མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇོ་ནང་པ་ཁོ་ནར་དུས་འཁོར་གྱི་ཉམས་བཞེས་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ན་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་མཁན་དེ་རེད།

ཤར་མཁན་སྤྲུལ་གྱིས།

༄༅། །  ༸སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོས་དུས་འཁོར་དབང་ཆེན་ཐེངས་ ༣༡ གནང་བཞིན་པ་ལ་རྗེས་སུ་ཡི་རངས་དང་འབྲེལ། ངས་འདིར་གླེང་དགོས་དོན་ནི། ཇོ་ནང་པ་ལ་འབྲེལ་བའི་གནས་སྟངས་འགའ་ཞིག་ད་ལྟ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་ལེགས་ཉེས་ལ་འབྲེལ་ཡོད་པས་ཡིན།

ཇོ་ནང་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་དང་སྤྱི་མཚུངས་ལྟར། དུས་རབས་ ༡༡ པའི་ནང་དུ་ལོ་ཙ་པ་གཟི་བཙན་རྣམ་གཉིས་དང་། དུས་འཁོར་པ་གྲུབ་ཆེན་ཡི་མོ་བ་སོགས་ཀྱིས་གསལ་བར་ཕྱེས་ཞིང་ཇོ་ནང་གི་ཐ་སྙད་རྗེས་ནས་བྱུང་། དུས་རབས་ ༡༣ པའི་ནང་། ཀུན་སྤངས་པ་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཆོས་བརྒྱུད་འདིའི་གདན་རབས་པ་གནང་སྟེ།  ཇོ་མོ་ནག་རྒྱལ་མའི་གནས་མཆོག་ཏུ་གཞི་གཏན་ཚུགས་བྱུང་བས་ས་མིང་ཆོས་བརྒྱུད་ལ་ཐོགས་ཏེ། དེ་ནས་བཟུང་ཆོས་བརྒྱུད་ཆེན་པོ་འདིའི་མཚན་ལ་ཇོ་ནང་པ་ཞེས་བར་འབོད་པ་རེད།  ངས་སའི་གོ་ལའི་ཐོག་ཇོ་ནང་པ་ཁོ་ན་ལས་དུས་འཁོར་ཉམས་ལེན་ཆ་ཚང་ཡོད་མཁན་མེད་ཟེར་བའི་དོན་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ལ་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་བ་མེད་པར་ཚོད་བགམ་པ་ག་ལ་ཡིན་ཏེ། སའི་གོ་ལ་འདིའི་ཐོག་ཏུ་གང་ཟག་གཞན་རེ་ཟུང་ཡོད་མི་སྲིད་པར་དམ་བཅས་པ་ཡང་མིན།

འོན་ཀྱང་། ད་ལྟའི་དུས་འདིར་དཔལ་དུས་ཀྱི་འཁོར་ལོ་བཤད་པ་དང་སྒྲུབ་པ་གཉིས་དང་། ལྷག་པར་དུ་སྒྲུབ་པ་ཉམས་ལེན་གྱི་ཕྱོགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནས་བཟུང་། དངོས་གཞི་བསྐྱེད་རིམ་ནས་རྫོགས་རིམ་བར་དུ་ཉམས་ལེན་ཆ་ཚང་གི་བྱ་བ་བྱས་ནས་རྒྱུན་མ་ཆད་པར་ལོ་སྟོང་ཕྲག་མ་ཟིན་ཙམ་སོང་ཞིང་། ད་ལྟ་ཡང་དགོན་སྡེ་རེ་རེ་བཞིན་ཉམས་ལེན་རྒྱུན་ཆད་མེད་པའི་ཆོས་བརྒྱུད་ཅིག་སའི་གོ་ལ་འདིའི་ཐོག་ཇོ་ནང་པ་ཁོ་ན་ལས་མེད་པ་ཁ་ཚོན་བཅད་དེ་བཤད་ཐུབ་པ་ཞིག་ཡིན་ལ། འདི་ནི་ང་ཡང་ཇོ་ནང་ལ་རྒྱུས་མངའ་ཅུང་ཟད་ཡོད་པས་ཡིན། བཀའ་བརྒྱུད་པ་འགའ་ཞིག་ལ་དུས་འཁོར་ཅུང་ཙམ་ཡོད་པ་ཡང་ཇོ་ནང་པ་ལས་འོངས་པ་ཡིན་པར་༸གོང་ས་མཆོག་གིས་གསུངས་ཡོད། རྒྱུ་མཚན་ ༢༠༠༤ ལོར་བོད་ནས་ཕེབས་པའི་ཇོ་ནང་པའི་མཁན་པོ་ཤེས་རབ་ལ་༸གོང་ས་མཆོག་གི་བཀས་བསྐུལ་བ་བཞིན་ཁོང་གིས་རྣམ་རྒྱལ་གྲྭ་ཚང་དང་། བཀའ་བརྒྱུད་པའི་དགོན་པ་འགའ་ལ་དུས་འཁོར་གྱི་ཁྲིད་ལུང་གནང་བས་སོ།།

ཇོ་ནང་པའི་ལྟ་བ་ནི་དབུ་མ་གཞན་སྟོང་ཡིན། དེ་ནི་གཙོ་བོ་བཀའ་འཁོར་ལོ་མཐའ་མ། ངེས་དོན་མདོ་མཅུ་དང་། བདེ་གཤེགས་སྙིང་བོ་སྟོན་པའི་མདོ་བཅུ་སོགས་དང་། གསང་བ་སྔགས་ཀྱི་རྒྱུད་སྡེ་མང་བོ། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཁུངས་གཏུགས་ཀྱི་ཡོད། བསྟན་བཅོས་ནི། གཙོ་བོ་རྗེ་བཙུན་བྱམས་པའི་གཞུང་ལུགས་དག་དང་། ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་ཀྱི་ས་སྡེ་ལྔ་སོགས་དང་། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་སོགས་ལ་བརྟེན་ཡོད། ད་ལྟ་ད་དུང་ཡང་ཇོ་ནང་པའི་གྲྭ་བ་ཚོས་དུས་འཁོར་གྱི་ཐིག་རྡུལ་ཚོན་ཆོ་ག་རྒྱས་སྤྲོས་དང་བཅས་པ་ཤེས། མ་ཚད་དཔལ་དུས་ཀྱི་འཁོར་ལོའི་ཉམས་ལེན་གྱི་ཕྱོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཆ་ཚང་བཟུང་། དངོས་གཞི་བསྐྱེད་རིམ་དང་ལྷག་པར་དུ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཟེར་བའི་ཉམས་ལེན་དེ་མ་མཐའ་ཡང་ལོ་གསུམ་ལ་མཚམས་དམ་པོར་བྱས་ནས་ཉམས་བཞེས་གནང་དགོས་ཀྱི་ཡོད།

དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཁྲིད་དང་སྦྲགས་ཏེ་བྱེད་ཀྱི་ཡོད་པ་མ་ཟད། བདུན་གཅིག་ལ་ཐེངས་གཅིག་ཏུ་ཉམས་དང་རྟོག་པ་ཅི་བྱུང་རྡོར་སློབ་ལ་ཁེར་གཏུགས་ཀྱིས་ཞུ་དགོས་པ་རེད། སྒོམ་བྱེད་དུས་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་ཤིག་ཤར་རྒྱུ་ཡོད་པ་ནི་གནས་སྟངས་སྤྱི་ཁྱབ་པ་ཞིག་ཏུ་ཆགས་ཡོད། གཞན་ཆོས་བརྒྱུད་སུ་ལ་ཡང་མེད་པའི་དབང་ལྷ་བབས་ཟེར་བ་ཞིག་ཡོད། ཡེ་ཤེས་འབེབས་ཡང་ཟེར། དེ་ནི་མཚམས་རེར་ཚུར་མཐོང་གི་སྣང་བ་འགག་ནས་མ་ངེས་པའི་སྤྱོད་པ་བསྟན། དེ་དུས་སུ་རྡོ་རྗེའི་གླུ་དང་བྲོ་བྱེད། འབེབ་རྒྱབ་པ་སོགས་བྱུང་དུས་ཁབ་སོགས་མཚོན་ཆས་བཙུགས་ཀྱང་ཚོར་བ་མེད་པ་སོགས་ངོ་མཚར་ཆེ། ཇོ་ནང་པར་མཚོན་ན་འདི་ཡང་སྤྱིར་བཏང་བ་ཞིག་ལས་དམིགས་བསལ་ཞིག་མིན། ཀུན་མཁྱེན་དོལ་པོ་བས་ཇོ་ནང་ལ་དུས་འཁོར་གྱི་དབང་ཆེན་གནང་དུས་བྱ་དང་བྱིའུ་སོགས་ལ་ཡང་དེ་ལྟར་བྱུང་བར་གྲགས།

འདི་དག་གི་རྒྱུན་ད་ལྟ་ཡང་ཆད་མེད། ད་ལྟ་ད་དུང་ཡང་ཇོ་ནང་པའི་གྲྭ་བ་མང་བོ་ལོ་གསུམ་ཅན་གྱི་དམ་མཚམས་བྱས་དེ་ཡང་དང་བསྐྱར་དུ་ལོ་༩ དང་ ༡༢ སོགས་ལ་གནང་གིན་ཡོད། ཁ་ཤས་ཀྱིས་མི་ཚེ་ཧྲིལ་བོར་དམ་མཚམས་བྱས་ཏེ་དུས་འཁོར་ཉམས་ལེན་གནང་གི་ཡོད། མདོ་ཁམས་ཛི་ག་ཟེར་བའི་ས་ཕྱོགས་སུ། དུས་རབས་ཉི་ཤུ་བའི་སྨད་དུ་ཡང་དུས་འཁོར་རྫོགས་རིམ་ལ་བརྟེན་ནས་གཞན་སེམས་ཤེས་མཁན་དང་གཤིན་པོ་ལ་འཕོ་བ་འདེབས་དུས་སྐྲ་རྟགས་ལེན་ཟེར་བ། མགོའི་སྐྲ་བར་སྣང་ལ་མཆོད་མཁན་ནི་སྤྱི་བཏང་བ་ཙམ་དུ་ཆགས་ཡོད། ད་ལྟ་བཞུགས་ཡོད་པའི་རྡོ་རྗེ་སློབ་དཔོན་བླ་མ་སྣང་སྟོང་ཟེར་བ་སོགས་མང་། གཞན་ང་རང་གིས་ཤེས་ཚོད་ཙམ་ཞུས་ན། ཛི་གའི་ཇོ་ནང་པ། ཆོས་ཐང་དགོན་གྱི་བླ་མ་གྱང་ནག་དཀོན་ཚུལ་ཟེར་བ་ཁོང་ ༡༩༨༧ ཡས་མས་ནས་ཚེ་མཚམས་ལ་བཞུགས་ཡོད། དེ་རྗེས་ ༡༩༩༠ ནས་མི་གཅིག་མེད་པའི་ནགས་ཁྲོད་ར་ཤུགས་རི་ཁྲོད་ཟེར་བར་དེར་དུས་འཁོར་རྫོགས་རིམ་གྱི་དམ་མཚམས་ལ་བཞུགས་ཡོད། གཞན་དེ་འདྲ་བླ་སེར་བཅུ་གྲངས་ཞིག་ངོ་ཤེས་ཀྱི་ཡོད།

ད་ལྟ་ས་ཆེན་པོ་འདིའི་སྟེང་དུ་གང་ཟག་རེ་ཟུང་ལས་མེད་ཞེས་ཐག་གཅོད་བྱེད་འདོད་མེད་པ་མ་གཏོགས། འདི་འདྲའི་དུས་འཁོར་ལ་དམིགས་བསལ་ཉམས་ལེན་བྱེད་མཁན་དེ་འདྲ་ཆོས་བརྒྱུད་སུ་ལ་ཡང་མེད་པ་མ་ཟད། ང་ཚོ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གང་ལ་ཡང་ཇོ་ནང་པ་མ་གཏོགས། དུས་འཁོར་གྱི་རྫོགས་རིམ་ཉམས་ལེན་ཡོད་པའི་དགོན་སྡེ་གྲྭ་ཚང་མེད་པ་གསལ་བོ་རེད། དགེ་ལུགས་པའི་དགོན་པ་ཆེན་པོ་དག་མ་གཏོགས་ཐིག་རྡུལ་ཚོན་དང་ཆོ་གའི་རྒྱུན་ཙམ་ཡང་ཕལ་ཆེར་མེད་པ་རེད། དུས་འཁོར་ལ་རྒྱུས་མངའ་ཆེ་ཤོས་དེ་རྩེ་རྣམ་རྒྱལ་གྲྭ་ཚང་ཡིན་རིགས་པ་སྨོས་མེད་ཡིན་མོད ༸གོང་ས་སྐྱབས་མགོན་ཆེན་པོའི་དུས་དབང་འཛམ་གླིང་ལ་བསྩལ་གནང་མཛད་བཞིན་ཡོད་སྟབས། རྩེ་རྣམ་རྒྱལ་གྲྭ་ཚང་ནི་དུས་འཁོར་ལ་བྱང་ཆུབ་པའི་ཆེད་མཁས་པ་ཡིན་དགོས་མོད། འོན་ཏེ་ཉེ་ཆར་ཧ་གོ་བ་ལྟར་ན། དུས་འཁོར་གསེར་སྐུ་བཞེངས་ཉེས་བྱས་ཏེ་ལོ་གང་འཚམ་འགོར་ཡང་ད་དུང་མཁྱེན་རྟོགས་མེད་པར་འཛམ་གླིང་མི་མང་འབུམ་ཕྲག་མང་བོར་དུས་འཁོར་གྱི་སྐུ་རྫུན་མ་ཞིག་ལ་མཇལ་དུ་བཅུག་པ་དེས། ང་ཚོ་བོད་པ་དུས་འཁོར་གྱི་བསྟན་པ་ལ་རྒྱུས་མངའ་ག་ཚོད་ཅིག་ལ་བསླེབས་ཡོད་མེད་བསྟན་ཡོད།  

ཇོ་ནང་པ་སྨྲས་མ་དགོས་པ་རེད། གྲྭ་ཆུང་དཀྱུས་མ་ཞིག་ལ་མཚོན་ནའང་དུས་འཁོར་ལ་དཔུང་བ་ ༡༢ དང་ལག་ངར་༢༤ ཡོད་པ་སོགས་སྤྱིར་བཏང་གི་ཤེས་བྱ་ཙམ་རེད། ཇོ་ནང་པའི་དགོན་པ་ཆུང་ཤོས་ཚུན་ཆད་ལ་དུས་འཁོར་གྱི་སྐུ་འདྲ་མེད་ས་ཞིག་གཏན་ནས་མེད་ཅེས་སྨྲ་སྤོབས་པ་ཞིག་རེད། ཁ་ཤས་ཀྱིས་རྣམ་གྲྭའི་གསེར་སྐུ་༸ཁལ་ཁ་རྗེ་བཙུན་དམ་པས་བཞེངས་པ་ཡིན་པས་ཇོ་ནང་པའི་ལུགས་ཡིན་སྲིད་ཟེར་མཁན་འདུག་མོད། ཇོ་ནང་པའི་ལུགས་ལ་དུས་འཁོར་ལྷན་སྐྱེས་ཟེར་བའི་ཕྱག་གཉིས་ཅན་ཞིག་ཡོད་པ་བདེན་མོད། དུས་འཁོར་ཡོངས་རྫོགས་ཟེར་བ་ཀུན་གྱི་ལུགས་གཅིག་མཐུན་ཡིན། ཡང་རྣམ་གྲྭའི་མི་ཞིག་གིས་ཁོང་ཚོའི་ངན་མཚངས་ཁལ་པ་རྗེ་བཙུན་གྱི་དབུ་ཐོག་ཏུ་འགེལ་ཁུལ་བྱས་འདུག་སྟེ། དེའི་འགན་གཙོ་བོ་རྣམ་གྲྭ་རང་ལ་ཡོད་པ་ལས་སྦྱིན་བདག་ལ་མེད་པ་ཀུན་གྱིས་ཤེས་སླ་བར་སྙམ་མོ།།

སའི་གོ་ལ་འདིའི་ཐོག་ཏུ་གསང་སྔགས་ཀྱི་ཆོས་བརྒྱུད་འཛིན་པ་ང་ཚོ་བོད་པ་དང་བོད་ནས་བརྒྱུད་པ་དག་ཆགས་ཡོད་པ་རེད། སྔགས་རྒྱུད་ཡོད་ཚད་ལས་དུས་འཁོར་ལ་རྒྱུད་ཀྱི་རྒྱལ་པོ་རུ་འབོད་སྲོལ་ཡོད། དེ་ཕྱིར་༸གོང་ས་མཆོག་གིས་རྒྱུད་གཞན་ལས་དུས་འཁོར་དབང་ཆེན་གལ་གནད་དུ་བརྩིས་ཏེ་ད་བར་ཐེངས་ ༣༡ ཙམ་གནང་བ་རེད། འོན་ཀྱང་། གང་ཟག་རེ་འགར་ཁྱད་འཕགས་འདྲ་བྱུང་ན་མ་གཏོགས། དུས་འཁོར་གྱི་དབང་ཐོབ་ཟེར་བ་དེ་ནི་དུས་འཁོར་ཉམས་ལེན་ལ་འཇུག་པར་དབང་བའམ་གནང་བ་ཐོབ་པའི་དོན་ཙམ་ལས་ཅི་ཡང་མེད། དབང་ཐོབ་རྗེས་ཉམས་ལེན་ཡང་དག་ཅིག་གནང་འདོད་ཡོད་མཁན་ཡིན་ན། ཕལ་ཆེར་ཇོ་ནང་པ་ལ་མ་བརྟེན་པར་བྱེད་ཐབས་གང་ཡང་མེད།  

 ༡༩༩༨ ལོ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་གྱི་དགོན་པ་སངས་རྒྱས་ཆོས་གླིང་སིམ་ལ་རུ་ཡོད་པ་དེ་རྟེན་དང་བརྟེན་པ་བཅས་ཇོ་ནང་པར་གནང་སྟེ། དུས་འཁོར་སྦྱོར་དྲུག་ཚུགས་དགོས་པ་དང་གདན་སའི་དགེ་བཤེས་ཚོ་དུས་འཁོར་རྫོགས་རིམ་གྱི་ཉམས་ལེན་བྱེད་རིགས་པའི་བཀའ་དགོངས་གནང་ཡོད། ༢༠༠༢ ལོར་༸གོང་ས་མཆོག་སྐུ་ངོས་སུ་སིམ་ལ་དགོན་དུ་ཕེབས་ཏེ་ཇོ་ནང་གྲོལ་མཆོག་ཁྲིད་བརྒྱ་གནང་། དངུལ་འབོར་ཆེན་གནང་སྦྱིན་གྱིས་དུས་འཁོར་སྒྲུབ་ཁང་གསར་བཞེངས་ལེགས་འགྲུབ་བྱང་སྟེ། ད་ཆར་རྡོར་སློབ་ཆོས་ཀྱི་སྣང་བ་སོགས་མཚམས་སྒྲུབ་སུ་བཞུགས་མུས་ཡིན།

འོན་ཀྱང་ཡ་མཚར་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་ད་བར་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་གནང་མེད། ཇོ་ནང་པ་གཞིས་བྱེས་གཉིས་ཀྱིས་ཇོ་ནང་པ་ལ་ཆོས་བརྒྱུད་ཆེན་པོ་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་དགོས་པར་བོད་གཞུང་ལ་གསོལ་བ་ཤུགས་དྲག་བཏབ་སྟེ་ལོ་ངོ་ ༡༢ ཙམ་ཕྱིན་ཡོད། ཁོང་ཅག་གིས་སྔ་ཕྱིར་རྒྱུ་མཚན་གནས་ལུགས་དང་བཅས་ཞུ་སྙན་ཕུལ་བ་དཔེ་དེབ་ཆེན་པོ་ཞིག་ཚད་ལོངས་པ་ཡོད། འོན་ཀྱང་འདིའི་ཐད་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་བྱེད་ཐབས་མ་བྱུང་། གོ་ཐོས་སུ། ཐོག་མ་ལས་བྱེད་རེ་ཟུང་གིས་ཇོ་ནང་པ་ཟེར་བ་འདི་ནང་པ་ཨེ་རེད་ཟེར་མཁན་དང་། ཁག་ཅིག་གིས་བོན་པ་ཡིན་ནམ་ཟེར་མཁན་ཡང་བྱུང་ཡོད་རབས་འདུག མཁས་པ་དང་གནད་ཡོད་མི་སྣ་ཡིན་ཟེར་མཁན་མང་པོས་ཇོ་ནང་པ་རྒྱལ་དབང་ལྔ་བའི་དུས་ནས་རྩ་མེད་བཏང་ཟིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཚོད་འདུག

གང་ལྟར་སྤྱི་འཐུས་དག་གིས་ཆོས་རིག་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་དགོས་ཟེར་ནས་ཕར་གཡུགས།  ཆོས་རིག་ལས་ཁུངས་ཀྱིས་རྙིང་མ་པ་དང་བཀའ་བརྒྱུད་པའི་མཐུན་འགྱུར་ཡ་ལན་གནང་གི་མི་འདུག་ཟེར་ནས་ཚུར་གཡུགས་ཏེ། ཕར་གཡུག་ཚུར་གཡུག་གི་བར་ནས་མི་ལོ་ ༡༢ ཙམ་ཕྱིན་པར་བློ་ཕམ་ཡོད། བོད་བསྟན་སྲིད་ལ་ལྷག་བསམ་ཡོད་མཁན་གྱི་གཟུར་གནས་བློ་ལྡན་དག་གིས་འདི་ལ་གོ་བསྡུར་དང་། བསམ་གཞིགས། བགྲོ་གླེང་དང་དགོངས་བསྐུལ་སོགས་གནང་རོགས་ཞུ། འགྲོ་མགོན་བཀའ་བརྒྱུད་པའི་མཁན་པོ་བློ་གྲོས་དོན་ཡོད་ཀྱིས་ཇོ་ནང་པ་ཆོས་བརྒྱུད་ཀྱི་མཚན་གནས་འདྲ་མཉམ་སྤྲོད་མིན་ལ་ཞིབ་འཇུག་བྱ་དགོས་ཟེར་ན་ངོ་ཚ་བའི་གནས་ཡིན་པར་གསུངས་པ་རེད། དེ་ནི་མཁས་པའི་གཏམ་རེད་སྙམ། དེ་ནི་ཤྭ་བ་མངོན་ལ་བཞག་ནས། ཤྭ་རྗེས་ལྐོག་ཏུ་འདེད་ཟེར་བ་རེད་སྙམ།

ཡང་ཁ་ཅིག་གིས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་འདྲ་མཉམ་མཚན་གནས་དེབ་སྐྱེལ་བྱས་ན། ཁ་ཆེ་དང་། ཞྭ་ལི་བ། བོ་དུང་བ་སོགས་ལ་དགོས་པས་མི་རིགས་ཟེར། ཇོ་ནང་པ་ལ་དགོན་སྡེ་དང་ཆོས་ཚོགས་༩༠ ལྷག་ཡོད། མདོ་སྔགས་གཉིས་ཀྱི་འཆད་ཉན་བཤད་གྲྭ་དང་སྒྲུབ་གྲྭ དགེ་འདུན་པའི་སྡེ་ཁྲི་ཡས་མས་ཞིག་དང་། དེ་དག་གི་ལྷ་སྡེ་མི་སྡེ་དང་བཅས་པ་ཡོད་པ་ཀུན་གསལ་ཡིན། བོད་ལ་ཁ་ཆེའི་དགོན་པ་གཅིག་ཀྱང་ཡོད་དམ། བོ་དུང་དང་ཞྭ་ལི་སོགས་ལ་ཐུན་མིན་ཡིག་ཆ་འཛིན་པའི་དགོན་སྡེ་ཡོད་དམ། འདི་དག་ལ་ས་དགེ་བཀའ་རྙིང་ཇོ་ནང་པ་ལྟ་བུའི་ཐུན་མིན་ཁྱད་ཆོས་ཟུར་དུ་མེད་པ་མཁྱེན་གསལ་རེད། དབུ་མ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པ་ཡོད་པ་དང་། དུས་འཁོར་ཆེད་མཁས་པའི་དཔལ་ཇོ་ནང་པའི་ཐུན་མིན་ཁྱད་ཆོས་ལ་འགྲན་ཕོད་མཁན་སུ་ཡང་མེད་མོད། གལ་དེ་ཞྭ་ལི་བ་སོགས་ལ་ཡང་ཆོས་བརྒྱུད་ཆེ་ཆུང་ལ་མ་ལྟོས་པའི་མཚན་གནས་གནང་རིགས་ན་གནང་ཡང་ཅིའི་ཕྱིར་མི་ཆོག

གཞིས་བཞུགས་ཇོ་ནང་པ་ཀུན་དང་། གཞིས་བཞུགས་བོད་མི་ལྷག་བསམ་ཅན་ཧ་ཅང་མང་བོ་ཞིག་གིས་བྱེས་བཞུགས་བཙན་བྱོལ་གཞུང་གིས་ཇོ་ནང་པ་ལ་འདྲ་མཉམ་གྱི་མཚན་གནས་དེབ་སྐྱེལ་མ་བྱས་པར་མི་ལོ་ ༡༢ སོང་བར་ཡ་མཚན་དང་བློ་ཕམ་ཆེན་པོ་བྱུང་ཡོད། རྒྱུ་མཚན་ནི། ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་བོད་ཀྱི་བན་དེའི་ཆོས་བརྒྱུད་ཆེན་པོ་ལྔ་དང་། གཡུང་དྲུང་བོན་དང་དྲུག་བཅས་རྒྱ་གཞུང་ཆོས་དོན་ལས་ཁུངས་ལ་དེབ་སྐྱེལ་བྱས་ཤིང་། ཆོས་རྒྱུད་དྲུག་གི་བླ་མ་རེ་རེར་སོ་སོའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་སྐོར་གྱི་དཔེ་དེབ་རེ་གསར་རྩོམ་གནང་བཅུག་ཡོད། ཇོ་ནང་བར་མཚོན་ན། རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་ཡོན་ཏན་བཟང་པོས་༼ ཇོ་ནང་པའི་རིང་ལུགས་གཞན་སྟོང་མི་འཇིགས་གདོང་ལྔའི་ང་རོ ༽ཟེར་བ་བརྩམས་ཏེ་དཔར་བསྐྲུན་ཞུས་ཡོད། བྱེས་བཞུགས་བོད་མི་དག་གིས་ཇོ་ནང་པ་ནང་པ་ཡིན་མིན་ལ་དོགས་པ་དང་། མི་ལོ་ ༡༢ རིང་གསོལ་བ་བཏབ་ཀྱང་གྲུབ་འབྲས་མ་སོན་པར་བསྡད་ན། བྱེས་བཞུགས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་རྣམས་ལ་གཟིགས་ཚོར་གང་འདྲ་འབྱུང་སྲིད་དམ། འབྲེལ་ཡོད་ཀུན་གྱིས་འདི་ལ་ཐུགས་བསམ་ནན་གྱིས་བཞེས་རོགས།

ཇོ་ནང་པ་འདི་དཔལ་དུས་ཀྱི་འཁོར་ལོའི་བཀའ་བབས་པ་ཁོ་ན་ཡིན་པ་སོགས་དམིགས་བསལ་གལ་ཆེན་ཞིག་ཡིན་པར་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཐོང་ཆེན་བྱས་པའི་རིམ་པ་དང་བཀའ་སློབ་མང་དུ་ཡོད། དེ་ཡོད་བཞིན་དུ་འདི་འདྲའི་ནར་འགྱངས་དང་། གལ་ཆུང་བྱེད་རིགས་དང་མི་རིགས། གལ་ཏེ་ནར་འགྱངས་དང་གལ་ཆུང་རྒྱུན་སྐྱོང་བྱས་ན་ནམ་ཞིག་མཇུག་འབྲས་ཅི་ཞིག་འབྱུང་སྲིད་དམ། མ་ཟད་འདིས་གཞུང་གི་ལས་བྱེད་དག་གིས་ཕྱག་ལས་གནང་སྟངས་ལ་གོང་བཅད་དང་རིན་ཐང་ཅི་ཞིག་བྱེད་ཀྱིན་འདུག འདིས་བོད་མི་རིགས་ཀྱི་བསྟན་སྲིད་དང་། ཆིག་སྒྲིལ་ལ་དོ་ཕོག་ཅི་ཞིག་ཐེབས་རྒྱུ་ཡིན་མིན་སོགས་ལ། རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པ་དག་གིས་བསམ་གཞིགས་ནན་པོ་དང་དགོངས་ཚུལ་ལྷུག་པོར་གནང་རོགས་ཞུ་ཞུ།

སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གིས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ པ་གནང་བ་དང་བསྟུན་ཏེ་རྒྱ་ཆེའི་མི་མང་ལ་གོ་རྟོགས་ཡོང་ཆེད་དུ་སྤེལ་བ་ལེགས་སོ།།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 101

  1. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    དཔལ་དུས་ཀྱི་འཁོར་ལོའི་ཟབ་ཆོས་ལས་འཕྲོས་པའི་ཇོ་ནང་བའི་དངོས་ཡོད་བྱུང་རིམ་གནས་ཚུལ་ཁག་ཀུན་ལ་གོ་རྟོགས་ཡོང་ཆེད་ཀྱི་བརྩོམ་ཡིག་ཀློག་མཁན་ཡོང་ལ། ཐུགས་རྗེ་ཆེ། ཞུ་རྒྱུ་ཡིན།
    ལྷག་པར་དུ་གཟིར་གནས་བློ་ལྡན་དག་བཀའ་དྲིན་ཆེ་ཆེ། ཞུ་བ་དང་།

    གནས་ཚུལ་གསལ་བཤད་གནང་མཁན་དག་གྱི་བཀའ་དྲིན་སྙིང་དུ་བཅིང་ཡོད། དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་ཡི་ཡིན།
    ད་དུང་ཀུན་གྱིས་གནས་ཚུལ་ཞིབ་ཚག་ཀློག་རྒྱུ་དང་། གཞན་ལ་གསལ་བཤད། བོད་མི་རིགས་ཀྱི་ཆིག་བསྒྲིལ་དང་བསྟན་སྲིད་ལ་ཇི་ལྟར་འབྲེལ་ཚུལ་སོགས་ལ་བསམ་ཞིག་ནན་མོ་གནང་ཏེ་ཤུགས་སྐྱེན་སྤྲོད་རོགས་ཞུ།

    Reply
  2. མགོ་ལོག་པ། says:
    ལོ་ 14 སྔོན།

    ང་ཚོའི་ས་ན་གསར་རྙིང་ཇོ་གསུམ་ཟེར་བའི་ཁ་རྒྱུན་ཞིག་ཆག་འདུག་ཡོད་པ་རེད་ལ།
    གསར་རྙིང་ཇོ་གསུམ་གྱིས་ཆོས་བརྒྱུད་འཛིན་པ་ཡང་མང་ཤོས་དང་ཤུགས་ཆེན་པོ་རེད། བཀའ་བརྒྱུད་དགོན་པ་ཁ་ཤེས་ཡོད་པ་རེད།
    ས་སྐྱ་བའི་གྲྭ་བ་ཁ་ཤས་ཁམས་ཕྱོགས་ནས་ཨ་མཆོད་ལ་རྒྱུན་དུ་ཡོང་སྲོལ་ཡོད་ལ། ང་ཚོའི་མི་མང་གི་ཆོས་ལུགས་རེས་སུ་མ་ཆད་པར་སྐྱ་སེར་ཡོངས་ཀྱིས་ས་དགེ་བཀའ་རྙིང་ཇོ་ནང་རྣམས་ལ་དད་པ་བྱེད་པ་གཅིག་མཚུངས་རེད། ཆོས་བྱེད་སྟེང་གི་རིམ་པ་དགོན་སྡེ་ཚོའི་སོ་སོའི་ཆོས་བརྒྱུད་གང་ཡིན་པ་དེའི་ལྟ་སྒོམ་སྤྱོད་གསུམ་གཙོ་བོར་བྱེད་པའི་ཐོག་ནས་དམིགས་བསལ་གྱི་སྒྲུབ་མཆོད་ཁ་ཤེས་མ་གཏོགས། གཞན་སྦྱིན་བདག་ཚོར་སྐུ་རིམ་འདོན་ཆོག་གི་སྐོར་སྦྱིན་བདག་གིས་འདོད་པ་བཞིན་རེས་མེད་ཀྱི་ཐོག་ནས་ཤི་ཆོས་གསོན་ཆོས་གང་ཡིན་ཡང་སྦྱིན་བདག་གི་འདོད་པ་བཞིན་སྒྲུབ་ཅི་ཐུབ་བྱེད་པ་རེད།
    མགོ་ལོག་པ་ཚོ་ཆོས་ལུགས་ཕན་ཚུན་བར་ལ་མཐུན་འབྲེལ་རྟན་པོ་ཡོད་པས་ཐོག་ནས་ཆོས་ལུགས་རེས་མེད་རེད། རྒྱུ་མ་ཚན་དེའི་དབང་གི་ད་ལྟའི་དུགས་སུ་བཙན་བྱོལ་བའི་ཁྲོད་ནས་ཇོ་ནང་བ་ལ་ཆོས་བརྒྱུད་སྤྱི་མཚུངས་གི་ཐོབ་ཐང་འདྲ་མཉམ་མེད་པ་ཐོས་ཡོང་དུས། གཞིས་བཞུགས་མགོ་ལོག་པ་ཚོས་སེམས་ནང་ལ་མི་སྐྱིད་པ་ཞིག་རང་བཞིན་གྱི་ཡོད་པ་རེད། ད་ལྟའི་དུས་སུ་མཚོ་སྔོན་དང་ཟི་ཁྲོན་གཉིས་ཀྱི་ནང་ན་མགོ་ལོག་པ་ཚོ་རྫོང་ཁག་བཅུ་ཡས་མས་ཞིག་གི་ནང་ལ་ཁྱབ་འདུག་ཡོད་པ་རེད། དེ་ཚོ་ཕལ་ཆེར་བ་ལ་ཇོ་ནང་པ་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པ་ལ་བློ་ཕམ་ཡོད་ངེས་ཅན་རེད། གལ་སྲིད་བོད་ནང་ནས་ཇོ་ནང་བ་ལ་རྒྱབ་སྐྱོར་ཞིག་བྱེད་དགོས་པའི་དབང་དུ་སོང་ན་མགོ་ལོག་པ་རྫོང་ཁག་ཡོངས་ཀྱི་རྒྱབ་སྐྱོར་ཡོད་ངེས་ཅན་རེད། རྒྱལ་བ་ཇོ་ནང་བ་ལ་མགོ་ལོག་ཁོ་ནའི་རྒྱབ་སྐྱོར་བྱེད་དགོས་པ་ཞིག་དང་བྱེད་རྒྱུ་ཡིན་པས་དམ་བཅའ་བྱས་པ་ཡང་དེ་ལས་མིན། བོད་ནང་གི་གནས་སྟེང་ཙམ་ཞུས་པ་ཡིན། མདོ་དབུས་ཁམས་གསུམ་ན་ཇོ་ནང་ཆོས་བརྒྱུད་འཛིན་མང་དག་ཞིག་ཡོད་པ་རེད། བཙན་བྱོལ་ལ་མཚོན་ན་ཇོ་ནང་ཆོས་རྒྱུད་འཛིན་པ་མི་འབོར་མང་ཤོས་དབུས་གཙང་ཆག་ཡོད་པར་ཐོས་སོང་། སླད་མར་ཞུ་རྒྱུ་ཞིག་ལ་ང་ཚོ་མི་རིགས་གཅིག་པ་དང་ལོ་རྒྱུས་གཅིག་པ་ཆོས་ལུགས་གཅིག་པ་ཡོངས་སྔོན་གྱི་བོད་དང་། ད་ལྟའི་བོད་དང་མ་འོངས་པའི་བོད་ཟེར་ན་གང་ལྟར་སྐྱིད་སྡུག་གཅིག་པ་རེད། མིང་བྱང་གཅིག་གི་འོག་ནས་བསྐལ་བ་མ་འཇིགས་བར་དུ་གནས་དགོས་རྒྱུ་རེད་ལ། ད་ལྟའི་དུས་སུ་ང་ཚོའི་ལོ་རྒྱུས་ཀྱི་འཁྱོག་འཚམ་ཆེན་མོ་ཞིག་རེད། གནད་ཡོད་མི་སྣ་ཚོའི་བསམ་བློ་བཏང་དགོས་ས་རེད། ༧གོང་ས་མཆོག་གིས་གཟི་བརྗིད་དང་ལྡན་པའི་མཛད་རྗེས་འོད་སྟོང་འཕྲོ་བ་་དེས་འཛམ་གླིང་ཤར་ནུབ་ཡོངས་ལ་ཁྱབ་ཡོད་པ་མ་ཟད། ཆེའི་ཁྱད་དུ་འཕགས་པའི་དབུ་ཁྲིད་ཁོང་གིས་ལམ་སྟོན་དང་བཀའ་སློབ་དེ་ང་ཚོའི་ཉན་པའི་གོ་སྐབས་རག་པ་ཙམ་མ་ཡིན་པར་ཁོང་གི་ལང་ཕྱོགས་ཀྱི་རྗེས་སུ་ཐེ་ཚོམ་མེད་པར་བརྟན་པོར་བསྙེག་རྒྱུའི་ཡིད་ཆེས་དང་རེ་བ་ལན་བརྒྱར་འདེབས་པ་ཡིན།

    Reply
  3. རྨ་ཀློང་གངས་ཕྲུག། says:
    ལོ་ 14 སྔོན།

    ཇོ་ནང་པ་ཡི་ལྟ་སྒོམ་ཡང་དག་གཉིས།།
    མདོ་ཡི་ལྟ་བ་གཞན་རྟོང་དབུ་མ་དང་།།
    བསྔགས་དོན་མཐར་ཐུགས་རྣལ་འབྱོར་ཡན་ལག་དྲུག།
    ངེས་པ་དོན་ཀྱི་དབུ་མ་ཆེན་པོ་དེ།།
    འཁོར་ལོ་ཐ་མའི་དགོངས་དོན་མ་ནོར་བ།།
    ཡང་དག་བསྟན་པ་འདི་ཉིད་རྒྱལ་གྱུར་ཅིག།

    Reply
  4. ནམ་མཁའ། says:
    ལོ་ 14 སྔོན།

    དཔལ་ལྡན་རྒྱལ་བ་ཇོ་ནང་པ་ལ་༧གོང་ས་མཆོག་གིས་དགོངས་གཞི་བཞིན་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་སྤྲད་ན་ལེགས། ཇོ་ནང་བ་ལ་རྒྱབ་སྐྱོར་བྱེད་མཁན་མི་༢༠༠༠༠ང་ཚོ་འདིར་ཡོད། ཚང་མའི་སྐྱོར་ཡོད་པར་མཁྱེན་མཁྱེན་ཞུ།

    Reply
  5. ཅང་མེད། says:
    ལོ་ 14 སྔོན།

    ཇོ་ནང་བ་ལ་ཆོས་བརྒྱུད་སྤྱི་མཚུངས་ལྟར་འདྲ་མཉམ་གྱི་ཐོབ་ཐང་ངེས་པར་དུ་སྤྲད་དགོས་པ་ཞིག་རེད། སྤྲད་རྒྱུས་རེ་བ་དང་། སྤྲད་ཐུབ་པས་ཡིད་ཆེས་ཡང་ཡོད། གང་ཡིན་ཟེར་ན་རྒྱུ་མཚན་དང་གནས་ལུགས་ལོ་རྒྱུས་ལ་སོགས་བརྟགས་ནས་རྒྱབ་སྐྱོར་བྱེད་པ་ཡིན། དྲང་བདེན་དང་གནས་ལུགས་ལ་ཡིད་ཆེས་མཁན་དང་དགའ་མཁན་ཡོད་ན་རྒྱབ་སྐྱོར་བྱེད་རན་འདུག
    %100རྒྱབ་སྐྱོར་བྱེད་ངེས་ཡིན། ཇོ་ནང་བསྟན་པ་རྒྱལ་གྱུར་ཅིག

    Reply
  6. གཡག་རྒན། says:
    ལོ་ 14 སྔོན།

    དཔལ་རྒྱལ་བ་ཇོ་ནང་བ་ལ་རྒྱབ་སྐྱོར་ཡོད་པ་མ་ཟད་རང་ཉིད་ཀྱི་ངོས་ནས་ཕྱག་རོགས་ཡང་བྱེད་འདོད་ཡོད།
    གང་ཡིན་ཟེར་ན་མི་ཞིག་ཡིན་ན་གནས་ལུགས་དགོས་ནི་རེད།

    Reply
  7. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    གུས་པས་ཇོ་ནང་བ་ལ་དུས་ནམ་ཡང་རྒྱབ་སྐྱོར་བྱ་རྒྱུ་དམ་བཅའ་ཡོད།

    Reply
  8. སྨྱུག་གསར། says:
    ལོ་ 14 སྔོན།

    ང་ཚོའི་ཆོས་དམ་ཚིགས་ཀྱི་ལ་རྒྱ་དང་མི་རིགས་གཅིག་གི་སྤུན་ཟླ་ཡིན་པས་དཔལ་ལྡན་རྒྱལ་བ་ཇོ་ནང་བ་ལ་རྒྱབ་སྐྱོར་ཡང་དག་བྱེད་རྒྱུ་ཡིན།

    Reply
  9. ཞིང་བ། says:
    ལོ་ 14 སྔོན།

    ཇོ་ནང་བའི་ལྟ་གྲུབ་གཙང་མ་ཡིན་མིན་ལ་དོག་པ་བྱེད་པ་ལས། སྟོན་པ་གཅིག་གི་བསྟན་པ་དང་། མི་རིགས་གཅིག་གི་སྐྱིད་སྡུག་མཉམ་ཁུར་ཡིན་པར་བསམ་བློ་བཏང་ནས་རང་ཉིད་རྒྱབ་སྐྱོར་གཙང་མ་བྱེད་རྒྱུ་ཡིན།

    Reply
  10. དྲག་རླུངས། says:
    ལོ་ 14 སྔོན།

    ཇོ་ནང་བ་ལ་ཆོས་བརྒྱུད་སྤྱི་མཚུངས་ལྟར་འདྲ་མཉམ་གྱི་ཐོབ་ཐང་ངེས་པར་དུ་སྤྲད་དགོས་པ་ཞིག་རེད། སྤྲད་རྒྱུས་རེད་བ་དང་། སྤྲད་ཐུབ་པས་ཡིད་ཆེས་ཡང་ཡོད།

    Reply
  11. དྲག་རླུངས། says:
    ལོ་ 14 སྔོན།

    དྲ་གྲོགས་དྷ་དྷིས་ཡག་པོ་ཞིག་བྲིས་འདུག དམར་ཁ་ཚ་གི་འཚམ་འཇོག་མ་བྱེས་སྔོན་ལ་དེ་ཡོད་ན་ཡག་ཡོད་ས་རེད་དང་།
    དམར་ཁ་ཚ་གིས་སྐད་ཆ་མང་ན་འཆོལ་འགྲོ། སྐུད་པ་རིང་ན་ཆད་འགྲོ་ཟེར་ཁ་བྱས་ནས་འཚམ་འདྲ་བྱེད་ཁ་བྱས་སོང་ར་༧ཐམས་ཅད་མཁྱེན་པས་གསུངས་དེ་ཚོ་བྲི་ཡོང་ཁོ་ནི་བོ་ཤེས་སོང་ནི་མ་ར། མན་ལྡོག་བོ། ཚོད་ཐིག་ཟིག་སོ་ཡུམ་རེད་ན་གོ་བརྫེས་མི་ནི། ད་དམར་ཁ་ཚས་ཁ་ཟི་རྡག་ནས་འདུག་རྒྱུ་མིན་ནི་ཡོད་ས་མ་རེད། དམར་ཁ་ཚ་ལམ་འགྲོས་ཡག་པོ་ཡོད་ས་རེད།

    Reply
  12. དྷ་དྷི། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ངས་མང་པོ་ཞིག་བཤད་ན་མི་འདོད་གི གཙོ་བོ་༸གོང་ས་མཆོག་གི་བཀའ་སློབ་འདི་དག་ལ་ཅུང་ཟད་རེ་གཟིགས་རོགས་ཞུ་རྒྱུ་ཡིན། “དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་བཞེས་སྐོར་ལ་ཆ་བཞག་ན་ས་དགེ་བཀའ་རྙིང་ཚང་མས་དུས་ཀྱི་འཁོར་ལོར་བསྔགས་བརྗོད་ཆེན་པོ་གནང་གི་ཡོད། ཡིན་ནའང་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་རྐང་བཙུགས་ཏེ་རྩལ་འདོན་བྱེད་མཁན་དེ་ཇོ་ནང་རེད་འདུག དགེ་ལུགས་ལ་ཆ་བཞག་ན་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་ཀྱང་གསང་བདེ་འཇིགས་གསུམ་གཙོ་བོ་རེད། བཀའ་བརྒྱུད་པས་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་པ་རེད། ཡིན་ཡང་གཙོ་བོ་བདེ་མཆོག་ཕག་མོ་དེ་ཚོ་གཙོ་བོ་ཆགས་ཀྱི་ཡོད་པ་རེད། ས་སྐྱ་པར་ཆ་བཞག་ན་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་པ་རེད། ཡིན་ནའང་ཀྱེ་རྡོར་གཙོ་བོ་རེད། སྔ་འགྱུར་རྙིང་མར་ཆ་བཞག་ན་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད་པ་རེད། ཡིན་ཡང་དུས་ཀྱི་འཁོར་ལོའི་སྟོང་གཟུགས་ཀྱི་སྣང་བ་དེ་དང་ཐོད་བརྒལ་གྱི་སྣང་བ་དེ་ཚོའི་གྲས་དེ་ཞིབ་ཚགས་པོའི་ཐོག་ནས་བསམ་བློ་བཏང་བ་ཡིན་ན་མི་འདྲ་བའི་ཁྱད་པར་སྐབས་རེ་ཡོད་པ་དང༌། སྤྱི་ཡོངས་ཀྱི་ཆ་ནས་འདྲ་པོ་འདྲ་བོ་ཡོད་པ་ཞིག་རེད་འདུག གང་ལྟར་སྔ་འགྱུར་གྱི་ཐོག་ནས་ཆ་བཞག་ནའང་དུས་ཀྱི་འཁོར་ལོ་གལ་ཆེན་པོ་རྩི་བཞིན་ཡོད། ཕལ་ཆེར་ཀུན་མཁྱེན་འཇིགས་མེད་གླིང་པས་ཡོན་ཏན་མཛོད་ཀྱི་རང་འགྲེལ་ནང་ས་ལམ་གྱི་རྟོགས་པ་འགྲོ་སྟངས་འདི་དག་དུས་ཀྱི་འཁོར་ལོའི་རྩ་འདབ་སོ་སོ་ནས་བྱང་སེམས་དཀར་དམར་བསྡུས་ནས་རྩ་འགོ་རེ་རེའི་སྟེང་མི་འགྱུར་བའི་བདེ་བ་སྐྱེས་ཡོང་དུས་ས་ལམ་འགྲོ་རྒྱུ་ཞིག་གསུང་གི་འདུག ཀུན་མཁྱེན་འཇིགས་མེད་གླིང་པར་ཆ་བཞག་ནའང་གལ་ཆེན་པོ་རྩི་བཞིན་ཡོད། འོན་ཀྱང་རང་ལུགས་རང་གི་གཙོ་བོ་དེ་མཧཱ་ཨ་ནུ་ཨ་ཏི་ཞེས་མ་ཧཱ་ཡོ་གའི་ནང་ནས་སྒྲུབ་པ་བཀའ་བརྒྱད་ཀྱི་གཙོས་དེ་དག་གཙོ་བོ་གནང་བཞིན་ཡོད། སྒོས་སུ་དཔལ་དུས་ཀྱི་འཁོར་ལོའི་ཆོས་འཁོར་དེའི་ནང་ནས་སྦྱོར་དྲུག་གི་ཉམས་ལེན་བདག་པོ་རྒྱག་མཁན་དེ་ཇོ་ནང་པ་རེད་འདུག”
    གཤམ་གྱི་ཚིག་བཤད་འདི་ནི་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་གསུང་ཡིན་ལ། དེའི་འགྲེལ་མཛད་པོ་ནི༸གོང་ས་མཆོག་ཡིན་པས་གཟིགས་རོགས་ཞུ།
    “སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །”
    “ཉམས་ལེན་གྱི་སྙིང་པོ་སྒྲིལ་ན། ཚོགས་མགོའི་ནང་གི་ཚིག་འདི། སྔོན་མ་འདིར་བརྟན་བཞུགས་ཤིག་གནང་བ་རེད། དེ་དུས་ཚིག་འདི་ངོས་ཀྱི་བློར་ཧ་ཅང་ཟུག་པོ་བྱུང༌། ངོས་ཀྱིས་ཚིག་འདི་བཤུས་ཏེ་མཚམས་མཚམས་ལ་ཀློག་གི་ཡོད། སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོ་ཁྲིལ་ལི་ལི། །ཞེས་གསུངས་ཡོད་པ་འདིས་མདོར་ན་ས་དགེ་དཀའ་རྙིང་ཡོངས་རྫོགས་ཀྱི་ཉམས་ལེན་མཐིལ་དེ་འདིའི་སྒང་ལ་བབ་ཀྱི་ཡོད། ཚང་མ་གཅིག་པ་རེད། ཚིག་གི་བདར་ཤ་གཅོད་སྐབས་རང་སྟོང་དང་གཞན་སྟོང་ཞེས་འདྲ་མི་འདྲ་ཡོད་རེད། ཀུན་རྫོབ་རང་སྟོང༌། དོན་དམ་གཞན་སྟོང༌། གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་བདེན་གྲུབ་ཟེར་བ་སོགས་འདྲ་མི་འདྲ་མང་པོ་བཤད་གི་ཡོད་པ་རེད། སྙིང་པོ་དེ་སེམས་འདུལ་ཐབས་ལ་གཅིག་གྱུར་འགྲོ་དགོས་རྒྱུ་ཞིག་དང༌། ལྟ་བ་དེ་དག་སྒོམ་པའི་འབྲས་བུར་ཕྱིའི་སྣོད་ཀྱི་བཀོད་པ་འདི་ཐམས་ཅད་སྒྱུ་མའི་རང་སྣང་རྗེན་ནེ་ནེ་ཞེས་བདེན་སྟོང་སྒྱུ་མ་ལྟ་བུ་ཞིག་མཐོང་རྒྱུ་ཞིག ཡུལ་ཅན་ཤེས་པའི་ངོས་ནས་བཤད་ཀྱང༌། གཏད་མེད་རིག་པ་གསལ་ལ་ལ། ། ཞེས་པ་གསལ་རིག་གི་རང་བཞིན་དེ་འགག་ཏུ་མེད་པ་རེད། འོན་ཀྱང་གཏད་པ་མེད་པ་ཞིག་ཆགས་ཀྱི་ཡོད། གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །ཞེས་བརྗོད་སྐབས་ཕྱི་བཟུང་བ་ཡིན་ནའང་རེད། ནང་འཛིན་པ་ཡིན་ནའང་རེད། གང་ལ་ཡིན་ཡང་དམིགས་གཏད་བཤིག་སྟེ་གཏད་བཟོ་མི་བདེ་བ་རེད། བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །ཞེས་དེ་འདྲའི་བསམ་བློ་འཁོར་བ་ཡིན་ན། དུས་ད་ལྟ་བར་དུ་ཉོན་མོངས་དུག་གསུམ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གི་རྐྱེན་པས་སེམས་ཉིད་དུབ་བསྡད་ཡོད་པ་དེ་ཞི་ཞིང་བྲལ་བ་ཞིག་ཡོང་གི་རེད། སྤྲོས་པ་མཐའ་དག་ཉེ་བར་ཞི་བ་ཞིག་བྱུང་བ་ཡིན་ན། བདེ་བ་ཆེན་པོ་ཁྲིལ་ལི་ལི་ཞེས་གསུངས་པ་འདི་རེད་འདུག དེར་བརྟེན་ཤོ་ལོ་ཀ་གཅིག་པུ་འདིར་ཡང་ཡང་བསམ་བློ་བཏང་བ་ཡིན་ན། དཔལ་ནཱ་ལེནྡའི་ཆོས་བརྒྱུད་ཀྱི་དངོས་གནས་ཤེས་པ་འདུལ་ཞེས་རང་སེམས་འདུལ་རྒྱུའི་ཐབས་ཤེས་ཤིག་ཡིན། རང་སེམས་འདུལ་རྒྱུ་ཟེར་བ་དེར་སྨོན་ལམ་བརྒྱབ་ནས་རང་སེམས་འདུལ་བར་ཤོག་ཅེས་བརྗོད་ནས་ཡོང་གི་མེད། ཆོས་རབ་ཏུ་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་ལས་སེམས་མ་འདུལ་བ་བྱེད་མཁན་གྱི་བློ་དེ་དག་རྫུན་ཕུག་རྟོལ་ཏེ་དེ་འདྲ་ཞིག་གི་འོག་ནས་གནས་ལུགས་རྗེན་པ་མཐོང་བའི་ཐོག་ནས་དེའི་ཉམས་མྱོང་མངོན་དུ་འགྱུར་བ་ཡིན་ན་སྤྲོས་པ་མཐའ་དག་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས་ཞེས་པ་འཐོབ་རྒྱུ་ཞིག་ཡོད།”

    Reply
  13. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    ཤར་མཁན་སྤྲུལ་ལགས་ཁྱོད་ག་རེ་བྱེད་ནས་བུ་མོ་ཞིག་གི་མིན་བཏོན་པ་ཡིན་བདེ་ཆེན་གཡང་འཛོམ་ཟེར་ཡ་དེ་ཁྱོད་རེད་ཤག་ཤར་མཁན་སྤྲུལ་ལབ་ཡ་དེ་ཁྱོད་རེད་ཤག་ད་བྱས་ན་ཁྱོད་མ་ནིང་ཡིན་པ་འདྲ་་་་་་
    དྲ་གྲོགས་རྣམས་པ་རེད་མ་རེད་གཅིག་གསུང་ད་

    Reply
  14. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    དམར་ཁ་ཚ་ལགས་《སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ན་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་མཁན་དེ་རེད།》ཟེར་བ་དེ་ཁྱེད་ཀྱི་ཀླད་པའི་ནང་མ་ཤོང་ན་ཡང་སྐྱོན་མི་འདུག ཁྱེད་ཀྱི་སྨོན་ལམ་ལོག་འདེབས་དང་དེ་ལྟར་མི་བྱེད་པའི་འབོད་བསྐུལ་ག་འདྲ་བྱས་རོང་ཇོ་ནང་བ་ལ་ཁྱད་པར་ཡོད་རྒྱུ་མ་རེད།
    དཔེར་ན་ཐེག་ཆེན་གྱི་ལྟ་བ་ཐེག་དམན་གྱི་འཁྲུལ་གཞི་ཟེར་བའི་དཔེ་དེ་ཁྱེད་ལྟ་བུ་ཞིག་ལ་ཟེར་ནི་ཡིན་ས་རེད། དེ་ཐོག་འདུག་སྙམས།
    རང་ཉིད་ཀྱི་བསམ་ཚུལ་ལ་སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ན་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་མཁན་དེ་རེད་བཤད་ན་མི་འགྲིག་པ་ཡོད་རྒྱུ་མ་རེད་བསམ་གྱིན་ཡོད། གཙོ་ཆེ་ཆུང་དང་རིགས་གཅིག་རྐང་འཛིན་གྱིས་བརྒྱུད་འཛིན་དང་ཉམས་ལེན་བྱེད་མཁན་མང་ཉུང་ལ་བཞགས་དགོས་རྒྱུ་རེད་མོས། ཞན་ལ་དུས་འཁོར་འཆད་ཉན་ཙམ་ཡང་མེད་པ་ག་ལ་ཡིན། ས་དགེ་བཀའ་རྙིང་ཡོངས་ལ་འཆད་རྒྱུན་དང་དབང་རྒྱུན་ཙམ་རེ་ཡོད་པ་རེད། དེ་ཙམ་གྱི་ཉམས་བཞེས་ཆ་ཚང་ཡོད་གོ་མི་ཆོད། དུས་འཁོར་སྦྱོར་དྲུག་སོགས་དབང་ལུང་མན་ངག་གི་རྒྱུད་པ་བར་མ་ཆད་པ། བྱི་རླབས་ཀྱི་ཚན་ཁ་མ་ཡལ་བར་དུས་འཁོར་གྱི་རྣལ་འབྱོར་བ་ཚོས་མི་ཚེ་ཧྲིལ་བོ་ཉམས་ལེན་ལ་གཞོལ་ནས་མཐར་དགོངས་པ་རྫོགས་སྐབས་ཡང་རྒྱུད་ལས་གསུངས་བའི་རྟགས་ཁྱད་པར་ཅན་དང་བཅས་སྐུ་གྲོང་འགྲོ་མཁན་ཇོ་ནང་བ་ཉུང་ཉུང་མ་ཡིན་པ་གུས་པས་མཐོང་ཐོས་ཡོད། སྔོན་མ་༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོ་ཇོ་ནང་བའི་སྒེར་ཆོས་ཡིན་པ་གསུངས་ཡོད་པ་ཡང་མང་དུ་འདུག
    དེ་ལ་ཡང་རྒྱུ་མཚན་ཡོད་རྒྱུ་རེད་མོས།

    Reply
  15. དམར་ཁ་ཚ། says:
    ལོ་ 14 སྔོན།

    སྐད་མང་ན་འཆོལ་འགྲོ། སྐུད་པ་རིང་ན་ཆད་འགྲོ་ཞེས་པ་ལྟར་དྲ་གྲོགས་ཚོར་མཇུག་མཐའི་བདེ་མོ་འཇོག་རྒྱུ་ཡིན། ཕན་ཚུན་ལ་འཛེམ་བག་མེད་པར་བགྲོ་གླེང་བྱས་པར་ཐུགས་རྗེ་ཆེ་ཞུ།
    མཐར་སྙིང་གཏམ་ཚིག་གཅིག་ཡོད་པ་ནི། ཕྱིན་ཆད་རྩོམ་འབྲི་སྐབས་《སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ན་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་མཁན་དེ་རེད།》ཅེས་པ་འདི་ལྟ་བུའི་རིགས་བེད་སྤྱོད་མ་བྱས་ན་བཟང་ངོ་སྙམ། བསམ་ཚུལ་ཡིན།

    Reply
  16. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    ཕྱི་བ་ནང་བ་སྐྱབས་འགྲོའི་ཁྱེད་པར་རེད།།
    རང་སྟོང་གཞན་སྟོང་བསྟོན་པའི་བསྟན་པ་རེད།།
    ཐེག་པ་ཆེ་ཆུང་སེམས་ཀྱི་ཁྱེད་པར་རེད།།
    དགེག་བཞགས་བྱེད་པ་མཁས་པའི་ཁྱད་ཆོས་རེད།།

    འཁྲེག་འཛིན་བྱེད་པ་ཀླད་རྙིང་རང་ལུགས་རེད།།
    ཕྱོགས་ཞེན་ཆེ་བ་རང་གཤེས་རང་མཚང་རེད།།
    མཁས་རློམ་ཆེ་བ་ཡོན་ཏན་འཕུང་རྟགས་རེད།།
    རྒྱུ་མཚན་ལྡན་ན་གནས་ལུགས་དྲང་གཏམ་རེད།།

    Reply
  17. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    ཇོ་ནང་ལྟ་བ་སངས་རྒྱས་དགོངས་པ་རེད།།
    འཐེན་ཁྱེར་ཆེ་བ་བོད་པའི་རང་གཤེས་རེད།།
    མཐུན་འབྲེལ་ཐུབ་པ་རྒྱལ་བས་དགོངས་པ་རེད།།
    འདྲ་མཉམ་ཐོབ་ཐང་མང་གཙོའི་འགྲོ་སྟེངས་རེད།།

    Reply
  18. དམར་ཁ་ཚ། says:
    ལོ་ 14 སྔོན།

    སངས་རྒྱས་གྲུབ་མཐར་སྡང་བའི་འདུ་ཤེས་མེད།།
    གཞན་སྟོང་ལྟ་བར་སྒུར་བློ་ཡེ་ནས་མེད།།
    ཇོ་ནང་ཁ་ཆེ་ཡི་ཤི་ཆོས་ལུགས་སོགས།།
    དམན་དང་ལྷག་གི་ཁྱད་པར་འབྱེད་ཀྱིན་མེད། །

    བདག་ནི་ནང་པའི་ཆོས་ལ་དད་ཆེ་བས།།
    གཞན་སྟོང་ལྟ་བ་ཅུང་ཙམ་བཀག་པ་ཡིན།།
    གང་ལྟར་ལོག་ལྟ་ཅན་གྱི་སྐྱེ་བ་ལས།།
    དམྱལ་བའི་ཡུལ་དུ་ལྷུང་ཡང་འགྱོད་སེམས་མེད།།

    Reply
  19. ལྷ་དབང་། says:
    ལོ་ 14 སྔོན།

    སངས་རྒྱས་གྲུབ་མཐར་སྨད་ན་ཆོས་སྤང་ཡིན། །ཆོས་སྤང་འབྲུས་བུ་ངན་སོང་གཏོང་ཉེན་ཆེ། །ཆོས་ལུགས་ཕྱོགས་རིས་༸གོང་ས་མཆོག་དང་དང་འགལ། །བླ་མའི་ཐུགས་དགོངས་དཀྲུག་ན་མྱལ་བ་ལས། །འགྲོ་ས་མེད་པ་ཀུན་མཁྱེན་འཕགས་པས་གསུང་། །དེ་བས་དག་སྣང་སྦྱོང་ལ་ཕྱོགས་རིས་སྤོང་། །རང་ཅག་བསྟོན་པ་གཅིག་གི་རྗེས་འཇུག་ཡིན། །ང་ཚོ་གངས་འཕྲུག་གཅིག་གི་བུ་རྒྱུད་ཡིན། །ང་ཚོ་ཀུན་ལ་འདྲ་མཉམ་རང་དབང་དགོས། །ཕན་དང་བདེ་སྐྱིད་དགོས་པ་གཅིག་མཚུངས་ཡིན། །ཐོབ་དང་གོ་མིང་དགོས་པ་གཅིག་མཚུང་ཡིན། །

    Reply
  20. དྲག་རླུངས། says:
    ལོ་ 14 སྔོན།

    དམར་ཁ་ཚ་དང་། ལྷ་དབང་། ཤེས་རབ་མེ་ལྕེ་སོགས་ཀྱིས་ཚིགས་བཅད་ཡག་པོ་རེ་བྲིས་འདུག ཡིན་ན་ཡང་ལུང་ཚན་དང་། ལྟ་བ་སོགས་དྲ་ཐོག་ལ་གླེང་ན་དགོས་པ་ཞིག་མ་རེད། དགོས་སུ་ཆོས་བརྒྱུད་ཕན་ཚུན་བར་འགལ་ཟླ་འཕང་ན་ཡག་པོ་མི་འདུག་ཇོ་ནང་དང་དགེ་ལུགས་གཉིད་ཆོས་དང་འཇིག་རྟེན་གང་ཅིའི་ཐད་ད་ལྟ་འབྲེལ་ལམ་ཧ་ཅང་ཡག་པོ་རེད། ཁ་བཏང་ན་ཡག་པོ་མི་འདུག
    གཞན་རང་ཉིད་ཀྱི་བསམ་ཚུལ་དང་སྨྱུག་རྩལ་འགྲན་བདུར་དྲ་ཐོག་ལ་མི་མཐུད་དུ་བྱ་རྒྱུས་རེ་བ་ཡོད།

    Reply
  21. དམར་ཁ་ཚ། says:
    ལོ་ 14 སྔོན།

    རྟེན་འབྲེལ་རིགས་པའི་རྒྱལ་པོ་ཡིས།།
    གཏན་ལ་ཕབ་པའི་དེ་ཉིད་གང།།
    བློ་གྲོས་མིག་གིས་མ་མཐོང་ན།།
    མི་ལུས་ལུག་གི་གོ་འཕང་ཡིན།།

    ལྷ་དབང་ཤེས་རབ་མེ་ལྕེ་སོགས།།
    གཅིག་གི་རྒྱབ་རྩར་གཅིག་ལངས་ཀྱང།།
    དོན་གྱི་གནད་ལ་མི་ཕོག་པས།།
    མི་སྨྲ་རྟུལ་ཞུགས་བཟུང་ན་ལེགས།།

    བདག་ལ་ཉོན་མོངས་ལྡན་གྱུར་ཀྱང།།
    ལྟ་བ་ཡང་དག་བཟུང་བྱས་པས།།
    བདེ་འགྲོའི་གོ་འཕང་མི་སྙེག་པར།།
    ངན་འགྲོར་ལྟུང་བ་ཅི་ལ་བདེན།།

    Reply
  22. ལྷ་དབང་། says:
    ལོ་ 14 སྔོན།

    ཨོ དམར་ཁ་ཚ་
    ད་ང་གི་རང་ལ་ངོ་ཚ་དེ་ཙམ་ལས་མ་གཏད་ན་མི་ཆོག་ནི་ཨེ་རེད། ཇོ་ནང་བའི་ལྟ་བསྒོམ་ལ་རྩོད་པ་བྱས་ནས་རྩོད་མེད་དུ་གྲགས་ནས་ལོ་བརྒྱ་འཕྲག་མང་བོ་སོང་ཟིན་ལ། ལྟ་གྲུབ་ཉམས་སུ་བླང་ཏེ་གང་ཟག་ཆེས་མང་བོར་གྲུབ་པའི་སོ་མཐོར་གཤེགས་ཟིན་པས། ད་ཁྱོད་ཀྱིས་དོགས་པ་བྱས་ན་རང་གིས་རང་ཉིད་བླུན་པོ་རུ་བལྟན་པ་ལས་མེད། ད་དུང་ཉིད་ཀྱིས། ༼ ངས་བསྟས་ན་བདེ་ཆེན་གཡང་འཛོམ་ཟེར་བ་དེ་ཤར་མཁན་སྤྲུལ་གྱིས་གསང་ཡུམ་ཡིན་པ་འདྲ་།་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧབ་༽ སོགས་དོན་མེད་སྒྲོ་བརྐུར་གྱི་ངག་འཆལ་ཀྱིས་ཅི་བྱ།
    ཉེ་སྔོན་ཁྱེད་ལ་མི་ཞིག་གིས། དམར་ཁ་ཚའི་ཁོག་པ་ནད་ཀྱིས་ཁངས། །ནད་ཤེས་རབ་བློ་མིག་ལོང་བའི་གདོན། །རྒྱུ་གྲུབ་མཐའི་ཀུན་བཏགས་བཙན་པོ་ཡིས། །ཆོས་ངེས་དོན་རྟོགས་པའི་སྲོག་རྩ་ཆད། །
    རྒྱུ་གྲུབ་མཐར་ཆགས་སྡང་བྱས་པས་སྐྱེན། །མགོན་བསྟན་འཛིན་རྒྱ་མཚོས་ཐུགས་དགོངས་སྐྲུགས། །བོད་ཆོལ་གསུམ་མཐུན་ལམ་དུག་གིས་རྦགས། དགྲ་རྒྱ་དམར་དགའ་བའི་གྲོགས་པོ་ཁྱོད། །
    མི་ལས་ངན་ཐུག་པོའི་ནད་དྲི་ཅན། །སེམ་ཆག་སྡང་དྲག་པོ་ཟུག་ཟེར་ཅན། །ཁྱེད་དོན་དུ་མ་ཎི་པད་མེ་ཧུྃ། །ལས་ངན་སོང་གནས་སུ་ས་མ་སྟོང་ཅིག ། སོགས་དགག་བཞག་ལོང་བ་གང་བྱས་པ་ལ་ལན་མེད་མོད། ད་ཁ་བཙིམ་བསྡད་ན་མི་ལེགས་མ། ཁྱོད་ཀྱིས་མིང་རྫིན་མ་ཡིན་ཡང་ཁྱེད་རྔ་ལི་ཏང་མར་ཞིག་ཡིན་པ་ཁྱོད་ཀྱིས་ཡི་གེའི་ནང་གི་ཁ་སྐད་དག་ལས་ཤེས་གི་ལགས། ཧ་ཧ་ ལྷོད་ལྷོད་བྱས་ནས་བཞུགས་ན་མི་ལེགས་སམ། གྲོགས་པོ།

    Reply
  23. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཁམས་བདེ་བར་གཤེགས་པའི་སྙིང་བོ་སོགས། སྟོང་ཉིད་སྐོར་ལ་ལན་གསལ་བོ་ཞིག་ཐེབས་མི་ཐུབ། ཅིའི་ཕྱིར་ན། ཇོ་ནང་བས་སངས་རྒྱས་དགོངས་པ་དངོས་དེ་རྟོགས་མེད་པས་སོ།།

    Reply
  24. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    བདེ་ཆེན་གཡང་འཛོམ་ལག།
    དེ་ཡིན་ན་དང་པོ་ཁྱོད་ཇོ་ནང་པས་ཆོས་བསྒྱུད་ཆེན་པོ་བཞི་ཡིས་འདྲ་མཉམ་ཐབ་ཐང་མ་བརྩོད་པར་སྭ་སྐྱ་མ་ཏོག་ཆོས་སྒྱུད་གཞན་པས་ཇོ་ནང་པ་ཟེར་ཡ་དེ་ནང་པ་ཡིན་མིན་ལ་དོག་པ་ཆེ་གི་དེ་གསལ་བོ་གཟོ་རོག་ཞུ།
    ཡང་ཁྱེད་ཀྱི་ལན་མི་ཐབས་པ་ཐམས་ཅད་ལ་ཤར་མཁན་སྤྲུལ་གྱི་གསལ་བོ་གསུང་འདུག་དེ་ལ་གཟིག་མ་ཟེར་རོག་ལེན་མ་ཤེས་ན་མི་ཤེས་གསུང་ན་འགྲིག་།
    ངས་བསྟས་ན་བདེ་ཆེན་གཡང་འཛོམ་ཟེར་བ་དེ་ཤར་མཁན་སྤྲུལ་གྱིས་གསང་ཡུམ་ཡིན་པ་འདྲ་།་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧབ་

    Reply
  25. རྒྱ་རྙི། says:
    ལོ་ 14 སྔོན།

    དྲ་གྲོགས་ཚང་མར་ཐུགས་རྗེ་ཆེ། བློ་བསྐྱེད་བརྗེ་རེས་བྱས་པས་ཕན་ཐོགས་ཞེ་དྲག་བྱུང། ཀློག་མཁན་ཚང་མས་གོ་བ་ལེགས་པོ་ཞིག་ལོན་ཡོད་པའི་རེ་བ་ཡོད།

    Reply
  26. ཐོར་དབོད། says:
    ལོ་ 14 སྔོན།

    དྲ་གྲོགས་དབྱངས་ཅན་སྒྲོལ་ཟེར་ཞིག་གིས་༼ད་ལྟ་ཁྱེད་ཀྱི་ཇོ་ནང་བ་ལ་ཐོབ་ཐང་མེད་སྟངས་ལན་འདེབས་ཁ་གསལ་དགོས་ངེས་འདུག་ཟེར་པ་ཡིན་ན། བཙན་བྱོལ་གཞུང་གི་ངོས་ནས་ཇོ་ནང་བ་ལ་ཆོས་བརྒྱུད་གཞན་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་མ་རེད།
    གཞིས་བྱེས་ཇོ་ནང་བ་ཡོངས་ཀྱི་སྐུ་ཚབ་མཚོན་བྱེད་སྤྱི་འཐུས་ཀྱི་ཐོབ་ཐང་མེད་པ་དང་གཅིག
    བཅའ་ཁྲིམས་ཡིག་ཆ་ནང་དུ་ཇོ་ནང་བའི་མཚན་འཁོད་མེད་པ་དང་གཉིས།
    གཞུང་འབྲེལ་གྱི་དྲ་གནས་ཁག་གི་ནང་ཇོ་ནང་བ་ལ་ས་མིག་མེད་པ་གསུམ།
    གཞུང་འབྲེལ་གྱི་ཐོག་འཛིན་སྐྱོངས་ཕྱོགས་ཇོ་ནང་བ་ལ་འབྲེལ་མེད་པ་དང་བཞི།
    གཞུང་འབྲེལ་གྱི་ཐོག་དཔོན་རིགས་ཚོས་གཏམ་བཤད་བྱེད་སྐབས་སུ་ཇོ་ནང་བ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཙམ་ཡང་མེད་པ་སོགས་དོན་ཚན་རྣམ་པ་ལྔ་བོ་འདིས་ཇོ་ནང་བ་ལ་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་མེད་པ་འབྲེལ་བཤད་གསལ་བོ་ཐུབ་པ་མ་ཟད་མི་མང་པོ་ཞིག་གིས་ཇོ་ནང་བ་ལ་སྣང་མེད་དང་མཐོང་ཆུང་གི་རྣམ་པ་ཡང་མཚོན་ཐུབ།༽ཟེར་བ་དེའི་དངོས་གནས་གནད་དུ་ཁེལ་འདུག་དེ་སྔོན་ས་གནས་ག་གེ་མོ་ཞིག་ལ་བོད་མི་དམངས་སྤྱི་འཐུས་ཚོར་ལྟ་སྐོར་ལ་ཕེབས་ཏེ། གཏམ་བཤད་བྱེད་པ་དང་། དྲི་བ་ཞིག་ལ་ལན་འདེབས་གཉིས་ལས་རྟོགས་ཐུབ་སོང་། གཉིས་ཆ་ཡང་མ་རེད་གཅིག་གི་ལན་ཡག་པོ་འདུག་ཇོ་ནང་བ་ལ་རྒྱབ་སྐྱོར་གཙང་མ་འདུག།
    ང་རང་གི་ཁུར་དུ་བབས་ཡོད་མེད་ལ་མ་སྟོས་པར་དཔལ་ལྡན་རྒྱལ་བ་ཇོ་ནང་བ་དད་པ་དག་སྣང་དང་རྒྱབ་སྐྱོར་གཙང་མ་ཡོད།

    Reply
  27. ཐོར་དབོད། says:
    ལོ་ 14 སྔོན།

    དྲ་གྲོགས་རྒྱ་རྙི་ལགས། ཁྱོད་ཤར་མཁན་སྤྲུལ་ཟེར་བ་དེའི་རྩོམས་ཡིག་ལ་སྡེང་བ་ཡིན་ནམ་གང་ཟག་ལ་སྡེང་བ་ཡིན། དོན་དངོས་གནས་ཁྱེད་ཇོ་ནང་བ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ནམ་དགེག་པ་བྱེད་མཁན་ཞིག་ཡིན། རྒྱབ་སྐྱོར་ཡིན་དེ་དགོས་པས་རྒྱུ་མཚན་དང་། དགེག་པ་བྱེད་མཁན་ཡིན་ན་དགེག་དགོས་པས་རྒྱུ་མཚན་ཞིག་བཀོད་རོགས་ཞུ།

    Reply
  28. བདེ་ཆེན་གཡང་འཛོམ། says:
    ལོ་ 14 སྔོན།

    དྲག་རླུངས་ལགས་ལ།
    གཏམ་དོན་མཐུན་དོནཡོད་ཞིག་གསུང་བར་བཀའ་དྲིན་ཆེ་ཟི་ཞུ་ཡི་ཡིན།

    རྒྱ་རྙི།
    ཁྱོད་ཀྱིས་རང་གིས་རང་ལ་དྲི་ལན་འདེབས་ཚུལ་ལ་བལྟས་ན་ཁྱེད་ཉོབ་ཐག་ཆོད་ཡོད་པ་འདྲ་བས་ངས་ཁྱེད་ལ་རོགས་ཅུང་ཟད་འདོད་བྱུང་།
    ཁྱེད་ཀྱིས ༼ དྲི་བ། དོན་དངོས་གནས་ཇོ་ནང་པར་ཅི་ཞིག་མཁོ་ཡི་ཡོད་དམ།
    ལན། འདྲ་མཉམ་གྱི་ཐོབ་ཐང་མཁོ་གི་ཡོད་པ་རེད།
    དྲི་བ། ཚངས་ཐིགས་ཀྱིས་ཁྱོད་ལ་ལན་ཅིའི་ཕྱིར་མ་བཏབ་པ་རེད།
    ལན་རྣམ་རྒྱབ་ཟིན་པས་རེད།
    དྲི་བ། སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ནར་དུས་འཁོར་གྱི་ཉམས་བཞེས་ཡོད་ཅེས་བཤད་ན་འགྲིག་གམ།
    ལན། ལུང་ཀྱོག་ག་གེ་མོ་ཞིག་དག་ཡིན་ཀྱང་མིན་ཀྱང། ཤར་མཁན་སྤྲུལ་གྱིས་གསལ་བོ་བྱས་ཟིན་པས་དེར་མི་གཟིགས་པར་རྙད་མ་བཙོ་རོགས་གནང་།
    ༡ དྲི་བ། ཇོ་ནང་པར་སྤྱི་མཐུས་མེད་ན་ཇོ་ནང་ལྟ་སྤྱོད་དར་སྤེལ་དང་རྒྱུན་འཛིན་ལ་གནོད་ཀྱི་ཡོད་དམ།
    གནོད་ད་གནོད། མཁས་བླུན་སུས་ཀྱང་ཤེས་ནུས་པ་ཞིག་རེད།
    ༢ དྲི་བ། ཇོ་ནང་པར་སྤྱི་མཐུས་མེད་ན་ཡང་སྙིང་གྱོང་ཅི་ཞིག་རེག་ཡོད་དམ།
    གྱོང་རེགས་ན་འདྲ། མ་རེགས་ན་འདྲ། དེ་གནད་འགག་མ་རེད། འདྲ་མཉམ་ཐོབ་ཐང་དགོས་དང་མི་དེ་གནད་འགག་རེད་ལགས། མ་ཟད་དཔེར་ན། དགེ་ལུགས་སྥྱི་མཐུས་མི་དགོས་ཟེར་ན་འཐད་གྱི་རེད་དམ་མ་རེད། གཅིག་མཚུངས་རེད།
    ༣ དྲི་བ། ཇོ་ནང་པར་སྤྱི་མཐུས་ཡོད་ན་བོད་མིའི་རྩ་དོན་ལ་སྔར་མེད་ཀྱི་ཕན་ཐོགས་ཅི་ཞིག་ཡོད།
    ཇོ་ནང་བས་སྤྱི་མཐུས་ཡོད་ན་ཡོད་མཉམ་དང་། མེད་ན་མེད་མཉམ་གྱི་འདྲ་མཉམ་ཐོབ་ཐང་རྩོད་པ་ལས། སྤྱི་མཐུས་ཁོ་ན་རྩོད་གྱི་མེད་པས་ཁྱེད་ཀྱི་དྲི་བ་འདི་ནོར་ཡོད་ནི་རེད། གལ་ཏེ་ཇོ་ནང་བ་ཁྲི་ཁ་ཤས་ཀྱི་ངོ་ཚབ་མཚོན་པའི་སྤྱི་མཐུས་ཞིག་གྲོས་ཚོགས་ནང་དུ་ཡོད་ན་བོད་གྱི་རྩ་དོན་ལ་ཁེ་ལས་གྱོང་མེད་པ་སུས་ཀྱང་ཤེས་སླ།
    ༤ དྲི་བ། ཁྱེད་རང་ལ་ཇོ་ནང་བའི་སྤྱི་མཐུས་ཤིག་མེད་པའི་ཆ་ནས་བློ་ཕམ་ཅི་ཞིག་འདུག
    འདི་ཇོ་བ་ནང་ཀུན་ལ་བློ་ཕམ་ཅི་ཙམ་ཡོད་འདྲི་དགོས་པ་ཞིག་ལས་མི་གཅིག་ལ་བློ་ཕམ་ཡོད་མེད་གལ་ཆེན་མ་རེད།
    དུག་ཚེར་དམར་བོ་ལགས།
    ཁྱེད་ཀྱིས ༼ འོ་ན་ཇོ་ནང་པ་ཁོ་ནར་མ་ཏོག་དུས་འཁོར་ལ་ཕྱག་ལེན་མེད་པ་ཡིན་ན་་༧གོང་ས་མཆོག་གིས་ཕྱག་ལེན་མེད་པའི་དུས་དབང་ཐེང་སོ་གཅིག་བསྐུར་བ་ཡིན་ནི་ཨེ་རེད་་
    དེ་ཡིན་ན་༧གོང་ས་མཆོག་ནི་དངོས་གནས་ཅི་འདྲིས་ཉེས་ཆེན་ཞིག་རེད་་་ཧ་ཧ་ཧ་ཁྱེད་ཀྱི་ཁོང་ཁྲོ་ངང་ནས་ལེན་མ་སྐྱོན་ལོ་ག་རེ་རེད་ཟེར་ན་ང་ཚོ་དྲ་གྲོག་མ་ཏོག་དྲ་དགྲ་མ་ཡིན་པའི་ཕྱིར་༽
    འདིའི་ལན་ཤར་མཁན་སྤྲུལ་གྱིས་གསལ་བོ་གསལ་སྐྱང་བྱས་ནས་ཁོང་གི་དཔྱད་བརྗོད་དུ་བྲིས་ཡོད་པས། དེར་གཟིགས་ན་ལན་དེར་ཡོད།

    འཇམ་ཚུལ་ལགས།
    ཁྱེད་ཀྱིས ༼ ཤར་མཁན་སྤྲུལ་ལགས དཔལ་ཇོ་ནང་བའི་འདོད་པ་ལྟར་གྱིས་ཁམས་བདེ་གཤེགས་སྙིང་བོ་ཞེས་པ་དེ་གང་ཞིག་ལ་ངོ་འཛིན་དང་། དེ་ལ་ལྡན་པའི་ཁྱད་ཆོས་ཐུན་མོང་དང་ཐུན་མོང་མིན་པ་རེ་ཡོད་མེད་ཅིག་གསོངས་རོགས་གནང་།༽
    འདིའི་ལན་ནི་ལོ་ཟླ་མཐུད་ནས་ཇོ་ནང་བའི་ཡིག་ཆ་ལ་སྦྱང་དགོས་པ་ཞིག་ལས་ཤར་མཁན་སྤྲུལ་ལ་ཕྱག་ལས་གཞན་མང་བས་ལན་གནང་ཁོམ་གྱི་མ་རེད་སྙམས་ཏེ། གལ་ཏེ་ཁོང་གི་གནང་ན་ང་ནོར་བ་རེད་ལགས།

    Reply
  29. རྒྱ་རྙི། says:
    ལོ་ 14 སྔོན།

    ནོར་བཅོས།
    ལུང་ཀྱོག་ག་གེ་མོ་་་

    Reply
  30. རྒྱ་རྙི། says:
    ལོ་ 14 སྔོན།

    དྲི་བ། དོན་དངོས་གནས་ཇོ་ནང་པར་ཅི་ཞིག་མཁོ་ཡི་ཡོད་དམ།
    ལན། ཆོས་རིག་ལས་ཁུངས་སུ་དེབ་སྐྱེལ་བྱས་པའི་དགེ་ལུགས་པ་དང་ས་སྐྱ་སོགས་ལ་སྤྱི་འཐུས་ཀྱི་གོ་གནས་ཡོད་པས། ཇོ་ནང་པ་ཡང་དེ་འདྲ་མཉམ་བྱེད་འདོད་ཀྱིན་ཡོད་པ་རེད།
    དྲི་བ། ཚངས་ཐིགས་ཀྱིས་ཁྱོད་ལ་ལན་ཅིའི་ཕྱིར་མ་བཏབ་པ་རེད།
    ལན། དེ་ནི་ཁོས་མངོན་སུམ་འཛེམ་མེད་བྱེད་ཐུབ་པ་རེད་མ་གཏོགས། དྲི་བ་ཡི་ཁ་ཕྱོགས་དོན་གྱིས་ནོར་སོང་བ་ཞིག་མ་རེད།
    དྲི་བ། སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ནར་དུས་འཁོར་གྱི་ཉམས་བཞེས་ཡོད་ཅེས་བཤད་ན་འགྲིག་གམ།
    ལན། ལུག་ཀྱོག་ག་གེ་མོ་ཞིག་ཏུ་ཇོ་ནང་པ་ཁོ་ནར་དུས་འཁོར་གྱི་ཉམས་ལེན་ཡོད་ཅེས་བཤད་ན་ཆོག་གོ།

    Reply
  31. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    མི་ཕམ་ཚངས་ཐིག་དང་ཀུན་དགའ་ལག།
    འོ་ན་ཤར་མཁན་སྤྲུལ་ལགས་ཀྱིས་འདི་ག་རེ་གསུང་བ་རེད་་་་
    ༼བཙན་བྱོལ་བོད་གཞུང་གིས་ད་བར་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་གནང་མེད། ཇོ་ནང་པ་གཞིས་བྱེས་གཉིས་ཀྱིས་ཇོ་ནང་པ་ལ་ཆོས་བརྒྱུད་ཆེན་པོ་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་དགོས་པར་བོད་གཞུང་ལ་གསོལ་བ་ཤུགས་དྲག་བཏབ་སྟེ་ལོ་ངོ་ ༡༢ ཙམ་ཕྱིན་ཡོད། ཁོང་ཅག་གིས་སྔ་ཕྱིར་རྒྱུ་མཚན་གནས་ལུགས་དང་བཅས་ཞུ་སྙན་ཕུལ་བ་དཔེ་དེབ་ཆེན་པོ་ཞིག་ཚད་ལོངས་པ་ཡོད།༽
    ད་བྱས་ན་ག་རེ་ཆེད་དུ་བོད་གཞུང་ལ་གསོལ་བ་ཤུགས་དྲག་བཏབ་པ་རེད་་་་་་

    Reply
  32. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    ཀུན་དགའ་ལག།
    འོ་ན་ཇོ་ནང་པ་ཁོ་ནར་མ་ཏོག་དུས་འཁོར་ལ་ཕྱག་ལེན་མེད་པ་ཡིན་ན་་༧གོང་ས་མཆོག་གིས་ཕྱག་ལེན་མེད་པའི་དུས་དབང་ཐེང་སོ་གཅིག་བསྐུར་བ་ཡིན་ནི་ཨེ་རེད་་
    དེ་ཡིན་ན་༧གོང་ས་མཆོག་ནི་དངོས་གནས་ཅི་འདྲིས་ཉེས་ཆེན་ཞིག་རེད་་་ཧ་ཧ་ཧ་ཁྱེད་ཀྱི་ཁོང་ཁྲོ་ངང་ནས་ལེན་མ་སྐྱོན་ལོ་ག་རེ་རེད་ཟེར་ན་ང་ཚོ་དྲ་གྲོག་མ་ཏོག་དྲ་དགྲ་མ་ཡིན་པའི་ཕྱིར་

    Reply
  33. དྲག་རླུངས། says:
    ལོ་ 14 སྔོན།

    དཔལ་ལྡན་རྒྱལ་བ་ཇོ་ནང་བ་ཚོར་མི་ཉེས་མེད་ལ་ཉེས་མང་བཏགས་ནས་སྤྱི་འཐུས་ཁོ་ན་གི་ཆེད་མ་ཡིན་པར་གཞན་འཛིན་སྐྱོངས་སོགས་གང་ཅིས་དཀའ་ངལ་ཡོད་ཚུལ་འབྲེལ་བཤད་ག་འདྲ་བྱས་ཡང་། མཐོང་ཆོས་སུ་དྲ་ཐོག་ལ་སྙད་འདོན་མཁན་ཚོའི་མི་རིགས་གཅིག་གི་སྤུན་ཟླ་བར་ལ་ཕུ་དཀྲུག་མདའ་དཀྲུག་མ་བྱས་ན་ཡག་པོ་རེད། སྔོན་བྱོན་མཁས་པ་རྣམས་ཀྱིས་དགེག་ཞགས་བྱེད་ཡུལ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལྟ་གྲུབ་གཅིག་པོ་ཡིན་མདོག་བྱེད་མཁན་དེ་ཚོས་མགོ་མ་ཚོས་པ་རེ་། གྲུབ་མཐའ་དགེག་བཞགས་བྱེད་པ་མཁས་པ་དང་གྲུབ་མཐའི་ཁྱད་ཆོས་རེད། སྔོན་གྱི་སྐྱེས་ཆེན་རྣམས་ལ་དགོས་པ་དང་རྒྱུ་མཚན་མང་པོ་རྒྱུ་པ་རེད། དགེག་པ་བྱེད་ཡུལ་ཡིན་ན་ཇོ་ནང་ཡིན་པས་ངེས་པ་ག་ལ་ཡོད། ཆགས་སྡེང་གི་གདོན་གྱིས་བཟི་ཡོད་མཁན་ཚོའི་ཡང་ང་ཚོ་ནང་བ་སངས་རྒྱས་བ་ཡོངས་མཉམ་མེད་ཤཀྱ་སེངྒེའི་རྗེས་འཇུག་ཁོན་ན་ཡིན་པར་བསམ་བློ་ཞིག་བཏང་རྒྱུ་དང་། ང་བོད་མི་རིགས་ཀྱི་གནས་སྟེངས་ཛ་དྲག་འདི་འདྲའི་དུས་སུ་དཔོན་གཡོག་གི་ལྟ་བ་དང་གཉའ་གནོན་གྱི་བསམ་བློ་དོར་ན་མི་ལེགས་སམ།

    Reply
  34. འཇམ་ཚུལ། says:
    ལོ་ 14 སྔོན།

    ཤར་མཁན་སྤྲུལ་ལགས དཔལ་ཇོ་ནང་བའི་འདོད་པ་ལྟར་གྱིས་ཁམས་བདེ་གཤེགས་སྙིང་བོ་ཞེས་པ་དེ་གང་ཞིག་ལ་ངོ་འཛིན་དང་། དེ་ལ་ལྡན་པའི་ཁྱད་ཆོས་ཐུན་མོང་དང་ཐུན་མོང་མིན་པ་རེ་ཡོད་མེད་ཅིག་གསོངས་རོགས་གནང་།

    Reply
  35. དམར་ཁ་ཚ། says:
    ལོ་ 14 སྔོན།

    རྒྱ་རྙི་དང། དུག་ཚེར་དམར་བོ་གཉིས་ཀྱིས་ཤར་མཁན་སྤྲུལ་གྱི་རྩོམ་ཡིག་གི་རྒྱབ་ལྗོངས་དང་། རྩོམ་མཁན་གྱི་ཀུན་སློང་བཅས་རྟོགས་འདུག་དགའ་བོ་བྱུང།
    ངས་ཁ་སང་ལེགས་བཤད་སྙིང་བོ་བློ་རྒྱུགས་སྤྲད་མཁན་ཞིག་ལ་ལྟ་གྲུབ་རྩད་པ་ནི་ཕྱོགས་ཙམ་ཡང་སོང་མི་འདུག

    Reply
  36. ཀུན་དགའ། says:
    ལོ་ 14 སྔོན།

    དུག་ཚེར་དམར་བོ།
    ཤར་མཁན་སྤྲུལ་དང་ངེད་ཅག་རྗེས་འབྲང་དང་བཅས་པ་སུ་ཡིས་ཡང་ཇོ་ནང་ལ་སྤྱི་མཐུས་དགོས་ཟེར་མ་མྱོང་ཡང་ཁྱོད་ཀྱིས་རང་བཟོ་ཁོ་ན་ཡིན་པ་དང་། ཁྱོད་ཀྱིས།
    ༼ སྭ་ངོར་ཚལ་གསུམ་ལ་སྐྱི་འཐུས་རེ་རེ་༧དཀར་བསྒྱུད་ཆེ་བཞི་ཆུང་བརྒྱད་དང་འབྲི་སྟག་ཚལ་གསུམ་སོགས་ཆོས་ལུག་མ་འདྲ་བ་རེ་རེར་ལ་སྤྱི་འཐུས་རེ་དགོས་སྒྱུ་རེད་མ་རེད་༽
    ཟེར་བ་དེ་གཏན་ཚིག་གྱི་འཕུང་ཤིང་། གནས་ལུགས་མེད་ཁར། ཕྱོགས་ཞེན་ཆགས་སྡང་གི་དཀྲུག་པའི་གཏམ་ཞིག་ཡིན་པ་དྲ་གྲོགས་དང་གློག་མཁན་ཀུན་གྱིས་ཤེས་སླ་བས་ལན་རྒྱབ་རིན་བྲལ།
    རྒྱ་རྙི་ལགས།
    ཤར་མཁན་སྤྲུལ་གྱི་རྩོམ་ཡིག་ནང་དུ་ཁྱེད་གྱི་དྲི་བ་བཞི་བོ་ལ་དོན་གྱིས་ལན་ཡོད་བཞིན་དུ་ངས་ལན་མ་བྱས་པ་ཡིན་ལ། ད་དུང་དུས་ཚོགས་འཕྲོ་བླག་གཏོང་གི་མིན་ལགས།
    ཁྱེད་མཁས་དྲག་ནས་ངས་ལན་མ་ཤེས་པར་ངོས་འཛིན་བྱེད་ན་བྱོས། གློག་མཁན་རྣམ་དཔྱོད་ལྡན་པ་དག་གྱིས་ཤེས་ཀྱི་རེད་ལགས།
    བདེ་མོ་བཞུགས་ཨ

    Reply
  37. རྒྱ་རྙི། says:
    ལོ་ 14 སྔོན།

    ཚངས་ཐིགས་ལགས། ཤར་མཁན་སྤྲུལ་གྱི་རྩོམ་ཡིག་ནང་ཅི་ཞིག་བྲིས་ཡོད་མེད་ངས་ཁྱེད་ལ་དྲི་བ་བཏང་མེད། དྲི་བ་བཞི་ཡོད་པ་ལ་ལན་གདབ་རྒྱུ་མེད་ན། ངའི་བསམ་ཚུལ་གཞན་དག་ལ་ལན་བཏབ་ཀྱང་ཆོག་ལ་མ་བཏབ་ཀྱང་ཆོག

    Reply
  38. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    ད་མི་ཤེས་།
    གལ་སྲིད་ཇོ་ནང་པ་ལ་སྤྱི་འཐུས་ཞིག་དགོས་ན་སྭ་སྐྱ་༧སྭ་ངོར་ཚལ་གསུམ་ལ་སྐྱི་འཐུས་རེ་རེ་༧དཀར་བསྒྱུད་ཆེ་བཞི་ཆུང་བརྒྱད་དང་འབྲི་སྟག་ཚལ་གསུམ་སོགས་ཆོས་ལུག་མ་འདྲ་བ་རེ་རེར་ལ་སྤྱི་འཐུས་རེ་དགོས་སྒྱུ་རེད་མ་རེད་པས།

    Reply
  39. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    རྒྱ་རྙི་ལགས།
    ཤར་མཁན་སྤྲུལ་ལགས་ཀྱིས་༸གོང་ས་མཆོག་གིས་དུས་དབང་གསུང་བའི་སྐབས་དང་བསྟུན་པ་ནི་ཇོ་ནང་བ་དུས་འཁོར་གྱི་་བཀའ་བབ་ཆེད་མཁས་པར་ཆགས་ཡོད་པས། དེ་དང་འབྲེལ་བ་ལ་སོགས་པས་ཡིན་པ་ཁོང་གིས་གསུང་ཟིན་པ་ལ་ཞིབ་དུ་མ་གཟིགས་པར་སྐད་ཆ་བཤད་པ་ལས་དེར་གཟིགས་འཚལ།
    ཇོ་ནང་པ་ལ་སྤྱི་འཐུས་ཁྲོད་རྐུབ་སྟེགས་ཤིག་དགོས་པར་ཤར་མཁན་སྤྲུལ་གྱིས་གསུང་ཟུར་ཙམ་ཡང་མེད། དེ་ནི་ཁྱོད་རང་ཉིད་ཀྱིས་རྣམ་རྟོག་གིས་བཟོས་པ་ཡིན་ནམ། སུ་ཞིག་གིས་ཁྱེད་ལ་གསུང་ཡོད། མ་ཟད་འདིའི་སྐོར་ལ་བསྒྲོ་གླེང་བ་དག་གིས་གསལ་བོ་བྱས་ཟིན་པས། དེ་ཙམ་ཡང་མ་གོ་བར་གསུང་བཤད་གནང་བ་ལས་དེར་གཟིགས།
    ཇོ་ནང་བ་ལ་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་ངེས་པར་དུ་སྤྲོད་རིགས་གསུང་གི་ཡོད་པ་རེད། འདྲ་མཉམ་གྱི་ཐོབ་ཐང་མེད་ན་བྱ་བ་་ཅི་ལ་ཡང་དཀའ་ངལ་དང་བཀག་སྡོ་ཡོད་པ་ཆོས་ཉིད་མ་རེད་དམ། དེ་ནི་འགྲོ་བ་མི་སུ་ཡིན་ཡང་མི་འདོད་པ་ཞིག་ཡིན་པ་ཁྱོད་ཀྱིས་ཁས་ལེན་རྒྱུ་ཡིན་ནམ་མིན།
    དགོས་པ་མེད་བཞིན་དུ་བོད་མི་རིགས་ཀྱི་ཆེས་ཛ་དྲག་གི་ཉེན་ཕྲེང་འདི་འདྲའི་སྐབས་སུ། རང་རིགས་སྤུན་ཟླའི་ནང་དུ་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་ན། རྒྱུ་འབྲས་ཁས་ལེན་ཕྱིན། མཇུག་འབྲས་ངན་པ་ལས་འོང་རྒྱུ་མེད་པ་ཤེས་སླ་མོ་ཞིག་མ་རེད་དམ།
    སུ་ཞིག་མི་རིགས་དང་རྒྱལ་ཁབ་ལ་ལྷག་བསམ་ཡོད་ཕྱིན་འདི་ལ་རྒྱབ་སྐྱོར་བྱེད་རིགས།

    Reply
  40. རྒྱ་རྙི། says:
    ལོ་ 14 སྔོན།

    ཤར་མཁན་སྤྲུལ་ལགས་ཀྱིས་ཅིའི་ཕྱིར་༸གོང་ས་མཆོག་གིས་དུས་དབང་གསུང་བའི་སྐབས་དང་བསྟུན་པ་རེད། ཇོ་ནང་པ་ལ་སྤྱི་འཐུས་ཁྲོད་རྐུབ་སྟེགས་ཤིག་དགོས་ཀྱི་ཡོད་ན། འོས་འདེམས་བྱེད་དུས་སུ་ཤུགས་རྒྱག་དགོས་པ་ལས། དག་དག་ཀོ་སྐབས་འདིར་སྒུག་དོན་ཅི།
    ཞར་ལ་ཚངས་ཐིགས་ཞེས་པར་དྲི་བ་ཞིག་འདོན་འདོད།
    ༡ དྲི་བ། ཇོ་ནང་པར་སྤྱི་མཐུས་མེད་ན་ཇོ་ནང་ལྟ་སྤྱོད་དར་སྤེལ་དང་རྒྱུན་འཛིན་ལ་གནོད་ཀྱི་ཡོད་དམ།
    ༢ དྲི་བ། ཇོ་ནང་པར་སྤྱི་མཐུས་མེད་ན་ཡང་སྙིང་གྱོང་ཅི་ཞིག་རེག་ཡོད་དམ།
    ༣ དྲི་བ། ཇོ་ནང་པར་སྤྱི་མཐུས་ཡོད་ན་བོད་མིའི་རྩ་དོན་ལ་སྔར་མེད་ཀྱི་ཕན་ཐོགས་ཅི་ཞིག་ཡོད།
    ༤ དྲི་བ། ཁྱེད་རང་ལ་ཇོ་ནང་བའི་སྤྱི་མཐུས་ཤིག་མེད་པའི་ཆ་ནས་བློ་ཕམ་ཅི་ཞིག་འདུག།

    Reply
  41. ཤེས་རབ་མེ་ལྕེ། says:
    ལོ་ 14 སྔོན།

    དམར་ཁ་ཚ།
    ངས་ལེགས་བཤད་སྙིང་བོ་བློ་རྒྱུག་སྤྲད་མྱོང་ལགས། ང་རིགས་པའི་རྗེས་འབྲང་བ་ཡིན་ལགས། ཁྱེད་ལུང་བྱེ་བྲག་བ་ཞིག་ལ་དགའ་མདོག་འདུག
    ཇོནང་བའི་གཞན་སྟོང་དབུ་མ་ཆེན་པོ་ལ་དགག་བཞག་དྲ་ཐོག་ཙམ་ནས་བྱེད་ཐུབ་ཀྱི་མ་རེད་ལགས།
    དེ་བས་ལྷོད་ལྷད་བྱས་ནས་བཞུགས་རོགས། ག་ལེར་བཞུགས་ཨ

    Reply
  42. བདེ་ཆེན་གཡང་འཛོམ། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཚོ།
    ཤར་མཁན་སྤྲུལ་ལགས་ཀྱིས། ད་བར་དུ་གསར་འགྱུར་བརྒྱུད་ལམ་ཁག་ནས་ཅིང་གོ་མ་མྱོང་བའི་གཏམ་གསར། བོད་རིགས་སྤུན་ཟླ་བྱེས་བཞུགས་ཀུན་ལ་རྒྱུས་མངའ་ཆུང་བའི་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལོ་རྒྱུས་ནས་ད་ལྟའི་གནས་སྟང་བར་དུ་ཤིན་ཏུ་བསྡུས་ལ་དོན་གནད་ཚངས་བ་ཞིག་གསུང་ནས། ད་ལྟ་བོད་གཞུང་དམངས་ཀུན་གྱི་བསམ་ཤེས་ལ་བསྐུལ་མ་བཏང་འདུག མ་འོང་ཡོང་སྲིད་ཀྱི་ཉེན་ཁ་ལ་དྲན་བསྡ་བཏང་འདུག ཕུག་རྒྱང་རིང་བར་གཟིགས་པས་བསམ་གཞིག་འབོད་བརྐུལ་ཞིག་རེད་མི་འདུག་གམ།
    དེ་ཕྱིར་ཀུན་གྱིས་གྲུབ་མཐའི་ཆགས་ཞེན་གྱི་ཕྲག་དོགས་དང་། གོ་བ་མ་ལོན་པའི་ཅར་རྒྱུག་སོགས་མི་གནང་བར། བསམ་གཞིག་རྣལ་མ་དང་། གཟིར་གནས་དྲང་གཏམ་གྱིས་སྒོ་ནས། ཇོ་ནང་བར་འདྲ་མཉམ་ཐོབ་ཐང་དགོས་མིན་ལ་ཆགས་སྡང་བྲལ་བའི་བསམ་འཆར་ལྷུག་བརྗོད་གནང་ན་མི་ལེགས་སམ།

    Reply
  43. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཤེས་རབ་མེ་ལྕེ་ལགས། མདོ་ལས། མིག་ནི་མིག་གིས་སྟོང་ངོ།། ཞེས་སོགས་ཀྱི་ལུང་འགྲེལ་སྐབས། ཇོ་ནང་པས་ལོག་འགྲེལ་བྱས་ཏེ། གཙུག་ལག་ཁང་དགེ་སློང་གིས་སྟོང་བ་དང། ཐག་པ་སྦྲུལ་གྱིས་སྟོང་བ་ལྟ་བུར་བརྗོད་པ་ཁྱེད་ཀྱིས་མཁྱེན་གྱི་ཨེ་ཡོད། རྗེ་རིན་པོ་ཆེས་ཀྱང་སྤྱོད་པའི་ཆ་ནས་ཇོ་ནང་བར་ཡི་རང་བྱས་ཡོད་མོད། ལྟ་བ་ལ་མ་མགུ་ཚུལ་དྲང་ངེས་ན་གསལ་བ་ཁྱེད་ཀྱིས་ཨེ་གཟིགས། རྒྱལ་ཚབ་དར་མས་ཀྱང་། ལྟ་བའི་ཆ་ནས་ཕྱི་རོལ་བར་གྱུར་ཀྱང། ཞེས་སོགས་གསུངས་པ་མཐོང་ཨེ་མྱོང།
    ང་ནི་ནང་པའི་ལྟ་གྲུབ་ཀྱི་ཆེད་དུ་དམྱལ་བར་འགྲོ་དགོས་བྱུང་ན། གཞན་གྱིས་མ་ནི་བགྲང་དགོས་དོན་གཏན་ནས་མེད།

    Reply
  44. ཅང་མེད། says:
    ལོ་ 14 སྔོན།

    རྩོད་པ་མི་དགོས་ས་ཞིག་རེད། ཇོ་ནང་པ་ནི་དབུ་མ་གཞན་སྟོང་སྨྲ་བའི་ཆོས་རྒྱུད་རང་རྐང་བ་ཞིག་ཡིན་པ་སྨྲས་མ་དགོས་ལགས་ལོ་རྒྱས་དང་དེབ་ཐེར་སོགས་ལ་གསལ།
    དེ་མ་རེད་ཟེར་མཁན་ཡོད་ན་ད་བར་དུ་མིག་དང་རྣ་བ་བཙུམ་ནས་གང་ཞིག་ལ་བསྡད་པ་ཡིན།

    Reply
  45. ཤེས་རབ་མེ་ལྕེ། says:
    ལོ་ 14 སྔོན།

    མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང་། །རྒྱུད་དོན་མཐར་ཐུག་རྡོ་རྗེ་རྣལ་དྲུག །ལྟ་བསྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་ཏེ། །ཆོས་སྐུ་མངོན་དུ་བྱེད་པའི་ཇོ་ནང་བ། །
    རིམ་གསུམ་ཆོས་ཀྱི་འཁོར་ལོའི་རྒྱ་མཚོ་ཆེ། །རྣམ་དཔྱོད་ཧུབ་ཆེན་གཅིག་གིས་བཏུང་བས་སྒྲས། །སྟོང་སྐྱང་མེད་དགག་སྨྲ་བའི་ཝ་སྐྱེས་ཚོའི། །ཀླད་ཆེན་དུམ་བུར་གས་པས་ས་སྟང་འུར། །

    དམར་ཁ་ཚའི་ཁོག་པ་ནད་ཀྱིས་ཁངས། །ནད་ཤེས་རབ་བློ་མིག་ལོང་བའི་གདོན། །རྒྱུ་གྲུབ་མཐའི་ཀུན་བཏགས་བཙན་པོ་ཡིས། །ཆོས་ངེས་དོན་རྟོགས་པའི་སྲོག་རྩ་ཆད། །
    རྒྱུ་གྲུབ་མཐར་ཆགས་སྡང་བྱས་པས་སྐྱེན། །མགོན་བསྟན་འཛིན་རྒྱ་མཚོས་ཐུགས་དགོངས་སྐྲུགས། །བོད་ཆོལ་གསུམ་མཐུན་ལམ་དུག་གིས་རྦགས། དགྲ་རྒྱ་དམར་དགའ་བའི་གྲོགས་པོ་ཁྱོད། །
    མི་ལས་ངན་ཐུག་པོའི་ནད་དྲི་ཅན། །སེམ་ཆག་སྡང་དྲག་པོ་ཟུག་ཟེར་ཅན། །ཁྱེད་དོན་དུ་མ་ཎི་པདྨེ་ཧུྃ། །ཁྱེད་ངན་སོང་གནས་སུ་མ་ལྟུང་ཅིག །
    ད་དུང་ཅུང་ཙམ་རེ་དགོས་ན། དེ་ཡང་ཅི་སྐད་དུ། ༼ ཁ་ཅིག་གིས་ཚད་མའི་ལུགས་ལ་ཡན་ལག་ལས་ལོགས་སུ་ཡན་ལག་ཅན་གྱི་རྫས་ཁས་བླངས་པ་འདིས་གང་ཟག་གི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་ཆུ་ལ་བསྐྱུར་བ་རེད། དབུ་མའི་ལུགས་ལ་སྣང་བ་ཟུར་དུ་བཞག་ནས་བདེན་གྲུབ་ལོགས་སུ་འཚོལ་ཁུལ་བྱས་པ་དེས་ཆོས་ཀྱི་བདག་མེད་གཏན་ལ་འབེབས་བྱེད་ཀྱི་རིགས་པ་ཡོད་ཚད་རླུང་ལ་བསྐུར་བ་རེད། ལུགས་འདིས་དགག་བྱ་འཚོལ་སྟངས་དང་གཉེན་པོ་བསྟེན་སྟངས་དེ་ཚོ་ནི་དགྲ་བོ་བསྐྱུར་ཏེ་གྲིབ་མ་ལ་འཐབ་འཛིང་བྱེད་པ་ཡིན་པས་བསྐལ་པ་བརྒྱ་ཡི་བར་དུ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་ཅུང་ཟད་ཙམ་ཡང་ཡོད་མི་སྲིད། ཅེས་སོགས་སྐྱོན་འདོགས་རྐྱང་བྱེད་དེ།༽ ཅེས་སོགས་བོད་སྔ་རབ་པ་དག་གིས་མང་དུ་གསུང་ཡོད་པ་མཐོང་ཙམ་ཡང་མྱོང་མི་འདུག་གམ།
    རྒྱ་རྙི་ལགས།
    སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ནར་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་པ་དེ་ཉིད་ཀྱིས་བོད་མི་རིགས་ཀྱི་ཕ་ནོར། སྤོབ་པ་བསྐྱེད་འོས་པ་ཞིག་དང་། དགའ་བ་བསྒོམ་འོས་པ་ཞིག་ཏུ་མི་མཐོང་ངམ། དེ་ཆོས་བརྒྱུད་ཀུན་དང་འཛམ་གླིང་ལ་མི་སྤེལ་དགོས་ཞིག་དུ་མི་མཐོང་ངམ། རྒྱབ་སྐྱོར་བྱེད་འོས་པ་ཞིག་ཏུ་མི་བསམ་པར། དེའི་འཚབས་ཏུ། ཁ་རོགས་གེར་བཞུགས་རོགས་ཟེར་བ་དེ་སྐྲག་སྣང་རེད་དམ། འཕྲག་ཏོག་རེད། གོང་བསྐུར་རེད་དམ། གཉའ་གནོན་རེད། ཆིག་བསྒྲིལ་རེད་དམ། དཀྲུག་ཤིང་རེད།

    Reply
  46. རྒྱ་རྙི། says:
    ལོ་ 14 སྔོན།

    སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ནར་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་ན། དེ་ཉམས་སུ་བཞེས་ནས་ཁ་རོགས་གེར་བཞུགས་རོགས།

    Reply
  47. དམར་ཁ་ཚ། says:
    ལོ་ 14 སྔོན།

    ཤར་མཁན་སྤྲུལ་གྱིས་ཅི་ཞིག་གསུང་བཞིན་པ་རྟོགས་མ་སོང། ཁ་བྱང་མཐོང་མ་ཐག་དགེ་ལུགས་ཚང་ལ་ཤ་འཁོན་ཞིག་ཡོད་པ་འདྲ་ཞིང། ཞིབ་ཏུ་བསམ་ན་ཇོ་ནང་ཚང་ལ་རྐུབ་སྟེགས་ཤིག་དགོས་པ་འདྲ།
    ཡང་ཕྱོགས་གཅིག་ནས་ཇོ་ནང་བའི་ལྟ་བ་དེ་འཁོར་ལོ་ཐ་མར་ཁུངས་གཏུགས་ཡོད་པ་སོགས་གསུང་གིན་འདུག དེ་ལ་བཤད་པར་བྱ་སྟེ། ཇོ་ནང་པ་ནི་ལྟ་བ་གྲུབ་ཀྱི་ཆ་ནས་ནང་པ་ལས་རིང་དུ་གྱེས་ཡོད། ཅིའི་ཕྱིར་ན། གཞན་སྟོང་གི་ལྟ་བ་ནི་ཕྱི་རོལ་བའི་འདོད་ཚུལ་ཞིག་གོ། དེའི་ཕྱིར། ཇོ་ནང་པ་ནང་པ་རུ་བརྩི་ཐབས་བྲལ། རྒྱས་པར་ཤེས་འདོད་ན་ལེགས་བཤད་གསེར་ཕྲེང་སོགས་སུ་གཟིགས།

    Reply
  48. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    ངས་འདི་ནས་གསལ་བཤད་ཞིག་བྱེད་རྒྱུ་ལ།
    བསམ་པ་རྣམ་དག་གྱིས་ཤེས་འདོད་ཅན་དག་ལ། ཇོ་ནང་བའི་སྐོར་ལ་དྲི་བ་ཡོད་ན་ངས་ཤེས་ཚོད་ཀྱིས་ལན་བྱེད་ངེས་ཡིན། འདིའི་ནང་གི་མི་ཁ་ཤས་བཞིན་གང་ཟག་ལ་སྐྱོན་བརྗོད་རིགས་བྱང་ན་སྣང་མེད་ལས་ལན་མེད། མ་ཟད་དེ་ལྟར་མི་གནང་བར་འབོད་བསྐུར་ཡང་ཞུ།

    Reply
  49. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    དེང་སང་དུས་སུ་ངས་མང་ཆེ་བ་ལྟ་ས་དང་། བསམ་ཚུལ་མང་ཤོས་བྲི་ཁུལ་བྱེད་ས་དེ་ཆགས་འདུག གང་ཡིན་ཟེར་ན་དཔལ་རྒྱལ་བ་ཇོ་ནང་བ་ལ་དེ་སྔོན་བཙན་བྱོལ་བོད་གཞུང་གི་ཆོས་བརྒྱུད་གཞན་དང་འདྲ་མཉམ་གྱི་ཐོབ་ཐང་གནང་ཀྱིན་ཡོད་མེད་དང་། ཇོ་ནང་བས་ངོས་ནས་རེ་བ་ག་འདྲ་ཞིག་རྒྱབ་བཞིན་ཡོད་པ། བཙན་བྱོལ་བའི་ཁྲོད་ཀྱིས་མི་མང་ལ་བསམ་ཚུལ་ག་འདྲ་ཞིག་ཡོད་པ་སོགས་ལོ་འགའི་སྔོན་ནས་ཤེས་འདོད་གང་འཚམས་ཡོད་མཁན་ཞིག་ཡིན། ད་ལྟའི་དུས་སུ་ཤར་མཁན་སྤྲུལ་གྱི་རྩོམ་ཡིག་དང་དུས་བབས་རྩོམ་སྒྲིགས་པ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ནས་མི་མང་པོ་ཞིག་གི་བསམ་ཚུལ་དང་དགོངས་པ་བཞེས་ཕྱོགས་བློ་བསྐྱེད་ཡག་པོ་ཞིག་རག་སོང་ལ། རང་ཉིད་ཀྱིས་ཡང་བསམ་ཚུལ་མང་པོ་ཞིག་བཤད་པས་གོ་སྐབས་ཤར་སོང་། དྲ་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  50. གཡག་རྒན། says:
    ལོ་ 14 སྔོན།

    ཁྱེད་ཚོར་ཇོ་ནང་ལ་ལྷག་བསམ་ཡོད་ན་མི་སྒེར་བར་མི་དགའ་བའི་རྒྱུ་མཚན་གྱིས་ཇོ་ནང་བ་རེ་ཟུང་བ་བཀའ་བཀྱོན་བཏང་བ་དེ་ཁྱོད་ཀྱི་འདོད་བློ་མ་གང་བ་ཡིན་ནམ།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese