མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་གསུམ་ལ་གཟིཊ་ཚུལ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་གྱི་སྐབས་དང་སྟབས་བསྟུན་ཏེ། འདི་གའི་གསར་ཁང་གིས་སྐབས་བཅོ་ལྔ་བའི་སྤྱི་འཐུས་རྣམས་ལ་བཙན་བྱོལ་སྤྱི་ཚོགས་ཀྱི་འདས་པའི་འཐུས་ཤོར་དང་ད་ལྟའི་གནས་སྟངས། མ་འོངས་འཕེལ་རྒྱས་བཅས་ཀྱི་སྐོར་ལ་དགོངས་ཚུལ་བསྡུ་རུབ་བྱས་ཡོད།

ཐེངས་འདིར་དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས་སུ་ཆོལ་ཁ་ཆོས་ལུགས་བར་གྱི་འཐེན་འཁྱེར་དང་རྙོག་གླེང་རིགས་ཀྱི་འབྱུང་ཁུངས་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་མེད་དྲིས་པར་ཁོང་གིས་གསུངས་དོན། དངོས་ཡོད་གནས་སྟངས་ཐོག་ང་ཚོར་ཆོལ་ཁ་ཆོས་ལུགས་ཀྱི་རྩོད་རྙོག་གང་ཡང་མེད་ལ། བོད་རིགས་ནང་ཁུལ་ལ་ཆོལ་ཁའི་འཐེན་འཁྱེར་ཡོང་རྒྱུའི་གཞི་རྩ་ཡང་ཡོད་པ་མ་རེད། བོད་ཆོལ་ཁ་གསུམ་པོ་དེ་གཙོ་བོ་ཕྱིའི་སྣོད་ཀྱི་ཐོག་ནས་མིང་བཏགས་པ་ཞིག་ཆགས་ཡོད་པ་དང་། ཕྱིའི་སྣོད་དེ་ད་ལྟ་རྒྱ་ནག་དམར་པོའི་གཞུང་གིས་བཙན་བཟུང་བྱས་ཡོད། ཆོས་རྒྱུད་ཁག་ལ་ཆ་བཞག་ནའང་སྔོན་དང་བསྡུར་ན། ཕྱོགས་གང་ཅིའི་ཐད་ནས་འབྲེལ་བ་ཡག་ཏུ་ཕྱིན་ཡོད་པ་ལས་སྡུག་ཏུ་ཕྱིན་ཡོད་པ་མ་རེད། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཧྲིལ་པོ་རྒྱ་ལག་ཏུ་ཤོར་རྗེས། ང་ཚོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རྒྱ་མིའི་མནར་གཅོད་དཀའ་སྡུག་མྱངས་མ་དགོས་པར་བཙན་བྱོལ་དུ་འབྱོར་ཐུབ་པ་རེད། སྐབས་དེ་ནས་བཟུང་བོད་པ་ཚང་མས་དུས་ནམ་ཡིན་ཡང་མཉམ་རུབ་ཐོག་༧གོང་ས་མཆོག་གཙོས་པའི་བོད་ཀྱི་བླ་ཆེན་ཚོའི་སྐུ་མདུན་ནས་ཆོས་དང་དབང་ལུང་མན་ངག་སོགས་ཞུ་བཞིན་ཡོད། ཡིན་ནའང་། ཞིབ་ཚགས་ཀྱིས་ཐོག་བལྟས་ཡོང་དུས། ང་ཚོའི་སྤྱི་ཚོགས་ནང་རྙོག་དྲ་ཞིག་མུ་མཐུད་དེ་འབྱུང་གི་འདུག དེ་ནི་གང་ཟག་སྒེར་གྱི་བྱ་སྤྱོད་དང་བསམ་ཚུལ་མཐུན་མིན་གྱི་ཐོག་ནས། ཆོལ་ཁ་ཆོས་ལུགས་ཀྱི་མིང་འཁུར་ཏེ་སྤྱི་ཚོགས་ནང་དཀྲོག་རྐྱེན་བཟོས་པ་ཞིག་རེད། མི་དེ་ཚོས་རང་དོན་ཁོ་ན་བསྒྲུབ་རྒྱུའི་ཆེད་དུ་འདི་ངའི་ཆོས་ལུགས་རེད་དང་། དེ་ང་ཚོའི་ཆོལ་ཁ་རེད་ཟེར་ནས་དོན་མེད་རྙོག་དྲ་བཟོ་བཞིན་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གིས། མི་དེས་ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་དང་། བོད་པ་སྤྱི་ལ་ཕན་ཐོགས་པ་ཞིག་ཡིན་མིན་ལ་མི་བལྟ་བར། མི་དེ་སུ་ཡིན་མིན་དང་རང་གི་དགའ་ཉེ་སྤུན་མཆེད་དང་གྲོགས་པོ་ཡིན་མིན་ལ་ངོས་འཛིན་དང་ཆ་འཇོག་བྱས་ཏེ། ཁོང་མི་ངན་པ་འདུག་ལབ་ཀྱི་ཡོད། ཕྱོགས་ཞེན་གྱི་བསམ་བློ་དེས་མི་ངན་པ་ཞིག་གིས་ལས་ཀ་སྡུག་པོ་ཞིག་བྱས་ཀྱང་ཡག་པོར་བརྩི་བ་དང་། རང་ཉིད་མ་དགའ་སའི་མི་ཞིག་ཡིན་ན། མི་དེས་ཡག་པོ་ཅི་ཙམ་བྱས་ཀྱང་མི་ངན་པ་ཞིག་ཏུ་བརྩི་ཡི་ཡོད་པ་རེད། དེ་ཆོས་ལ་མི་རྟོན་པར་གང་ཟག་ལ་བལྟས་ཏེ་ཕྱིན་པའི་རྐྱེན་གྱིས་རེད། ད་ལྟ་ང་ཚོར་དཀའ་ངལ་འདི་འཕྲད་ཡོང་གི་ཡོད་སྟབས། མི་དེའི་རིགས་ང་ཚོས་ཐེར་འདོན་བྱ་དགོས་ཀྱི་འདུག་ལ། ཕུགས་རྒྱང་རིང་བོར་བསམ་བློ་མི་གཏོང་བར་སྤུན་ཟླ་ནང་ཁུལ་དུ་དཀྲུག་ཤིང་རྒྱག་བཞིན་པ་དེས་མི་རིགས་སྤྱིའི་ཡར་རྒྱས་ལ་གནོད་པ་ཐེབས་སྲིད་ཀྱི་རེད། ཅེས་བརྗོད་བྱུང་།

 

མདོ་སྟོད་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་སུ་སྤྱི་འཐུས་ལྷན་ཚོགས་ནང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་བྱུང་སྟེ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་རེ་ཟུང་བཞག་པའི་ཐོག་དགོངས་ཚུལ་གང་འདྲ་ཡོད་མེད་དྲིས་སྐབས་ཁོང་གིས་བརྗོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ར་བའི་ནང་བོད་སྤྱི་བའི་ལས་དོན་གང་འདྲ་ཞིག་གི་ཐོག་ཏུ་བྱས་ཀྱང་། ཁྲིམས་དང་སྒྲིག་གཞིའི་ཐོག་ཏག་ཏག་ཞིག་འགྲོ་ཐུབ་པར་ཚོགས་གཙོ་དང་ཚོགས་གཞོན་ཀྱིས་འགན་འཁུར་དགོས་ཀྱི་ཡོད། སྤྱི་འཐུས་མི་རེ་ངོ་རེ་ལ་གྲོས་ཚོགས་ཀྱི་ཁྲིམས་དང་སྒྲིག་གཞི་ཡག་པོ་ཞིག་ལག་ལེན་བསྟར་ཐུབ་པ་ཡིན་ན། གྲོས་ཚོགས་ར་བའི་གཞི་རྒྱ་ཆེ་རུ་འགྲོ་ཐུབ་ཀྱི་རེད། ཡིན་ནའང་། འདས་པའི་དུས་སུ་འགན་ཡག་པོ་མ་འཁུར་བ་དང་། ཁག་ཅིག་གིས་ཁྲིམས་དང་སྒྲིག་གཞི་ཡར་འཐེན་མར་འཐེན་བྱེད་ཀྱི་ཡོད་པ་རེད། ཁྲིམས་དང་སྒྲིག་གཞི་དེ་རྒྱུ་རྐྱེན་རེ་ཟུང་དང་མི་སྒེར་བར་དམིགས་ཏེ་བཟོ་བལྟ་བཟོས་པ་ཡིན་ན། མི་མང་པོ་ཞིག་གིས་དེ་འགྲིག་གི་མི་འདུག་བསམ་ནས་དེར་དགག་པ་བརྒྱབ་སྟེ་རྙོག་དྲ་ཡོང་གི་ཡོད་པ་རེད། དོན་དག་ངོ་མ་དེ་ག་རེ་དགོས་ཀྱི་ཡོད་པ་རེད་ཅེ་ན། སྤྱི་འཐུས་མི་རེ་ངོ་རེ་ནས་བོད་མི་མང་སྤྱི་འཐུས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་གཙོས་པའི་ཁྲིམས་དང་སྒྲིག་གཞི་ཡོངས་རྫོགས་གཞི་རྩར་བཞག་སྟེ། ལྷག་བསམ་རྣམ་དག་གི་ཐོག་ནས་བྱས་པ་ཡིན་ན། མ་འོངས་པའི་འཛིན་སྐྱོང་དང་སྒྲིག་འཛུགས་ཚད་དང་ལྡན་པ་ཞིག་ཡོང་གི་རེད་ལ། དེ་སྤྱི་འཐུས་གསར་རྙིང་གཉིས་ཀྱིས་བསྒྲུབ་ཐུབ་པར་བྱ་དགོས་ཀྱི་འདུག དེའི་ཐོག་ནས་ཏག་ཏག་ཅིག་མ་བསྡད་པར་ཕན་ཚུན་བར་གདོང་ནག་པོ་བསྟན་ཏེ་ཕར་བཤད་ཚུར་བཤད་བྱས་པ་ཡིན་ན། སྤྱི་ཚོགས་ནང་མཐོང་ཚུལ་ངན་པ་ཡོང་གི་རེད། གནས་ཚུལ་ཅི་ཞིག་བྱུང་ཡང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་ལག་ལེན་བསྟར་བའི་ཐོག་ཕྱིན་པ་ཡིན་ན། ཤར་བསྐྱོད་བྱ་རྒྱུ་རེད། དེ་ལྟར་བསྒྲུབ་ཀྱང་གནས་སྟངས་མི་འདྲ་བ་ཆགས་པ་ཡིན་ན། མཐོང་སྣང་མི་འདྲ་གང་འདྲ་བྱུང་ཡང་བྱེད་ཐབས་གང་ཡང་ཡོད་པ་མ་རེད། སྤྱི་འཐུས་ཚང་མས་ཁྲིམས་དང་སྒྲིག་གཞིར་བརྩི་བཀུར་བྱ་རྒྱུ་ཡིན་ཞེས་མནའ་སྐྱེལ་ཡོད་སྟབས། ཁྲིམས་དང་སྒྲིག་གཞིར་རྩ་འཛིན་ཡག་པོ་བྱས་ན་དཀའ་ངལ་གང་ཡང་འཕྲད་ཀྱི་མ་རེད་བསམ་གྱི་འདུག ང་ལ་མཚོན་ན། ནམ་རྒྱུན་ཁྲིམས་དང་སྒྲིག་གཞི་རྐྱང་བཤད་བསྡད་མཁན་གྱི་མི་ཞིག་ཡིན། དེའི་ཐོག་ནས་སུ་ལ་གདོང་ཐུག་བྱ་དགོས་ཀྱང་རུང་། བློ་འབབ་མིན་ལ་མ་ལྟོས་པར་ཁྲིམས་དང་སྒྲིག་གཞིའི་ཐོག་འགྲོ་ཀྱིན་ཡོད་སྟབས། སྤྱི་ཚོགས་ནང་མཐོང་ཚུལ་འདྲ་མིན་བྱུང་ཡང་། རང་ངོས་ནས་སྐྱོན་ཆ་གང་ཡང་བྱུང་མེད་ལ། ང་ཚོ་མི་མང་གི་འཐུས་མི་ཡིན་དུས་ཆོལ་ཁ་ཆོས་ལུགས་ཀྱི་ཁྱད་པར་གང་ཡང་མེད།  མིའི་མཐོང་ཚུལ་ལ་བསམ་བློ་བཏང་བསྡད་ན། གྲོས་ཚོགས་འཐུས་མིའི་འགན་དེ་ཏག་ཏག་འཁྱེར་ཐུབ་ཀྱི་མེད། ཆབ་སྲིད་ཚོགས་པ་ཡོད་མཁན་གྱི་གྲོས་ཚོགས་ལ་ཆ་མཚོན་ན། སོ་སོའི་ལངས་ཕྱོགས་དང་མཐུན་པའི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། ང་ཚོས་དེ་ལྟར་བྱེད་དོན་གང་ཡང་ཡོད་པ་མ་རེད། དངོས་ཡོད་ཀྱི་ཐོག་ནས་མིའི་ངོ་བོར་མི་བལྟ་བར་ཁྲིམས་སྒྲིག་གཞིར་བལྟ་རྒྱུ་དེ་གལ་ཆེན་ཆགས་ཡོད། ཅེས་བརྗོད་བྱུང་།

 

ས་སྐྱ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་སུ་བཙན་བྱོལ་བོད་གཞུང་གི་ངོས་ནས་གཞན་ལ་བརྟེན་མ་དགོས་པར་རང་མགོ་རང་ཐོན་ཡོངས་ཐབས་སུ་མཐུན་རྐྱེན་གང་འདྲ་བསྐྲུན་དགོས་ཀྱི་ཡོད་མེད་སྐོར་དྲིས་པར་ཁོང་གིས་བརྗོད་དོན། གཙོ་ཆེ་ཤོས་རྒྱལ་བ་དོན་གྱི་བདག་པོས་ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་ལས་ཀྱི་སྣེ་མོ་བ་ཚོར་གསོལ་རས་གནང་སྐབས། ཁོང་རྣམ་པར་ཚང་དགོས་པའི་ཡོན་ཏན་ཆོལ་ཁ་དང་ཆོས་རྒྱུད་འཐེན་འཁྱེར་གྱི་བསམ་སྤྱོད་མ་དག་པ་རྣམས་འདོར་དགོས་པ་དེ་གཞི་རྩའི་གནད་དོན་ཆགས་ཡོད། མི་རིགས་ཤིག་གི་ཆག་འཇིག་གམ་མི་རིགས་རང་ཉིད་ཀྱི་རྐང་པའི་སྟེང་ལངས་ཐུབ་དང་མི་ཐུབ་ཟེར་བ་དེ། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་ལས་ཀྱི་སྣེ་མོ་བ་ཚོས་འགན་འཁྲི་ཡོངས་རྫོགས་རང་ཉིད་ལ་ཡོད་པ་ངོས་འཛིན་ཐོབ་དགོས་རྒྱུ་དང་། རང་རང་གི་ཤེས་འཇོན་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་མིའི་རྩ་དོན་བསྒྲུབ་ཆེད་ལེགས་སྐྱེས་འབུལ་བའི་ཆོད་སེམས་བརྟན་པོ་དགོས་རྒྱུ་དེ་ཆགས་འདུག་བསམ་གྱི་འདུག་ལ། དེའི་ཐོག་འཛིན་སྐྱོང་དང་ཆབ་སྲིད། དཔལ་འབྱོར། ཤེས་ཡོན་བཅས་ལ་ངོས་འཛིན་གསལ་པོ་ཞིག་ཐོབ་པ་ཡིན་ན། ལམ་ལྷོང་ཡོང་བར་ཏན་ཏན་ཁྱད་པར་ཡོང་གི་རེད། དེ་ཆ་ཚང་བྱུང་བ་ཡིན་ན། བོད་མི་ཚོ་སོ་སོ་རང་གི་རྐང་པའི་ཐོག་ལངས་ཐུབ་པ་རེད་དྲན་གྱི་ཡོད། ཆབ་སྲིད་འཛིན་སྐྱོང་དེ་ཚོ་གལ་ཆེན་པོ་ཡིན་ཡང་། དེ་ལས་གལ་ཆེ་བ་ཤེས་ཡོན་རེད་བསམ་གྱི་འདུག མ་འོངས་བོད་ཀྱི་བདེན་དོན་འཐབ་རྩོད་བྱེད་མཁན་གྱི་སོན་རྩ་ངོ་མ་བོད་རིགས་གཞོན་སྐྱེས་རྣམས་ཆགས་ཡོད་སྟབས། ཁོང་ཚོར་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་བྱམས་པ་དང་བརྩེ་བར་གཞི་བཅོལ་བའི་དྲང་བདེན་དང་། གཞན་ཕན་གྱི་བསམ་སྤྱོད་ཡང་དག་པ་གཞི་རྩར་བཞག་སྟེ། འཛམ་གླིང་རང་བཞིན་དང་རྒྱལ་སྤྱིའི་རང་བཞིན་གྱི་ཤེས་ཡོན་ཁག་ངེས་པར་དུ་སློབ་སྦྱོང་མཐར་ཕྱིན་པ་ཞིག་སྤྲོད་རྒྱུའི་ཤུགས་སྣོན་རྒྱག་དགོས་ཀྱི་འདུག དེ་སྦྱངས་ན་མ་འོངས་པའི་བོད་རིགས་གཞོན་སྐྱེས་ཚོ་དུས་རབས་ཉེར་གཅིག་པའི་འཛམ་གླིང་གཞོན་སྐྱེས་ཤེས་ཡོན་ཅན་དང་དཔུང་པ་མཉམ་གཤིབ་བྱ་ཐུབ་པ་བྱུང་ན། ད་གཟོད་བོད་མི་རང་གི་རྐང་པའི་ཐོག་ལངས་ཐུབ་པ་རེད་མ་གཏོགས། ལས་ཀྱི་སྣེ་མོ་ཚོས་སོ་སོས་ནུས་པ་ཕྲན་བུ་རེ་བཏོན་པ་ཙམ་གྱིས། གཞན་ལ་བརྟེན་མི་དགོས་པར་སོ་སོའི་རྐང་པའི་ཐོག་ལངས་པ་ཡིན་ཟེར་བ་དེ། རྨི་ལམ་ཁོ་ན་ཙམ་ལས་ལམ་སེང་ཡོང་ཐུབ་པ་ཞིག་ལ་ངོས་འཛིན་ཞུ་གྱིན་མེད། དེ་བཞིན། གཞི་རིམ་མང་ཚོགས་ལ་འགན་ཆེན་པོ་ཞིག་ཡོད་པ་རེད། འགན་ཡོད་པ་བཞིན་དུ་མི་མང་གི་ངོས་ནས་ཀྱང་སོ་སོ་རང་ཉིད་ཀྱི་ཐུགས་སྣང་གནང་དགོས་པ་དང་། ཆབ་སྲིད་དང་འབྲེལ་བའི་བོད་མིའི་རྩ་དོན་ཐོག ནམ་རྒྱུན་ནས་དོ་སྣང་སྤྲོད་དགོས་པ་མ་ཟད། མང་གཙོ་ཀ་བ་གསུམ་གྱི་ཁྱབ་ཁོངས་སུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་ལས་བྱེད་རྣམ་པའི་ངོས་ནས། མི་མང་ཁྲོད་རྩ་དོན་གྱིི་གོ་རྟོགས་མང་དུ་སྤེལ་དགོས་པ་རེད། དེ་མིན། ད་ལྟའི་བྱེད་སྟངས་འདིས་ང་ཚོའི་རྩ་དོན་ལ་ཁུངས་འཁྱོལ་བ་ཞིག་དང་གྲུབ་འབྲས་ཆེན་པོ་ཞིག་འཐོན་ཐུབ་རྒྱུར་ངོས་འཛིན་ཞུ་ཡི་མེད།  ཅེས་བརྗོད་བྱུང་།

 

ས་སྐྱ་སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས་སུ། གང་ཟག་མི་སྒེར་རེ་རེའི་ངོས་ནས་རང་མགོ་རང་ཐོན་ཡོང་ཐབས་སུ་གདོང་ལེན་དང་འཐབ་རྩོད་གང་འདྲ་གནང་དགོས་མིན་སྐོར་དྲིས་པར་ཁོང་གིས་བརྗོད་དོན། རྩ་བའི་རང་མགོ་རང་ཐོན་ཟེར་བ་དེ། སྤྱི་ཚོགས་དང་མི་སྒེར་སོ་སོའི་ངོས་ནས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་དང་སོ་སོ་རང་ཉིད་ལ་ངོས་འཛིན་གསལ་བོ་ཞིག་ཐོབ་ཐུབ་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། འདས་པའི་མི་ལོ་ ༥༢ ལྷག་གི་རིང་ང་ཚོའི་སྤྱི་ཚོགས་ནང་ད་དུང་ཡང་རྗེས་ལུས་ཀྱི་བསམ་བློའི་འཁྱེར་སྟངས་ལ་ཁ་ཕྱོགས་ཏེ། མི་མང་ཁྲོད་གང་ཟག་ཁག་ཅིག་རྩ་ཆེན་པོ་ཡིན་པ་ཞིག་ལས། སྤྱི་ཚོགས་ཁྲོད་ཀྱི་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ་འདོན་མཁན་དང་། ནམ་རྒྱུན་མི་རིགས་ཀྱི་བདེན་དོན་དང་ཆབ་སྲིད་ལ་དོ་སྣང་ཡོད་རིགས། ཤེས་ཡོན་པ་དང་རྩོམ་པ་པོ་སོགས་བསམ་བློ་གུ་ཡངས་ཤིང་མཐོང་རྒྱ་དང་ཐོས་རྒྱ་ཡངས་པའི་མི་ལ་མཐོང་མེད་པ་དང་འཇོན་མིའི་གྲས་སུ་མི་ཚུད་པའི་གནས་བབ་ཞིག་གི་འོག་ལྷག་པའི་དབང་གིས།  རང་མགོ་རང་ཐོན་དང་རང་ཉིད་རང་གི་རྐང་པའི་སྒང་ལ་ལངས་ཐུབ་པའི་གདེང་ཚོད་དང་སྤོབས་པ་མེད་པར་ལྷག་པ་རེད་ལ། དེའི་ཐོག་ནས་མི་མང་པོ་ཞིག་ལ་ཐོག་མ་ནས་རང་མགོ་རང་ཐོན་གྱི་བསམ་བློ་དང་སྤོབས་པ་བསྐྱེད་སའི་ཁུངས་མེད་པར་ཆགས་པ་རེད་བསམ་གྱི་འདུག མ་འོངས་པར་ང་ཚོས་མི་ཚང་མ་གཅིག་པ་མིན་པར། མི་རེ་རེར་རང་ཉིད་ཀྱི་དགའ་ཕྱོགས་དང་མོས་པ་ལ་འཚམ་པའི་འཇོན་ནུས་མི་འདྲ་བ་རེ་ཡོད་པ་ངོས་ཟིན་ཐུབ་པའི་ཐོག་སོ་སོའི་རྩ་དོན་ལ་འགན་ཞིག་འཁྱེར་ནས་འབད་བརྩོན་བྱས་པ་ཡིན་ན། རང་མགོ་རང་ཐོན་ཡོང་གི་རེད་དྲན་གྱི་འདུག  མི་ཚང་མ་ཁྱད་པར་ཕྲན་བུ་ཙམ་ལས་གཞི་རྩའི་ལྷན་སྐྱེས་ཀྱི་ཐོབ་ཐང་གཅིག་པ་ཡིན་སྟབས། ལས་ཀ་ག་རེ་བྱས་ཀྱང་བྱ་ཐུབ་པའི་ངོས་འཛིན་ཐོག་ནས་འབད་བརྩོན་བྱས་པ་ཡིན་ན། རང་བཞིན་གྱིས་རང་མགོ་རང་འཐོན་དང་རང་ཉིད་རང་གིི་རྐང་པའི་སྒང་ལ་ལངས་ཐུབ་པ་བསླེབས་ཡོང་གི་རེད་བསམ་གྱི་ཡོད། གཙོ་བོ་མི་རང་ཉིད་ལ་རང་ཉིད་ཀྱི་མ་འོངས་པའི་འཚོ་བ་དང་རང་ཉིད་དུས་གཏན་དུ་འབྲལ་ཐབས་མེད་པའི་མི་རིགས་ཀྱི་རིག་གཞུང་དང་རྩ་དོན། མི་རབས་གསར་བའི་མདུན་ལམ་སོགས་ལ་སེམས་ཁུར་ཡོད་མེད་སོགས་ལ་རག་ལས་འདུག  གནས་སྟངས་དེ་དག་གི་ཐད་གཞུང་གི་གནད་ཡོད་མི་སྣ་དང་ལས་ཀྱི་སྣེ་བ་མོ་བ་དག་གིས་ནམ་རྒྱུན་སྤྱི་ཚོགས་ཀྱི་ཉེ་སར་བཅར་ཏེ། སྤྱི་ཚོགས་ཁྲོད་ཀྱི་མི་སྣ་འདྲ་མིན་གྱི་སྣ་མང་ཕུན་སུམ་ཚོགས་པའི་གསར་གཏོད་དང་རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་ལས་རིགས་དག་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཆགས་འདུག་བསམ་གྱི་ཡོད། དེ་ལྟར་གཞུང་དང་མི་མང་མཉམ་རུབ་ཀྱིས་མི་རིགས་རང་ལ་ཡོད་པའི་ལག་ཤེས་སྒྱུ་རྩལ་གཙོས་པའི་རིག་གཞུང་འདྲ་མིན་གྱི་ཐོག་བདག་པོ་རྒྱག་ཐུབ་པ་ཡིན་ན། མི་གཞན་གྱི་བརྒྱ་ཆ་བརྒྱ་བསྒྲུབ་ཐུབ་ས་ཞིག་ནས། ང་ཚོས་ཀྱང་བརྒྱ་ཆ་དྲུག་བཅུ་ལྷག་བསྒྲུབ་ཐུབ་ཀྱི་རེད་བསམ་གྱི་འདུག  ཅེས་བརྗོད་བྱུང་།

 

མདོ་སྟོད་སྤྱི་འཐུས་གངས་ལྷ་མོ་ལགས་སུ་བཙན་བྱོལ་བོད་མིའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གསུམ་ཐོག་གསར་བརྗེ་དང་གསར་གཏོད་གནང་དགོས་པ་གང་དག་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས་གསུངས་དོན། ཆབ་སྲིད་ཀྱི་གསར་བརྗེ་དེ་ད་ལྟ་འགྲོ་བཞིན་པའི་སྒང་རེད། གལ་ཆེ་ཤོས་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབང་ཆ་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་བ་དེ་ང་ཚོའི་ཆབ་སྲིད་ཀྱི་གསར་བརྗེ་ཐོག་མ་ཆགས་ཡོད་པ་རེད་བསམ་གྱི་འདུག ད་ལྟའི་བོད་གཞུང་དེ་ཁྲིམས་མཐུན་དང་ལུགས་མཐུན་གྱི་གཞུང་ཞིག་ཆགས་ཐུབ་ཀྱི་མེད་སྟབས། རྒྱལ་སྤྱིའི་ཐོག་ངོས་ལེན་གནང་གི་མེད་ལ། བོད་མི་རིགས་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའང་ཁས་ལེན་བྱེད་ཀྱི་མེད་པའི་གནས་སྟངས་ཆགས་ཡོད། དེར་བརྟེན། ང་ཚོས་ངེས་པར་དུ་བོད་དོན་བདེན་མཐའ་མ་གསལ་བར་དུ་རྒྱལ་སྤྱིའི་ཐོག་བཙན་བྱོལ་བོད་གཞུང་འདི་ངོས་འཛིན་ཐུབ་པ་ཞིག་བཟོ་དགོས་ཀྱི་འདུག་ལ། དཔལ་འབྱོར་གྱི་ཐོག་ནས་བཤད་ནའང་དཔལ་འབྱོར་དེ་གསར་གཏོད་ཀྱི་ཐོག་ཏུ་སྟོང་ཆའི་བཟོ་འདྲ་བོ་བྱས་ཏེ་ལྷག་ཡོད་པ་རེད། བདམས་ཐོན་བཀའ་བློན་བློ་བཟང་སེང་གེ་ལགས་ཀྱིས་བརྗོད་བཞིན་པའི་རང་ཁ་རང་གསོ་ཟེར་བ་དེ་སྒྲོམ་གཞི་ལྟ་བུ་ཞིག་རེད་བསམ་གྱི་འདུག བོད་ནང་ལ་མཚོན་ན་བོད་མི་ཚོར་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་རྒྱན་གོས་འདྲ་མིན་སྣ་ཚོགས་ཡོད་པ་མ་ཟད། རྒྱན་གོས་དེ་དག་ཕུན་སུམ་ཚོགས་པ་ཞིག་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིགས་མང་པོ་ཡོད་པ་རེད། བོད་ནང་དང་རྒྱ་གར་གཉིས་གནམ་གཤིས་དྲོ་གྲང་གི་ཆ་ནས་མི་འདྲ་བའི་ཆ་ཡོད་ཀྱང་། བོད་མི་ཚོས་བོད་རང་ལ་སྔ་མོ་ནས་གཞན་དང་མི་འདྲ་བའི་སྲོལ་རྒྱུན་གྱི་ཆོས་གོས་མང་པོ་ཡོད་པའི་རྨང་གཞིའི་ཐོག་དུས་རབས་དང་མཐུན་པ་ཞིག་དང་། གནམ་གཤིས་དྲོ་གྲང་དང་མཐུན་པའི་རྒྱན་གོས་ཀྱི་རིགས་མང་པོ་ཞིག་གསར་གཏོད་བྱ་དགོས་ཀྱི་འདུག་ལ། བོད་པའི་ཟས་རིགས་དང་ཚོང་ལས་སོགས་ཀྱི་ཐོག་ནས་ཀྱང་། སྐབས་བསྟུན་གྱི་ལེགས་བཅོས་དང་གསར་གཏོད་བྱ་དགོས་ཀྱི་འདུག   དེ་བཞིན། བོད་མི་རིགས་ཀྱི་རིག་གནས་ལ་མཚོན་ན། ༧གོང་ས་མཆོག་གིས་ཤེས་ཡོན་འཐུས་ཤོར་དུ་ཕྱིན་པའི་གནས་སྟངས་ཐོག་བཀའ་སློབ་རབས་དང་རིིམ་པ་གནང་ཡོད་པ་ལྟར། རིག་གཅིག་རྐང་འཛིན་གྱི་ཐོག་ནས་ངའི་བསམ་པར། བོད་པ་ཚོར་ནང་ཆོས་དང་བོད་སྨན་གཉིས་ཀྱི་ཐོག་ནས་རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་བྱེད་ས་ཡོད་པ་རེད། ནང་ཆོས་ལ་ཆོས་བརྒྱུད་ཆེན་པོ་བཞི་དང་དེ་མིན་གཡུང་དྲུང་བོན་བཅས་དང་། གཞན་ཇོ་ནང་པའི་ཆོས་བརྒྱུད་བཅས་ཡོད། དེ་ཚོ་ཚང་མར་བོད་པའི་རིག་གཞུང་གི་ཁྱད་ཆོས་འཛིན་པའི་རིག་གཅིག་རྐང་འཛིན་གྱི་ཁྱད་ཆོས་ཡོད། ད་ལྟའི་བར་ང་ཚོར་འཚོ་བ་དང་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུ་ཁོ་ནར་མ་ཡིན་པར་ཤེས་ཡོན་གྱི་ཐད་ནས་ང་ཚོར་སྟོང་ཆ་ཆེན་པོ་ཞིག་ལྷག་འདུག་བསམ་གྱི་ཡོད། མ་འོངས་པར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག  དེ་བཞིན་མི་སྒེར་བཅས་ནས་དམིགས་བསལ་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེ སྲོལ་རྒྱུན་གྱི་རིག་གཞུང་བཅས་ཀྱི་ཐོག་དམིགས་བསལ་དོ་སྣང་བྱ་རྒྱུ་གལ་ཆེན་དུ་མཐོང་གི་ཡོད། ཅེས་བརྗོད་བྱུང་།  

 

དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་སུ་༧གོང་ས་མཆོག་གིས་གསར་གཏོད་ལ་ཆེ་མཐོང་གནང་གི་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གསར་གཏོད་ལས་རྒྱུན་གནས་གཙིགས་སུ་འཛིན་གྱི་ཡོད་པའི་ཐད་ལྟ་ཚུལ་གང་འདྲ་ཡོད་མེད་སྐོར་དྲིས་པར་ཁོང་གིས་བརྗོད་དོན། འཛམ་གླིང་གི་སྲིད་གཞུང་དང་མང་གཙོ་གང་འདྲ་ཞིག་ཡིན་ཡང་། དུས་རྒྱུན་དུ་གང་ཡིན་པ་དེའི་ཐོག་འགྱུར་བ་ཆེན་པོ་ཕྱིན་བསྡད་པ་དེ་འདྲ་ཡོད་པ་མ་རེད་ལ། འགྱུར་བ་ཟེར་བ་དེར་ང་ཚོས་བཀག་འགོག་བྱ་ཐུབ་པ་ཆགས་ཀྱི་ཡོད་པ་མ་རེད། འགྱུར་བ་དང་མཉམ་དུ་དུས་ནམ་ཡིན་ཡང་མི་ལ་འགྱུར་བ་དང་མིའི་བསམ་བློར་འགྱུར་བ་ཐེབས་ཐུབ་རྒྱུའི་གསར་གཏོད་དགོས་པ་རེད་བསམ་གྱི་འདུག ང་ཚོའི་བཙན་བྱོལ་སྒྲིག་འཛུགས་འདི་སྒྲིག་འཛུགས་གཞན་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་མང་གཙོ་ཞིག་ཡིན་སྟབས། དེ་ཤིན་ཏུ་རླབས་ཆེན་ཆགས་ཡོད། ཡིན་ནའང་།  ང་ཚོའི་འཐབ་རྩོད་ཛ་དྲག་གི་གནས་སུ་གྱར་ཡོད་སྟབས། སྐབས་དང་དུས་ལ་དཔག་པའི་བསམ་བློའི་གནས་སྟངས་དང་སྲིད་བྱུས་ལ་འགྱུར་བ་གཏོང་སྐབས། གསར་གཏོད་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། འདས་པའི་ལོ་ལྔའི་ནང་ང་ཚོ་མང་གཙོ་ཆགས་ཏེ་གང་འཚམས་ཀྱི་འགྱུར་བ་ཞིག་ཐེབས་ཡོད་ལ། དེ་༧གོང་ས་མཆོག་གིས་ཐག་གཅོད་འདིའི་འོག་འགྱུར་བ་ཆེན་པོ་ཐེབས་བཞིན་ཡོད། མི་མང་ཚང་མའི་བསམ་བློའི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་ཏེ། ཡར་རྒྱས་ཅན་གྱི་ལུང་པ་གཞན་དང་དཔུང་བ་མཉམ་གཤིབ་བྱ་ཐུབ་དགོས་ཀྱི་ཡོད་ན། གསར་གཏོད་བྱ་རྒྱུ་གལ་ཆེན་ཆགས་ཡོད། ད་ལྟའི་ཆ་ལ་མི་མང་པོ་ཡང་ཡང་འཛོམས་ཏེ། བགྲོ་གླེང་བྱེད་ཀྱི་ཡོད་པ་འདི་གང་འཚམས་ཀྱི་གསར་གཏོད་ཅིག་རེད་དྲན་གྱི་འདུག གསར་གཏོད་ལ་ནུས་པ་ཞིག་འདོན་དགོས་རྒྱུ་གལ་ཆེན་ཆགས་ཡོད། མི་མང་ཚང་མས་བསམ་བློའི་གནས་ཚད་གང་འཚམས་ཡག་པོ་ཆགས་ཏེ། བོད་སྤྱི་དོན་གལ་ཆེན་དུ་འཇོག་དགོས་པ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་པ་བཞིན། བཙན་བྱོལ་སྒྲིག་འཛུགས་འདི་བོད་ནང་གི་བོད་མི་ཚོའི་ཁྲིམས་མཐུན་གྱི་སྐུ་ཚབ་ཡིན་པ་མཚོན་གྱི་ཡོད་སྟབས།  དེའི་དགོས་མཁོར་དཔག་པའི་ནུས་པ་གསར་པ་ག་རེ་འདོན་ཐུབ་མིན་དང་། དེའི་ཐོག་བསམ་བློའི་གནས་སྟངས་ཡར་རྒྱས་གཏོང་དགོས་སར་ཡར་རྒྱས་གཏོང་རྒྱུ། གསར་གཏོད་བྱ་ཐུབ་པ་དེ་དག་གསར་གཏོད་བྱ་དགོས་པ་རེད། ༢༠༠༨ ལོར་དམིགས་བསལ་ཚོགས་ཆེན་ཞིག་ཚོགས་པ་རེད་ལ། ད་ལོར་ཡང་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་ཚོགས་པ་རེད། འདི་ཚོ་གསར་གཏོད་ཀྱི་མགོ་བཙུགས་པ་ཞིག་རེད་བསམ་གྱི་ཡོད། ཚོགས་ཆེན་དེ་དག་ལམ་ལྷོང་ཡོང་མིན་གཙོ་བོ་ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གིས་མཉམ་རུབ་གནང་དགོས་མིན་ལ་རག་ལས་ཡོད་པ་རེད། དེ་མིན་པར་ང་ཚོས་བསམ་བློ་རྙིང་པ་བཏང་སྟེ། ལམ་ལུགས་སྲོལ་དང་རིག་གཞུང་གཅེས་འཛིན་བྱ་རྒྱུ་ཡིན་ལབ་ན། གསར་གཏོད་ཀྱི་ལམ་ཁར་འགྲོ་རྒྱུར་འགོག་རྐྱེན་འཕྲད་ཀྱི་རེད་བསམ་གྱི་འདུག  ཅེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན་དང་དོན་གོ

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 3

  1. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལ་ཞུ་རྒྱུར།
    སྔོན་མའི་གྲོས་ཚོགས་སྐབས་ཤིག་ལ་ཁྱོད་དང་སྨོན་ལམ་མཐར་ཕྱིན་གཉིས་ནས་མིང་རྫིག་པོ་དགེ་བཤེས་
    དང་ཟུགས་མཛེས་པོ་གོས་དམར་སེར་གྱིས་བརྒྱན།མགོ་གཙང་མ་རིལ་རིལ་གྱི་ཆ་ལུགས་འཛིན་ཞིང་།
    ཕྱི་ཚུལ་ལ་གཞིགས་ན་དོན་དམ་པའི་ཆོས་པ་རེད་ལ་གྲྭ་པ་ཡང་རེད། ཡིན་ན་ཡང་ཁྱོད་གཉིས་ནས་བཤད་པའི་ཚིག་སྦྱོར་རྣམས་ཡག་ཉེས་དང་ནང་དོན་རྣམས་ཁྲིམས་ལུགས་
    དང་མཐུན་མིན་གང་ལྟར་ཡང་ཁྱོད་གཉིས་ཀྱི་ཕྱི་ཚུལ་ལ་བརྟེན་ནས་མི་དམངས་ཀྱི་ཁྲོད་དགེ་འདུན་པ་དང་ཆོས་པ་རྣམས་ལ་དད་པ་ཡོད་པ་རྣམས་དད་ལོག་སྐྱེས་པ་དང་ཡིད་ཆེས་ཡོད་པ་རྣམས་ཡིད་ཆེས་བརླགས་ཡོད།ཡང་འགའ་ཤས་ནས་བོན་པོའི་ཆོས་ལུགས་ཀྱི་ལྟ་གྲུབ་ནང་སེམས་འདུལ་ཐབས་ཀྱི་རིམ་པ་དང་
    ཉམས་ལེན་སྐོར་གཏན་ནས་མེད་པ་ཨེ་ཡིན་སྙམ་པའི་དོགས་པ་ཡང་བྱུང་ཡོད།མ་ཟད་ཕྱི་ཚུལ་དགེ་བཤེས་དང་གྲྭ་པ་ཙམ་ལས་དོན་དངོས་ལ་བྱམས་སྙིངརྗེ་དང་ཆོས་ཉམས་ལེན་གྱི་དྲི་མ་ཙམ་ཡང་མེད་པའི་རང་
    རྟགས་བསྟན་ཡོད།དགེ་མདུན་པ་ཡོངས་དང་ལྷག་པར་དུ་བོན་པོའི་དགེ་མདུན་རྣམས་ཀྱི་ཞབས་འདྲེན་དང་ངོ་ཚ་དགོས་པ་དང་བློ་ཕམ་དགོས་པ་བཟོས་ཡོད།
    སྲིད་ཀྱི་ཐོག་ནས་བཤད་ན་གཞིས་ལུས་བོད་མི་རྣམས་བོད་བཙན་བྱོལ་སྒྲིག་འཛུགས་དང་ལས་བྱེད་རྣམས་ལ་ཡིད་ཆེས་དང་རེ་བ་བརླགས་ཡོད་པ་དང་མདོར་ན་དགྲ་དགའ་གཉེན་རྡུག་གི་གནས་ཚུལ་བཟོས་ཡོད།
    དེ་ནས་བཟུང་བོད་པའི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་སྤྱི་འཐུས་མི་དགོས་པ་དང་གྲྭ་པ་རྣམས་སྲིད་ལ་མི་
    མཁོ་པའི་འབོད་སྒྲ་དེ་ཆེ་རུ་སོང་ཡོད།ཆོས་མེད་སྨྲ་བའི་རིང་ལུགས་འཛིན་པ་རྒྱ་ནག་གི་དཔོན་རིགས་
    རྣམས་ཀྱིས་ཁྱོད་གཉིས་ཀྱི་བྱས་སྟངས་ལ་འཕྱ་སྨོད་དང་ཁྲེལ་དགོད་ཡང་བྱས་ཡོད།
    མདོར་ན་ཆོས་ལུགས་ཡོངས་ཀྱི་གཞུང་ལུགས་རྣམས་ལས་གསུངས་པ་བཞིན་སྔར་གནོང་པ་གང་ཡོད་ལ་
    འགྱོད་བཤགས་དང་ཕྱིར་དེ་ལྟར་མི་བྱ་རྒྱུའི་དམ་བཅའ་སྡོམ་དགོས་པ་ལས་ཁ་བདེ་པོ་བྱས་ནས་ཕན་ཐོག་གང་ཡང་མེད་པ་ཆགས་ཡོད།

    Reply
  2. གྲགས་བསོད་ says:
    ལོ་ 14 སྔོན།

    ཁམས་པའི་བུ་གཡུང་དྲུང་རྒྱལ་མཚན་གྱི་སྐད་ཆ་དེ་གསེར་ལས་རིན་ཐང་ཆེ་བ་འདུག།

    Reply
  3. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    སྤྱི་འཐུས་གཉིས་ལ་ཤིང་ངམ་འགྱིག་གི་རྟགས་མ་ཞིག་ལས་འབབ་ཀྱི་མི་འདུག གཞན་དག་ལ་གསེར་དང་དངུལ་གྱི་རྟགས་མ་ཐོབ་ས་རེད། གོང་གི་བླ་རྒན་གཅིག་ཡང་བསྐྱར་རྙིང་བཞིན་འདུག འོན་ཀྱང་དེ་རིང་མིང་ནས་འདོན་རྒྱུ་མིན། རྣམ་པ་ཚོས་དཔྱོད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese