པོའི་སྣང་ཚུལ་ཞིག་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ཀྱི་སྣང་ཚུལ་ཞིག་རེད། བོད་རིགས་ཕ མ་ཚོའི་ནང་དུ་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་ཤ་ཚ་མཁན་ཤིན་ཏུ་མང་ལ་མ་འོངས་པར་མནོ་བསམ་གཏོང་མཁན་དེ་བས་མང་། དེར་བརྟེན་རྩོམ་ཡིག་འདིའི་བྱས་ཉེས་སམ་མ་མཐོང་བའི་ངོས་ཕྱོགས་ནས་མཐོང་འོས་ཤིང་མཐོང་ཐུབ་པའི་སྣང་ཚུལ་འདི་ཉིད་གསལ་འདོན་བྱེད་འདོད་བྱུང་། མ་མཐོང་བའི་ཕྱོགས་ངོས་དེས་རྩོམ་ཡིག་འདིའི་རིན་ཐང་ཉམས་དམའ་བར་བྱས་འདུག་ཅིང་། ཤུལ་དུ་རིན་ཐང་ཅུང་ཙམ་ལྷག་ཡོད་པ་ནི་ཚིག་གི་སྦྱོར་བ་དེ་ཙམ་རེད།
བུ་ལ་བུ་མོར་སྨོས་པ་རྔ་པ་ཡུལ་གྱི་ཚེ་སྐྱིད་ཞེས་པའི་གྲོགས་པོ་ལགས།
༡༽ བོད་མི་རིགས་ལ། མི་རིགས་ཀྱི་སློབ་གསོ་གཙང་མ་ཞིག་ཡོད་དམ་མེད།
ལན) བོད་མི་རིགས་འདི་ལ་མི་རིགས་ཀྱི་སློབ་གསོ་གཙང་མ་ཡོད་མེད་དེ་སྔོན་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་གི་སྐབས་སུ་ཤར་ཆུ་བོ་གངྒ་ནས་ནུབ་རྒྱ་ནག་ཁྲན་ཨན་བར་ཤར་ཨེ་ཤ་ཡ་སུམ་གཉིས་དབང་དུ་བསྡུ་ཐུབ་པའི་མི་རིགས་ཀྱི་སློ་གསོ་གཙང་མ་ཡོད་མེད་འདི་ཉིད་ཀྱིས་རྒྱུད་ནས་རྟོགས་ཐུབ་ཀྱང་དར་རྒུད་ནི་སྲིད་པའི་རང་བཞིན་ཡིན་པའི་ཕྱིར།
༢༽ ནང་ཆོས་ཀྱི་སློབ་གསོས་བོད་མི་རིགས་སྐྱེད་སྲིང་བྱས་པའི་གྲུབ་འབྲས་གང་འདྲ་ཡིན་ནམ།
ལན) ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་བོད་མི་རིགས་ཙམ་མ་ཚད་འཛམ་གླིང་གི་འགྲོ་བ་ཡོད་དོ་ཅོག་ཀུན་ཞི་བདེ་དང་བག་ཕེབ་རང་དབང་སོགས་ཀྱི་ལམ་ཚང་ལ་མ་ནོར་བ་ཞིག་སྦྱིན་པ་མ་ཚད་དེང་གི་དུས་སུ་གོ་ལ་ཧྲིལ་པོ་ཉན་ཁའི་གནས་སུ་གྱར་བ་འདི་དག་ནང་ཆོས་ཀྱི་སྟེང་ནས་ཕན་ཚུན་ཕན་པའི་བློ་གྲོས་ཤིག་ལོན་མ་ཐུབ་ན་གཞན་གཞུང་ལུགས་གྲུབ་མཐའ་གང་ལ་ཡང་ལེན་རྒྱུ་མེད་པས། བོད་མི་རིགས་ཀྱི་གཉེར་བའི་ནང་ཆོས་འདིས་འཛམ་གླིང་གི་སྲོག་ལྡན་ཐམས་ཅད་ཞི་བདེ་དང་བག་ཕེབ་ལ་ཁྲིད་ཐུབ་པའི་གྲུབ་འབྲས་བླ་ན་མཐོ་བ་འདི་ཡོད་པ་ཡིན།
༣༽ ད་ལྟའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་འདི་གང་ཞིག་ལ་གཟས་ནས་གཏན་འབེབས་བྱས་ཡོད་དམ།
ལན) འདི་ནི་གཉིས་སྨན་ལམ་དབུ་མ་དང་འཛམ་གླིང་འདི་སྒང་ལ་བོད་ཅེས་པའི་གྲངས་ཉུང་མི་རིགས་ཤིག་གི་དཔུང་པ་མཐོན་པོས་འཛམ་གླིང་ཞི་བདེའི་རྟགས་མ་དང་། ཆེས་མཐོའི་གསེར་གྱི་རྟགས་མ། གཞན་ཡང་རྟགས་མ་བརྒྱ་ཕྲག་མང་པོ་འདི་དག་སྔོན་གྱི་མེས་པོས་སྲོག་བཞིན་རྩོལ་སྒྲུབ་བྱས་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཉིད་གསུང་དོན་ལག་པས་བསྟར་ཉམས་ལེན་གནད་དུ་ཁེལ་ནས་བྱུང་བ་ལས་སྐད་གྲགས་ཆེ་བའི་མཐོ་རིམ་སློབ་གྲྭར་ཕྱིན་ནས་ལོན་པ་མིན་ཙང་བོད་མི་རིགས་ཀྱིས་གཅེས་པའི་སྲོག་དང་བསྡོས་ནས་གཉེར་བྱ་དེ་ནང་པ་སངས་རྒྱས་པའི་བསྟན་པ་འདི་ཡིན་པས། རྒྱལ་ཁབ་རེ་ལ་རང་རང་གི་སྲུང་བྱ་ཐུན་མིན་རེ་ཡོད་པ་བཞིན་བོད་མི་རིགས་འདིས་སྲུང་བྱ་དེ་ནང་པ་སངས་རྒྱས་པའི་ཆོས་འདི་ལས་སྲུང་སྐྱོབས་བྱེད་རྒྱུ་དོན་ཆེ་བ་གཞན་མེད་པས་དེ་བཞིན་གཏན་འབེབས་བྱས་ཡོད།
༤༽ ང་ཚོ་འཚོ་དགོས་དོན་དེ། མི་རིགས་ཤིག་གི་ངོ་བོའི་ཆེད་དུ་རེད་དམ། ནང་ཆོས་རྒྱུད་འཛིན་གྱི་ཆེད་དུ་རེད།
ལན) འདི་ནི་གཉིས་ཆར་གྱི་དོན་དུ་རེད། རྒྱལ་ཁབ་རེ་ལ་འགྲོ་སྟང་རེ་དང་བྱེད་སྟང་རེ་ཡོད་དུས་སོ་སོས་ལེགས་པའི་ཆ་ལེན་དགོས་པ་དང་ཉེས་པའི་ཆ་འདོར་འགོས་པ་ཡིན་དུས་བོད་མི་རིགས་ཀྱི་དུས་ནམ་ཡང་འདོར་མི་རུང་བ་སྐྱོན་ཟད་ཡོན་ཏན་ཀུན་ལྡན་གྱི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་འདི་ཉམས་མེད་རྒྱུད་འཛིན་གྱི་ཆེད་དུ་དཔུང་གདང་བསྒྲིག་དགོས།
༥༽ བོད་མི་རིགས་ལ་རང་སྐྱ་བའི་ལོ་རྒྱུས་གཙང་མ་ཞིག་ཡོད་དམ། ངེས་པར་དུ། ནང་ཆོས་དང་སྦྲེལ་ནས་ཡོང་དགོས་དོན་འཆད་དགོས་དོན་གང་ཡིན་ནམ།
ལན) ཚིག་འདི་ཅུང་བདེ་པོ་རང་མི་འདུག་ཡིན་ན་ཡང་དོན་དུ།
སྤྱིར་འཛམ་གླིང་གི་རྒྱལ་ཁབ་ཚང་མ་རྩ་བའི་འགྲོས་དེ་གཅིག་གི་བྱ་བ་གཅིག་གི་ལད་མོ་བྱས་པ་བཤར་རྐྱང་ཡིན་དུས་རང་རྐྱ་ཕེར་ཐུབ་པ་སུ་ཡང་མེད། ལད་མོ་ལ་མཁས་བླུན་གྱི་ཟློས་གར་ནི་དེ་བས་ཀྱང་ཤིན་ཏུ་མང་དེས་ན་བོད་མི་རིགས་འདི་ཉིད་ཀྱིས་ཀྱང་ཁྱིམ་འཚེས་རྒྱལ་ཁབ་རྒྱ་དཀར་ནག་བལ་པོ་སོགས་ནས་རང་མི་རིགས་གསོན་གནས་ཐུབ་པ་ལ་ཤེས་ཡོན་ལག་རྩལ་སྲིད་ཇུས་སོགས་མང་པོ་ནང་འདྲེན་བྱས་ཡོད་པ་གཞིར་བཞག་ལ་ནང་ཆོས་ཀྱང་དེའི་ཁྱབ་ཁོངས་སུ་འདུ་བས་རང་མི་རིགས་འདི་དང་འགྲོ་བ་ཀུན་ལ་ཕན་བདེ་སྒྲུབ་པ་ལ་བྱེད་ཐུབ་དང་མི་ཐུབ་སོ་སོ་ལ་རག་ལས་པ་དང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་པ་ཡིན་དུས་མིང་གི་ཐ་སྙད་ལས་ནང་གཞུང་དེ་ཉིད་ཀྱི་སྒྲུབ་བྱ་ནི་འགྲོ་བ་ཀུན་ལ་མེད་དུ་མི་རུང་བ་ཁོ་ན་ལས་ཉེས་པའི་ཆ་རྡུལ་ཟེག་ཙམ་ཡང་མེད་པ་འདི་ཉིད་བོད་གངས་ཅན་པའི་གཅེས་ནོར་ངོ་མ་དེ་འདི་ཉིད་ཡིན་པ་ངེས་པར་དུ་ཤེས་དགོས་པ་ཡིན་དུས་རང་གི་ཕ་མ་ནས་བརྩམས་ཏེ་གཤིས་སྤྱོད་ཆོས་ཀྱི་སྟེང་ནས་སྦྲེལ་ཏེ་སློབ་པ་འདི་ཚོ་མེད་དུ་མི་རུང་བའི་ཕུག་ནོར་ཆེས་དཀོན་པོ་ཞིག་ཡིན་པར་ཤེས་ནས་བདག་པོ་བརྒྱབ་པ་ཞིག་ལས་དཔྱད་བརྟག་བྱེད་མི་ཆོག་པ་ཁ་ཆེའི་ཆོས་ལུགས་བཞིན་ནང་ཆོས་འདི་ལ་ཁྱེད་རང་གཙོས་པའི་གཞོན་སྐྱེས་རྣམས་ཀྱིས་བློར་མ་བབ་པའི་ཚིག་ཚོགས་འདི་ཚོ་དུས་ནམ་ཡང་བཤད་མི་རུང་། ད་དུང་འདོད་པ་མ་གང་ན་ག་ལེར་ཞུས་ཀྱང་ནང་ཆོས་ཀྱི་ཡོན་ཏན་དང་ཕན་འབྲས་བརྗོད་པ་ལ་ཟད་པའི་མཐའ་མེད་པ་ཤེས་པར་གྱིས་ཤིག
རྔ་བ་ཚེ་སྐྱིད་ལགས་ཀྱིས་སྐབས་དོན་དང་འབྲེལ་བའི་ཟུར་ཟའི་དོགས་འདྲི་གནང་བར་ལན་མ་དྲི་ཞིག་འདེབས་རྒྱུར།
༡༽ ཅི་ཞིག་ལ་མི་རིགས་ཀྱི་སློབ་གསོ་གཙང་མ་ཟེར། ང་ཚོ་མིའི་རིགས་ཀྱི་ཁྱིམ་ཆེན་ལས་ནམ་ཡང་ཟུར་འདུག་བྱེད་དགོས་སམ།
༢༽གྲུབ་འབྲས་ནི་ད་ལྟ་བར་གྱི་བོད་མི་རིགས་འདི་ག་འདྲ་ཞིག་ཆགས་ཡོད་པ་དེ་ག་རང་རེད།
༣༽དུས་རབས་ཉེར་གཅིག་པའི་འདབ་གཤོག་གཉིས་ལྡན་གྱི་བོད་མི་མཚན་ཉིད་ཚང་བ་ཞིག་ཆགས་རྒྱུའི་ཆེད་དུའོ།
༤༽ ང་ཚོ་འཚོ་དགོས་དོན་རང་གཞན་གཉིས་ཕན་གྱི་མི་ཚེ་དོན་ལྡན་བདེ་ཞིང་སྐྱིད་པ་ཞིག་གི་ཆེད་དུ་མིན་ནམ།
༥༽ཅི་ཞིག་ལ་རང་རྐྱ་འཕེར་བའི་ལོ་རྒྱུས་གཙང་མ་ཟེར་རམ། ཆོས་དང་འབྲེལ་བའི་ལོ་རྒྱུས་དེ་ལོ་རྒྱུས་བཙོག་པ་ཡིན་ནམ།
༡༽ བོད་མི་རིགས་ལ། མི་རིགས་ཀྱི་སློབ་གསོ་གཙང་མ་ཞིག་ཡོད་དམ་མེད།
༢༽ ནང་ཆོས་ཀྱི་སློབ་གསོས་བོད་མི་རིགས་སྐྱེད་སྲིང་བྱས་པའི་གྲུབ་འབྲས་གང་འདྲ་ཡིན་ནམ།
༣༽ ད་ལྟའི་བཙན་བྱོལ་བོད་གཞུང་གི་ཤེས་ཡོན་སྲིད་བྱུས་འདི་གང་ཞིག་ལ་གཟས་ནས་གཏན་འབེབས་བྱས་ཡོད་དམ།
༤༽ ང་ཚོ་འཚོ་དགོས་དོན་དེ། མི་རིགས་ཤིག་གི་ངོ་བོའི་ཆེད་དུ་རེད་དམ། ནང་ཆོས་རྒྱུད་འཛིན་གྱི་ཆེད་དུ་རེད།
༥༽ བོད་མི་རིགས་ལ་རང་སྐྱ་བའི་ལོ་རྒྱུས་གཙང་མ་ཞིག་ཡོད་དམ། ངེས་པར་དུ། ནང་ཆོས་དང་སྦྲེལ་ནས་ཡོང་དགོས་དོན་འཆད་དགོས་དོན་གང་ཡིན་ནམ།
འདི་ལ་ལྷག་བསམ་བྱ་དགོས་ཕ་མ་དེ་ཚོས་བྱས་པ་དཔེར་དྲངས་ནས་བསྐྱར་དུ་སློབ་མ་རྣམས་ལ་གོ་བསྐོན་ནས་ཉེས་ཆ་དེ་ཚོ་བསྒྲོག་སྦྱང་བྱ་དགོས། ཉེས་ཆ་ནི་ལེགས་པར་འགྱུར་བའི་དུས་མི་སྲིད་པ་དང་། དེ་ལས་གཡོལ་ན་དེ་ལས་ཕུང་ཚབ་ཆེ་བ་མེད་པས་ངེས་པར་དུ་དེ་གི་བརྒྱུད་ནས་སློབ་མ་རྣམས་ལ་སློབ་གསོ་བསྐྱང་དགོས དཔེར་ན་ནང་ཆོས་ཀྱི་ནང་དུ་སེམས་ཁོ་རང་གི་སྟེང་ནས་བྱུང་བའི་རྣམ་རྟོག་དེ་དག་སེམས་ཁོ་རང་གི་སྟེང་ནས་མེད་པ་བཟོ་དགོས་པ་བཞིན།
སློབ་མ་ཁོ་རང་ཚོའི་སྟེང་ནས་ཉེས་ལས་བྱུང་བ་དེ་དག སློབ་ཕྲུག་ཁོ་རང་ཚོའི་མདུན་དུ་དཔེར་དྲང་ནས་ཉེས་ལས་གཙང་སེལ་བྱེད་དགོས་པ་ལས་སྒྱིད་ལུག་ནམ་ཡང་བྱེད་རྒྱུ་མེད། བྱེད་སྟང་མ་ཤེས་པའི་ཕ་མ་དེ་ཚོས།
རྒན་ལགས་དམ་པ་ཁོང་གི་གནས་ཚུལ་རྒྱུད་ནས་ཉེས་འགལ་དེ་དག་རང་གི་བུ་ཕྲུག་ལ་དུས་ནམ་ཡང་བྱེད་རྒྱུ་མེད་པའི་གོ་བ་དང་ཆ་ཤེས་ལེན་དགོས།
ཁྱིམ་གྱི་སློབ་གསོའི་ཐད་འགན་མང་ཆེ་བ་ཕ་མ་་ཚོས་འཁུར་དགོས་ཤིང་དེ་ལྟར་མ་ཁུར་བའི་གནས་སྟངས་བྱུང་སྐབས་རྒན་ལགས་ཚོར་ཐུགས་ཕམ་ཡོང་བ་སྨོས་མེད་ཀྱང་འདེ་ལ་བྱ་ཐབས་ཆེར་མེད་ངེས་པས། རྒན་ལགས་སེམས་ཤུགས་མ་ཆགས་པའི་ཐོག་ནས་མུ་མཐུད་དེ་སློབ་གྲྭའི་སློབ་གསོའི་ཐོག་འབད་བརྩོན་གནང་རོགས་གནང།
དོན་བཟང་ལ་བདུད་ཀྱིས་བར་ཆད་མང་ཟེར་བ་དེ་ཡིད་ལ་བཟུང་ནས་སེམས་ཤུགས་མ་ཆགས།
དགེ་རྒན་ནི་རླབས་ཆེན་གྱི་མི་སྣ་དང། མི་རིགས་དང་སྤྱི་ཚོགས་ཀྱི་དེད་དཔོན་ཡིན་སྟབས། བློ་རྒྱ་ཆེར་སྐྱེད་ཀྱི་སེམས་ཤུགས་མ་ཆགས་པར་ཤུ་རེ་བྱོས། གོང་གི་གསར་འགྱུར་དུ་ཤེས་རིག་བཀའ་ཟུར་གྱིས་ཀྱང་ཁྱིམ་ཚང་སློབ་གསོའི་འཐུས་ཤོར་འགྲོ་གི་ཡོད་པ་དང། དེ་ལ་གཟབ་ནན་བྱེད་དགོས་པ་གསུངས་འདུག་པ་དང། སྐུ་ཉིད་ཀྱིས་ཀྱང་དེ་བཞིན་རྣག་ཐོག་གཙགས་ཁབ་ཀྱི་དཔེ་བཞིན་ཞན་ཆ་ཞིག་ཐེར་འདོན་བྱས་འདུག་སྟབས། ཁྱི་རྒྱགས་སྐར་མ་ལ་ཟུག་པ་ལྟ་བུ་གླེང་རྙོག་བཟོ་བ་རྣམས་དང་མི་འདྲ་བར་མི་རིགས་ཤིག་དང་སྤྱི་ཚོགས་ཤིག་ལ་འགན་ཁུར་བའི་སྐད་ཆ་ཞིག་བཤད་འདུག་པས་རྗེས་སུ་ཡི་རང་ཡོད། ཕ་མ་དེ་དག་ནི་གཅེས་མ་ཤེས་བུ་ཕྲུག་གཅེས་ལང་དུ་བཏང་ནས། བསམ་མ་ཤེས་བུ་ཕྲུག་བསམ་གནག་བྱས་པའི་དཔེ་ལྟར་རྗེས་མ་བུ་ཕྲུག་གི་ཕ་མའི་ནག་ཉེས་མཐོང་ངེས་པས། མུ་མཐུད་དུ་བྱེ་མ་གསེབ་ནས་གསེར་སྒྲུག་པའི་དཔེ་ལྟར་འབད་བརྩོན་རྒྱུན་འཁྱོངས་བྱེད་པར་བསྐུལ་ལོ། །
གཟབ་ནན་བྱ་དགོས་པ་ཞིག་ལ་ཁྱེད་ཀྱིས་དཔེ་མཚོན་ཁྱིམ་ཚང་གཅིག་བཀོད་པ་དེ་ཙམ་རང་ཡིན་ན་སྐྱོན་མེད། ཨ་མ་ཚང་མར་ངན་ཁག་དཀྲི་མི་ཉན། གལ་ཏེ་ཟུར་ཁྲིད་གནང་བར་ཕ མ་མང་ཆེ་བས་དགའ་བསུ་དང་སློབ་མ་མང་ཆེ་བ་དགའ་མོས་འབྱུང་གིན་ཡོད་ན་དེས་ཆོག བརྒྱ་ཆའི་བརྒྱ་ཡི་ཚད་གཞི་ཞིག་བྱ་བ་གང་ལ་ཡང་ཡོང་ས་མེད།
སྤྱིར་ན་ཁྱིམ་གྱི་སློབ་གསོའི་ནུས་པ་ཧ་ཅང་ཞན་ལ། སློབ་གྲྭའི་སློབ་གསོ་ཡང་འཐུས་ཚང་ཞིག་གཏན་ནས་མིན། ཤེས་ཡོན་སྲིད་བྱུས་གསར་བའི་ཚད་གཞི་ཡང་ཧ་ཅང་མཐོ། འདི་དག་གི་བར་ན་སེམས་ཤུགས་དང་གོ་རྟོགས་ཅན་གྱི་དགེ་རྒན་ཁྱེད་ཅག་ལྟ་བུ་ཧ་ཅང་ཉུང། ཡིན་ཡང་སེམས་ཤུགས་ཆེར་བསྐྱེད་ཀྱིས་སློབ་མ་བཅུ་ལས་ཡག་པོ་གཅིག་ཐོན་ཐུབ་ན་ཡག་ཐག་ཆོད་ཡོད།