སའི་གོ་ལ་འདིའི་ཐོག་ཏུ་ཇོ་ནང་པ་ཁོ་ན་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་ཡོད་མཁན་དེ་རེད།
ཤར་མཁན་སྤྲུལ་གྱིས།
༄༅། ། ༸སྤྱི་ནོར་གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོས་དུས་འཁོར་དབང་ཆེན་ཐེངས་ ༣༡ གནང་བཞིན་པ་ལ་རྗེས་སུ་ཡི་རངས་དང་འབྲེལ། ངས་འདིར་གླེང་དགོས་དོན་ནི། ཇོ་ནང་པ་ལ་འབྲེལ་བའི་གནས་སྟངས་འགའ་ཞིག་ད་ལྟ་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་ལེགས་ཉེས་ལ་འབྲེལ་ཡོད་པས་ཡིན།
ཇོ་ནང་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་དང་སྤྱི་མཚུངས་ལྟར། དུས་རབས་ ༡༡ པའི་ནང་དུ་ལོ་ཙ་པ་གཟི་བཙན་རྣམ་གཉིས་དང་། དུས་འཁོར་པ་གྲུབ་ཆེན་ཡི་མོ་བ་སོགས་ཀྱིས་གསལ་བར་ཕྱེས་ཞིང་ཇོ་ནང་གི་ཐ་སྙད་རྗེས་ནས་བྱུང་། དུས་རབས་ ༡༣ པའི་ནང་། ཀུན་སྤངས་པ་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཆོས་བརྒྱུད་འདིའི་གདན་རབས་པ་གནང་སྟེ། ཇོ་མོ་ནག་རྒྱལ་མའི་གནས་མཆོག་ཏུ་གཞི་གཏན་ཚུགས་བྱུང་བས་ས་མིང་ཆོས་བརྒྱུད་ལ་ཐོགས་ཏེ། དེ་ནས་བཟུང་ཆོས་བརྒྱུད་ཆེན་པོ་འདིའི་མཚན་ལ་ཇོ་ནང་པ་ཞེས་བར་འབོད་པ་རེད། ངས་སའི་གོ་ལའི་ཐོག་ཇོ་ནང་པ་ཁོ་ན་ལས་དུས་འཁོར་ཉམས་ལེན་ཆ་ཚང་ཡོད་མཁན་མེད་ཟེར་བའི་དོན་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་ལ་དུས་འཁོར་གྱི་ཉམས་བཞེས་ཆ་ཚང་བ་མེད་པར་ཚོད་བགམ་པ་ག་ལ་ཡིན་ཏེ། སའི་གོ་ལ་འདིའི་ཐོག་ཏུ་གང་ཟག་གཞན་རེ་ཟུང་ཡོད་མི་སྲིད་པར་དམ་བཅས་པ་ཡང་མིན།
འོན་ཀྱང་། ད་ལྟའི་དུས་འདིར་དཔལ་དུས་ཀྱི་འཁོར་ལོ་བཤད་པ་དང་སྒྲུབ་པ་གཉིས་དང་། ལྷག་པར་དུ་སྒྲུབ་པ་ཉམས་ལེན་གྱི་ཕྱོགས་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནས་བཟུང་། དངོས་གཞི་བསྐྱེད་རིམ་ནས་རྫོགས་རིམ་བར་དུ་ཉམས་ལེན་ཆ་ཚང་གི་བྱ་བ་བྱས་ནས་རྒྱུན་མ་ཆད་པར་ལོ་སྟོང་ཕྲག་མ་ཟིན་ཙམ་སོང་ཞིང་། ད་ལྟ་ཡང་དགོན་སྡེ་རེ་རེ་བཞིན་ཉམས་ལེན་རྒྱུན་ཆད་མེད་པའི་ཆོས་བརྒྱུད་ཅིག་སའི་གོ་ལ་འདིའི་ཐོག་ཇོ་ནང་པ་ཁོ་ན་ལས་མེད་པ་ཁ་ཚོན་བཅད་དེ་བཤད་ཐུབ་པ་ཞིག་ཡིན་ལ། འདི་ནི་ང་ཡང་ཇོ་ནང་ལ་རྒྱུས་མངའ་ཅུང་ཟད་ཡོད་པས་ཡིན། བཀའ་བརྒྱུད་པ་འགའ་ཞིག་ལ་དུས་འཁོར་ཅུང་ཙམ་ཡོད་པ་ཡང་ཇོ་ནང་པ་ལས་འོངས་པ་ཡིན་པར་༸གོང་ས་མཆོག་གིས་གསུངས་ཡོད། རྒྱུ་མཚན་ ༢༠༠༤ ལོར་བོད་ནས་ཕེབས་པའི་ཇོ་ནང་པའི་མཁན་པོ་ཤེས་རབ་ལ་༸གོང་ས་མཆོག་གི་བཀས་བསྐུལ་བ་བཞིན་ཁོང་གིས་རྣམ་རྒྱལ་གྲྭ་ཚང་དང་། བཀའ་བརྒྱུད་པའི་དགོན་པ་འགའ་ལ་དུས་འཁོར་གྱི་ཁྲིད་ལུང་གནང་བས་སོ།།
ཇོ་ནང་པའི་ལྟ་བ་ནི་དབུ་མ་གཞན་སྟོང་ཡིན། དེ་ནི་གཙོ་བོ་བཀའ་འཁོར་ལོ་མཐའ་མ། ངེས་དོན་མདོ་མཅུ་དང་། བདེ་གཤེགས་སྙིང་བོ་སྟོན་པའི་མདོ་བཅུ་སོགས་དང་། གསང་བ་སྔགས་ཀྱི་རྒྱུད་སྡེ་མང་བོ། ལྷག་པར་དུ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་ཁུངས་གཏུགས་ཀྱི་ཡོད། བསྟན་བཅོས་ནི། གཙོ་བོ་རྗེ་བཙུན་བྱམས་པའི་གཞུང་ལུགས་དག་དང་། ཀླུ་སྒྲུབ་ཀྱི་བསྟོད་ཚོགས། ཐོགས་མེད་ཀྱི་ས་སྡེ་ལྔ་སོགས་དང་། དབྱིག་གཉེན་གྱི་ཡུམ་གསུམ་གནོད་འཇོམས་སོགས་ལ་བརྟེན་ཡོད། ད་ལྟ་ད་དུང་ཡང་ཇོ་ནང་པའི་གྲྭ་བ་ཚོས་དུས་འཁོར་གྱི་ཐིག་རྡུལ་ཚོན་ཆོ་ག་རྒྱས་སྤྲོས་དང་བཅས་པ་ཤེས། མ་ཚད་དཔལ་དུས་ཀྱི་འཁོར་ལོའི་ཉམས་ལེན་གྱི་ཕྱོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཆ་ཚང་བཟུང་། དངོས་གཞི་བསྐྱེད་རིམ་དང་ལྷག་པར་དུ་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ཟེར་བའི་ཉམས་ལེན་དེ་མ་མཐའ་ཡང་ལོ་གསུམ་ལ་མཚམས་དམ་པོར་བྱས་ནས་ཉམས་བཞེས་གནང་དགོས་ཀྱི་ཡོད།
དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཁྲིད་དང་སྦྲགས་ཏེ་བྱེད་ཀྱི་ཡོད་པ་མ་ཟད། བདུན་གཅིག་ལ་ཐེངས་གཅིག་ཏུ་ཉམས་དང་རྟོག་པ་ཅི་བྱུང་རྡོར་སློབ་ལ་ཁེར་གཏུགས་ཀྱིས་ཞུ་དགོས་པ་རེད། སྒོམ་བྱེད་དུས་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་ཤིག་ཤར་རྒྱུ་ཡོད་པ་ནི་གནས་སྟངས་སྤྱི་ཁྱབ་པ་ཞིག་ཏུ་ཆགས་ཡོད། གཞན་ཆོས་བརྒྱུད་སུ་ལ་ཡང་མེད་པའི་དབང་ལྷ་བབས་ཟེར་བ་ཞིག་ཡོད། ཡེ་ཤེས་འབེབས་ཡང་ཟེར། དེ་ནི་མཚམས་རེར་ཚུར་མཐོང་གི་སྣང་བ་འགག་ནས་མ་ངེས་པའི་སྤྱོད་པ་བསྟན། དེ་དུས་སུ་རྡོ་རྗེའི་གླུ་དང་བྲོ་བྱེད། འབེབ་རྒྱབ་པ་སོགས་བྱུང་དུས་ཁབ་སོགས་མཚོན་ཆས་བཙུགས་ཀྱང་ཚོར་བ་མེད་པ་སོགས་ངོ་མཚར་ཆེ། ཇོ་ནང་པར་མཚོན་ན་འདི་ཡང་སྤྱིར་བཏང་བ་ཞིག་ལས་དམིགས་བསལ་ཞིག་མིན། ཀུན་མཁྱེན་དོལ་པོ་བས་ཇོ་ནང་ལ་དུས་འཁོར་གྱི་དབང་ཆེན་གནང་དུས་བྱ་དང་བྱིའུ་སོགས་ལ་ཡང་དེ་ལྟར་བྱུང་བར་གྲགས།
འདི་དག་གི་རྒྱུན་ད་ལྟ་ཡང་ཆད་མེད། ད་ལྟ་ད་དུང་ཡང་ཇོ་ནང་པའི་གྲྭ་བ་མང་བོ་ལོ་གསུམ་ཅན་གྱི་དམ་མཚམས་བྱས་དེ་ཡང་དང་བསྐྱར་དུ་ལོ་༩ དང་ ༡༢ སོགས་ལ་གནང་གིན་ཡོད། ཁ་ཤས་ཀྱིས་མི་ཚེ་ཧྲིལ་བོར་དམ་མཚམས་བྱས་ཏེ་དུས་འཁོར་ཉམས་ལེན་གནང་གི་ཡོད། མདོ་ཁམས་ཛི་ག་ཟེར་བའི་ས་ཕྱོགས་སུ། དུས་རབས་ཉི་ཤུ་བའི་སྨད་དུ་ཡང་དུས་འཁོར་རྫོགས་རིམ་ལ་བརྟེན་ནས་གཞན་སེམས་ཤེས་མཁན་དང་གཤིན་པོ་ལ་འཕོ་བ་འདེབས་དུས་སྐྲ་རྟགས་ལེན་ཟེར་བ། མགོའི་སྐྲ་བར་སྣང་ལ་མཆོད་མཁན་ནི་སྤྱི་བཏང་བ་ཙམ་དུ་ཆགས་ཡོད། ད་ལྟ་བཞུགས་ཡོད་པའི་རྡོ་རྗེ་སློབ་དཔོན་བླ་མ་སྣང་སྟོང་ཟེར་བ་སོགས་མང་། གཞན་ང་རང་གིས་ཤེས་ཚོད་ཙམ་ཞུས་ན། ཛི་གའི་ཇོ་ནང་པ། ཆོས་ཐང་དགོན་གྱི་བླ་མ་གྱང་ནག་དཀོན་ཚུལ་ཟེར་བ་ཁོང་ ༡༩༨༧ ཡས་མས་ནས་ཚེ་མཚམས་ལ་བཞུགས་ཡོད། དེ་རྗེས་ ༡༩༩༠ ནས་མི་གཅིག་མེད་པའི་ནགས་ཁྲོད་ར་ཤུགས་རི་ཁྲོད་ཟེར་བར་དེར་དུས་འཁོར་རྫོགས་རིམ་གྱི་དམ་མཚམས་ལ་བཞུགས་ཡོད། གཞན་དེ་འདྲ་བླ་སེར་བཅུ་གྲངས་ཞིག་ངོ་ཤེས་ཀྱི་ཡོད།
ད་ལྟ་ས་ཆེན་པོ་འདིའི་སྟེང་དུ་གང་ཟག་རེ་ཟུང་ལས་མེད་ཞེས་ཐག་གཅོད་བྱེད་འདོད་མེད་པ་མ་གཏོགས། འདི་འདྲའི་དུས་འཁོར་ལ་དམིགས་བསལ་ཉམས་ལེན་བྱེད་མཁན་དེ་འདྲ་ཆོས་བརྒྱུད་སུ་ལ་ཡང་མེད་པ་མ་ཟད། ང་ཚོ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་གང་ལ་ཡང་ཇོ་ནང་པ་མ་གཏོགས། དུས་འཁོར་གྱི་རྫོགས་རིམ་ཉམས་ལེན་ཡོད་པའི་དགོན་སྡེ་གྲྭ་ཚང་མེད་པ་གསལ་བོ་རེད། དགེ་ལུགས་པའི་དགོན་པ་ཆེན་པོ་དག་མ་གཏོགས་ཐིག་རྡུལ་ཚོན་དང་ཆོ་གའི་རྒྱུན་ཙམ་ཡང་ཕལ་ཆེར་མེད་པ་རེད། དུས་འཁོར་ལ་རྒྱུས་མངའ་ཆེ་ཤོས་དེ་རྩེ་རྣམ་རྒྱལ་གྲྭ་ཚང་ཡིན་རིགས་པ་སྨོས་མེད་ཡིན་མོད ༸གོང་ས་སྐྱབས་མགོན་ཆེན་པོའི་དུས་དབང་འཛམ་གླིང་ལ་བསྩལ་གནང་མཛད་བཞིན་ཡོད་སྟབས། རྩེ་རྣམ་རྒྱལ་གྲྭ་ཚང་ནི་དུས་འཁོར་ལ་བྱང་ཆུབ་པའི་ཆེད་མཁས་པ་ཡིན་དགོས་མོད། འོན་ཏེ་ཉེ་ཆར་ཧ་གོ་བ་ལྟར་ན། དུས་འཁོར་གསེར་སྐུ་བཞེངས་ཉེས་བྱས་ཏེ་ལོ་གང་འཚམ་འགོར་ཡང་ད་དུང་མཁྱེན་རྟོགས་མེད་པར་འཛམ་གླིང་མི་མང་འབུམ་ཕྲག་མང་བོར་དུས་འཁོར་གྱི་སྐུ་རྫུན་མ་ཞིག་ལ་མཇལ་དུ་བཅུག་པ་དེས། ང་ཚོ་བོད་པ་དུས་འཁོར་གྱི་བསྟན་པ་ལ་རྒྱུས་མངའ་ག་ཚོད་ཅིག་ལ་བསླེབས་ཡོད་མེད་བསྟན་ཡོད།
ཇོ་ནང་པ་སྨྲས་མ་དགོས་པ་རེད། གྲྭ་ཆུང་དཀྱུས་མ་ཞིག་ལ་མཚོན་ནའང་དུས་འཁོར་ལ་དཔུང་བ་ ༡༢ དང་ལག་ངར་༢༤ ཡོད་པ་སོགས་སྤྱིར་བཏང་གི་ཤེས་བྱ་ཙམ་རེད། ཇོ་ནང་པའི་དགོན་པ་ཆུང་ཤོས་ཚུན་ཆད་ལ་དུས་འཁོར་གྱི་སྐུ་འདྲ་མེད་ས་ཞིག་གཏན་ནས་མེད་ཅེས་སྨྲ་སྤོབས་པ་ཞིག་རེད། ཁ་ཤས་ཀྱིས་རྣམ་གྲྭའི་གསེར་སྐུ་༸ཁལ་ཁ་རྗེ་བཙུན་དམ་པས་བཞེངས་པ་ཡིན་པས་ཇོ་ནང་པའི་ལུགས་ཡིན་སྲིད་ཟེར་མཁན་འདུག་མོད། ཇོ་ནང་པའི་ལུགས་ལ་དུས་འཁོར་ལྷན་སྐྱེས་ཟེར་བའི་ཕྱག་གཉིས་ཅན་ཞིག་ཡོད་པ་བདེན་མོད། དུས་འཁོར་ཡོངས་རྫོགས་ཟེར་བ་ཀུན་གྱི་ལུགས་གཅིག་མཐུན་ཡིན། ཡང་རྣམ་གྲྭའི་མི་ཞིག་གིས་ཁོང་ཚོའི་ངན་མཚངས་ཁལ་པ་རྗེ་བཙུན་གྱི་དབུ་ཐོག་ཏུ་འགེལ་ཁུལ་བྱས་འདུག་སྟེ། དེའི་འགན་གཙོ་བོ་རྣམ་གྲྭ་རང་ལ་ཡོད་པ་ལས་སྦྱིན་བདག་ལ་མེད་པ་ཀུན་གྱིས་ཤེས་སླ་བར་སྙམ་མོ།།
སའི་གོ་ལ་འདིའི་ཐོག་ཏུ་གསང་སྔགས་ཀྱི་ཆོས་བརྒྱུད་འཛིན་པ་ང་ཚོ་བོད་པ་དང་བོད་ནས་བརྒྱུད་པ་དག་ཆགས་ཡོད་པ་རེད། སྔགས་རྒྱུད་ཡོད་ཚད་ལས་དུས་འཁོར་ལ་རྒྱུད་ཀྱི་རྒྱལ་པོ་རུ་འབོད་སྲོལ་ཡོད། དེ་ཕྱིར་༸གོང་ས་མཆོག་གིས་རྒྱུད་གཞན་ལས་དུས་འཁོར་དབང་ཆེན་གལ་གནད་དུ་བརྩིས་ཏེ་ད་བར་ཐེངས་ ༣༡ ཙམ་གནང་བ་རེད། འོན་ཀྱང་། གང་ཟག་རེ་འགར་ཁྱད་འཕགས་འདྲ་བྱུང་ན་མ་གཏོགས། དུས་འཁོར་གྱི་དབང་ཐོབ་ཟེར་བ་དེ་ནི་དུས་འཁོར་ཉམས་ལེན་ལ་འཇུག་པར་དབང་བའམ་གནང་བ་ཐོབ་པའི་དོན་ཙམ་ལས་ཅི་ཡང་མེད། དབང་ཐོབ་རྗེས་ཉམས་ལེན་ཡང་དག་ཅིག་གནང་འདོད་ཡོད་མཁན་ཡིན་ན། ཕལ་ཆེར་ཇོ་ནང་པ་ལ་མ་བརྟེན་པར་བྱེད་ཐབས་གང་ཡང་མེད།
༡༩༩༨ ལོ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་སྒེར་གྱི་དགོན་པ་སངས་རྒྱས་ཆོས་གླིང་སིམ་ལ་རུ་ཡོད་པ་དེ་རྟེན་དང་བརྟེན་པ་བཅས་ཇོ་ནང་པར་གནང་སྟེ། དུས་འཁོར་སྦྱོར་དྲུག་ཚུགས་དགོས་པ་དང་གདན་སའི་དགེ་བཤེས་ཚོ་དུས་འཁོར་རྫོགས་རིམ་གྱི་ཉམས་ལེན་བྱེད་རིགས་པའི་བཀའ་དགོངས་གནང་ཡོད། ༢༠༠༢ ལོར་༸གོང་ས་མཆོག་སྐུ་ངོས་སུ་སིམ་ལ་དགོན་དུ་ཕེབས་ཏེ་ཇོ་ནང་གྲོལ་མཆོག་ཁྲིད་བརྒྱ་གནང་། དངུལ་འབོར་ཆེན་གནང་སྦྱིན་གྱིས་དུས་འཁོར་སྒྲུབ་ཁང་གསར་བཞེངས་ལེགས་འགྲུབ་བྱང་སྟེ། ད་ཆར་རྡོར་སློབ་ཆོས་ཀྱི་སྣང་བ་སོགས་མཚམས་སྒྲུབ་སུ་བཞུགས་མུས་ཡིན།
འོན་ཀྱང་ཡ་མཚར་པ་ཞིག་ལ། བཙན་བྱོལ་བོད་གཞུང་གིས་ད་བར་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་གནང་མེད། ཇོ་ནང་པ་གཞིས་བྱེས་གཉིས་ཀྱིས་ཇོ་ནང་པ་ལ་ཆོས་བརྒྱུད་ཆེན་པོ་སྤྱི་མཚུངས་ཀྱི་མཚན་ཐོབ་དེབ་སྐྱེལ་དགོས་པར་བོད་གཞུང་ལ་གསོལ་བ་ཤུགས་དྲག་བཏབ་སྟེ་ལོ་ངོ་ ༡༢ ཙམ་ཕྱིན་ཡོད། ཁོང་ཅག་གིས་སྔ་ཕྱིར་རྒྱུ་མཚན་གནས་ལུགས་དང་བཅས་ཞུ་སྙན་ཕུལ་བ་དཔེ་དེབ་ཆེན་པོ་ཞིག་ཚད་ལོངས་པ་ཡོད། འོན་ཀྱང་འདིའི་ཐད་བོད་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་བྱེད་ཐབས་མ་བྱུང་། གོ་ཐོས་སུ། ཐོག་མ་ལས་བྱེད་རེ་ཟུང་གིས་ཇོ་ནང་པ་ཟེར་བ་འདི་ནང་པ་ཨེ་རེད་ཟེར་མཁན་དང་། ཁག་ཅིག་གིས་བོན་པ་ཡིན་ནམ་ཟེར་མཁན་ཡང་བྱུང་ཡོད་རབས་འདུག མཁས་པ་དང་གནད་ཡོད་མི་སྣ་ཡིན་ཟེར་མཁན་མང་པོས་ཇོ་ནང་པ་རྒྱལ་དབང་ལྔ་བའི་དུས་ནས་རྩ་མེད་བཏང་ཟིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ཚོད་འདུག
གང་ལྟར་སྤྱི་འཐུས་དག་གིས་ཆོས་རིག་ལས་ཁུངས་ཀྱིས་ཞིབ་འཇུག་བྱེད་དགོས་ཟེར་ནས་ཕར་གཡུགས། ཆོས་རིག་ལས་ཁུངས་ཀྱིས་རྙིང་མ་པ་དང་བཀའ་བརྒྱུད་པའི་མཐུན་འགྱུར་ཡ་ལན་གནང་གི་མི་འདུག་ཟེར་ནས་ཚུར་གཡུགས་ཏེ། ཕར་གཡུག་ཚུར་གཡུག་གི་བར་ནས་མི་ལོ་ ༡༢ ཙམ་ཕྱིན་པར་བློ་ཕམ་ཡོད། བོད་བསྟན་སྲིད་ལ་ལྷག་བསམ་ཡོད་མཁན་གྱི་གཟུར་གནས་བློ་ལྡན་དག་གིས་འདི་ལ་གོ་བསྡུར་དང་། བསམ་གཞིགས། བགྲོ་གླེང་དང་དགོངས་བསྐུལ་སོགས་གནང་རོགས་ཞུ། འགྲོ་མགོན་བཀའ་བརྒྱུད་པའི་མཁན་པོ་བློ་གྲོས་དོན་ཡོད་ཀྱིས་ཇོ་ནང་པ་ཆོས་བརྒྱུད་ཀྱི་མཚན་གནས་འདྲ་མཉམ་སྤྲོད་མིན་ལ་ཞིབ་འཇུག་བྱ་དགོས་ཟེར་ན་ངོ་ཚ་བའི་གནས་ཡིན་པར་གསུངས་པ་རེད། དེ་ནི་མཁས་པའི་གཏམ་རེད་སྙམ། དེ་ནི་ཤྭ་བ་མངོན་ལ་བཞག་ནས། ཤྭ་རྗེས་ལྐོག་ཏུ་འདེད་ཟེར་བ་རེད་སྙམ།
ཡང་ཁ་ཅིག་གིས་ཇོ་ནང་ལ་ཆོས་བརྒྱུད་ཀྱི་འདྲ་མཉམ་མཚན་གནས་དེབ་སྐྱེལ་བྱས་ན། ཁ་ཆེ་དང་། ཞྭ་ལི་བ། བོ་དུང་བ་སོགས་ལ་དགོས་པས་མི་རིགས་ཟེར། ཇོ་ནང་པ་ལ་དགོན་སྡེ་དང་ཆོས་ཚོགས་༩༠ ལྷག་ཡོད། མདོ་སྔགས་གཉིས་ཀྱི་འཆད་ཉན་བཤད་གྲྭ་དང་སྒྲུབ་གྲྭ དགེ་འདུན་པའི་སྡེ་ཁྲི་ཡས་མས་ཞིག་དང་། དེ་དག་གི་ལྷ་སྡེ་མི་སྡེ་དང་བཅས་པ་ཡོད་པ་ཀུན་གསལ་ཡིན། བོད་ལ་ཁ་ཆེའི་དགོན་པ་གཅིག་ཀྱང་ཡོད་དམ། བོ་དུང་དང་ཞྭ་ལི་སོགས་ལ་ཐུན་མིན་ཡིག་ཆ་འཛིན་པའི་དགོན་སྡེ་ཡོད་དམ། འདི་དག་ལ་ས་དགེ་བཀའ་རྙིང་ཇོ་ནང་པ་ལྟ་བུའི་ཐུན་མིན་ཁྱད་ཆོས་ཟུར་དུ་མེད་པ་མཁྱེན་གསལ་རེད། དབུ་མ་གཞན་སྟོང་གི་ལྟ་བ་རྩལ་དུ་བཏོན་པ་ཡོད་པ་དང་། དུས་འཁོར་ཆེད་མཁས་པའི་དཔལ་ཇོ་ནང་པའི་ཐུན་མིན་ཁྱད་ཆོས་ལ་འགྲན་ཕོད་མཁན་སུ་ཡང་མེད་མོད། གལ་དེ་ཞྭ་ལི་བ་སོགས་ལ་ཡང་ཆོས་བརྒྱུད་ཆེ་ཆུང་ལ་མ་ལྟོས་པའི་མཚན་གནས་གནང་རིགས་ན་གནང་ཡང་ཅིའི་ཕྱིར་མི་ཆོག
གཞིས་བཞུགས་ཇོ་ནང་པ་ཀུན་དང་། གཞིས་བཞུགས་བོད་མི་ལྷག་བསམ་ཅན་ཧ་ཅང་མང་བོ་ཞིག་གིས་བྱེས་བཞུགས་བཙན་བྱོལ་གཞུང་གིས་ཇོ་ནང་པ་ལ་འདྲ་མཉམ་གྱི་མཚན་གནས་དེབ་སྐྱེལ་མ་བྱས་པར་མི་ལོ་ ༡༢ སོང་བར་ཡ་མཚན་དང་བློ་ཕམ་ཆེན་པོ་བྱུང་ཡོད། རྒྱུ་མཚན་ནི། ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་གིས་བོད་ཀྱི་བན་དེའི་ཆོས་བརྒྱུད་ཆེན་པོ་ལྔ་དང་། གཡུང་དྲུང་བོན་དང་དྲུག་བཅས་རྒྱ་གཞུང་ཆོས་དོན་ལས་ཁུངས་ལ་དེབ་སྐྱེལ་བྱས་ཤིང་། ཆོས་རྒྱུད་དྲུག་གི་བླ་མ་རེ་རེར་སོ་སོའི་ཆོས་བརྒྱུད་ཀྱི་ལྟ་གྲུབ་སྐོར་གྱི་དཔེ་དེབ་རེ་གསར་རྩོམ་གནང་བཅུག་ཡོད། ཇོ་ནང་བར་མཚོན་ན། རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་ཡོན་ཏན་བཟང་པོས་༼ ཇོ་ནང་པའི་རིང་ལུགས་གཞན་སྟོང་མི་འཇིགས་གདོང་ལྔའི་ང་རོ ༽ཟེར་བ་བརྩམས་ཏེ་དཔར་བསྐྲུན་ཞུས་ཡོད། བྱེས་བཞུགས་བོད་མི་དག་གིས་ཇོ་ནང་པ་ནང་པ་ཡིན་མིན་ལ་དོགས་པ་དང་། མི་ལོ་ ༡༢ རིང་གསོལ་བ་བཏབ་ཀྱང་གྲུབ་འབྲས་མ་སོན་པར་བསྡད་ན། བྱེས་བཞུགས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པ་རྣམས་ལ་གཟིགས་ཚོར་གང་འདྲ་འབྱུང་སྲིད་དམ། འབྲེལ་ཡོད་ཀུན་གྱིས་འདི་ལ་ཐུགས་བསམ་ནན་གྱིས་བཞེས་རོགས།
ཇོ་ནང་པ་འདི་དཔལ་དུས་ཀྱི་འཁོར་ལོའི་བཀའ་བབས་པ་ཁོ་ན་ཡིན་པ་སོགས་དམིགས་བསལ་གལ་ཆེན་ཞིག་ཡིན་པར་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཐོང་ཆེན་བྱས་པའི་རིམ་པ་དང་བཀའ་སློབ་མང་དུ་ཡོད། དེ་ཡོད་བཞིན་དུ་འདི་འདྲའི་ནར་འགྱངས་དང་། གལ་ཆུང་བྱེད་རིགས་དང་མི་རིགས། གལ་ཏེ་ནར་འགྱངས་དང་གལ་ཆུང་རྒྱུན་སྐྱོང་བྱས་ན་ནམ་ཞིག་མཇུག་འབྲས་ཅི་ཞིག་འབྱུང་སྲིད་དམ། མ་ཟད་འདིས་གཞུང་གི་ལས་བྱེད་དག་གིས་ཕྱག་ལས་གནང་སྟངས་ལ་གོང་བཅད་དང་རིན་ཐང་ཅི་ཞིག་བྱེད་ཀྱིན་འདུག འདིས་བོད་མི་རིགས་ཀྱི་བསྟན་སྲིད་དང་། ཆིག་སྒྲིལ་ལ་དོ་ཕོག་ཅི་ཞིག་ཐེབས་རྒྱུ་ཡིན་མིན་སོགས་ལ། རྒྱལ་ཞེན་ལྷག་བསམ་གྱིས་ཕྱུག་པ་དག་གིས་བསམ་གཞིགས་ནན་པོ་དང་དགོངས་ཚུལ་ལྷུག་པོར་གནང་རོགས་ཞུ་ཞུ།
སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ་མཆོག་གིས། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༡ པ་གནང་བ་དང་བསྟུན་ཏེ་རྒྱ་ཆེའི་མི་མང་ལ་གོ་རྟོགས་ཡོང་ཆེད་དུ་སྤེལ་བ་ལེགས་སོ།།
རྒྱ་དམར་གཞུང་གིས་པན་ཆེན་རྒྱལ་མཚན་ནོར་བུ་དགེ་ལུགས་པའི་དགོན་ཆེན་བླ་བྲང་དུ་ཕེབས་བསུ་འཇུག་ཡོད་མོད། དེས་རྗེས་སུ་རྨ་ཆུ་སོགས་སུ་འགྲོ་རྒྱུ་དང་། དེ་རྗེས་འཛམ་ཇང་གི་དགོན་པ་ཞིག་གིས་གདན་འདྲེན་དགོས་པའི་བཙང་བཀའ་བཏང་ཟིན་ཡོད་མོད། དགོན་པ་གང་ཡིན་ད་དུང་མ་གོ་ཡང་། འཛམ་ཐང་རྫོང་གི་དགོན་པ་ཆེ་ཤོས་ཏེ། ཇོ་ནང་བའི་དགོན་པ་ཤར་འཛམ་ཐང་དགོན་ཆེན་ཟེར་བ་དེ་རེད།
ཇོ་ནང་བའི་མི་དེ་དག་གིས་ངོ་དགོལ་བྱེད་ཐུབ་མིན་དེ་བཙན་བྱོལ་གཞུང་གིས་ཇོ་ནང་བར་བག་ཆགས་ཅི་འདྲ་ཞིག་བཞག་ཡོད་དང་། ཁོང་ཚོས་བཙན་བྱོལ་བོད་གཞུང་ལ་ད་དུང་རེ་བ་ཅི་ཙམ་ཆེ་མིན་ལ་ཐུག་རྒྱུ་རེད་བསམ འདིའི་ཕྱོགས་སུ་ཀློག་མཁན་སུ་ལ་ཡང་དགོངས་ཚུལ་བཏང་ཟབ་འདྲ་ཡོད་ན་གསུང་རོགས་གནང་།