མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉེན་བརྡ། – བློ་བཟང་སྦྱིན་པ།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།

༄༅། ། རྒྱ་ནག་དམར་པོའི་སྲིད་གཞུང་གིས་ཕྱི་ལོ་ ༢༠༡༠ ལོའི་ཀྲུང་གོའི་བོད་རིག་པའི་དུས་དེབ་འདོན་ཐེངས་གཉིས་པ་ཉེ་དུས་ལག་སོན་བྱུང་བའི་ནང་ “དུས་སྐབས་གསར་པའི་བོད་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཐད་ལ་བསམ་གཞིགས་”  ཞེས་པའི་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཤོག་གྲངས་ ༨ ཡོད་པའི་ནང་དུ་  “ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ནི་ཆོས་ལུགས་ཀྱི་མི་སྣ་དང་།  ཆབ་སྲིད་མི་སྣ་མཉམ་བསྲེས་ཀྱི་རྙོག་འཛིང་གི་གཅིག་འདུས་ཕུང་པོ་ཞིག་ཡིན་པ་དང་”  “ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་སྤྱི་ཚོགས་ཀྱི་རྨང་གཞི་ཇེ་ཞན་དུ་གཏོང་དགོས་པ་”  “ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས་”  “ཏཱ་ལའི་ཉེ་འཁོར་དུ་བསྡད་ཡོད་པ་ཚུད་པའི་བར་གནས་ཀྱི་ལངས་ཕྱོགས་འཛིན་མཁན་གྱི་བོད་རིགས་སྤུན་ཟླ་ལ།  གལ་སྲིད་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་མིན་ཚེ།  ང་ཚོས་ཧུར་བརྩོན་གྱིས་ཚུར་འགུག་གི་བྱ་བ་སྒྲུབ་དགོས་པ་”  “ཏཱ་ལའི་ཡི་མཁྲེགས་བཟུང་ཁ་བྲལ་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་མཁན་བོད་རིགས་སྤུན་ཟླ་ལ་།  དུས་ཐོག་ཏུ་རྗེས་འདེད་བྱས་ཏེ།  ཁོང་ཚོའི་འགུལ་ཕྱོགས་རྒྱུས་ལེན་བྱེད་དགོས་པ་དང་།  གོ་སྐབས་འཚམས་དུས་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་དགོས་”  “ཕྱི་སྡོད་བོད་རིགས་སྤུན་ཟླ་མེས་རྒྱལ་ལ་སེམས་ཕྱོགས་པ་འགུག་ཐབས་བྱེད་དགོས་པ་”  “དུས་རབས་ ༢༠ ལོ་རབས་ ༨༠ ནས་བཟུང་རྒྱལ་ཁབ་ནས་ཕྱིར་སོང་སྟེ་ཕྱི་རྒྱལ་དུ་གནས་སྡོད་བྱས་ཡོད་པའི་བོད་རིགས་སྤུན་ཟླའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་དང་།  ཁོང་ཚོ་དང་འབྲེལ་བ་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་”  “ཕྱི་སྡོད་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་།  གྲོགས་པོ་གསར་པ་གཏིང་ཟབ་དང་།  གང་མང་འགྲིགས་དགོས་པ་”  “ཐོག་མཐའ་བར་གསུམ་དུ་དབྱེ་བ་ཡོད་པའི་སྤྱོད་ཚུལ་འཛིན་པ་དང་།  འགལ་ཟླ་བེད་སྤྱོད་བྱེད་པ།  ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་དེ་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་གྱི་རིམ་པ་ཁག་གི་ནང་ཁྱབ་དགོས་”  སོགས་མངོན་གསུམ་འཛེམས་མེད་དུ་ང་ཚོའི་སྤྱི་ཚོགས་རྩ་འཐོར་འགྲོ་གཞིའི་བྱེད་སྒོ་བཀོད་ཐོན་བྱུང་འདུག་པ་འདི་ལ་དགོངས་པ་ཟབ་བཞེས་གནང་དང་།

            སྤྱིར་བཏང་འཛམ་གླིང་འདིའི་སྟེང་རྒྱ་ནག་རྒྱུས་ཡོད་ཆེ་ཤོས་བོད་མི་རེད།  སྔར་ཆོས་རྒྱལ་ཚོའི་སྐུ་དུས་ནས་བཟུང་ལོ་བརྒྱ་ཕྲག་མང་པོའི་རིང་ཁྱིམ་མཚེས་རྒྱ་ནག་གི་གཞུང་རིམ་པ་དང་སྔ་རྗེས་སུ་དམག་འཁྲུག་མང་པོ་བྱུང་སྟེ་རྒྱལ་ཕམ་སྣ་ཚོགས་བྱུང་ཡོད།  ལྷག་དོན་དུ་རྒྱ་དམར་གུང་ཁྲན་རྒྱུས་མངའ་ཆེ་ཤོས་ད་ལྟའི་བོད་ཀྱི་མི་ཐོག་འདི་ཡིན།  རྒྱ་དམར་གུང་ཕྲན་གྱིས་བོད་མི་བསད་བཟུང་བཙོན་འཇུག་དང་།  རྡུང་རྡེག་མནར་གཅོད་བཏང་བ།  འཕྲོག་བཅོམ་བསྲེག་གཏོར་བྱས་པའི་གནས་ཚུལ་དེ་འདྲ་ནི་སྔར་སྲིད་པ་ཆགས་པ་ནས་བཟུང་སའི་གོ་ལ་འདི་ཐོག་བྱུང་མྱོང་མེད་པའི་གནས་ཤིག་ཡིན་།

            རང་ཅག་བོད་མི་བཙན་བྱོལ་བ་རྣམས་ལ་རང་དབང་ཡོད་ཀྱང་།  གནས་ས་གཞན་ཡུལ་རེད།  གཞིས་ལུས་བོད་མི་རྣམས་རང་ཡུལ་དུ་གནས་ཡོད་རུང་།  རང་དབང་གཞན་ལག་ཏུ་ཤོར་ཡོད།  གཞན་ཡུལ་ཇི་ལྟར་སྐྱིད་ཀྱང་རང་ཡུལ་མིན།  མིང་ལ་བོད་མི་སྐྱབས་བཅོལ་བའམ།  བཙན་བྱོལ་བ་ཞེས་ཐོགས་པ་འདི་ཆབ་སྲིད་ཀྱི་བཙན་བྱོལ་བ་ཡིན་པས།  རང་མི་རིགས་ལ་བརྩེ་ཞེན་དང་།  རང་ཡུལ་ལ་ཤ་ཚ།  བོད་སྤྱི་དོན་ལ་ལྷག་བསམ་དང་།  སེམས་འཁུར་ཡོད་དགོས།  དེ་ལྟར་མེད་ན།  བཙན་བྱོལ་དུ་ཡོང་བའི་མི་གོ་མ་ཆོད་པ་རེད།

            རང་ཅག་བོད་རིགས་རྣམས་དཀའ་སྡུག་ལ་བཟོད་བསྲན་དང་རྒྱུད་དྲང་པོ།  དགོས་སར་དཔའ་ངར་ཆེ་བ།  ཛ་དྲག་གི་གནས་ཚུལ་བྱུང་སྐབས་རྡོག་བསྒྲིལ་པོ་དང་།  དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་བཅས་ཀྱི་མི་རིགས་ཤིག་ཡིན།  ཡང་ཞན་ཆ་ནི།  རྗེས་ཡོང་སྔོན་དྲན་གྱི་གྲ་སྒྲིག་མི་བྱེད་པར་དལ་དལ་ལྷོད་ལྷོད་དང་།  སྣང་བ་སྐྱིད་པོ།  སྤྱི་དོན་ཞོར་ལས་དང་།  རང་དོན་གཙིགས་ཆེར་བཟུང་བ།  སྐྱབས་བཅོལ་བའི་གནས་སྟངས་ངོས་མ་ཟིན་པར།  རང་ཡུལ་རང་ལག་ཏུ་ཡོད་འདྲའི་སྣང་བ་དག་ནས་ཁ་ནས་གང་ཐོན་ཤོད་པ་དང་རྒྱས་སྤྲོས་བྱེད་པ་དེ་རིགས་ནི་སྐྱོན་ཆ་ཆེན་པོ་ཡིན།

            སྐབས་འདིར་རང་རིགས་རྒན་གྲས་རྣམས་ལ་དྲན་གསོ་ཞུ་བ་དང་སྦྲགས་གཞོན་པ་རྣམས་ལ་ངོ་སྤྲོད་ཞུ་དགོས་པ་ཞིག་ལ།  དེ་སྔ་རྒྱ་གར་དབྱིན་གཞུང་གིས་བོད་དབུས་ཁུལ་བཙན་འཛུལ་རྗེས་དབྱིན་བོད་གཞུང་གཉིས་དབར་བཀའ་གྲོས་གནང་བ་གཞི་བཟུང་དབྱིན་ཇིས་བོད་མིའི་ཐོག་གཏོར་བཅོམ་བྱས་པའི་གུན་གསབ་ཡག་པོ་སྤྲད་ཙང་།  ལྷ་སའི་སྨོན་ལམ་གྱི་ཆུ་ལེན་མཁན་གྱི་བུ་མོ་ཚོས་ཟུར་ཟའི་ཚུལ་དུ།  དང་པོ་བསྟན་དགྲ་ཟེར་གྱིས།  གཉིས་ལ་ཕྱི་གླིང་ཟེར་གྱིས།  རྒྱ་གར་སྒོར་མོ་སྤྲོད་དུས།  སྐུ་ཞབས་ས་ཧིབ་ཟེར་གྱིས།  ཞེས་དང་པོ་བསྟན་དགྲ་ཟེར་ས་དེས་སྤྲད་པའི་དངུལ་ལག་པར་རག་དུས་དགྲ་ཟླའི་འདུ་ཤེས་ཡལ་ཏེ་དགའ་པོའི་རྣམ་འགྱུར་གྱིས་ ‘ས་ཧིབ་’ (སྐོུ་)  ཞེས་དངུལ་དངོས་ཀྱིས་བསམ་བློ་ཁ་ལོ་བསྒྱུར་བ་འདི་མགོ་སླ་བའི་སྐྱོན་ཆ་ཡིན།

            དེ་བཞིན་རྒྱ་དམར་གྱིས་ཐོག་མར་བོད་སྨད་ཕྱོགས་ནས་བཙན་འཛུལ་བྱེད་སྐབས་དཔལ་འབྱོར་བསླུ་བྲིད་ཀྱི་སྲིད་བྱུས་ངན་པ་ཞིག་ལག་ལེན་བསྟར་ཏེ་ཉོ་ཚོང་དྲང་བཞག་བྱེད་ཁུལ་དང་།  རྟ་ཁལ་འུ་ལག་སོགས་ལ་གླ་བརྔན་ཕངས་མེད་སྤྲད་སྟབས།  རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད།  དངུལ་དཱ་ཡན་ཆར་པ་འབབ་འབབ་རེད།  ཅེས་པའི་གནས་ཚུལ་བྱུང་ཡོད།  རྗེས་སུ་ང་ཚོ་མཐོ་དམན་སེར་སྐྱ་དྲག་ཞན་མེད་པ་གོས་ལུས་ལ་གང་འབྱར་དང་།  ཁ་ཕོར་ཙམ་ཡང་འཁྱེར་རྒྱུ་མ་རག་པ།  སྒོ་རྒྱབ་ཕྱག་མ་ཡན་བཙན་འཕྲོག་བྱས་ཡོད་པ་མཁྱེན་གསལ་ཡིན།  དེ་ལྟར་ཕར་ཕྱོགས་ཀྱི་སྔ་ཕྱིའི་ལས་སྟངས་ལ་གཞིགས་ཏེ་སྒེར་རྒྱགས་ན།  སྤྱི་ལྟོགས་པར་ལུས་ཀྱང་ཇི་མི་ཉམ་པའི་རྗེས་ལུས་ཀྱི་བསམ་སྤྱོད་དེ་ཡོངས་སུ་དོར་ནས།  སྐེད་རག་བསྡམས་སྐྱོར་རྒྱག་དགོས་པའི་དུས་ལ་སླེབས་འདུག།

            མའོ་ཙེ་ཏུང་གིས།  དགྲ་ལ་ཡང་།  དགྲ་ངོ་མ་དང་དགྲ་ཕལ་པ་གཉིས་ལ་དབྱེ་བ་ཕྱེ་དགོས།  ཁ་གཏད་ཀྱི་དགྲ་བོ་ནང་ཁུལ་ལའང་འགལ་ཟླ་བཟོས་པའི་རྗེས།  གནས་སྐབས་ཕྱོགས་གཅིག་གི་རྒྱབ་རྩ་ལངས་ཏེ་བེད་སྤྱོད་གང་ཐུབ་བྱས་ཏེ་ཁེ་བཟང་ཟ་གང་ཐུབ་ཟ་དགོས་ཞེས་བཤད་པ་ལྟར།  སྔ་ས་ནས་བོད་ས་ཟ་སེམས་ཀྱི་དམིགས་ཡུལ་བཟུང་སྟེ་བྱེད་ཕྱོགས་འཆར་གཞི་བང་སྒྲིག་པའི་སྐབས།  ཐོག་མར་ང་ཚོ་བོད་མི་ནང་ཁུལ་ཁ་བྲལ་དུམ་བུར་བགོས་ཏེ་ཤོག་ཁག་བཟོ་རྒྱུར་འབད་བརྩོན་བྱས་ཡོད།  དཔེར་ན།  གཞུང་ཞབས་ཁག་ཅིག་ལ་གྲོགས་པོའི་མིང་བཏགས་ཏེ་བསླུ་བྲིད་བྱེད་པ་དང་།  ཁག་ཅིག་ལ་དགྲ་བོའི་མིང་བཏགས་ཏེ་གཞུང་ཞབས་ནང་ཁུལ་འགལ་བ་བཟོས་པ་དང་།  ྋརྒྱལ་མཆོག་སྐུ་གོང་མའི་སྐུ་དུས་ནས་བཟུང་།  ྋརྒྱལ་བ་དང་པཎ་ཆེན་དབར་འགལ་བ་བཟོས་རྗེས།  བོད་གཞུང་དང་བཀྲིས་ལྷུན་པོའི་བླ་བྲང་དབར་རང་བཞིན་ནང་འགལ་བྱུང་བ་དང་།  དེས་རྐྱེན་པས་དབུས་དང་གཙང་གི་མི་དམངས་དབར་དབྱེན་སྦྱོར་དཀྲུགས་ཤིང་བསླང་པ་དང་།  གྲོང་དྲག་གི་བུ་ཕྲུག་བསམ་མེད་ཆབ་སྲིད་ཀྱི་རྨོང་གཉིད་མ་སད་པ་ཇི་སྙེད་བསྡུ་བསྐོངས་ཀྱིས་ཁོང་ཚོར་ཡར་ཐོན་གཞོན་ནུ་ཞེས་པའི་མིང་བཏགས།  དཔོན་དང་དཔོན་དབར་འགལ་བ་བཟོས་ཏེ་འཁྲུག་རྩོད་བསླངས།  ཞིང་འབྲོག་མང་ཚོགས་ལ་རྒྱ་མི་བོད་དུ་ཡོང་དོན་ནི།  བོད་མི་མང་ལ་བདེ་སྐྱིད་ཀྱི་འཚོ་བ་འཐོབ་པའི་ཞབས་ཕྱིར་བཅར་བ་ཡིན།  རིམ་པས་བོད་མི་ཚོ་རང་འགོ་ཐོན་ན།  ང་ཚོ་སྡོད་རོགས་ཟེར་ཡང་སྡོད་ཀྱི་མ་རེད།  ཅེས་བཤད་དེ་དོན་དུ་གཞུང་དང་འབངས་དབར་དང་།  བླ་མ་དང་སློབ་མའི་དབར།  ཆོལ་ཁ་དང་ལུང་ཚན་དབར།  ཆོས་བརྒྱུད་གྲུབ་མཐའ་ནང་ཕན་ཚུན་བཅས་པ་ནང་འགལ་བཟོས་ཏེ་བོད་སྤྱིའི་ནུས་པ་ཁ་བྲལ་དུམ་བུར་བཏང་རྐྱེན་ད་ལྟའི་གནས་སྟངས་འདི་བྱུང་བ་རེད།  ང་ཚོ་ནང་ཁུལ་འདོད་ཕྱོགས་དགག་བཞག་བྱེད་པ་ལ་ནམ་ལངས་པ་ལྟ་བུ་དང་།  རྒྱ་དམར་ལ་ཐུག་དུས་ས་རུབ་པ་ལྟར་གྱུར་པ་དེ་ཚོ་ངོ་ཚ་པོ་དང་བློ་ཕམ་པོ་རེད།  ད་དུང་ཡང་ཕ་རོལ་པོ་སྣང་མེད་དུ་བཞག་ནས།  ནང་ཁུལ་གྱི་གནས་རྙོག་ཐོག་ཧ་ལས་མདོག་གིས་མགོ་བོ་འཐོམ་དྲགས་ན་ཐ་མ་གྱོང་རག་རྒྱུ་ལས་མེད།

            ང་ཚོས་དགོངས་པ་ཟབ་བཞེས་དགོས་པ་ཞིག་ལ།  རྒྱ་ཕྱོགས་ནས་བོད་སྤྱི་དོན་ཐོག་ལྷག་བསམ་དང་སེམས་ཤུགས་ཡོད་ལ།  ཁ་བཤད་རྐྱང་པ་མ་ཡིན་པར་ལག་ལེན་ཐོག་བོད་སྤྱི་དོན་ལ་དོ་སྣང་དང་སེམས་ཁུར་ཡོད་མཁན།  གཞི་རྩའི་ལངས་ཕྱོགས་བརྟན་པོ།  དྲང་བདེན་གཞུང་སེམས་དག་པོ་ཡོད་པ་དེ་འདྲར།  ཕ་རོལ་པོས་གསོ་སྐྱོང་བྱས་པའི་རྒྱུགས་ཁྱི་དེ་འདྲས་གཟུགས་མེད་གྲིབ་བཟོ་དང་།  མ་ཉེས་ཁ་གཡོགས་བཟོ་རྒྱུ་དེ་རིགས་ལ་ཚང་མས་བརྟག་དཔྱད་དྭོགས་ཟོན་མ་བྱས་པར།  གསེར་ལ་རག་གན་ཡིན་ཤག་དང་།  ངོ་མ་ལ་ངོ་འདྲ་ཡིན་ཤག་རྩིས་པ་དེ་དག་ནི་ཕ་རོལ་པོའི་བསམ་དོན་སྒྲུབ་པར་དཔུང་རོགས་རྒྱབ་སྐྱོར་གྱི་ཚུལ་དུ་བྱུང་བ་རེད།  དེ་ལྟར་ང་ཚོར་སྣ་ཟུར་ཐེབས་རྒྱུ་ཡོད་ན།  ད་ཚོད་ཐེབས་དགོས་ཚད་ཡིན།

            བོད་མིའི་བསམ་ཕྱོགས་གཅིག་གྱུར་གྱི་ནུས་པ་འཐོར་ན།  ང་ཚོའི་སྤྱི་ཚོགས་ནང་ལག་རྩེད་ཅི་དགར་བྱེད་པའི་གོ་སྐབས་སུ་དམིགས་ཏེ།  ཕྱི་ལོ་ ༡༩༩༣ ལོའི་ཕྱི་ཟླ་ལྔ་པའི་ནང་ཟི་ཁྲོན་དུ་མྱོང་རྒྱུས་ཡོད་པའི་མི་སྣ་ཆེད་བསྐོང་གིས་གསང་བའི་ཚོགས་འདུ་ཞིག་གི་ནང་།  བོད་མིའི་འཐབ་རྩོད་འདི་ལ་སྲིད་བྱུས་གཉིས་ཀྱི་ཐོག་ནས་འགོག་གནོན་བྱ་དགོས་པ་དང་།  དེ་ཡང་བོད་ནང་རྒྱ་མི་སྔར་བས་མང་དུ་གནས་སྤོས་བྱས་ཏེ་མི་འབོར་གྱི་ཐོག་ནས་བོད་མིའི་སྒེར་ལངས་མེད་པ་བཟོ་ཐབས་དང་།  ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་ནང་འཛུལ་ཞུགས་ཀྱིས་ཐེ་བྱུས་བྱེད་རྒྱུ་དང་།  བོད་མིའི་ལས་འགུལ་ཁ་བྲལ་གཏོང་རྒྱུ་སོགས་གཏན་འབེབས་བྱས་ཡོད།  རྒྱ་མཚོ་བཏུང་ནས་མི་ངོམས།  རི་བོ་ཟོས་ནས་མི་འགྲང་པའི་རྒྱ་དམར་གཞུང་གིས་བོད་དོན་ནུས་མེད་རང་ཤི་འགྲོ་ཐབས་ཀྱི་ངན་སེམས་བཅང་པ་ཞིག་ཡིན་པ་གསལ་པོ་རེད།  ང་ཚོའི་སྤྱི་ཚོགས་ནང་ཕ་རོལ་པོའི་དམིགས་ཡུལ་སྒྲུབ་མཁན་དེ་རྣ་ལེབ་ལེབ་དང་།  གཟུགས་བགྲད་བགྲད།  ཤ་མདོག་དཀར་པོ།  ཁ་ནས་རྒྱ་སྐད་རྒྱབ།  ལུས་ལ་རྒྱ་ཆས་གྱོན་པ་དེ་འདྲ་ཕལ་ཆེར་ཡོང་གི་མ་རེད།  བྱ་མ་འདྲོགས་སྒོ་ང་ལེན་ཐབས་ཀྱི་དཔེ་བཞིན་བོད་རིགས་ཀླད་མེད་ཐ་ཤལ་དེ་འདྲ་བེད་སྤྱོད་ཀྱིས་ཤ་ཚ་མདོག་དང་།  སྙིང་ཉེ་མདོག་བྱས་ཏེ་མིག་ལ་བུ་རམ་བསྟན་ནས་ཁ་ལ་ལ་ཆ་སྟེར་མཁན་དེ་འདྲ་ཡོང་རྒྱུ་ངེས་པ་རེད།  དཔེ་མཚོན་ཞིག་ཞུས་ན།  རྒྱ་དམར་གྱིས་བོད་ཀྱི་བདོ་སྟོད་སྨད་ཀྱི་ས་ཁུལ་ཁག་ལ་བཙན་འཛུལ་ཐོག་མར་བྱས་པའི་སྐབས་མདོ་སྤྱི་ལྷ་ཀླུ་རེད།  ལྷ་ཀླུས་ང་རང་ཚོའི་གནས་སྟངས་ལ་གཞིགས་པའི་རྒྱ་དམར་ལ་ཕར་རྒོལ་གྱི་གདོང་ལེན་གང་ཐུབ་གནང་ཡོད་ལ།  མུ་མཐུད་ཕོ་ཟད་མོ་ལ་མ་ཐུག་གི་བར་གང་ཐུབ་ཀྱི་ཁ་གཏད་བྱེད་རྒྱུའི་ནང་དོན་འཆར་གཞི་སྒྲིག་ཡོད་ཚད་འདུག།  དེས་རྐྱེན་པས་སྐབས་དེར་རྒྱ་ཕྱོགས་ནས་མཐོ་རིམ་མི་སྣའི་ཁོངས་ནས་ཁོང་ལ་རང་བཞིན་དོ་སྣང་བྱེད་ཡུལ་ཞིག་ཆགས་པར་བརྟེན།  བཀའ་ཤག་ནང་ཁུལ་གྱི་གནས་ཚུལ་ལྷ་ཀླུའི་བརྒྱུད་ནས་ཤེས་རྟོགས་ཡོང་གི་ཡོད་མདོག་གི་གནས་ཚུལ་མངོན་ཆུང་སྤྱི་ཚོགས་ནང་བསྐྲམས་པའི་རྐྱེན་གྱིས་རང་ཕྱོགས་ནས་རང་བཞིན་ཁོང་ལ་དྭོགས་གཞིའི་རྣམ་པས་མཐོང་ཕྱོགས་བྱ་ཡུལ་ཞིག་ཏུ་གྱུར་འདུག།  འོན་ཀྱང་བོད་ཤོར་བའི་རྗེས་ལྷ་ཀླུས་རྐང་རྗེས་ལག་བསུབ་ཞབས་འདྲེན་ཞུས་གནས་ཀྱང་གོ་རྒྱུ་འདུག།

            དེ་བཞིན་ཕ་རོལ་པོའི་ཕྱོགས་ནས་ང་ཚོའི་ལས་འཆར་དང་གོང་བུའི་ནུས་པ་གཅོག་ཐབས་སུ་ཐབས་ཤེས་གང་ཡང་བྱེད་སྲིད་པ་རེད།  དཔེར་ན།  དེ་སྔ་བོད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླང་དམག་གིས་རྒྱ་དམར་ལ་རྒོལ་འཛིངས་ཀྱི་ནུས་པ་རྒྱས་པའི་སྐབས།  དེའི་ནུས་པ་གཅོག་པ་དང་ཆབས་གཅིག་མིང་ཆད་བཟོ་ཐབས་སུ་དམིགས་ཏེ་བོད་མི་རིགས་ཀྱི་རྐང་འདྲེན་པ་དེ་འདྲའི་མཉམ་དུ་རྒྱ་དམག་ལ་བོད་ཆས་གཡོགས་ཏེ་དང་དམག་ཏུ་བརྫུས་ནས་གྲོང་གསེབ་ཁག་འགར་བརྡབས་བསིགས་བཏང་སྟེ་ནང་ཁུལ་ནས་མཐོང་ཕྱོགས་བཟོས་པ་དུས་དེང་སང་ཡང་རེ་ཟུང་གིས་ལུང་འདྲེན་གྱིས་འགོ་མ་ཚོད་གླེང་རྒྱུ་ཡོད་པ་དེ་རེད།  དེ་ལྟར་མིག་གི་མདུན་དུ་མཐོང་བ་དེ་རང་ཡིན་པ་ངེས་པ་མེད།  ཡོལ་བའི་རྒྱབ་ལ་བཀོད་བྱུས་བྱེད་མཁན་སུ་ཡོད་བརྟག་དགོས།

            ཡོང་རྒྱུ་བསྡད་པ་མ་འོངས་པའི་གནས་ཚུལ་ཞུ་ཚོད་ཁག་ཀྱང་།  ད་ལྟའི་གནས་སྐབས་སུ་རྒྱ་མི་ང་ཚོའི་ཁ་གཏད་རེད།  ང་རང་ཚོས་ང་ཚོའི་སྤྱི་ཚོགས་ནང་རྒྱ་གཞུང་གི་ལས་འགན་སྒྲུབ་མཁན་ཡོད་པ་རང་ངོས་འཛིན་བྱེད་རྒྱུ་རེད།  རྒྱ་གཞུང་གི་ལས་འགན་སྒྲུབ་མཁན་མེད་ཤག་རྩིས་ན་ནོར་བ་རེད།  ང་རྒྱ་གཞུང་གིས་མངགས་གཏོང་བྱས་པ་ཞིག་ཡིན་ཟེར་མཁན་ནམ་ཡང་མི་ཡོང་།  སྐྱ་སེར་རྒན་གཞོན་ཕོ་མོ།  ལས་ཀ་ཡོད་པ་དང་བར་འཁྱམ་ལ་ཡོད་པ་གང་གི་ནང་དུའང་ཕ་རོལ་པོའི་ལས་འགན་སྒྲུབ་མཁན་ཡོང་སྲིད་པ་རེད།  འདི་རིགས་ཀྱིས་ཡར་ལྷ་གྲལ་ལ་ཚོགས།  མར་འདྲེ་གྲལ་ལ་ཚོགས།  ར་ཐུག་དུས་སྨའི།  ལུག་ཐུག་དུས་སྦའི་ཟེར་ནས།  དོན་ངོ་མར་ཐུག་དུས་ལྷ་མདུན་ལ་བཞག་ནས།  ཕྱག་རྒྱབ་ཏུ་འཚལ་ཏེ་ངོ་ལྐོག་རྒྱབ་མདུན་གྱི་བྱ་ལས་བྱེད་ཉེན་ཡོད་པས་རྒྱུན་གཏན་ནས་དོ་སྣང་དང་བརྟག་དཔྱད་ནན་པོ་བྱེད་དགོས། 

            མདོར་དོན།  ཐང་བདེ་པོར་སླེབས་དུས།  གླུ་ཨ་ལ་ཐ་ལ།  འགག་དོག་སར་སླེབས་དུས། བླ་མ་ཨྱོན་པདྨ།  ཟེར་བ་ལྟར་མ་སོང་བར།  སྐྱིད་དུས་སྡུག་བསྔལ་དྲན་ཏེ།  སྡུག་བསྔལ་གི་རྒྱུ་དང༎  དེ་སེལ་བའི་ཐབས་དང་ཆོད་སེམས་བརྟན་པོ་དགོས།  ང་ཚོའི་གནས་སྟངས་དྲག་ཏུ་འགྲོ་ན།  རྒྱ་ཕྱོགས་གཉིས་མི་ཁུག།  རང་ཕྱོགས་ལ་རྒྱབ་སྐྱོར་བྱུང་ན་རྒྱ་ཕྱོགས་ལ་བདེ་བ་མེད་པས།  ཕ་རོལ་པོའི་རྙིའི་ནང་མ་ཚུད་པའི་ཐོག།  སྤྱང་གྲུང་འཛོམས་པོ་དགོས་རྒྱུ་ནི་དུས་བབས་ཀྱི་ཁ་ཏ་ཡིན།།   །།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 16

  1. bodpa says:
    ལོ་ 14 སྔོན།

    སྐོུ་བློ་བཟང་སྦྱིན་པ་ལགས་ནས་གནད་ལ་འཕིག་པའི་ལན་འདེབས་དང་། མ་འོངས་འོ་ཅག་བོད་མི་ཚོས་ཇི་ཞིག་གནང་དགོས་པའི་གདམ་ངག་ཚད་ལྡན་གནང་འདུག་པར་ཐུགས་རྗེ་ཆེ། འོན་ཀྱང་། རྒྱ་དམར་གྱི་སོ་ཉུལ་སྐོར་ཞིག་སྡུག་སྐད་ཤོར་ནས་དོན་གནད་དང་འབྲེལ་བ་རྩ་བ་ཉིད་ནས་མེད་པ་མང་དག་ཅིག་བྲིས་འདུག་པ། སྐོུ་ཁྱེད་སེམས་ཤུགས་མ་ཆགས་པ་གྱིས། དེ་དག་གིས་སྐོུ་ཁྱེད་རང་ལ་ཚིག་སྨད་ཇི་ཙམ་བྱས་པ་དེ་ཙམ་གྱི་སྐོུ་ཁྱེད་རང་གི་རྒྱལ་ཁ་ཡིན།

    Reply
  2. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ད་དངོས་གནས་ང་ཚོ་བོད་མི་ཚོ་ལ་གཅིག་ལྟོས་དང་། ནང་ཁུལ་ལ་སྟག་ངར་ངར་དང་སྡང་དགྲ་བོ་སྟེང་དུ་བྱི་ལ་ལས་འཇམ་པ་འདི་སྔ་ལྟས་ལེགས་པོ་ཞིག་མིན། སྐུ་ངོ་བློ་སྦྱིན་ནི་༸གོང་ས་མཆོག་གི་དྲུང་ཆེ་གཟི་བརྗིད་ལྡན་པ་ཞིག་ཡིན། ནོར་འཁྲུལ་སུ་ལའང་ཡོད་ཆོག་པ་ཞིག་ཡིན་པས་ནོར་འཁྲུལ་མེད་པའི་མི་དཀོན་ནོ། །སྐུ་ངོ་བློ་སྦྱིན་ནས་གཞུང་དངུལ་ག་དུས་ཟས་པ་རེད། ཡིད་ཚིམ་པའི་འགྲེལ་བཤད་བྱ་རྒྱུ་ཡོད་བྱོས་ཤིག། དེ་མིན་ཞལ་ཉུང་ན་ལབ་རྙོག་ཉུང་བ་ཡིན། བོད་རྒྱལ་ལོ། སྤུན་ཟླའི་རྡོག་རྩ་གཅིག་སྒྲིལ་ནམ་ཡང་ཉམས་མ་ཆུག།

    Reply
  3. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    སྐུ་ངོ་ལགས་ཀྱི་ལས་ཅི་བྱས་ལྟ་བ་ལོག་པ་རེད། སེམས་གང་ཤར་གཞུང་རྒྱུ་ལྐོགས་ཟ་རེད། ཁའི་ཅི་བཤད་བོད་དོན་རྫུན་མ་རེད།

    Reply
  4. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ད་དངོས་གནས་བློ་ཕམ་པ་ཞིག་ལ། སྐུ་ངོ་བློ་སྦྱིན་ནས་བོད་ལ་ཕན་པའི་སྐད་ཆ་ལས་སྤྱི་སྒེར་གང་ལའང་གནོད་པའི་ཚིག་གཅིག་ཀྱང་མི་འདུག་ཏེ། ཨ་ལ་ལ་ཅན་སོགས་ནས་སྐྱོན་བརྗོད་དང་དུས་ལས་ཡོལ་བའི་སྐད་ཆ་ཡིན་པ་སོགས་སྨྲས་ནས་ཁ་རྡུང་བཏང་བ་ནི་དངོས་གནས་ང་ཚོ་བོད་པ་ཚང་འདི་ནང་འཁྲུག་མ་རྒྱག་ན་བསྡད་ཤེས་ཀྱིན་མེད་པ་འདྲ། དངོས་གནས་བྱས་ན་སྒེར་དོན་ལ་དགྲ་ཡིན་རུང་སྤྱི་དོན་ལ་ཐུག་དུས་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་གལ་ཆེན་པོ་ལོས་ཡིན། ངའི་ངོས་ནས་སྐུ་ངོ་བློ་སྦྱིན་ལ་འདས་པར་སྐྱོན་ཡོན་གང་བྱུང་ཡོད་ཀྱང་ད་ལྟའི་རྩོམ་ཡིག་འདི་ནི་རྒྱ་གུང་ཁྲན་ལ་གནད་དུ་འཁེལ་བའི་རྣག་ཐོག་བཙག་འཁེལ་བྱུང་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་སྐུ་ངོ་ནས་བོད་ལྗོངས་ཆ་འཕྲིན་ཟེར་བའི་དྲ་རྒྱ་དེ་ཡང་ཡང་གཟིགས་ཏེ་རྒྱ་གུང་ཁྲན་ལ་དགོས་ངེས་ཀྱི་ཡོ་བསྲང་གི་བསམ་འཆར་ཞུ་རོགས།

    Reply
  5. JIGME says:
    ལོ་ 14 སྔོན།

    འོན་ཀྱང་ རྒྱ་མིས་སྲིད་འཇུས་དེ་དངོས་སུ་ལག་ལྟར་བྱས་ནས་ལོ་སུམ་ཅུ་ལྷག་རྩམ་འགྲོ་ཡི་ཡོད་རེད་

    Reply
  6. JIGME says:
    ལོ་ 14 སྔོན།

    སྐུ་ངོ་ཡིས་གསུང་པ་ཡག་པོ་འདུག

    Reply
  7. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    སྐུ་ངོ་སྦྱིན་པ་ལགས། རྒྱ་གུང་ཁྲན་དྲིན་ཆེན་ཕ་མ་རེད། དངུལ་དཱ་ཡན་ཆར་པ་འབབ་འབབ་རེད། ཅེས་པའི་གནས་ཚུལ་བྱུང་ཡོད་པ་དངོས་བདེན་ཡིན་ཀྱང་དེ་མདོ་སྨད་ནས་བྱུང་བ་ཞིག་མིན། སྤྱིར་བཏང་ཡག་པོ་ཞིག་བྲིས་འདིག ཐུགས་རྗེ་ཆེ། བར་ལམ་ནས་དོགས་གཞི་ཅན་གང་མང་བྱུང་བཞིན་ཡོད་པས་ཚང་མས་ཡིད་གཟབ་བྱེད་རྒྱུ་ཧ་ཅང་གི་གལ་ཆེ།

    Reply
  8. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    རྒྱ་མིའི་གཡོ་བྱུས་འདི་ཚོ་བོད་མི་ཚོས་ཤེས་ཀྱི་ཡོད་པ་རེད། གོ་ཡོད་པ་རེད། ཕལ་ཆེར་ཡོངས་གྲགས་རང་རེད། གཙོ་བོ་འདི་ཚོ་ལ་གདོང་ལེན་བྱེད་སྟངས་ཡག་པོ་ཞིག་དགོས། སྐུ་ངོ་ལགས་ནས་འདིར་གཟབ་གཟབ་བྱེད་དགོས་ཚུལ་ཞིག་མ་གཏོགས་ཐབས་ལམ་གཞན་པ་གསུངས་མི་འདུག རྒྱ་མིའི་གཡོ་བྱུས་འདི་ཚོ་ཕམ་པར་རྒྱག་ཐུབ་པའི་ཐབས་ལམ་རེ་གསུང་ཐུབ་ན་ཕན་ཐོགས་ཆེ། མཁས་པ་དང་ཉམས་མྱོང་ཅན་ཚོས་ཐབས་ལམ་རེ་བསྟན་ན་ལེགས།

    Reply
  9. ཨ་ལ་ལ says:
    ལོ་ 14 སྔོན།

    བློ་བཟང་སྦྱིན་པ་ལ་སྤྲིངས་པ།
    ཁ་མཁས་པ་སྡེ་བའི་དཔོན་པོ་དང་། ལག་མཁས་པ་སྡེ་བའི་གཡོག་པོ།ཟེར་བའི་ངན་པ་ལང་ཤོར་གྱི་གཏམ་བརྗོད་དེ་ད་དུང་ཡང་བསྐྱར་འཁྲབ་རྩིས་མ་བྱས་ན་བཟང་། ཁ་སང་དེ་རིང་ལ་གཞི་ནས་བོད་པ་དང་བོད་དོན་ལ་ཤ་ཚ་མདོག་དང་ཁུར་ལེན་མདོག་ཁ་བཔ་དེ་འདྲ་མ་བཤད་རོགས། སྐུ་མཁྱེན་ཟེར། དེ་འདྲ་ཡིན་ན་དབང་དང་ནུས་པ་གོ་སྐབས་ཚང་མ་ཚང་ས་དང་འཛོམས་སའི་གལ་ཆེའི་ཚད་མཐོའི་ལས་ཁུངས་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་། ད་དུང་དེའི་སྤྱི་ཁྱབ་དྲུང་ཆེ་ལོ་དུམ་ནག་དེ་ལ་བྱས་ནས་བསྟན་རན་ཡོད་པ་དང་མགོ་ཀྱག་ཀྱག་བྱས་ནས་ལྟ་ས་དང་འདུག་ས་ཞིག་བོད་དོན་དང་བོད་མི་ཚོ་ལ་བྱས་བཞག་པ་ཞིག་ག་ནས་ཡོད། ད་དུང་སྐུ་མདུན་གྱིས་ཕྱག་གཉིས་མི་ལ་ཐལ་མོ་སྦྱར་ནས་སྐུ་ལས་ཚད་མེད་སྐྱོན་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཁབ་བསགས་ནས་འབིགས་བསྒྲུབས་བཞག་པའི་ཕྱག་དངུལ་དེ་ཚོད་ཅིག་ལ་ཅི་མི་སྙམ་པ་དང་ཚོར་སྣང་ཙམ་ཡང་མེད་པར་རང་ཉིད་ཀྱི་ཁེ་ཕན་ཆེད་མི་ངོ་སྲུང་བ་ནི་ང་ཚོ་བཙན་བྱོལ་བོད་མི་ཙམ་དུ་མ་ཟད་གཞིས་བྱེས་སྤུན་ཟླ་ལའང་གསལ་ཆ་ཡོད་པ་རེད། དེ་བཞིན་དུ་རང་ཉིད་ཀྱི་མི་ཚང་དང་བུ་ཕྲུག་གི་མདུན་ལམ་ཁོ་ན་སྲ་ཐག་ཐག་བཟོས་པ་ཙམ་མིན་པར་བཙན་བྱོལ་དུ་འདུག་མ་བཟོད་པ་དང་འདུག་མ་འདོད་པའི་ཉིན་མོར་རྐུབ་བརྡབ་བརྡབ་བཏང་ནས་འགྲོ་ཆོག་ཆོག་གི་ལམ་ཁ་བཟོས་ཡོད་པ་སུ་ལ་འགྲེལ་བཤད་རྒྱགས་མི་དགོས་པར་གསལ་གསལ་ཐང་ཐང་ཡིན་པ་ཁྱེད་དང་ཁྱེད་ཀྱི་ནང་མིའི་་གནས་བབ་ནས་མི་ཡིན་པ་ཚང་མས་ཤེས་གསལ་ཡིན། ད་དུང་ཁ་བདེ་བོ་འདྲ་བཤད་ནས་གུ་རུ་རིན་པོ་ཆེ་ཡིན་མདོག་མདོག་གིས་མ་འོངས་ལུང་བསྟན་འདྲ་རྒྱག་ཁུལ་བྱས་ནས་དངོས་ནས་དགོད་བྲོ་ཞིང་མི་ལ་ངོ་ཚ་མེད་ན་ཇི་འདྲའི་སྐྱུག་བྲོ་བ་ཞིག་རེད་འདུག་ཨང་།

    Reply
  10. ཤེས་རབ། says:
    ལོ་ 14 སྔོན།

    ད་ཡིན་ན་མཐོ་རིམ་མི་སྣ་ཁྲོད་དུ་རྒྱ་ཤུགས་སླེབས་ན་བཅོས་དཀའ། རྒྱ་ནག་ཏུ་མགྲོན་ཁང་རྒྱགས་པ་ཟ་ཁང་བཟུང་བ། ཕྱི་རྒྱལ་དུ་ཁང་ཆེན་ཉོ་བ་དང་། གཞན་གྱི་མི་སེར་ལ་བསྒྱུར་བ། སོགས་དོར་ཏེ་བཙོན་བྱོལ་འདི་ཉིད་ཚགས་ཚུད་ཡག་པོ་ཡོང་བར་བྱ་དགོས།

    Reply
  11. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    བློ་བཟང་སྦྱིན་པ་ཁྱེད་ཀྱིས་བཤད་པ་ཁ་ཤས་ལ་རྒྱུ་མཚན་འདུག

    ཡིན་ནའང་ཁྱེད་ཀྱིས་༼འོན་ཀྱང་བོད་ཤོར་བའི་རྗེས་ལྷ་ཀླུས་རྐང་རྗེས་ལག་བསུབ་ཞབས་འདྲེན་ཞུས་གནས་ཀྱང་གོ་རྒྱུ་འདུག།༽འདི་འདྲ་བྲིས་འདུག
    གུས་པས་བཀླགས་པའི་དེབ་༼གསང་མི་ཐུབ་པའི་གསང་བ།༽ཞེས་པའི་ནང་ལ་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་དེ་འདྲ་མང་པོ་བྱས་འདུག དགྱ་མིས་འཁྲབ་པའི་བོད་ཀྱི་༼དུས་འགྱུར་༽ཞེས་པའི་ནང་ལའང་ང་ལྷ་ཀླུའི་བྱ་སྤྱོད་ཀྱི་སྐོར་ལ་བསལ་བཤད་བྱས་འདུག ལྷ་ཀླུ་༼ང་བཀའ་ཤག་གིབསྐོ་བཞག་གནང་པའི་ལས་སྣེ་ཞིག་རེད། བཀའ་ཤག་གིས་ང་ལ་གཞི་ཀ་དང་ས་ཞིང་གསོལ་རས་གནང་ཡོད་རེད། བོད་ཀྱི་ཆབ་སྲིད་མར་མེ་སྣུམ་ཟད་ལྟར་ཉེན་ཁའི་དུས་སུ་གྱར་ཡོད་རེད། ངས་བག་ནས་མདུན་དུ་མ་ཕྱིན་ན་འགྲིགས་ཀྱི་མ་རེད། ད་ངས་བཀའ་ཤག་གིས་གནང་བའི་བཀའ་དྲིན་ལ་དྲིན་ལན་འཇལ་བའི་དུས་སླེབས་པ་རེད།༽བརྗོད་དེ་དྲག་ཤུགས་དམག་སྤྱི་ཁང་གི་དམག་དཔོན་བྱས་ཏེ་དགྱ་དམར་ཕར་རྒོལ་ཡོད། ཁྱེད་ཀྱི་གངས་ལྗོངས་ཀུན་གླེང་གི་ལེན་ཚན་ནང་ལ་ལྷ་ཀླུ་ལ་བཅའ་འདྲི་བྱས་པ་ཞིག་ཡོད་རེད་དེ་ཐེངས་གཅིག་ཉོན་དང་། ཁོང་གི་མི་གང་འདྲ་ཡིན་མིན་ཤེས་ཀྱི་རེད། དེ་མིན་འོབ་ཚོད་བྱས་ཏེ་མ་བྲིས་ལེགས་སྙམ། བློ་བཟང་སྦྱིན་པ་ལགས་ཁྱེད་ཀྱི་གོ་ཚད་དྲ་ཐོག་ཏུ་བྲིས་ན་ཡག་པོ་མ་རེད་སྙམ། གུས་པས་ཀྱང་ཁྱེད་སྐུ་སྒེར་ཡིག་ཚང་གི་ཕྱག་ལས་གནང་དུས་དངུལ་ལྐོག་ཟ་བྱས་པའི་སྐོར་གོ་བྱུང་ཡིན་ནའང་གུས་པས་དྲ་ཐོག་ཏུ་བྲི་རྒྱུ་ཕར་བཞག་སྟེ་གུས་པའི་གྲོགས་པོ་ཚོ་ལའང་དེ་སྐོར་ལ་གང་ཡང་བཤད་ཀྱི་མེད། ད་རེས་ཁྱེད་ཀྱིས་དེ་འདྲ་བྲིས་ཙང་དེ་ལན་ལྟ་བུའི་ཚུལ་དུ་བྲིས་པ་ཡིན།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བདེན་པ་རེད། རྒྱལ་དགོས་ན་ཆིག་སྒྲིལ་གྱིས། བོད་རིགས་ཚོ།

    Reply
  13. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    བདེན་ནོ་བདེན་ནོ་རྒས་པོ་བློ་དཀར་ཅན།།
    རྒྱ་མིར་བློ་གཏད་བཅོལ་བའི་མཛེ་ནད་དེ།།
    མི་སེར་ཀྱུས་མར་ཕོག་ན་དྲག་ཐབས་ཡོད།།
    མཐོ་རིམ་མི་སྣར་ཕོག་ན་སྲོག་ཉེན་ཡོད།།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྒ་བའི་རི་མོ་བརྒྱུད་པའི་ཉམས་མྱོང་གིས།།
    ཕྱག་སོར་རྩེན་པ་སེམས་པའི་གཟུགས་སུ་གྲུབ།།
    ཆོས་སྲིད་ཆབ་ཀྱིས་གཏམས་པའི་རྒས་པོ་འདིའི།།
    ཁ་ཏ་བསླབ་བྱ་བདག་བློར་ཤིན་ཏུ་འཐད།།

    དགའ་བ་བརྒྱད་ལྡན་གདུགས་དཀར་འདེགས་པ་ཡི།།
    ཀ་ཆེན་ཙན་དན་སྲོག་ལ་བྱས་པའི་མཐུ།།
    གནའ་དེང་གཉིས་ལ་དད་པའི་ཡུལ་དངོས་སུ།།
    བཞེངས་པ་འདི་ཀོ་རྒས་པོས་སྐྱོང་བ་མཚར།།

    Reply
  15. གནས་ཚང་། says:
    ལོ་ 14 སྔོན།

    བློ་སྦྱིན་ལགས་ཀྱིས་ཉེན་བརྡ་སྤྲད་པ་དེ་ཏག་ཏག་རེད། ད་ཡིན་ན་རྒྱ་གཞུང་གིས་བཙན་བྱོལ་མཐོ་རིམ་མི་སྣའི་ཁྲོད་དུ་ལག་པ་བརྐྱངས་ཀྱི་རེད་མ་གཏོགས་གཞན་མང་ཚོགས་ཁྲོད་ཞེ་དྲག་ཡོང་གི་མ་རེད། སྒོས་སུ་བཙན་བྱོལ་ནང་དུ་མང་མོས་བརྩི་བཀུར་མི་བྱེད་པའི་མཐོང་སྣང་གསར་བ་ཞིག་འབྱུང་བཞིན་པ་འདི་དག་མ་འོངས་ལུང་བསྟན་གཞན་ཞིག་ཡིན་སྲིད་པས། རྒྱ་གཞུང་ལ་ཐད་ཀར་འབྲེལ་བ་བྱེད་མཁན་ཚོ་ནས་བཟུང་སྟེ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པར་འདོད།

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྣམ་སྤེལ་ཚང་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ནས་གདམ་ངག་ཚ་ཐིང་ཐིང་ཞིག་གནང་བར་དགའ་བསུ་ཞུ། རེད་ཡ་༼ད་ལྟའི་གནས་སྐབས་སུ་རྒྱ་མི་ང་ཚོའི་ཁ་གཏད་རེད། ང་རང་ཚོས་ང་ཚོའི་སྤྱི་ཚོགས་ནང་རྒྱ་གཞུང་གི་ལས་འགན་སྒྲུབ་མཁན་ཡོད་པ་རང་ངོས་འཛིན་བྱེད་རྒྱུ་རེད། ༽བདེན་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese