མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཅའ་ཁྲིམས་བསྐྱར་བཅོས་སྐོར་རགས་ཙམ་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཆབ་བྲག་ལྷ་མོ་སྐྱབས།

 

གང་ལ་རྒྱུས་ཙམ་མངའ་བ་དེར། གང་ཞིག་སྨྲ་ལ་དབང་བས་ན།

དམངས་གཙོའི་བཅའ་ཁྲིམས་རིན་པོ་ཆེའི། རྣམ་ཐར་ཆ་ཙམ་འདི་རུ་བརྗོད།

 

གླེང་གཞི།

 

བོད་ཀྱི་མངའ་ཁོངས་ནི་ཆོལ་གསུམ་གངས་ཅན་ལྗོངས་དང་རྒྱལ་ས་ལྷ་ས་ཡིན། དེ་ན་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཤག་ཡོད། འདི་ནི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དུས་རབས་རིམ་བརྒྱུད་ཀྱི་ལོ་རྒྱུས་རང་བཞིན་ལྡན་ཞིང་ལོ་བཞི་བརྒྱར་ཉེ་བའི་དུས་ཡུན་ཅན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་སུ་གྲགས་པ་དེའོ།།

རྒྱ་ནག་དམར་ཤོག་གིས་རང་གི་རྒྱལ་ཁབ་ཀྲུང་གོ་ཟེར་བ་གསར་དུ་བཙུགས་མ་ཐག་ཀྲུང་གོའི་ལྷོ་ནུབ་ཕྱོགས་ཀྱི་བར་གནས་རྒྱལ་ཁབ་གངས་ཅན་བོད་ལ་བཙན་འཛུལ་བྱས། ༡༩༥༡་ལོར་བོད་ཞི་བའི་བཅིངས་འགྲོལ་འབྱུང་ཐབས་ཀྱི་དོན་ཚན་བཅུ་བདུན་ཟེར་བ་དེ་པེ་ཅིན་དུ་མིང་རྟགས་མི་འགོད་ཐབས་མེད་བྱུང་ཞིང་དེ་རྗེས་རྒྱ་ནག་སྲིད་གཞུང་གི་སྟངས་འཛིན་འོག་ལོ་བརྒྱད་ཙམ་ལ་ངང་རིང་བཟོད་སྒོམ་གྱིས་ཆིངས་ཡིག་དོན་ཐོག་འཁྱོལ་བའི་རེ་བ་དང་ཐབས་ཤེས་བྱས་ཀྱང་ཆིངས་དོན་འགལ་བཤིག་གིས་བོད་ཁམས་ཡོངས་ལ་བརྡབ་གསིག་ཆེན་པོ་བསླངས་རྐྱེན་བོད་ཆོལ་ཁ་གསུམ་གྱི་ཕྱོགས་འདུས་མི་མང་ཁྲི་ཚོ་དུ་མས་༡༩༥༩།༣།༡༠ ལ་རྒྱལ་ས་ལྷ་སར་བོད་རང་བཙན་བསྐྱར་གསོ་དགོས་པའི་སྐད་འབོད་བྱས་ཤིང་བསྟན་སྲུང་དང་བླང་དམག་གི་སྲུང་སྐྱོབ་འོག་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་གཞུང་བཀའ་ཤག་བདེ་བླག་ངང་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐྱེལ་གནང་ཐུབ་བྱུང་།

 

༡༩༦༠་ལོ་ནས་བཙན་བྱོལ་བོད་གཞུང་དེ་དམངས་གཙོ་ཅན་དུ་སྒྱུར་མགོ་བཙུགས། ༡༩༩༡་ལོར་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་གཏན་ལ་ཕབ། ༢༠༠༡ལོ་ནས་བཟུང་མི་དམངས་ཀྱིས་ཐད་ཀར་འོས་འདེམས་ཀྱི་བཀའ་བློན་ཁྲི་བ་རིམ་པར་བྱུང་ནས་དམངས་གཙོའི་ངོ་བོ་འབུར་དུ་ཐོན་པ་དང་དུས་མཚུངས་༸གོང་ས༸སྐྱབས་མགོན་ཆེན་པོས་བཙན་བྱོལ་ནང་གི་ཕྱག་ལས་དག་གནང་མི་དགོས་པར་ཕྱེད་བགྲེས་ཡོལ་ལྟ་བུར་བཞུགས་ཏེ་བོད་རྒྱ་ཞི་མོལ་དང་འཛམ་གླིང་ཞི་བདེར་སྨན་པའི་ཕྱག་ལས་རྒྱ་ཆེར་བསྐྱེད། དེ་ལྟར་བཙན་བྱོལ་བོད་གཞུང་དེ་དམངས་གཙོའི་སྒྲིག་འཛུགས་ཚགས་ཚུད་ཅན་དུ་བསྒྱུར་བ་དང་མཉམ་དུ་བོད་དོན་འཐབ་རྩོད་ཀྱི་སྲིད་བྱུས་དེ་ཡང་རང་ཕྱོགས་ཀྱི་ཚད་མཐོའི་ཐོབ་ཐང་བོད་རང་བཙན་འཐབ་རྩོད་བྱེད་པ་ནས་མར་ལ་བབས་ཤིང་ཕར་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཙམ་གྱི་གནས་བབ་དམའ་མོ་ལས་ཡར་ལ་འབུད་དགོས་པ་གངས་ཅན་བོད་པ་ཡོངས་རྫོགས་ཁྱིམ་ཚང་གཅིག་གི་མི་རིགས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་བའི་གཉིས་སྨན་དབུ་མའི་ལམ་མཆོག་གཏན་འབེབས་དང་ཕྱི་གསལ་ནང་གསལ་གནངས་ཡོད། ལྷག་པར་མིང་དོན་མཚུངས་པའི་བོད་རང་སྐྱོང་ཡོང་ཐབས་ཀྱི་གཞུང་འབྲེལ་བསམ་འཆར་ཡིག་ཆ་ཡང་རྒྱ་ནག་གཞུང་ལ་ཕུལ་ཡོད། དམིགས་འབེན་འདི་རང་བཟུང་ནས་ད་ཡོད་ཀྱི་བོད་གཞུང་གི་ངོ་བོ་དང་ལངས་ཕྱོགས་མཚོན་བྱེད་བཅའ་ཁྲིམས་དེ་ཉིད་ལ་ལེགས་བཅོས་ཀྱི་གསར་བརྗེ་ཐེངས་གཅིག་བྱེད་དགོས་པ་ཡང་དུས་ཀྱི་དགོས་མཁོར་གྱུར།

 

སྨྲས་པ།

སྔོན་གྱི་བྱུང་རབས་ལྷ་རྗེའི་གཟི་མདངས་གང། ད་ལྟ་ཉམ་ཐག་ནད་པའི་ངང་ཚུལ་ཏེ།

མྱུར་སྐྱོབ་སྨན་བཅོས་མ་ནོར་གནང་རྒྱུ་འདི། ལྷ་ཡི་ལུང་མིན་རིགས་པས་མངོན་སུམ་གྲུབ།

           

གཅིག༽ བཅའ་ཁྲིམས་བསྐྱར་བཅོས་ཀྱི་བྱུང་རིམ།

 

༡༽ གོང་དུ་ཞུས་པ་ལྟར་བཙན་བྱོལ་བོད་གཞུང་གི་མི་རིགས་འཐབ་རྩོད་ཀྱི་གཞི་རྩའི་རྩ་དོན་ནམ་སྲིད་བྱུས་ལ་འཕོ་འགྱུར་བྱུང་བ་དེས་ད་ཡོད་བཅའ་ཁྲིམས་ལ་འགྱུར་བ་འགྲོ་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོད།

༢༽ ༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏཱ་ལའི་བླ་མའི་སྔར་སྲོལ་རང་བཞིན་ཅན་གྱི་སྲིད་སྐྱོང་གི་རྣམ་པ་འདི་ཡོངས་སུ་སྒྱུར་བཅོས་གནང་རྒྱུའི་དུས་ལ་བབས་པར་གཟིགས་ནས་ཁོང་ཉིད་ཡོངས་སུ་བགྲེས་ཡོལ་གནང་རྒྱུའི་ཐུགས་འདུན་དེ་ཡང་ཞལ་ཇེ་གསལ་ནས་ཇེ་གསལ་གྱིས་ཡོངས་བསྒྲགས་གནངས།

༣༽ ༢༠༡༡ལོའི་ཟླ་གསུམ་པའི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐ་མའི་ཐོག་ལ་ངེས་པར་དུས་ཐུང་རིང་ལ་བཅའ་ཁྲིམས་བསྐྱར་བཅོས་དགོས་གལ་གྱི་གསུང་འཕྲིན་གསལ་ཞིང་རྒྱས་པ་དེ་གནངས།

༤༽ གོང་གསལ་གནས་སྟངས་སམ་རྒྱུ་མཚན་དེ་དག་དབང་གིས་གྲོས་ཚོགས་ཀྱིས་དེ་བཞིན་དུ་ལག་བསྟར་བགྱིད་དགོས་པ་ཞིག་ཆགས་ཡོད་ན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཕལ་མོ་ཆེས་འགན་དེ་མ་བཟོད་པར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་མི་དགོས་པའི་གསོལ་འདེབས་སྙན་ཞུ་ཕུལ་ན་ཡང། དེ་མ་ཐག་ཞལ་བཞེས་གནང་ཐབས་མེད་པའི་བཀའ་ལན་འབྱོར་བས་གྲོས་ཚོགས་ཀྱི་ལས་རིམ་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ཇི་ལྟར་བཀའ་དགོངས་ལག་བསྟར་གནང་དགེའི་ལས་རིམ་སྙན་ཐོ་བཟོས་པ་སླར་ཡང་གྲོས་ཚོགས་ནང་བགྲོ་གླེང་མང་མོས་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཞིག་ཟུར་འཛུགས་དགོས་པ་དང་མི་མང་གི་བསམ་ཚུལ་བསྡུ་ཕྱིར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་བསྐོང་རྒྱུ་གཏན་ལ་ཕབ།

༥༽ བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་ལས་རིམ་ཚོགས་ཆུང་གི་སྙན་ཐོ་གཞིར་བཟུང་བཅའ་ཁྲིམས་ཀྱི་སྔོན་གླེང་གསར་བ་དང། ༸གོང་ས༸སྐྱབས་མགོན་ཆེན་མཆོག་བོད་དང་བོད་མི་རིགས་ཀྱི་མཚོན་རྟགས་དང་མགོན་སྐྱབས་ཡིན་པའི་དོན་ཚན་ཞིག་བཅའ་ཁྲིམས་ནང་གསར་སྣོན་དང། སྡེ་སྲིད་ལྷན་ཚོགས་ཀྱིས་གཙོས་བཅའ་ཁྲིམས་ནང་ནས་ཕྱིར་བསྡུ་བྱེད་དགོས་པ་ཁག་དང། དོན་ཚན་བཅུ་དགུ་པ་བོད་གཞུང་གི་འགན་འཛིན་དབང་ཆས་གཙོས་སྒྱུར་བཅོས་གནང་དགོས་པ་དག་རེ་རེ་བཞིན་དུ་ཟིན་བྲིས་བཏབ་ནས་མང་ཚོགས་ནང་ལ་གསལ་བསྒྲགས་དང་བཅས་ཟླ་ལྔ་བའིི་ཚེས་ཉེར་གསུམ་ནས་ཉེར་དྲུག་རིང་ལ་ཚོགས་ཆེན་སྐོང་འཚོགས་གནངས། ཚོགས་ཆེན་ཐོག་ནས་གཞི་རྩའི་བཅའ་ཁྲིམས་སྒྱུར་བཅོས་ཐད་ལ་སྤྱི་མོས་བྱུང་ཡོད། འོན་ཀྱང་བོད་གཞུང་ཞེས་པ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་པར་བསྒྱུར་རྒྱུ་ལ་འདོད་པ་མེད་པར་རང་འཇགས་འཇོག་རྒྱུར་ཚད་མཐོའི་མང་མོས་བྱུང།

༦༽ ཚོགས་ཆེན་གྱི་སྤྱི་ཡོངས་བསམ་ཚུལ་རྣམས་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་ཞུས་པར་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་གསར་འཇུག་དེ་ཕལ་ཆེར་ཞལ་བཞེས་གནང་ཆོག་ཚུལ་གསུངས་ཤིང། ཚོགས་བཅར་བ་ཡོངས་ལ་དམངས་གཙོའི་གལ་ཆེའི་རང་བཞིན་དང་འབྲེལ་བཅའ་ཁྲིམས་སྒྱུར་བཅོས་བྱ་དགོས་ཚུལ་དང་ཆབས་ཅིག་བོད་གཞུང་གི་མཚན་བྱང་དེ་ཡང་ནང་ཁུལ་ཙམ་ལས་ཕྱི་ལོགས་སུ་བེད་སྤྱོད་གཏོང་གི་མེད་ཚུལ་སོགས་བརྗེ་སྒྱུར་དགོས་གལ་ཆེ་ལུགས་ཀྱི་བཀའ་སློབ་ཞིབ་གསལ་བསྩལ།

༧༽ བཀའ་སློབ་གནང་སྐབས་བོད་གཞུང་གི་མིང་ཚབ་ལ་གངས་ལྗོངས་རང་དབང་དམངས་གཙོའི་ལྷན་ཁང་ངམ་སྒྲིག་འཛུགས་ལྟ་བུར་བསྒྱུར་ན་གང་འདྲ་ཞེས་དཔེ་མཚོན་ཞིག་གསུངས་ན་ཡང་སྐུ་སྒེར་ཡིག་ཚང་བརྒྱུད་གྲོས་ཚོགས་ལ་དངོས་སུ་བཀའ་ལན་ཕེབས་པའི་ནང་བོད་མིའི་སྒྲིག་འཛུགས་ཞེས་བཀོད་ཡོད་ལ། གཞུང་ཐམ་ངོས་སུ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་ལེགས་ཚུལ་ལས་གཞན་གལ་ཆེ་ཤོས་ཁོང་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་དང་པོ་གསར་སྣོན་དེ་ཡང་ཐོག་མའི་རེ་སྐུལ་ལས་དམའ་རུ་ཕབ་གནང་ཡོད།

༨༽ གྲོས་ཚོགས་ནང་ལ་བོད་མིའི་སྒྲིག་འཛུགས་ཞེས་པའི་མཚན་བྱང་དང། དོན་ཚན་དང་པོའི་སྐོར། ལྷག་པར་སྔོན་གླེང་ནང་ལ་བསམ་ཚུལ་ཤུགས་ཆེ་ཙམ་བྱུང་ནས་ཚིག་དོན་ཕྲན་ཙམ་རེ་བསྒྱུར་ཡོད། དེ་མིན་བཅའ་ཁྲིམས་ཀྱི་ཚིག་དོན་གཞན་དག་ཕལ་མོ་ཆེ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་ལྟར་གཏན་ལ་ཕབ་ཡོད།

 

སླར་སྨྲས་པ།

ཇི་ལྟར་བྱུང་བའི་རིམ་པ་མ་ཤེས་ན། ཇི་ལྟར་སྒྲུབ་པའི་ཚུལ་ཡང་ག་ལ་ཤེས།

ཅི་ཞིག་གནད་འགག་ཡིན་པ་ངོས་ཟིན་ན། ཅི་ཞིག་ནོར་འཁྲུལ་ཡིན་མིན་རང་ངོ་འཕྲོད།

           

གཉིས།༽ བཅའ་ཁྲིམས་གསར་བའི་རྣམ་པ།

 

༡༽ ཕྱིར་བསྡུ་ཆེན་པོ་གཉིས།

དེ་ནི་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་གི་ད་ཡོད་བོད་གཞུང་གི་འགན་འཛིན་དབང་ཆ་དང། སྐུ་ཕྲེང་རིམ་འབྱོན་ལ་སྔར་སྲོལ་རྒྱུན་འཛིན་གྱི་སྐུ་དབང་ལམ་ལུགས་ཤིག་ཡོད་པའི་དོན་ཚན་ཁག་ཕྱིར་བསྡུ་གནངས་པ་དེ་ཡིན། འདིས་བཅའ་ཁྲིམས་ཀྱི་གཞི་རྩའི་སྒྲོམ་གཞི་ལ་འགྱུར་བ་ཐེབས་ཡོད། སྐད་ཆ་གཞན་ཞིག་ནས་བཤད་ན་དེང་དུས་དམངས་གཙོའི་ཁྲིམས་སྲོལ་དང་མཐུན་པར་གྱུར་བ་རེད།

 

༢༽ གསར་སྣོན་ཆེན་པོ་གཉིས།

དེ་ནི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་དང་སྔོན་གླེང་གཉིས་ཡིན། དོན་ཚན་དང་པོ་དེས་༸གོང་ས་༸སྐྱབས་མགོན་ཆེན་པོ་བཅུ་བཞི་པ་མཆོག་ལ་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་སྐུ་དབང་དང་ཐུགས་འགན་དམིགས་བསལ་བ་ཞིག་རང་ཆས་སུ་ཡོད་ཚུལ་མཚོན་པ་དང་ལྷན་དུ་བོད་དོན་ཆེད་ལ་རྒྱལ་སྤྱིའི་དབུ་ཁྲིད་ཁག་དང་གལ་ཆེའི་མི་སྣ་ཁག་ལ་མཇལ་འཕྲད་བཀའ་སློབ་གནང་རྒྱུ་དང། བོད་སྤྱི་ཚོགས་ཁྱོན་ཡོངས་དང་བྱེ་བྲག་གྲོས་ཚོགས་དང་འཛིན་སྐྱོང་ལའང་བཀའ་སློབ་གནང་རྒྱུའི་ཐུགས་འགན་ཡང་ཡོད་པ་གཏན་ལ་ཕབ་ཡོད། འདི་ནི་ང་ཚོའི་བཅའ་ཁྲིམས་ཀྱི་དམངས་གཙོའི་དགེ་མཚན་གྱི་རྣམ་པ་གསར་བ་ཞིག་ཆགས་ཡོད།

སྔོན་གླེང་གིས་བོད་ཀྱི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་རང་བཞིན་གསལ་མཚོན་དང་འབྲེལ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་འཕེལ་རིམ་དང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་གལ་རང་བཞིན་བཅས་བསྟན་ཡོད་ལ། ལྷག་པར་སྔོན་གླེང་གི་མཇུག་ལ་ “་་་བཅའ་ཁྲིམས་བསྐྱར་བཅོས་བྱས་པ་དང་ཆབས་ཅིག་བཙན་བྱོལ་བོད་གཞུང་འདི་ཉིད་མངའ་དབང་ལྡན་པའི་བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་དབང་ལྡན་འཛིན་སྐྱོང་པ་དང༌། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག ད་ཡོད་བཅའ་ཁྲིམས་ལེའུ་བཅུ་གཅིག་པ་གཞིར་བཟུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བཅའ་ཁྲིམས་བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་ྋགོང་ས་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་འགོ་འཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་་་“ ཅེས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་ཀྱི་ལོ་རྒྱུས་རང་བཞིན་ཅན་དང་བོད་མི་ཡོངས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་ཡིན་པའང་བསྟན་ཡོད། དེ་ཡང་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཞིག་ཡིན་པས་སྤྱིར་བཏང་གི་སྔོན་གླེང་གི་ཚད་གཞི་ལས་འདས་ཏེ་ཁྲིམས་ཀྱི་ངོ་བོར་གྲུབ་ཡོད།

 

༣༽ ལས་བགོས་ཆེན་པོ་གཉིས།

དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་དབང་ཆ་བཀའ་བློན་ཁྲི་པ་ལ་ཡོད་པ་དང། དམངས་གཙོའི་ཀ་ཆེན་གསུམ་པོས་ཁས་ལེན་དམ་བཅའ་གནང་ཡུལ་ཁྲིམས་ཞིབ་པ་ཆེ་བ་ཆགས་པ་དེའོ། བཀའ་བློན་ཁྲི་པའི་གོ་གནས་ཇེ་མཐོར་སོང་ན་ཡང་གྲོས་ཚོགས་ཀྱི་ཁྲིམས་དབང་འོག་ལ་གནས་པ། ཁྲིམས་ཞིབ་ཁང་དེ་བླ་ན་མེད་པ་ཡིན་མོད་བཀའ་སྤྱི་གཉིས་ལ་སྟངས་འཛིན་བྱེད་མཁན་མིན་པ་བཅས་ཀྱིས་དམངས་གཙོའི་ཀ་ཆེན་གསུམ་པོ་འདྲ་མཉམ་དང་དམིགས་བསལ་ཅན་གྱི་རང་བཞིན་རྒྱུན་འཛིན་ཐུབ་ཡོད།

 

༤༽ ངོ་བོའི་འགྱུར་ཆེན་གཉིས།

གཅིག་ནི་ཡོངས་གྲགས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་དོན་གྱི་བདག་པོ་ཏཱ་ལའི་བླ་མ་མཆོག་གིས་རང་ཉིད་སྲིད་ཁྲི་ལས་བབས་པ་དང་མཉམ་དུ་དེ་སྡང་རི་བོ་དགེ་ལུགས་པའི་དབང་སྒྱུར་བའི་སྡེ་བ་གཞུང་ཡང་ཡོངས་སུ་མཇུག་བསྒྲིལ་པ་འདིའོ། འདིས་ཕྱོགས་གཅིག་ནས་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་དེང་དུས་དམངས་གཙོའི་རྣམ་པ་སྟོབས་ཅན་ཞིག་ཏུ་བསྒྱུར་བ་ཞིག་དང། ཡང་ཕྱོགས་གཞན་ཞིག་ནས་བོད་རང་བཙན་ཤོར་ན་ཡང་ད་དུང་ཡང་བོད་རྒྱལ་ཁབ་ཀྱི་གཙོ་འཛིན་ལྟ་བུའི་མཚན་བྱང་རྫིག་པོ་དེ་རལ་བར་བཏང་བ་ཞིག་ཀྱང་ཡིན་པར་འདོད།

གཉིས་ནི་མ་འོངས་བོད་དེ”ཡུལ་མིའི་རྒྱལ་ཁབ་ཅིག”ཏུ་བྱ་རྒྱུའི་དམིགས་ཡུལ་ཡང”་ཡུལ་མིའི་སྲིད་སྐྱོང”ཞིག་ཏུ་བྱ་རྒྱུར་བསྒྱུར་ཡོད། འདིས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་གསར་བ་འདིའི་ཕུགས་དམིགས་ནི་མ་འོངས་པའི་གངས་ཅན་བོད་དེ་དམངས་གཙོའི་ལམ་སྲོལ་ཅན་གྱི་མི་རིགས་རང་སྐྱོང་ཞིག་སྟེ་དབུ་མའི་ལམ་གྱི་དགོངས་དོན་མངོན་འགྱུར་བྱ་རྒྱུ་ཡིན་པ་མཚོན།

 

༥༽ མིང་སྒྱུར་ཆེན་པོ་གཉིས།

དེ་ནི་གཞུང་གི་ལས་ཐམ་ངོས་ཀྱི”བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ”ཞེས་པ”བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག”ཅེས་པར་བསྒྱུར་པ་དང། “བཙན་བྱོལ་བོད་གཞུང”ཞེས་པ”བོད་མིའི་སྒྲིག་འཛུགས”སུ་བསྒྱུར་བ་གཉིས་སོ། དང་པོས་དེ་སྔའི་རི་བོ་དགེ་ལུགས་པའི་དབང་སྒྱུར་གྱི་རྣམ་པ་འགྱུར་བ་མཚོན་པར་མ་ཟད་བོད་དོན་བདེན་པའི་འཐབ་རྩོད་ཀྱི་རང་བཞིན་དང་རྟེན་འབྲེལ་ཡང་མཚོན། གཉིས་པས་སྔར་བཞིན་བོད་རྒྱལ་ཁབ་ཀྱི་གཞུང་ཚབ་ཅིག་ཡིན་པའི་རྣམ་པ་འགྱུར་བ་དང་ད་ལྟའི་བོད་མིའི་འཐབ་རྩོད་ཀྱི་རྣམ་པ་གསར་བ་ཡང་མཚོན།

༼དེས་ན་འདི་ཡང་མིང་ཙམ་གྱི་འགྱུར་བ་ལས་འདས་ཡོད། དེ་ཡང་གོང་གསལ་སྒྱུར་བཅོས་རྣམས་ཀྱིས་བོད་གཞུང་གི་ངོ་བོར་འགྱུར་བ་ཐེབས་པས་ན་མཚན་བྱང་སྟོང་པ་ཞིག་རང་འཇགས་གནས་རྒྱུར་སྙིང་བོ་མེད། འོན་ཀྱང་མི་ཉུང་བ་ཞིག་གིས་གོང་གསལ་སྒྱུར་བཅོས་ཆེན་པོ་དག་བློས་བཏང་ནས”བོད་གཞུང”གི་མཚན་བྱང་ཙམ་བློས་གཏོང་མི་ཐུབ་པ་འདི་དོན་གནད་མ་མཐོང་བའི་རྨོངས་རྟགས་ལས་མ་འདས་སོ།༽

 

སྨྲས་པ།

བཅས་པའི་ཁྲིམས་སྲོལ་བཟང་ངན་ཅི་རིགས་ཀྱང། མི་ཡི་སྤྱི་ཚོགས་འཚོ་བའི་དགོས་མཁོ་ཉིད།

བོད་དོན་བདེན་མཐའ་གསལ་བར་དམངས་གཙོ་ཡི། བཅའ་ཁྲིམས་འདི་ཡང་དུས་ཀྱི་དགོས་མཁོ་ཞིག།

 

གསུམ།༽ བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགེ་མཚན་ཆེན་པོ་བཅུ།

 

ཀ༽ བོད་མིའི་ད་ལྟ་དང་འབྱུང་འགྱུར་ལ་ཕན་པའི་མཐུན་རྐྱེན་གསུམ།

༡༽༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་རིང་ལ་ཕ་ཤུལ་བུས་འཛིན་གྱི་སྦྱོང་བརྡར་ལེགས་པོ་བྱེད་ཐུབ་པ།

༢༽༸ལ་ལ་ཞིག་གིས་གོང་ས་མཆོག་གི་བཀའ་དགོངས་ཞེས་ཁག་དཀྲི་དང་ཡང་ན་འཛེམ་དོགས་ཅི་རིགས་བྱེད་མི་དགོས་པ།

༣༽ མི་རབས་ནས་མི་རབས་སུ་བོད་དོན་བདེན་མཐའ་གསལ་བའི་འཐབ་རྩོད་སྲ་བརྟན་དུ་འགྱུར་བའོ།

 

ཁ༽ གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ཉིད་ལ་ལྟོས་པའི་མཐུན་རྐྱེན་གཙོ་བོ་གསུམ།

༡༽ སྔར་ལས་ལྷག་པར་རྒྱ་མི་རིགས་ལ་མཉམ་འབྲེལ་དང་གོ་རྟོགས་ཆེར་སྐྱེད་ནུས་པ།

༢༽ སྔར་ལས་ལྷག་པར་འཛམ་གླིང་ཞི་བདེར་སྨན་པའི་མཛད་འཕྲིན་རྒྱས་ཐུབ་པ།

༣༽ སྔར་ལས་ལྷག་པར་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྣམ་པར་རྒྱས་ཐུབ་པའོ།

 

ག༽ ད་བར་གྱི་ཁག་དཀྲི་བསྙོན་འཛུགས་ཆེན་པོ་བཞི་མེད་པར་འགྱུར་བ།

༡༽ རྒྱ་ནག་གཞུང་ཕྱོགས་ནས་བོད་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྩིས་ཟེར་བའི་བསྙོན་འཛུགས་དང་ཧམ་བཤད་བྱ་ཡུལ་མེད་པ་ཆགས་པ།

༢༽རྒྱ་ནག་གཞུང་ངོས་ནས་ཏཱ་ལའི་བླ་མའི་སྒེར་གྱི་གནད་དོན་ཞེས་ཨུ་ཚུགས་དང་འཁྱོག་བཤད་བྱེད་ས་མེད་པར་འགྱུར་བ།

༣༽ བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ངོས་ནས་ཀྱང་དམངས་གཙོའི་མཚན་ཉིད་མ་ཚང་པའི་ཞན་ཆ་གླེང་རྒྱུ་མེད་པ་ཆགས་པ།

༤༽སྡེ་བ་གཞུང་ངམ་དགེ་ལུགས་པའི་དབང་སྒྱུར་ཟེར་བ་སོགས་ཀྱི་རྣམ་རྟོག་དག་ཀྱང་ཡལ་བར་འགྱུར་བའོ།།

 

སྨྲས་པ།

བཅའ་ཁྲིམས་འདི་ནི་ལེགས་པར་བཅོས་པ་སྟེ། ཇི་བཞིན་ནུས་ན་ཡིད་བཞིན་ནོར་བུ་ཉིད།

སྟོང་བསམ་བློ་ཕམ་ལ་སོགས་ཞི་གྱུར་ནས། ཆིག་སྒྲིལ་སྟོབས་ཤུགས་གསར་བ་སྐྱེད་པར་ཤོག

 

བཞི།༽ མཇུག་གི་གཏམ།

 

བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་འདིའི་ཐད་ལ་འདོད་པ་མེད་མཁན་གྱི་བོད་མི་ཡང་མི་ཉུང་བ་ཞིག་ཡོད་པར་མ་ཟད། ཞན་ཆའམ་སྐྱོན་གནད་ཆེན་པོ་མཐོང་མཁན་ཡང་མི་ཉུང་བ་རེ་ཡོད་ཚོད། མི་འདོད་པ་དག་གི་དཔེ་མཚོན་གཙོ་བོ་གཅིག་ནི་གཞོན་ནུ་ཚོགས་པའི་རྒྱུན་ལས་རྣམ་པ་གཙོས་བོད་རང་བཙན་རྩོད་ལེན་གནང་མཁན་གྱི་རྒྱལ་གཅེས་སྙིང་སྟོབས་ཅན་ཚོ་ཡིན་པར་མཐོང། དེ་ནི་ཁོང་ཅག་གི་གཞི་རྩའི་ཆབ་སྲིད་ལྟ་བའི་ཕུགས་རེ་དང་བར་ཐག་རིང་དུ་འགྲོ་བའི་ཉེན་ཁ་མཐོང་བས་རེད། འོན་ཀྱང་བོད་དེ་སྔ་རང་བཙན་ཡིན་པ་དང་ད་བར་ལ་བོད་དོན་འཐབ་རྩོད་ཇི་ལྟར་བྱས་ཚུལ་ནི་འཛམ་གླིང་སྤྱི་གསལ་ཡིན་པས་སུ་ཞིག་གིས་ཀྱང་གསུབ་མི་ཐུབ་ལ་སྒྱུར་ཡང་མི་ཐུབ་པ་ཞིག་རེད།

དེ་བས་ད་ལྟའི་བོད་གཞུང་གི་མཚན་བྱང་ཕྱིར་བསྡུ་བྱས་པས་ཁྱེད་ཅག་གི་རང་བཙན་འཐབ་རྩོད་ཐད་ལ་རེ་བ་ཆུང་བར་འགྱུར་སྲིད་ཀྱང་འདས་པའི་བོད་ཀྱི་ལོ་རྒྱུས་ནག་སུབ་ཏུ་མི་འགྱུར། མ་གཞི་ནས་བཙན་བྱོལ་བོད་གཞུང་གིས་ལོ་མང་རིང་ལ་ཕྱི་གསལ་ནང་གསལ་དང་སྲ་བརྟན་འགྱུར་མེད་ཀྱིས་དབུ་མའི་ལམ་རང་ལ་སྐྱོད་ཀྱིན་པས་རང་བཙན་རྩོད་ལེན་པ་ཚོ་དང་སྔ་ས་ནས་ཁ་ཐག་རིང་བར་གྱུར་ཡོད་པ་མིན་ནམ། ད་ལྟ་ཁྱེད་ཅག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་མུ་མཐུད་རྒྱུན་འཛིན་གནང་རྒྱུར་དགོས་པ་ཆེར་མ་མཐོང། མདོ་དོན་ང་ཚོས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའང་དེ་སླར་གསོ་བྱེད་འདུན་ཡོད་པ་གཅིག་པུ་བཤད་ནས་རྒྱལ་ཁ་ཞིག་འཐོབ་རྒྱུ་ཡོད་ན་ལོས་བྱེད་ཀྱང། བོད་རང་བཙན་དེ་ཕྱིར་འཕྲོག་ཐུབ་ན་མ་གཏོགས་ལོ་རྒྱུས་དང་ཐོབ་ཐང་བཤད་ནས་སྐད་འབོད་བྱས་པས་རག་ཡོང་བ་ཞིག་མིན་པ་ཚང་མས་ཤེས་གསལ་རེད། དེང་སང་གི་རྒྱལ་ཁབ་ཆེ་ཆུང་ཚང་མ་རང་གི་ཁེ་ཕན་གཙོ་བོར་གཉེར་ནས་འགྲོ་གིན་ཡོད་ལ་རྒྱ་གཞུང་གི་ཧམ་སེམས་དང་སྟོབས་ཤུགས་གཞན་ལས་ཆེ་བས་ང་ཚོས་ཕར་ཚུར་གཉིས་ཕན་གྱི་ལམ་ཞིག་འཚོལ་བ་ལས་ཕར་གྱོང་རང་ཁེ་ཁོ་ནའི་བསམ་པ་ནི་རེ་སྟོང་ཙམ་དུ་མ་ཟད་དེང་གི་དོན་དངོས་དང་ཡང་ཆེས་མི་མཐུན་པ་ཞིག་མ་རེད་དམ།དེ་བས་ང་ཚོར་དོན་དམ་གྱི་རྒྱབ་སྐྱོར་ཞིག་ཀྱང་ནམ་ཡང་མི་ཐོབ།

 

ཅིག་ཤོས་ཁག་ཅག་གི་མི་འདོད་པ་ནི། ཡིད་བཞིན་ནོར་བུས་མུ་མཐུད་བོད་ཀྱི་གཙོ་འཛིན་གནང་མིན་དེ་བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གསལ་མིན་ལ་རག་ལས་ཡོད་པ་དང། བོད་ཀྱི་ད་ལྟ་དང་འབྱུང་འགྱུར་གྱི་དགེ་མཚན་མཐའ་དག་ལ་རག་ལས་ཡོད་པ། རྟེན་འབྲེལ་ནོར་ཉེན་སོགས་ཀྱི་བློས་གཏོང་མི་ཐུབ་པའི་བསམ་ཚུལ་རིགས་ཤིག་རེད། དེ་དག་ལ་དྲི་བ་གཅིག་རང་ཡོད་པ་ནི། ཁྱེད་ཅག་ལ་མི་རིགས་འཐབ་རྩོད་རྒྱུན་འཁྱོངས་ཀྱི་རེ་བ་དང་སྙིང་སྟོབས་ཡོད་མེད་དང་ཡིད་བཞིན་ནོར་བུའི་གལ་ཆེན་གཟབ་ནན་གྱིས་ཐུགས་ཐག་གཙང་མར་བཅད་གནང་བ་འདིར་དད་པའི་རྗེས་འབྲང་གི་ཡིད་ཆེས་ཙམ་ཡང་མི་འབྱུང་ངམ་ཞེས་པ་འདི་དང་ལྷན་དུ་གདམས་པ་གཅིག་ཀྱང་ཡོད་དེ། ཡིད་བཞིན་ནོར་བུས་བོད་མི་ཚོར་ཡིད་ཆེས་དང་རེ་བ་གནང་གིན་ཡོད་པས་བོད་མི་ཚོས་ཀྱང་རང་གིས་རང་ལ་ཡིད་ཆེས་དང་རང་གི་མི་རིགས་ལ་ཡིད་ཆེས་དང་རེ་བའི་སྤོབས་པ་ཞིག་སྐྱེད་ཐུབ་ན་བོད་དོན་བདེན་མཐའ་སྟེ་གཞིས་བྱེས་མཉམ་འཛོམས་ཀྱི་གངས་ལྗོངས་ཁྱིམ་ཚང་ཆེན་པོ་གཅིག་མངོན་འགྱུར་ཐུབ་ངེས།

 

མཐར། གངས་ལྗོངས་གེ་སར་ཚང་གིས་ཡིག་ངག་གཉིས་ཐོག་ནས་ཇི་ལྟར་རེ་སྐུལ་གནང་བ་དང་སྐབས་སུ་བབ་པའི་རང་གི་འོས་འགན་ཞིག་ཀྱང་ཆགས་ཡོད་པས་འདིར་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བྱུང་རིམ་དང་བཅའ་ཁྲིམས་གསར་བའི་རྣམ་པ། དེའི་དགེ་མཚན་བཅས་ཀྱི་སྐོར་ནས་རང་གི་མཐོང་ཚུལ་དང་བསམ་ཚུལ་འགའ་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་ཞུས་པ་འདིས་ཀྱང་མགོན་པོ་གང་གི་ཐུགས་བཞེད་ཇི་བཞིན་འགྲུབ་པའི་རྒྱུར་ཅིག་ཅིག།།

སླར་སྨྲས་པ།

མི་རིགས་རང་གཅེས་མི་དམངས་ཀུན་ལ་སྟེ། མིའི་རིགས་སྤྱི་དོན་མི་མཆོག་འགའ་རེར་བབས།

མི་ཡུལ་འཆམ་མཐུན་ཁྱིམ་ཚང་ཆིག་སྒྲིལ་ལ། མི་རབས་གསར་བས་བསམ་ཤེས་ཐུབ་པར་སྨོན།

 

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༩ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 37

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གནས་ཚང་ལགས། དེ་རིང་སླར་ཡང་འདིར་གཅིག་བལྟས་པ་ཡིན། ཁྱེད་ཀྱིས་ཧམ་བཤད་གནང་བ་མཐོང་བྱུང།
    གཞི་རྩའི་བཅའ་ཁྲིམས་བསྐྱར་བཅོས་འདིར་གཞུང་མང་ཚོགས་ཆེན་གྱིས་མོས་མཐུན་གནང་ཡོད། བརྒྱ་ཆར་བཀུག་ན་དགུ་བཅུ་ཡན་ཟིན་ངེས་ཡིན། ༸གོང་ས་མཆོག་གིས་དབུས་བཀའ་སྤྱི་རྣམ་པས་ཀྱང་བརྒྱ་ཆའི་བཅུ་ཙམ་ཞིག་གི་དབང་ཚད་འཛིན་ལོས་འོས།
    རྒྱབ་སྐྱོར་གནང་མཁན་དང་བསམ་ཚུལ་མི་མཐུན་པ་གནང་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་བ་དང་ལྷན་དུ་ལེ་ཚན་འདི་འདི་ནས་མཚམས་བཞག་པ་ཡིན།

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཨོ་ད་ག་རེ་གསུངས་ཀྱི་ཡོད་རེད་
    ཁ་སང་སྤྱི་འཐུས་ཚོགས་གཙོའི་གསལ་བསྒྲགས་དེ་ཐོས་མ་ཐག་ཧ་ཅང་བློ་ཕམ་བྱུང་སོ་སོའི་རང་སྣང་གང་དྲན་ཙམ་ཡིན་མིན་འགྲོ་བསམ་པའི་དོག་པ་ཡང་བྱུང་།

    Reply
  3. གནས་ཚང་། says:
    ལོ་ 14 སྔོན།

    སྤྱི་ཟུར་ལགས། བློ་མཐུན་བྱེད་བསམ་གྱི་ཡོད་ཁྱོད་རང་གི་རང་དབང་རེད་དེ། ཚོགས་ཆེན་གྱི་སྤྱི་མོས་རྡོག་རོལ་དུ་བཏང་བཞིན་དུ་བཟང་རབ་རྒྱན་རབ་བཤད་སྟངས་དེ་ཉུང་མཐར་ཤེས་ཡོན་པ་ཞིག་གི་མིང་ཁུར་ཡོད་མཁན་ཞིག་གིས་མི་འོས་པ་ཞིག་མ་རེད་དམ།

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་འཐུས་ལྷ་མོ་སྐྱབས་ལགས་ཀྱི་ལངས་ཕྱོགས་ལ་ཡི་རངས་དང་རྒྱབ་སྐྱོར་བྱེད་ངེས།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྭ་ལོ་ལགས་ཀྱིས་སེམས་གཏམ་བཤད་པ་བཀའ་དྲིན་ཆེ། ཡིན་ཡང་ངས་ངོས་ནས་ཚང་མར་འདྲ་མཉམ་དང་བརྩི་འཇོག་བྱེད་ཀྱིན་ཡོད།
    གནས་ཚང་ལགས། ཚོགས་ཆེན་དེས། སྤྱི་འཐུས་མང་པོ་ཞིག་གིས་བཅའ་ཁྲིམས་བསྐྱར་བཅོས་གནང་མི་ཕོད་པའམ་མི་འདོད་པའི་བསམ་བློ་དེར་འགྱུར་བ་ཐེབས་བཅུག་པ་དང། ལྷག་པར་གཞུང་དམངས་གཉིས་ངོས་ནས་ཡིད་བཞིན་ནོར་བུ་མཆོག་ལ་སླར་ཡང་གསོལ་འདེབས་རེ་བ་ཞིག་ཞུས་ནས་བཅའ་ཁྲིམས་ནང་དོན་ཚན་དང་པོ་ཞིག་བཅུག་ཐུབ་པ་བྱུང་ཡོད། མདོར་ན་མི་མང་གིས་ཀྱང་དུས་ཀྱི་སྒྱུར་བཅོས་འདི་ལ་གཞི་རྩའི་ངོས་ལེན་དང་རྒྱབ་སྐྱོར་གནང་ཡོད་པས་དོན་སྙིང་ཧ་ཅང་ཆེ། འགྲོ་སོང་ཆུད་ཟོས་ལ་གཏན་ནས་སོང་མེད།

    Reply
  6. དུས་ཐོག་ཆར་བ། says:
    ལོ་ 14 སྔོན།

    རྭ་ལོའི་སྐད་ཆ་ཏེ་ཙད་ཐུང་ར་ལོ་རེད་འདུག ཁྱོད་ཀྱིས་རང་སྐྱོན་གཡག་འདྲ་དེ་མི་མཐོང་ནས། གཞན་སྐྱོན་ནས་འདྲ་བོ་དེ་མཐོང་གི་འདུག་མོད།
    གཞན་སྐྱོན་འཚོལ་བའི་ཐུར་མ་འདུག འོན་ཀྱང་། རང་་སྐྱོན་ལྟ་བའི་མེ་ལོང་མེད་པར། རང་མགོ་བསྡོང་བའི་གཏམ་དུ་གྱུར་འདུག་མོད།

    Reply
  7. གནས་ཚང་། says:
    ལོ་ 14 སྔོན།

    སྤྱི་ཟུར་ལགས་ཀྱི་གསུང་སྟངས་ལ་གཞིགས་ན། རྒྱལ་སྤྱིའི་བཙན་བྱོལ་བོད་མིའི་ཚོགས་ཆེན་དེ་ནི་དངུལ་གཏོང་ས་མ་བརྙེད་པར་ཚོད་ཚོད་ལ་བསྐོང་འཚོགས་གནང་བའི་རྩེད་མོ་ཞིག་མ་རེད་པས། སུ་ཞིག་སུ་ལ་རྩེད་ཀྱིན་པ་རེད་དམ།

    Reply
  8. རྭ་ལོ། says:
    ལོ་ 14 སྔོན།

    རྒན་ལྷ་མོ་སྐྱབས་ལགས།

    དེང་སྐབས་ཁྱེད་རང་དྲ་ཐོག་ན་བཞུགས་འདུག་པས་རྗེས་སུ་ཡི་རངས་ཡོད། དྲ་ཐོག་ནས་འདུག་པ་འདི་དངོས་གནས་དཀའ་ལས་ཁག་པོ་ཡོད་པ་རེད། མཚམས་རེར་མི་ཚང་མ་ཆ་མེད་རྒྱུས་མེད་ཆགས་འགྲོ་གི་རེད། མཚམས་རེར་ངོ་ཤེས་འགའ་རེ་སོ་སོའི་གཡས་གཡོན་ནས་མངོན་ཡོང་གི་རེད། དེ་ནས་སླར་ཡད་བརླག་འགྲོ་གི་རེད། ཁྱེད་ལ་སྡུག་པོ་ཤི་མ་ཤི་གཏོང་གི་རེད།

    གོང་གི་རྩོད་པ་དེ་ཚོ་གཡུག་བཞག་ན་དགའ་གི་མ་རེད་དམ། གང་ཡིན་ཟེར་ན། མི་འདིའི་རིགས་ལ་གསལ་བཤད་དགོས་གི་ཡོད་པ་མ་རེད། གསལ་བཤད་དགོས་ཀྱི་ཡོད་ན། རྒྱལ་བ་རིན་པོ་ཆེས་གསལ་བཤད་གནང་སོང་། ཟམ་གདོང་རིན་པོ་ཆེས་གསལ་བཤད་གནང་སོང་། བོད་མི་མང་སྤྱི་འཐུས་ཚོགས་གཙོས་གསལ་བཤད་གནང་སོང་། རྒན་ལགས་ཚུད་པའི་མཁས་པ་མང་པོས་གསལ་བཤད་གནང་སོང་། དྲ་ཐོག་གི་དཔྱད་ཞིབ་པ་ཚོས་གསལ་བཤད་གནང་སོང་། ད་ག་རེ་གསལ་བོ་མ་ཆགས་པ་རེད།

    ཁོང་ཚོར་དྲི་བ་འདྲི་འཇུག་དགོས་པ་རེད། གསལ་བཤད་འདི་མཐའ་དག་གི་རྗེས་ནས་ད་དུང་དྲི་བ་ཙམ་ཡང་འདྲི་མི་ཤེས་མཁན་དེ་ཚོར་མ་གཞི་ནས་གསལ་བཤད་བྱས་ནས་ཆོ་ཡོད་པ་མ་རེད། ཁོང་ཚོའི་གྲས་དེ་གཡུག་བཞག་ན་འགྲིག་གི་རེད། རྒྱ་བོད་སོག་གསུམ་སུས་ཀྱང་དེ་ཚོ་མི་ཆོ་མེད་སྐོར་ཞིག་ཡིན་པ་ཇ་ཕོར་པ་གང་འཐུང་ལོངས་མེད་པར་ཤེས་འགྲོ་གི་རེད།

    རྒན་ལགས། སྐུ་གཟུགས་ཐུགས་བཅག་གནང་དགོ། རྗེས་མར་མཇལ་ཡོང་།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གནས་ཚང་ལགས། ཁྱེད་རང་གང་གི་གནས་ཚང་དེ་སྦས་སྐུང་ཞིག་ན་ཡོད་དམ། ཚོགས་ཆེན་དེའི་མི་གྲངས་ཀྱིས་བོད་མིའི་བརྒྱ་ཆའི་གཅིག་ཀྱང་མི་ཟིན། མ་གཞི་ནས་ཚོགས་ཆེན་དེ་མང་མོས་ཐག་གཅོད་ཀྱི་ཚོགས་ཆེན་ཡང་མ་རེད། ཚོགས་ཆེན་གང་ཞིག་ལ་ཁྲིམས་ཀྱི་ནུས་པ་ཡོད་མེད་ཀྱི་ཁྱད་པར་ཡོད། གལ་ཏེ་མི་མང་གི་བསམ་ཚུལ་ཤུགས་ཆེན་ཞིག་ཡིན་ན་ཡང་བསྐྱར་རེ་འདུན་འདོན་ཆོག་ལ་ཐ་ན་དམངས་གཙོ་མི་འདུག་ཅེས་སྐད་ཀྱང་རྒྱག་ཆོག་ཆོག་ཡིན། མ་རེད་དམ།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    སྤྱིར་ཟུར་ལགས། མི་མང་ྦརྒྱ་ཆར་དབྱེ་དགོས་ན། བོད་གཞུང་མང་ཚོགས་ཆེན་སྟེང་གི་མི་མང་གིས་བརྒྱ་ཆའི་ག་ཚད་ཟིན་གྱི་ཡོད་དམ། མཐའ་མའི་མངོན་འདོད་རྡོག་རོལ་དུ་བཏང་བ་མང་གཙོར་མཐུན་ནམ།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    འདས་ཟིན་པའི་ལོ་རྒྱུས་ཀྱི་ཐ སྙད་ཚང་མ་ད་ལྟ་ཡོད། ལྷག་པར་བོད་གཞུང་གི་ཐ་སྙད་འདི་འཇིག་རྒྱུར་སེམས་ཁྲལ་གཏན་ནས་གནང་མི་དགོས། ཡང་གཅིག་བཤད་ན་ཐ་སྙད་ཙམ་གནས་མིན་གྱི་གནད་དོན་ཞིག་གསུང་གིན་ཡོད་ན། ངས་གསལ་བཤད་དང་རྩོད་པ་ཚང་མ་དོན་མེད་རེད།

    Reply
  12. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    ཆབ་བྲག་ལགས
    བོད་གཞུང་གི་མཚན་བརྒྱུར་བས་ད་ལྟ་འགྱུར་བ་མ་ཕྱིན་ཡང་མ་འོང་ཐ་སྙད་འཇིགས་པར་འགྲོ་བ་ལ་ཤེས་སླ།
    ཇོ་ནང་བའི་ཐད་དབྱང་ཅན་སྒྲོལ་མའི་གསལ་བཤད་ལ་གློག་དང་ཁྱེད་ཀྱིས་ཧ་གོ་ས་རེད།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གནས་ཚང་ལགས།
    ང་ཚོ་འབབ་ས་ཞིག་ལ་བབས་བསྡད་ཡོད།
    ཁྱེད་ཀྱིས་མི་མང་ཟེར་བ་དེའི་མང་ཚད་ཅི་འདྲ་ཞིག་ཡིན། བོད་གཞིས་བྱེས་གཉིས་ཀྱི་བརྒྱ་ཆའི་ཅི་ཙམ་ཞིག་ཟིན། ཚད་གཞི་ངོ་མ་ཞིག་མེད་པ།
    དོན་ངོ་མའི་མི་མང་གི་མངོན་འདོད་ཅིག་བརྟག་དགོས་ན།རང་ཐག་རང་གཅོད་ཀྱི་མང་མོས་ཐག་གཅོད་ཀྱི་ཐབས་ལམ་ལས་མེད། ལམ་དེར་བོད་གཞིས་ལུས་མི་མང་འགྲོ་ས་མེད་པས། ད་མི་མང་ལ་ཁ་གཡར་བ་ལས་གཞིས་བྱེས་མི་མང་གི་ཁོག་པའི་སྙིང་དང་ཚེ་འདི་ཕྱིའི་སྐྱབས་མགོན་གང་གི་ལམ་སྟོན་ལས་ལྷག་པའམ་དེ་ལས་འོས་ཤིང་འཚམས་པའི་ལམ་བུ་ཞིག་བདག་གིས་མི་མཐོང་ངོ།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚངས་ཐིག་ལགས།
    བདག་གིས་བོད་གཞུང་གི་མིང་བསྒྱུར་ཡང་དོན་འགྱུར་མེད་ཅེས་པའི་གོ་དོན་ནི། ༡) སྔར་ཡོད་ཀྱི་དམངས་གཙོའི་ཀ་བ་གསུམ་གྱིས་གཙོས་ཅི་ཞིག་ཡོད་པ་ཚང་མ་ད་དུང་ཆ་ཚང་བར་ཡོད་པ། ༢) རང་བཙན་དོར་ནས་རང་སྐྱོང་དགོས་འདུན་འདོན་གྱིན་པ་གཅིག་མཚུངས། ༣ཡིད་བཞིན་ནོར་བུས་དངོས་སུ་ཆབ་སྲིད་ཀྱི་དབུ་ཁྲིད་གནང་གིན་མེད་ཀྱང་དོན་གྱིས་བོད་གཞིས་བྱེས་མི་མང་གི་རེ་བ་བཅོལ་ས་ཡིན་ལ་དོན་གྱི་བདག་པོ་མགྲིན་ཚབ་པ་ཡང་ཡིན་པ་བཅས་ཀྱི་མིང་བསྒྱུར་ཡང་དོན་ཚང་ཟེར་བ་ཡིན།
    ཇོ་ནང་ས་སྐྱའི་ཁོངས་གཏོགས་རེད་ཟེར་མཁན་ང་མིན། ངས་ཅང་བཤད་མེད་ལགས། དེ་ཟེར་མཁན་ས་སྐྱའི་སྤྱི་འཐུས་ཀྱིས་གཙོས་ས་སྐྱ་བ་གང་མང་ཞིག་རེད། རྒྱུ་མཚན་དེའི་ཕྱིར་ངས་གནད་དོན་དེ་ཐོག་མར་གཙང་མ་ཁྱེད་ཅག་གི་བར་ནས་བཟོ་དགོས་རྒྱུ་གལ་ཆེན་རེད། ཡང་མིན་ན་ས་སྐྱ་གོང་མ་དང་༸རྒྱལ་བ་རིན་པོ་ཆེ་རྣམ་པ་ཚོས་ཐུགས་ཐག་བཅད་ན་གླེང་རྙོག་ཡོང་གི་མ་རེད། དེ་མིན་བཀའ་སྤྱི་ལྟ་བུས་ཐག་གཅོད་གང་ཞིག་བྱས་ཀྱང་ཉོག་དྲ་ཞིག་ཡོང་ཡོང་བ་རེད། དེ་ངས་གསལ་བོ་མཐོང་གི་འདུག

    Reply
  15. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས།
    ཁྱེད་འཇིག་རྟེན་ཆོས་བརྒྱད་རླུང་ལ་བཏང་ཡོད་པའི་སྔོན་གྱི་བཀའ་གདམ་པའི་དགེ་བཤེས་གླིང་རུ་ཐང་བ་ངོ་ནག་འདྲ་བོ་ཞིག་ཡིན་ཚོད་འདུག འོན་ཏེ། མི་ཚང་མ་དེ་འདྲ་ཡིན་ནི་མ་རེད། ཇོ་ནང་བ་སྐྱ་སེར་ཚང་མ་ཡང་ཁྱེད་དང་གླིང་རུ་བ་ངོ་ནག་ལྟ་བུ་ཡིནནི་མེད།

    ཁྱེད་ཀྱིས་ད་དུང་ཇོ་ནང་བའི་ལྟ་གྲུབ་དང་འཛིན་སྐྱོང་ཡར་རྒྱས་གཏོང་ན་དོན་གྱིས་ཆོས་བརྒྱུད་ཀྱི་ཐོབ་ཐང་དགོས་ཀྱི་མེད་ཟེར་བ་དེ། གོ་རྟོགས་མེད་པའི་ལམ་རྡོལ། གནས་ལུགས་མེད་པའི་མཁྲག་འཛིན་ཞིག་རེད།
    ཁྱེད་ཅག་གིས་བོད་གཞུང་གི་མིང་རྗེས་ཡང་དོན་འགྱུར་མེད་པས་མི་སྐྱོན་ཟེར་བ་དང་། འདི་དག་གཅིག་མཚུངས་ཀྱི་མྱོ་གཏམ་ཞིག་རེད།
    ཚིག་གི་མཁར་བ་ལ་བརྟེན་ཏེ་དོན་གྱི་རྒན་པོ་སྡེང་དགོས་ནི་རེད། འཇིག་རྟེན་ཐ་སྙད་ཀྱི་རྗེས་སུ་འབྲང་གི་ཡོད་ནི་རེད་ཏེ། དེ་ཕྱིར་སངས་རྒྱས་ཀྱིས་ཀྱང་། ང་འཇིག་རྟེན་དང་མི་རྩོད་ཟེར་བ་ཐོས་ཨེ་མྱོང་། ཡིན་ན་ཡང་། ཁྱེད་ཅག་ཁ་ཤས་ཞིག་གིས་དེང་སང་ཐ་སྙད་གལ་ཆེན་དག་རྩ་མེད་གཏོང་བཞིན་མཁྲག་འཛིན་དང་འཁྱོག་བཤད་བྱས་ནས་ཉི་མ་འཁྱོལ་ཐབས་བྱེད་ཀྱི་འདུག་མོད། ཁྱེད་ཅག་ལྟར་ན་མིང་དང་ཐ་སྙད་ལ་ལྟོས་ཀྱི་མེད་ནི་རེད། འོ་ན་བོད་གཞུང་གི་མིང་རྗེ་དགོས་དོན་ཡང་མེད་པས། ཐལ་འགལ་དེ་ཁྱེད་ཅག་གི་རང་མགོར་ཕྱིར་ལྷུང་བ་ཡིན་པས་བཞེས་ཤིག
    བླུན་པོ་ཞིག་གིས་ཁྱེད་ཆབ་བྲག་མིང་སྤྱོད་གི་མེད་དམ། ཁྱེད་དག་མ་དེ་ཡིན་ན་ནི། འདི་འདྲ་ཆེས་རྨང་གཞིའི་གོ་རྟོགས་ཙམ་ལ་མགོ་སྨོང་ཡོད་ན་ང་ཛང་སངས་སོང་། ད་དུང་མ་གོ་ན་མཁན་སྤྲུལ་རིན་པོ་ཆེས་བྲིས་ཇོ་ནང་བའི་སྐོར་ལ་གཞན་དག་དོགད་སློང་དང་དྲིས་ལན་བཅས་པའི་མཆན་དག་དང་བཅས་པ་གཟབ་གཟབ་ཞིག་གློག་དང། ད་དུང་ཇོ་ནང་ས་སྐྱའི་ཁུང་ཡིན་མིན་གྱི་དོག་པ་མི་དགོས་པ་ཞིག་རེད།
    ཁྱེད་ཀྱིས་ཟེར་བའི་ཞིབ་འཇུག་དལ་མོ་དགོས་ལུགས་དེ་དག་གླང་ཆེན་ཟུར་ལ་བཞག་ནས། གླང་རྗེས་གཞན་དུ་འཚོལ་བའི་ངལ་བ་འབྲས་མེད་རེད། དོན་མེད་འགོར་འགྱང་། མཐོས་ཤོར་གྱི་བྱ་བ་རེད། ད་ཡང་ལོ་༡༥ ལ་དོན་མེད་འགོར་འགྱང་བྱེད་འདོད་དམ། འདི་སྔོན་ནས་གད་སྙིག་ཏུ་དོར་ཟིན་པའི་རྙིང་བ་སྐྱར་བཟློས་རེད། དཔེར་ན་ཇོ་ནང་། ནང་བ་རེད་དམ། ཟེར་བ་ལྟ་བུའི་གཏམ་ངོ་ཚ་དགོས་པ་དེ་འདྲ་དག་དང་ཐག་ཧ་ཅིང་ཉེ་བོ་འདུག་པ་མཁྱེན་པར་བྱོས།
    ཁྱེད་ཆོས་བརྒྱད་དོར་བའི་གང་ཟག་ཞིག་ཡིན་པས་བསམ་བཞིན་དུ་ཟེར་བ་མིན་ན། མཁས་པ་ཞིག་གིས་དེ་འདྲ་མ་གསུངས་ན་ཡག་ས་རེད། ང་དྲང་གཏམ་ཐད་གར་བཤད་མཁན་ཡིན། ཁྱེད་ཁུང་མི་འཁྲོ་བར་ཡིད་ཆས་ནས་བཤད་པ་ཡིན། རྒྱུ་མཚན་ནི། སྐུ་ཉིད་ཀྱིས་གསུང་ལུགས་ལ་བལྟས་ན། ཁྱེད་ཆོས་བརྒྱད་བྲལ་བའི་རྣལ་འབྱོར་བ་ཞིག་ཡིན་མདོག་འདུག་པས་ཡིན།

    Reply
  16. གནས་ཚང་། says:
    ལོ་ 14 སྔོན།

    སྤྱི་ཟུར་ལགས། འབབ་ས་གཅིག་དགོས་ནི་རེད། ཁྱེད་རང་ལ་འབབ་ས་མི་འདུག མང་གཙོ་ཡིན་པ་བདེན་ན་ཅི་ཞིག་ལ་མི་མང་གི་དགོས་འདུན་ལ་རྡོག་རོལ་གཏོང་གི་ཡོད་པ་རེད་དམ།

    Reply
  17. tata says:
    ལོ་ 14 སྔོན།

    ངོ་མ་བདེན་ནི་རེད་ཡ།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གནས་ཚང་ལགས། “འདི་ལྟར་རྨེག་མེད་གཏོང་མཁན་ལ་གུ་ཡངས་ཤིག་སུ་ཞུ་གིས་སྤྲད་ཐུབ་བམ།”ཟེར་དོན་ཅི། ཡིད་བཞིན་ནོར་བུས་གཙོས་བཀའ་སྤྱི་བཅས་ལ་ཟེར་བ་ཡིན་ན། བོད་མི་དམངས་ཀྱི་དོན་གྱི་བདག་པོ་རྣམས་ཡིན་པས་འོས་བབ་ལོས་ཡོད།

    Reply
  19. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཤར་མཁན་སྤྲུལ་ལགས།
    ཁྱེད་ཀྱིས་དཔེ་མཚོན་ཞིག་ཞུས་པ་དེ་ཙམ་རང་ཡིན་ན་ངས་གནད་འགག་མི་མཐོང་གི ཇོ་ནང་བའི་ཐུན་མོང་མ་ཡིན་པའི་ལྟ་གྲུབ་དང་འཛིན་སྐྱོང་དེ་མུ་མཐུད་ཡར་རྒྱས་གཏོང་ཐུབ་ན་ཆོས་བརྒྱུད་ཆེ་གྲས་སུ་མ་བརྩིས་ཀྱང་དོན་གྱིས་ཆེ་མཐོང་དང་དོན་སྙིང་ཡོད་ཡོད་པ་རེད། ལར་ཡིན་ན་ཆོས་ལུགས་དང་ཆོས་བརྒྱུད་ཡོད་ཡོད་ཚང་མ་ལ་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་ལོས་དགོས། འོན་ཀྱང་ང་ནི་དེ་དག་ལ་སྲིད་སྟེགས་ཐོག་སྤྱི་འཐུས་ཀྱི་ས་མིག་མི་དགོས་པར་མཐོང་མཁན་ཞིག་ཡིན་པས་ངས་ཇོ་ནང་བ་གསར་འཇུག་བྱེད་དགོས་པ་རེད་ཅེས་ཞུ་ཤེས་ཀྱི་མ་རེད།
    ངས་གོ་ཚོད་ལྟར་ན་ཇོ་ནང་བ་དེ་སྔ་ས་སྐྱའི་ཁོངས་རེད། དེ་བས་ལོགས་སུ་ཆོས་བརྒྱུད་མ་བཀར་བ་རེད་ཟེར། ད་ལྟ་ས་སྐྱའི་ཁོངས་ལ་གཏོགས་མིན་གྱི་ཡིག་ཆ་མང་པོ་ཐོན་གྱིན་འདུག དེ་བས་ཐོག་མར་ས་སྐྱ་དང་ཇོ་ནང་བ་གཉིས་བར་ནས་གནད་དོན་འདི་གཙང་མ་བཟོ་རྒྱུ་གལ་ཆེ་སྙམ། དེ་ནས་་ཆོས་བརྒྱུད་ཁག་གི་གཙོ་འཛིན་དང་ཚོགས་ཆེན་ཐོག་ནས་ཐག་གཅོད་བྱས་ན་ཧ་ཅང་འོས་པར་མཐོང།
    གནད་དོན་འདི་སྐབས་དོན་མིན་ཡང་ཁྱེད་ཀྱིས་ངའི་རྩོམ་ཡིག་གི་འོག་ལ་མཆན་བཀོད་པས་ངས་ཀྱང་ཡ་ལན་བྱས་པ་ཡིན། ད་བདེ་མོ་འཇོག་གི་ཡིན།

    Reply
  20. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    ཆབ་གྲགས་ལྷ་མོ་སྐྱབས་ལགས
    ཨོ ཁྱེད་མཁས་པ་ཞིག་གིས་བསམ་བློ་མ་བཏང་བ་འདྲ་བོ་མི་འདུག་གམ། འདིའི་སྔོན་ལ་ངས་མི་ཤེས་ཏེ། ཁྱོད་སྐབས་༡༤ བའི་སྤྱི་མཐུས་ཞིག་རེད། ཉིད་ཀྱི་དྲི་བ་འདི་དག་ལ་འདིའི་སྔོན་དུ་བསམ་བློ་མ་བཏང་བ་དེས་ཅི་ཞིག་མཚོན་གྱི་འདུག རྒྱུ་མཚན་བསྐབས་བཅུ་བཞི་བའི་སྤྱི་མཐུས་དག་ལ་ཇོ་ནང་བ་དག་གི་ཡང་ཡང་སྙན་ཞུ་བྱས་ཟིན་པ་རེད། ཁྱེད་ཚོས་ཐུགས་ཁྭར་བྱས་འདུག་གམ།
    ཁྱེད་ཀྱིས། ༼ ཇོ་ནང་་གྲུབ་མཐའ་དམིགས་བསལ་བ་ཞིག་ཡིན་པ་བདེན་པ་རེད། ཡིན་ན་ཡང་གཅིག་ནས་ གཉིས་ནས་སྐབས་དེ་དག་ལ་ཁ་རོག་བཞུགས་དོན་ཅི། གསུམ་ནས་བར་སྐབས་ཤིག་ནས་ཐོབ་ཐང་རྩོད་དོན་ཅི། བཞི་ནས་ད་ལྟ་ཐོབ་ཐང་མི་སྤྲོད་མཁན་གང་དང་གང་ཡིན་པ་དེའི་རྒྱུ་མཚན་ཅི་ཡིན་པ་བཅས་གསལ་བཤད་ཐུབ་བམ། ༽ སོགས་གསུང་འདུག
    ཐོག་མ་ནས་ཆོས་བརྒྱུད་ནང་ལ་མ་བཅུག་པའི་གནད་དོན་རྩ་བ་གང་ལ་ཐུག་ངས་མི་ཤེས། འོན་ཀྱང་ངས་ཚོད་དཔགས་བྱས་ན། ཁ་ལ་རྗེ་བཙུན་དམ་པ་ལོ་ཁ་ཤེས་ཀྱི་སྔོན་༸གོང་ས་མཆོག་གིས་ཇོ་ནང་བའི་དབུ་ཁྲིད་ཞིག་ཏུ་བཞག་པ་ལས། ཁོང་དགེ་ལུགས་པའི་ནང་དུ་མཚར་བ་ལས། དེའི་སྔོན་དུ་ཇོ་ནང་བའི་འདུ་ཤེས་ཡོད་མེད་མི་ཤེས། ཐོག་མར་ཆོས་ལུགས་ཁག་དེབ་སྐྱེལ་བྱེད་དུས་ལས་བྱེད་ཚོས་ཅི་ཙམ་མཁྱེན་གྱི་ཡོད་སྔར་བཤད་པས་ཤེས་ནུས། གཞན་ཇོ་ནང་བའི་མི་སྐད་འབོད་བྱེད་ཐུབ་མཁན་མ་ཡོད་པ་ཨེ་ཡིན། ། གང་ལྟར་དེ་གལ་ཆེན་མ་རེད།
    བར་སྐབས་ནས་ཐོབ་ཐང་རྩོད་དགོས་དོན་བོད་ནས་ཡོང་བའི་ཇོ་ནང་བ་དག་ལ༸གོང་ས་མཆོག་གིས་བརྩེ་གཟིགས་དང་མཐོང་ཆེན་བྱས་ཡང་། ཀུན་གཟིགས་པན་ཆེན་མཆོག་གིས་ཆོས་བརྒྱུད་ཀུན་དང་གཅིག་མཚུངས་བྱས་ཀྱང་། བོད་གཞུང་ཁོ་ནས་མ་བྱས་པས་བློ་ཕམ་བྱུང་ནི་ལོས་ཡིན་རེ།
    ཁྱོད་ཀྱིས་ཆོས་བརྒྱུད་ཚང་མ་ཕྱིར་བསྡུས་ཀྱང་དེས་ཆོས་བརྒྱུད་དག་གི་་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་ལ་གནོད་སྐྱོན་ཅི་ཡང་མི་འགྲོ་འདོད་ཀྱིན་ཡོད། ཟེར་བ་ལ་ང་ཡང་མོས་མཐུན་ཡོད།
    འོན་ཀྱང་ངས་ཟེར་བ་ནི། བྱ་གང་གི་ཐོག་ཏུ་སོང་ཡང་འདྲ། ཇོ་ནང་བ་ལ་མིང་དོན་གང་གི་ཆ་ནས་ཡང་འདྲ་བཉམ་གཅིག་མཚུང་གི་ཐོབ་ཐང་སྤྲད་དགོས་ནི་རེད་སྙམས། དེ་མ་སྤྲད་ན་མི་ཡག་ས་ཆེས་མང་བོ་དང་། མི་དགོས་ས་ནས་མཇུག་འབྲས་ངན་པའི་མཐུན་སྐྱེན་བསྐྲུན་པ་ལས་ཁེ་ཁ་ཅི་ཡང་ཡོད་ནི་མ་རེད་སྙམས།
    ཁྱེད་ཀྱིས་ཆོས་བརྒྱུད་ཐོབ་ཐང་མ་རག་ན་གྱོང་ཆེན་པོ་གང་ཡོད་དང་རག་ན་ཁེ་ཕན་ཆེན་པོ་ཅི་ཡོད་ངས་ངོ་མ་མི་ཤེས་ཀི དེ་བས་ང་བཏང་སྙོམ་ལ་བསྡད་ཡོད། ཟེར་འདུག་ཏེ། གྱོང་གུད་དང་ཁེ་ཕན་ཆེ་མིན་ཅི་ཡིན་ཡང་། མཚན་ཐོབ་དགོས་ས་ལ་མཚན་ཐོབ་དགོས་པ་ཞིག་དང་། དེ་དག་ལ་མཚན་ཐོབ་གནང་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་མ་རེད་དམ། དཔེ་ཞིག་བཞག་ན་ཁྱེད་ཅག་སྤྱི་མཐུས་སམ་སྤྱི་ཟུར་ལྔ་ཡིས་བྱ་བ་གལ་ཆེན་ཞིག་བྱས་ཡོད་ན། དེ་གསལ་ལམ་ཁག་དང་མི་དམངས་ལ་བཤད་དུས་གཞན་གཞན་མི་བཞི་བོའི་མཚན་ནས་སྨོས། ཁོང་ཚོར་བསྔགས་བརྗོད་དང་བཅས་པ་བྱས་ཏེ། ཁྱེད་གཅིག་པོ་སྣང་མེད་བྱས་པ་འམ། ཡང་ན་སྤྱི་ཟུར་བཞི་དང་་་་ལྷ་མོ་སྐྱབས་དང་ལྔ་བོས་ཞེས་སྨོས་ན། ཁྱེད་ལ་མི་དགའ་བ་དང་མི་འོས་པ་ཞིག་ཡིན་པས་ཚོར་སྣང་ཙམ་ཡང་མེད་དམ། གཞན་གྱིས་ཡང་དེ་མི་འོས་པ་རེད་བསམ་གྱི་མ་རེད་དམ། འདི་ལྟ་བུ་ལ་སུས་ཀྱང་སེམས་ལ་བབ་ཀྱི་རེད་དམ། དེ་བཞིན་དུ་གནས་སྟང་འདི་སོགས་མང་བོ་ཞིག་གཅིག་མཚུངས་རེད་ལགས།
    མ་ཟད་ང་ཚོའི་གཞུང་ཏེ་གཞི་བྱེས་མི་མི་དམངས་ཀྱི་མངོན་འདོད་བསྒྲུབ་དགོས་མཁན་ཞིག་ཡིན་ཕྱིན་ཇོ་ནང་བའི་ཐོབ་ཐང་ནི། ཇོ་ནང་མི་དམང་གི་ཐོབ་ཐང་ཡིན་པ་མ་ཟད། གཞིས་བཞུགས་གཟིར་གནས་བློ་ལྡན་མང་བོ་ཞིག་གིས་མངོན་འདོད་ཤེས་སླ་ཞིག་རེད་ལགས།

    Reply
  21. གནས་ཚང་། says:
    ལོ་ 14 སྔོན།

    སྤྱིར་ཟུརགགས། དེ་ལྟར་ན་གསུང་ན་མི་སེམས་འགུགས་ཐུབ་པ་ཞིག་རེད། དགའ་ལྡན་ཕོ་བྲང་ནི་བོད་སོག་མཉམ་འབྲེལ་སྲིད་གཞུང་ངམ། སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཐོག་མའི་རྨང་གཞི་མ་རེད་ཅེས་སུས་ལབ་ཐུབ་བམ། འདི་ལྟར་རྨེག་མེད་གཏོང་མཁན་ལ་གུ་ཡངས་ཤིག་སུ་ཞུ་གིས་སྤྲད་ཐུབ་བམ། བོད་མིའི་སྤྱི་འཐུས་ལགས། ཁེ་ཕན་དོར་ནས་མང་ཚོགས་སར་འགྲེངས་ཐུབ་བམ།

    Reply
  22. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚངས་ཐིག་ལགས།
    ༡༽”བཅའ་ཁྲིམས་སྐྱར་བཅོས་ཀྱི་ནང་ནས་བོད་གཞུང་ཟེར་བའི་མཚན་གཏན་མེད་བཏང་འདོད་ཡོད་པའི་ངན་བཅོས་སམ་སྨོངས་འཁྲུལ་”ཞེས་པའི་དོན་ཧ་མི་གོ་གི
    ༢༽ ” གཞོན་ནུ་ལྷན་ཚོགས་ལ་ལས་མགུལ་སྤེལ་དུ་མ་བཅུག་”ཟེར་བའི་དོན་ཡང་ཅི་རེད། ལས་འགུལ་ཡང་ཡང་སྤེལ་བཞིན་པ་མ་རེད་དམ།
    ༣༽ ཇོ་ནང་བ་གྲུབ་མཐའ་དམིགས་བསལ་བ་ཞིག་ཡིན་པ་བདེན་པ་རེད། ཡིན་ན་ཡང་གཅིག་ནས་ཐོག་མ་ནས་ཆོས་བརྒྱུད་ནང་ལ་མ་བཅུག་པའི་གནད་དོན་རྩད་གཅོད་དགོས། གཉིས་ནས་སྐབས་དེ་དག་ལ་ཁ་རོག་བཞུགས་དོན་ཅི། གསུམ་ནས་བར་སྐབས་ཤིག་ནས་ཐོབ་ཐང་རྩོད་དོན་ཅི། བཞི་ནས་ད་ལྟ་ཐོབ་ཐང་མི་སྤྲོད་མཁན་གང་དང་གང་ཡིན་པ་དེའི་རྒྱུ་མཚན་ཅི་ཡིན་པ་བཅས་གསལ་བཤད་ཐུབ་བམ།
    ངའི་བསམ་ཚུལ་ལ་ཆོས་བརྒྱུད་ཚང་མ་ཕྱིར་བསྡུས་ཀྱང་དེས་ཆོས་བརྒྱུད་དག་གི་་གྲུབ་མཐའ་འཛིན་སྐྱོང་སྤེལ་གསུམ་ལ་གནོད་སྐྱོན་ཅི་ཡང་མི་འགྲོ་འདོད་ཀྱིན་ཡོད། གནའ་སྔ་མོ་ནས་དེ་ག་རང་ཡོང་བ་རེད།
    ཆོས་བརྒྱུད་ཐོབ་ཐང་མ་རག་ན་གྱོང་ཆེན་པོ་གང་ཡོད་དང་རག་ན་ཁེ་ཕན་ཆེན་པོ་ཅི་ཡོད་ངས་ངོ་མ་མི་ཤེས་ཀི དེ་བས་ང་བཏང་སྙོམ་ལ་བསྡད་ཡོད།

    Reply
  23. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གནས་ཚང་ལགས། དོན་ངོ་མ་ཁྱོད་ཀྱིས་གནས་ལུགས་ཚང་མ་ཤེས་ནི་རེད། ཤེས་བཞིན་དུ་འདི་ལྟར་འདྲི་དོན་ཅི། ཡིད་བཞིན་ནོར་བུས་རྒྱ་གར་སོགས་རྒྱལ་ཁབ་གཞན་དག་ལ་བོད་གཞུང་ཞེས་གསུངས་མྱོང་མེད་པ་རེད། དེ་བཞིན་གཞུང་འབྲེལ་ཡིག་ཆ་རིགས་ལའང་གཅིག་མཚུངས་རེད། དེ་བས་གནོན་ཤུགས་ཅི་ལ་ཡོང། དོན་ལ་ང་ཚོ་རང་གིས་རང་ལ་བོད་གཞུང་ཟེར་བའི་མིང་སྙན་པོ་ཙམ་བཏགས་ནས་བསྡད་པ་མ་གཏོགས་དོན་དམ་པར་གནས་སྟངས་དེ་མེད་པ་རེད། ཡོད་ས་ཡང་མི་འགྲོ་བ་རེད། འོན་ཀྱང་བོད་རང་སྐྱོང་ངམ་རང་བཙན་གང་ཞིག་རྩོད་ན་ཡང་དེ་ལ་བོད་གཞུང་གི་མིང་བཏགས་ནས་མ་གཏོགས་རྩོད་ཐབས་མེད་པ་ཞིག་མ་རེད་པ།
    རྒྱ་གར་ནང་ཆོས་ཁོ་ནར་འཁོར་ནས་བསྡད་སྟངས་ཤིག་ངས་མ་མཐོང་ལགས།

    Reply
  24. མི་ཕམ་ཚངས་ཐིག says:
    ལོ་ 14 སྔོན།

    བཅའ་ཁྲིམས་སྐྱར་བཅོས་ཀྱི་ནང་ནས་བོད་གཞུང་ཟེར་བའི་མཚན་གཏན་མེད་བཏང་འདོད་ཡོད་པའི་ངན་བཅོས་སམ་སྨོངས་འཁྲུལ་ལ་ནམ་ཡང་ངོས་ལེན་མེད། གཞན་དགེ་སྐྱོན་གཉིས་ག་མཐོང་ཏེ་རྗེས་སོར་གླེང་གི་ཡིན།
    འདིར་མྱུར་དུ་བཤད་བསམ་པ་ཞིག་ནི།
    ཇོ་ནང་བ་ལ་ཆོས་བརྒྱུད་ཐོབ་ཐང་མི་སྤྲད་པ་དང་། གཞོན་ནུ་ལྷན་ཚོགས་ལ་ལས་མགུལ་སྤེལ་དུ་མ་བཅུག་གཉིས། བོད་གཞུང་ཟེར་བའི་མཚན་གནས་གཏན་བླག་བྱེད་འདོད་པ་གསུམ་ལས་བློ་ཕམ་ཞིག་མི་འདུག
    དུས་འཁོར་གྱི་བསྐྱེད་རྫོགས་ཉམས་བཞེས་ཆ་ཚང་ཞིག་ནི། ད་ལྟ་ཇོ་ནང་བ་ཁོ་ན་མ་གཏོགས་མེད་པ་ཆགས་ཡོད་པས། ཤིན་ཏུ་གཟབ་དགོས་པའི་གནས་ཞིག་ཡིན། མི་ཤེས་མཁན་དང་འདི་ལ་དོགས་པ་ཡོད་མཁན་ཡོད་ན་ཟླ་༦ པའི་ ཚེས་༡༢ ལ་སྤཻལ་བའི་དུས་བབ་ཀྱི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་ཤེས་ཐུབ། གཞན་དག་རྗེས་ནས་གླེང་ཆོག

    Reply
  25. གནས་ཚང་། says:
    ལོ་ 14 སྔོན།

    ༼ངས་བལྟས་ན་རི་བོང་དང་སྡོམ་པ་གཉིས་ཀ་སྔོན་མ་ནས་ཤོར་ཚར་བ་རེད། ད་སྡོམ་པ་སླར་གསོ་དང། རི་བོང་སླར་འཛིན་ཐབས་ལ་འབད་ཀྱིན་ཡོད་རེད།༽འདི་བཤད་སྟངས་གསར་བ་ཞིག་རེད། རྒྱ་གར་ནས་གནོན་ཤུགས་སྤྲད་མྱོང་མེད་ཅེས་ཡང་བཤད་བསྐྱར་བཤད་ག་ཚད་གནང་སོང་། དེ་གཅིག་རེད།
    གཞན་དེ་ནི་སྔར་ལོ་རབས་ལྔ་བཅུའི་ནང་དབུས་གཞུང་གི་འོག་ནས་སྐྱིད་པོ་མི་འདུག་ཅེས་ཕྱི་ལ་རང་བཙན་རྩོད་དུ་ཕེབས། ཚེ་སྲོག་ས་ཡ་མང་པོའི་འགྲོ་སོང་བཏང་། ཡང་ལོན་གྱི་མི་འདུག་ཅེས་ཆོས་ལ་འཁོར། ཆོས་ཁོ་ནས་ཀྱང་ཡོང་གི་མི་འདུག་ཅེས་ཡང་བསྐྱར་དབུས་གཞུང་ལ་འབོད་ཀྱིན་པས། ནག་ཉེས་ཡོང་མིན་ཙམ་བརྩོན་རྒྱུ་མ་གཏོགས་ལྷག་མི་འདུག་པ་མ་ཡིན་ནམ།

    Reply
  26. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་ལ་རང་སྐྱོང་ཚད་ལྡན་ཞིག་སྤྲོད་ན་ཀྲུང་གོའི་རྩ་ཁྲིམ་གྱི་སྒྲོམ་གཞིའི་འོག་ཏུ་སྡོད་རྒྱུ་ཡིན་རྒྱལ་ཁབ་ཁ་བྲལ་གྱི་རང་བཙན་འཛུགས་རྒྱུ་མིན་གསུངས་ཡོད་པ་ལས་ད་ལྟ་ཉིད་ནས་ཤར་སྐྱོད་བྱ་རྒྱུ་ཟེར་བ་ཞིག་ངས་གོ་མ་མྱོང། བོད་གཞུང་གི་མིང་བསྒྱུར་འདིས་གཅིག་ནས་ང་ཚོའི་དམིགས་ཡུལ་དེ་ངོ་མ་ཡིན་པ་མཚོན་སླད་དང་གཉིས་ནས་རྒྱ་གར་ཁོངས་སུ་རྒྱལ་ཁབ་གཉིས་པའི་གཞུང་ཞིག་མི་ཤོང་བའི་དཀའ་ངལ་གྱིས་ཀྱང་ཡིན།
    ངས་བལྟས་ན་རི་བོང་དང་སྡོམ་པ་གཉིས་ཀ་སྔོན་མ་ནས་ཤོར་ཚར་བ་རེད། ད་སྡོམ་པ་སླར་གསོ་དང། རི་བོང་སླར་འཛིན་ཐབས་ལ་འབད་ཀྱིན་ཡོད་རེད།

    Reply
  27. གནས་ཚང་། says:
    ལོ་ 14 སྔོན།

    འོ་ན། རང་སྐྱོང་མ་རེག་པའི་ཡར་སྔོན་ནས་རྒྱ་གཞུང་ལ་དབུས་གཞུང་དང་བོད་གཞུང་ལ་སྒྲིག་འཛུགས་འབོད་དོན་ཅི། རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་ཤར་བསྐྱོད་བྱེད་ཀྱིན་པ་མིན་ནམ། དེ་ལྟར་མིན་ན། རི་བོང་དང་སྡོམ་པ་མཉམ་ཤོར་གྱི་གནའ་སྒྲུང་དེའི་གནས་སྟངས་འོག་ཚུད་མེད་ཅེས་སུས་བཤད་ཐུབ་བམ།

    Reply
  28. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བླ་མས་སྲིད་སྐྱོང་བའི་ལམ་ལུགས་དེ་འགྱུར་སོང་བ་ཙམ་ལ་ཆོས་སྲིད་སོ་སོར་ཟེར་བར་ངོས་འཛིན་གྱིན་ཡོད། བདག་ལ་མཚོན་ན་ཆོས་བརྒྱུད་སྤྱི་འཐུས་ཀྱང་མི་མཁོ་བར་འདོད་མཁན་ཡིན། ཡིན་ཡང་ཆོས་ཀྱི་བློན་ཆེན་ཞིག་འཛིན་སྐྱོང་ནང་ལ་གལ་ཆེ་བར་འདོད། རྣམ་པ་འདི་ཙམ་ཡང་མི་འོས་པ་ཅི་ལ་ཡིན། རྒྱ་གཞུང་ལ་ཡང་ཆོས་ལུགས་ལས་དོན་ལྷན་ཁང་སོགས་ཡོད།
    ད་ལྟ་ང་ཚོས་རྩོད་བཞིན་པའི་བོད་ཆོལ་གསུམ་ཆིག་སྒྲིལ་གྱི་རང་སྐྱོང་མ་སྤྲད་བར་དུ་བོད་མིའི་སྒྲིག་འཛུགས་འདི་ཧ་ཅང་མཁོ། འདི་མ་འོངས་པའི་ཆེད་དུ་ཡིན། ཡང་གཅིག་བཤད་ན་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱིས་ང་ཚོའི་བཙན་བྱོལ་བོད་མིར་ཡང་འགན་ཁུར་གྱིན་མེད་ལ་འཁུར་ཡང་མི་ཐུབ་པས། ང་ཚོར་ང་ཚོའི་དམངས་གཙོའི་སྒྲིག་འཛུགས་བཙུགས་ན་རྒྱ་གར་གཞུང་གི་ཁྲིམས་དང་མ་འགལ་ན་རྒྱ་གཞུང་གི་ཁྲིམས་ལ་འགལ་དགོས་དོན་མེད་ག

    Reply
  29. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་སྤྱི་ཟུར་ལགས་ཀྱིས་ལན་འདེབས་གནང་བར་དགའ་ཡོད། ཡིན་ནའི། དྲི་བ་ཁ་ཤས་ཡོད།

    ༡ རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་ཤོང་སྲིད་དམ།
    ༢ གོང་ས་མཆོག་གིས་གསར་ལམ་ཁག་ཏུ་༼ངོས་རང་ལ་ཆོས་སྲིད་ཁ་ཁར་གཏོང་དགོས་པའི་བསམ་བློ་སྔ་མོ་བོད་ན་ཡོད་དུས་འཁོར་ཡོད༽ཅེས་ནན་བཤད་གནང་དོན་ཅི།
    ༣ རང་སྐྱོང་ལྗོངས་ལ་གྲོས་ཚོགས་ཡོད་བཞིན་དུ་ཕྱི་ལོགས་སུ་གྲོས་ཚོགས་ཤིག་བཙུགས་པ་འདི་ཁྲིམས་འགལ་མ་ཡིན་ནམ།
    ༤ གལ་སྲིད་རྒྱ་མིའི་རྩ་ཁྲིམས་འོག་ཤར་བསྐྱོད་བྱེད་ཀྱི་ཡོད་ཚེ་ཁྲིམས་ཁང་དང་གྲོས་ཚོགས་སོགས་ཁྲིམས་འགལ་མིན་ནམ། ཕ་ཡུལ་དུ་བློ་མཐུན་བྱེད་དུ་བསྐྱོད་པའི་འགོག་རྐྱེན་མིན་ནམ།

    ད་རེས་དྲི་བ་འདི་དག་ཡིན། ག་ལེར་འདྲི་ཆོག

    Reply
  30. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གོང་གསལ་རྩོམ་ཡིག་ནང་ཆད་ལྷག་ནོར་གསུམ་རེ་ཡོད་པས། མ་ཡིག་བདག་གི་གདོང་དེབ། chap lha ལ་གཟིགས་རོགས།

    Reply
  31. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ༡༽ བློ་ཕམ་དེ་ཡིད་བཞིན་ནོར་བུའི་དགོངས་དོན་མ་རྟོགས་པས་རེད། ང་ཚོར་ཁྲིམས་ཞིབ་ཁང་ཙམ་ལས་ཁྲིམས་ཁང་ཞིག་མེད། རྒྱ་གར་མངའ་སྡེ་ཁག་དང་རང་སྐྱོང་ལྗོངས་དག་ལ་ཡང་གྲོས་ཚོགས་ཡོད་པ་རེད། དེ་བས་བློ་དོགས་ད་དག་ཡང་ལོག་པར་རྟོག་པ་ལས་བྱུང་བ་ཞིག་ཡིན་པས་རིམ་པས་གསལ་བོ་ཆགས་ངེས་རེད།
    ༢༽༸གོང་ས་མཆོག་གིས་དགོངས་པ་ཞུས་པ་ཙམ་གྱིས་ཆོས་སྲིད་ཁ་ཁར་འགྲོ་དགོས་དོན་ཅི། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མེད་པ་བཟོ་དགོས་དོན་ཅི། འདི་ལ་ཡང་ལེགས་བཅོས་ཀྱིས་རྣམ་པ་གསར་བའི་ཆོས་སྲིད་ལམ་ལུགས་ཆཀས་ཀྱིན་ཡོད།
    ༣༽ཁ་བྲལ་བ་ཡིན་མིན་དེ་དམིགས་ཡུལ་དང་ལས་འགུལ་སྤེལ་སྟངས་ལ་རག་ལས་ཡོད། མིན་པ་ཞིག་ལ་ཡིན་པར་བརྗོད་པས་གནོད་མི་ཚུགས།
    ༤༽སྐུ་ཕྱེད་བགྲེས་ཡོལ་ལ་ཕེབས་པར་མ་ཟད་ཡོངས་སུ་བགྲེས་ཡོལ་ལ་ཕེབས་ན་ཡང་ཁོང་གི་དགོངས་དོན་ལག་བསྟར་གནང་གི་རེད། དེ་ལ་འགལ་བ་ཅི། འགན་དངོས་སུ་བཞེས་ཀྱི་མེད་ན་དགོངས་དོན་ཡང་སྒྲུབ་མི་ཆོག་གམ།
    འདི་དག་མ་རྟོགས་ལོག་རྟོག་གི་སྐྱོན་ཆ་རེད། ད་སྐྱོན་དང་གནོད་པ་ཆེན་པོ་རེ་འཚོལ་རྒྱུ་རག་གམ།

    Reply
  32. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ༡༽ བློ་ཕམ་དེ་ཡིད་བཞིན་ནོར་བུའི་དགོངས་དོན་མ་རྟོགས་པས་རེད། ང་ཚོར་ཁྲིམས་ཞིབ་ཁང་ཙམ་ལས་ཁྲིམས་ཁང་ཞིག་མེད། རྒྱ་གར་མངའ་སྡེ་ཁག་དང་རང་སྐྱོང་ལྗོངས་དག་ལ་ཡང་གྲོས་ཚོགས་ཡོད་པ་རེད། དེ་བས་བློ་དོགས་ད་དག་ཡང་ལོག་པར་རྟོག་པ་ལས་བྱུང་བ་ཞིག་ཡིན་པས་རིམ་པས་གསལ་བོ་ཆགས་ངེས་རེད།
    ༢༽༸གོང་ས་མཆོག་གིས་དགོངས་པ་ཞུས་པ་ཙམ་གྱིས་ཆོས་སྲིད་ཁ་ཁར་འགྲོ་དགོས་དོན་ཅི། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་མེད་པ་བཟོ་དགོས་དོན་ཅི། འདི་ལ་ཡང་ལེགས་བཅོས་ཀྱིས་རྣམ་པ་གསར་བའི་ཆོས་སྲིད་ལམ་ལུགས་ཆཀས་ཀྱིན་ཡོད།
    ༣༽ཁ་བྲལ་བ་ཡིན་མིན་དེ་དམིགས་ཡུལ་དང་ལས་འགུལ་སྤེལ་སྟངས་ལ་རག་ལས་ཡོད། མིན་པ་ཞིག་ལ་ཡིན་པར་བརྗོད་པས་གནོད་མི་ཚུགས།
    ༤༽སྐུ་ཕྱེད་བགྲེས་ཡོལ་ལ་ཕེབས་པར་མ་ཟད་ཡོངས་སུ་བགྲེས་ཡོལ་ལ་ཕེབས་ན་ཡང་ཁོང་གི་དགོངས་དོན་ལག་བསྟར་གནང་གི་རེད། དེ་ལ་འགལ་བ་ཅི། འགན་དངོས་སུ་བཞེས་ཀྱི་མེད་ན་དགོངས་དོན་ཡང་སྒྲུབ་མི་ཆོག་གམ།
    འདི་དག་མ་རྟོགས་ལོག་རྟོག་གི་སྐྱོན་ཆ་རེད། ད་སྐྱོན་དང་གནོད་པ་ཆེན་པོ་རེ་འཚོལ་རྒྱུ་རག་གམ།

    Reply
  33. གནས་ཚང་། says:
    ལོ་ 14 སྔོན།

    འདིར་སྤྱི་ཟུར་ལགས་ཀྱིས་མི་དགེ་བའི་ཕྱོགས་གླེང་མེད་པས། ཁ་སྣོན་བྱེད་རྒྱུ་ཡིན།

    ༡ ལོ་ངོ༥༠རིང་རྒྱུན་སྐྱོང་བྱས་པའི་བཙན་བྱོལ་བོད་གཞུང་གི་མཚན་གནས་འགྱུར་བ་བཏང་ཟིན་པས། བོད་ཕྱི་ནང་གཉིས་སུ་བློ་ཕམ་ཡོད་པའི་ཁར། རྒྱ་མི་མང་ཆེ་བས་དེ་ནི་གཡོ་སྒྱུ་ཞིག་རེད། གལ་སྲིད་མིན་ན། གྲོས་ཚོགས་དང་ཁྲིམས་ཁང་སོགས་ལའང་འགྱུར་བ་གཏོང་འོས་ཚུལ་ལབ་ཀྱིན་པའི་གནས་ཚུལ་ཐོན་གྱི་འདུག

    ༢ གོང་ས་མཆོག་གིས་དགོངས་པ་ཞུས་པ་ཙམ་གྱིས་ཆོས་སྲིད་ཁ་ཁར་གཏོང་དགོས་ཐུག་ཡོད་མོད། བཅའ་ཁྲིམས་ནང་ད་དུང་ཆོས་སྲིད་ཟུང་འབྲེལ་གྱི་གཏན་འཁེལ་ལ་འགྱུར་བ་བཏང་མེད་པས། དེང་སྐབས་ཕྱོགས་གང་སར་གོང་ས་མཆོག་གིས་ཀྱང་ཆོས་སྲིད་ཁ་ཁ་གནང་དགོས་ཚུལ་གསུངས་ཀྱིན་པར་རྒྱབ་འགལ་ཆགས་ཡོད་པ།

    ༣ བོད་རིགས་ཚོགས་པ་གང་ས་གང་དུ་ཡོད་པས། ད་ལྟ་རྒྱ་མི་ཁག་ཅིག་གིས་ཀྲུང་གོའི་ཕྱི་སྡོད་བོད་མིའི་ཚོགས་པ་ཞེས་མིང་མ་བཏགས་པ་ཡིན་ན། ཁ་བྲལ་བ་དང་ཁ་བྲལ་བ་མ་ཡིན་པའི་དབྱེ་བ་འབྱེད་དཀའ་བའི་ཁར། ཨ་རིའི་གཞུང་གི་རོགས་དངུལ་ཁག་ཀྱང་ཁ་བྲལ་བའི་གཉེར་བཞིན་པའི་ཚོགས་པའི་ལག་ཏུ་འཆོར་ཉེན་འདུག་གླེང་བཞིན་པ།

    ༤ ཟམ་གདོང་རིན་པོ་ཆེ་ཡིས་ནུས་ཤུགས་ཡོད་ཚད་བཏོན་ནས་གོང་ས་མཆོག་གི་བཀའ་དགོངས་ལག་ལེན་བསྟར་ཚུལ་གསུངས་ཀྱིན་ནའང་། གོང་ས་མཆོག་གིས་ཨ་རིའི་དུས་དབང་སྐབས་ཁོང་ཉིད་སྤྱི་ལོ ༢༠༠༡ནས་ཕྱེད་རྒན་ཡོལ་གནང་གྲུབ་པས། ཆབ་སྲིད་ཀྱི་ལས་འགན་མཐའ་དག་འོས་འདེམས་ལས་བྱུང་བའི་དབུ་ཁྲིད་ཀྱིས་ཐག་གཅོད་བྱས་པ་ཡིན་ཞེས་ནན་བཤད་གནང་བཞིན་པའི་བར་གྱི་མ་མཐུན་ས་མངོན་ལ་ཉེ་བ།

    ད་རེས་འདི་ཙམ་ཡིན། ག་ལེར་བགྲོ་གླེང་བྱེད་ཆོག

    Reply
  34. ནགས་མེ། says:
    ལོ་ 14 སྔོན།

    ང་དངོས་གནས་ཆབ་བྲག་ཕོ་ཉ་ཟེར་བའི་མི་འདི་ལ་བློ་འབབ་ཀྱི་ཡོད། བོད་ཡིག་ཆུ་ཚད་གཏིང་ཚུགས་ལ་ཡི་གེ་ཧ་ཅང་དག་པོ་འབྲི་བ། བློ་གཟུ་བོར་གནས་ཐུབ་མཁན། ངས་ཁྱེད་ལ་སློབ་སྦྱོང་བྱེད་རྒྱུ་ཏན་ཏན་མང་པོ་ཡོད་ས་རེད།

    Reply
  35. ཚཕྲུག་རྒྱལ། says:
    ལོ་ 14 སྔོན།

    སྐུལ་འོས་སྤྱི་ཟུར་ལྷ་མོ་སྐྱབས་ལགས། ཁྱེད་ཀྱིས་དཔྱད་རྩོམ་དག་ལ་རོ་བཅུད་ལྡན་གིན་ཡ།

    Reply
  36. པད་མ་དཀར་པོ། says:
    ལོ་ 14 སྔོན།

    རི་བོ་དགེ་ལུགས་པའི་དབུ་གནས་ཆེ་ཤོས་འཛིན་པ་དགའ་ལྡན་ཁྲི་པ་ 101 ཁྲི་ཟུར་ལུངས་རིག་སྣམ་རྒྱལ་དོལ་རྒྱལ་བརྟེན་གྱི་ཡོད་མེད་གསལ་པོ་ཡོད་རེད་ཡོད་མ་རེད། གསལ་པོ་བཤད་འདོད་འདུག་ན་དྲ་ནས་འདི་ལ་གཟིག་དང་། ཧ་གོ་གི་རེད། མིག་གི་མཐོང་གི་འདུག ཁོང་བོད་ནང་དོལ་རྒྱལ་བསྟེན་གསོལ་བྱ་མཁན་སྨར་ཁམས་དབང་ཕྱུག་བླ་མ་དང་མཉམ་འདུག ཁོང་མོན་གོ་དགའ་ལྡན་དུ་ཡོད་པའི་ཁོང་རང་གི་དགེ་ཕྲུ་བླ་བྲང་བཅས་དོལ་རྒྱལ་བརྟེན་མཁན་མཉམ་དུ་ཕྱིན་པ་རེད། ད་བོད་ནང་འགྲོ་རྒྱུར་ལག་འཁྱེར་རག་ཁག་པོ་ཡོད་རེད་དེ་ཨ་རི་ལ་ཡོད་པའི་ཡོངས་རྒྱལ་བླ་མ་ཟེར་བ་འདི་དང་མཉམ་དུ་བོད་ནང་དུ་ཡོད་པའི་དོལ་རྒྱལ་བརྟེན་མཁན་དེ་ཚོ་དང་འབྲེལ་བ་བྱས་ཏེ་ཁོང་ཚོས་སྣེ་ལེན་ཡག་པོ་ཞུ་གི་ཡོད་ས་རེད་ད༌༌༌༌༌༌༌༌༌༌༌༌༌༌༌༌བལྟས་མོ་འདུག་ག༌༌༌༌
    དགའ་ལྡན་ཁྲི་ཐོག 101་ ནས་ཟླ་བ་འདིའི་ནང་བེ་ཅིང་དུ་རྒྱ་ཡིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ཡང་ཐུག་འཕྲད་བྱས་པ་དང༌། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྣེ་ལེན་བྱ་བཞིན་པ་རེད་འདུག་ཅེས་བོད་ནང་སྐད་གྲགས་འདུག་ག༌༌༌༌༌༌༌ད་ཡིན་ན་རྫུན་བག་ཡོངས་སུ་བཤུས་སོང་། གཏམ་དེ་ཚོ་ང་ཚོ་ཚང་མས་དོ་སྣང་བྱ་དགོས་འདུག བོད་ནང་འགྲོ་རྒྱུར་རྒྱ་མིས་པ་སེ་སྤྲོད་ཁག་པོ་དེ་འདྲ་ཡོད་ནའང་ཁོང་ཚོ་དེ་འདྲ་སྟབས་བདེ་པོ་འགྲོ་གི་འདུག དགོན་པ་གྲ་ཚང་ཁག་དང་བོད་གཞུང་ནི་ལྐུགས་པ་རེད་ལ། དེ་ཚོ་ཤེས་ཀྱང་མ་ཤེས་པ་མདོག་མདོག་བྱས། སྐུ་སྒེར་ཡིག་ཚང་གིས་ཀྱང་ཤེས་ཡོད་ཀྱི་རེད། ཁྱད་མཚར་རྒྱ་མིའི་པཎ་ཆེན་འདུག དོལ་རྒྱལ་བརྟེན་མཁན་དེ་ཚོ་དང་ཐུག་འཕྲད་བྱས་ ད་ཡག་པོ་མི་འདུག་ག སྐུ་ཞབས་ ཚོ་ཡག་པོ་གཟིགས་ཤོག་ཨང་༌༌༌༌
    འདི་ལ་གཟིགས་དང་ http://blog.sina.com.cn/qmdj417149110

    Reply
  37. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཉེ་བའི་ལོ་འགའི་རིང་ལ་ཟིན་བྲིས་རིན་ཐང་ཅན་ཞིག་མཐོང་ནོ་ཐོག་དང་པོ་ཡིན། གནས་ལུགས་དང་རྒྱུ་མཚན་ངོ་མ་བཤད་ན་བྲོ་བ་ཁྱད་དུ་འཕགས་པ་ཤིག་རང་བཞིན་གྱིས་འདུག
    དུས་རབས་ཤིག་གི་འགྱུར་བ་མཐོང་འདོད་ན།།
    དུས་ལ་བབ་པའི་དཀའ་གནད་ཤེས་འདོད་ན།
    དུས་ཚོད་ཡོད་སྐབས་ཁ་སྟོང་ཚིག་སྟོང་ལས།།
    དུས་ཀྱི་དགོས་པ་མཐོང་བའི་མི་བུར་དུད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese