མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་བློ་སེང་གིས་བོད་དོན་ལས་ལ་བཅོལ་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

འདྲེ་མགོ་རྡོ།

སྲིད་སྐྱོང་ཁྲི་རབས་གསུམ་པ་འདིས། རྩ་དོན་གསུམ་གྱི་དར་ཆ་འཕྱར་ནས། བོད་མི་སྐྱ་སེར་རྒན་གཞོན་མེད་པར་ས་སྒུལ་གནམ་སྒུལ་བྱས་ཏེ། བཀའ་ཁྲིའི་འོས་ཤོག་གནམ་སའི་བར་ཁྱད་ཡོད་པའི་གྲུབ་འབྲས་ཐོབ་ནས། མི་རྣམས་ཀྱི་ཁ་རུ་བློ་བཟང་སེང་གེ་ཟེར་བའི་ཁྱབ་ཅིང་།  མྱི་གསར་བར་རེ་བ་གསར་བ་ཞིག་བརྒྱབས་ཤིང་། སྐུ་ཞབས་བློ་སེང་ཨ་རི་ནས་རྡ་སར་ཕེབས་ཐེངས་རེ་རེར། རྡ་ས་ནས་ཨ་རིར་ལོག་ཐེངས་རེ་རེར་། མི་རྣམས་ཀྱིས་ཁོང་ཉིད་གར་བཞུགས་གང་ཕེབས་ཀྱི་གནས་ཚུལ་ཚུན་ཆད་ཞིབ་ཚགས་པོ་མཁྱེན་གྱི་ཡོད། ཉིན་ཞིག་བཙུན་པ་ཟམ་གདོང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་སྟེང་། སྐུ་ཞབས་བློ་བཟང་སེང་གེས་རང་གི་རྩ་དོན་གསུམ་པོ་བཙུན་པ་ཟམ་གདོང་གིས་སྔར་ནས་གནང་འདུག་ཅེས་པའི་གཏམ་བཤད་སྤེལ། སྐད་ཆ་དེས་རེ་བ་ཁོང་ལ་བཀལ་བའི་བོད་མི་ཚོ་བསམ་གཞི་ཡ་མཚན་ཞིག་སྤྲད།

དེ་ལྟར་ཡ་མཚན་པའི་ཚོར་ཤེས་དེ་ཁྱེར་ནས་སྐུ་ཞབས་བློ་སེང་ལ་ཨོ་བྷ་མ་ལྟར་རེ་བ་བརྒྱབས། སྐུ་ཞབས་བློ་སེང་གིས་དམ་འབུལ་མཛད་སྒོ་བར་གྱི་བྱེད་ཕྱོགས་ཀྱིས་བཙུན་པ་ཟམ་གདོང་གི་སྒམ་ཚུགས་དང་རྒྱས་སྤྲོས་མེད་པའི་གཤིས་ཀ་ཇེ་གསལ་དུ་བཏང་། ད་དུང་བཙུན་པ་ཟམ་གདོང་གི་ ” ཐབ་ཆུང་ཆུང་མེ་ཚ་བོའི་” བབ་བརླིང་བརྟན་གསུམ་མངོན་པར་བྱས། དམ་འབུལ་མཛད་སྒོའི་ཁྱབ་བསྒྲགས་དང་རྫིག་ཉམས་ཀྱིས་གནམ་ས་རེ་ཞིག་ཁའང་སྦྱོར་ལ་ཉེ་བ་བྱས། ༧ཏཱ་ལའི་བླ་མས་འཇམ་མཉེན་ཕྱག་གིས་སྐུ་ཞབས་བློ་སེང་གི་སྐེ་ནས་བསྡམས་ཤིང་ཁོང་གི་སྐུ་ལུས་དང་སྦྱར། མགོ་ཕྱག་མདུད་དམར་པོ་དང་ཁ་བཏགས་དཀར་པོས་གཡོགས། དགུང་ལོ་བཅུ་དྲུག་སྟེང་ཁ་ཆག་སྣ་རུལ་དུ་གྱུར་བའི་སྲིད་དབང་འགན་བཞེས་གནང་བ་དེ་སྐུ་ཞབས་བློ་སེང་ལ་གནང་བའི་བཀའ་ཡི་གནང་བ་གཙང་མར་བསྩལ། བཙུན་པ་ཟམ་གདོང་གིས་ཀྱང་འཆར་ཅན་གྱི་མཛད་སྒོ་མིན་པའི་གལ་གནད་སྐད་གསེང་མཐོན་པོས་བསྒྲགས་ཤིང་། ད་དུང་མཁས་དབང་བློ་བཟང་སེང་གེ་ཞེས་པའི་མཚན་གྱི་དབྱར་རྔ་ཤུགས་ཀྱིས་བསྩལ། སྐུ་ཞབས་བློ་སེང་གིས་ཀྱང་སློབ་དཔོན་པདྨའི་འཁྲུངས་སྐར་ཉིན་མོ་ཡིན་པ་ཤུགས་ཀྱིས་སྒྲོག་བཞིན། དཀར་ཕྱོགས་སྐྱོང་བའི་སྲུང་མ་མཐའ་དག་ཉེ་སར་བོས་པ་ན། དངོས་གནས་དད་པ་ཅན་ཞིག་ཡིན་ན། དེ་རིང་མི་འདི་དག་གི་མཁའ་དབྱིངས་སུ་མཆེ་གཙིག་སྡེར་བགྲད་རེ་འགའ་གློག་འཁྱུག་པ་ལྟར་འཁོར་ལོས་ཡོད་བསམས་ངེས་པ་ཞིག་རེད།

དེ་ལྟར་༧ཏཱ་ལའི་བླ་མ་དང་བཙུན་པ་ཟམ་གདོང་གཉིས་ཀྱི་བརྗིད་ཉམས་འོག་ཏུ། སྤྲུལ་སྐུ་ན་གཞོན་ཀརྨ་པ་དང་། ཨའོ་བྷ་མ་གཉིས་པར་གྲགས་པའི་བོད་ཀྱི་ཧ་ཝ་ཌི་སྐུ་ཞབས་བློ་སེང་བཅས་ནི་སེང་གེ་གནམ་མཆོང་ལྟ་བུར་འགྱིང་ཞིང་། རེ་འབྲས་ཀྱི་མིག་འབུར་ཡོད་ཚད་སྐུ་ཞབས་བློ་སེང་གི་ཐོག་ཏུ་བསྐྱལ་བའི་སྐབས་དེར། ཞོལ་དུ་སྐྱ་སེར་ཀུན་གྱིས་ཐལ་མོ་རྡེབ་བཞིན་ཀི་སྒྲ་བསྒྲགས། གཏམ་བཤད་རེ་རེའི་བར་མཚམས་སུ་ཀི་སྒྲ་དང་ཐལ་མོས་ཁེངས་པའི་སྐབས་དེ་ཤེད་དུ། འབུམ་རམས་པ་སྐུ་ཞབས་བློ་སེང་བོད་ཡིག་སྐྱོར་ཀློག་ལ་ཤིན་ཏུ་ངལ་ནས། བློ་ཅན་རེ་འགའ་སེམས་ཁྲལ་གྱི་གནས་སུ་བསྐྱལ། ཡི་གེ་བཀླགས་ནས་མར་ཕེབས་རྒྱུ་ལས་མཚམས་རེར་ཕྱིར་ལོག གཏམ་བཤད་ཡིག་ཆ་གཟིགས་ནས་ཀློག་རྗེས་འགྲང་བའི་༧ཏཱ་ལའི་བླ་མ་སོགས་ཆེན་པོ་རེ་འགའི་དབུ་ཡང་ཡར་གཡུག་མར་གཡུག་བྱེད་དགོས་པ་ཆགས། མི་རྣམས་ཀྱིས་ཤ་གྲུང་པོ་བྱས། ཤ་ཚ་ཅན་རྣམས་ཀྱི་ལག་པ་བསྡམས་ནས་ལག་མཐིལ་རྔུལ་ནག་གིས་ཁེངས། སྐུ་ཞབས་བློ་སེང་གི་དབུ་འང་ནང་དུ་བཀུག་ནས་བཀུག་ཏུ་ཕྱིན། སྐབས་དེ་མཚམས་ཤིག་ལ་བོད་རྒྱལ་ལོ་ཞེས་པའི་སྐད་གསེང་མཐོན་པོ་དེས་གསུང་བཤད་མཇུག་རྫོགས། ཡང་བསྐྱར་དབྱིན་སྐད་དུ་སྐྱོར། དབུ་མཐོ་ལ་གསུང་མཐོ་བས་མི་རྣམས་ལྷོད་ལ་བབས། སྐུ་ཞབས་བློ་སེང་གིས་ཀྱང་ཉམས་འགྱུར་དང་ཚིག་སྦྱོར་ལེན་ཕྱོགས་ལྟ་ན་སྡུག་གང་ཐུབ་བྱས་ཤིང་། རྒྱ་ནག་གི་བོད་ལ་གང་བྱས་ངོ་འཕྲོད་བྱེད་སྐབས་སྤོབས་པའི་ཉམས་དེ་ཇེ་གསལ་ནས་ཇེ་གསལ་དུ་ཕྱིན། གཏམ་བཤད་གྲུབ་མཚམས། ༧ཏཱ་ལའི་བླ་མས་ཕྱག་འཇུ་གནང་བཞིན། ཐལ་མོ་སྦྱོར་བཞིན་སྐུ་པར་རྒྱབ་ཆོག་པའི་གནང་བ་བསྩལ། སྐུ་ཞབས་བློ་སེང་གི་ཚོར་བ་ནི་ཚིག་གི་མཚོན་ག་ལ་ཐུབ་སྟེ། བོད་ལ་རེ་བ་ཞིག་ཨེ་ཡོད་བསམས་པའི་རེ་བའང་གནམ་ནས་གནམ་དུ་འཕུར་བར་གྱུར།

ཉིན་མ་གཉིས་པར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་གཏམ་བཤད་སྤེལ། ཚོགས་སྐྱིད་ཁག་གིས་གླུ་གར་གྱི་གཟིགས་མོ་བཤམས། མི་མང་གི་མདུན་དང་སེམས་སུ་འགྲོ་བཞིན་པའི་སྐུ་ཞབས་བློ་སེང་གིས་ལོ་རྒྱུས་ནང་བསྡུས་མ་མྱོང་བའི་དམ་འབུལ་མཛད་སྒོ་ཞིག་འཚོགས། ༧རྒྱལ་དབང་བདུན་པ་ཆེན་པོས་བསྩལ་བའི་བཀའ་ཤག་གི་ལས་ཐམ་སྲི་ཞུ་བདེ་སྐྱིད་མ་བཙུན་པ་ཟམ་གདོང་གི་མདུན་ནས་ཞུས་འཕྲལ་བཀའ་ཤག་ལས་ཁུངས་གསར་བར་བཅར།

དེ་ལྟར་ལས་ཁུངས་སུ་བཅར་ནས་ཉིན་གཅིག་གཉིས་ལས་མ་སོང་བའི་སྐབས་དེར། ཨ་རི་ནས་ཆེད་མངགས་ཕེབས་པའི་གསར་འགོད་པ་གྲགས་ཅན་སྐལ་ལྡན་བློ་གྲོས་ཀྱིས་སྐུ་ཞབས་བློ་སེང་ལ་བཅར་འདྲི་ཞུས། གསར་འགོད་པ་ཁོས་དྲི་བ་གཏོང་སྟངས་ནི་རྩོམ་གཞན་དུ་བཤད་པ་ལྟར། ད་ཐེངས་ཀྱང་ནུབ་ཨ་རི་ནས་ཁོ་རང་ཆེད་གཏོང་གནང་དགོས་དོན་ལའང་རྒྱུ་མཚན་རེ་འགའ་ལོས་ཡོད། ངས་ཁོང་གཉིས་ཀྱི་དྲི་བ་དྲིས་ལན་ལ་ཉན། ཞིབ་ཚགས་པོས་ཉན། ཡང་ནས་བསྐྱར་དུ་ཉན་རྗེས། སྐུ་ཞབས་བློ་སེང་ནི་དངོས་གནས་ཡར་དཀྱོག་མར་བཀུག་བྱེད་མཁས་པོའི་བཀའ་མོལ་གནང་མཁན་ཞིག་ཏུ་ཚོར། དེ་ནི་ལོས་ཡིན་ཏེ། སྲིད་སྐྱོང་བའི་ཁྲི་ལ་ཞབས་སོར་འཁོད་རྗེས་འོས་བསྡུའི་ལས་རིམ་ནང་གི་བཀའ་མོལ་དང་ཁས་ལན་བརྗེད་འགྲོ་བ་ནི་སྐུ་ཞབས་བློ་སེང་ཁོ་རང་གཅིག་པུ་ག་ལ་ཡིན། དེ་ནི་ཁོས་དཔེ་ལྟ་སའི་ཨ་རི་རང་ལའང་བྱུང་མ་མྱོང་བ་ཞིག་རྩ་བ་ནས་མིན།

སྐུ་ཞབས་བློ་སེང་ལ་ཨའོ་བྷ་མ་ལྟར་མི་རྣམས་ཀྱིས་རེ་བ་ཧ་ཅང་ཆེན་པོས་བཀའ་ཁྲིའི་ཁྲི་ལ་བཀོད། ཡིན་ནའང་། དེང་སང་ཨའོ་བྷ་མས་འོབ་མ་འདུས་པའི་དཀའ་ངལ་འཕྲད་བཞིན་པ་ལྟར། ཉིད་ལའང་དེ་ལྟར་མི་བྱུང་རྒྱུའི་བསམ་བློའི་ནང་དུ་བརྒྱ་ཆའི་ག་ཚོད་ཅིག་གི་གྲ་སྒྲིག་ཡོད་དམ། ཞེས་པ་ནི་ངས་བལྟས་ན་བོད་མི་རྣམས་ཀྱི་རེ་བ་རེད་ལ། དྲི་བའང་རེད། རེ་བ་ཅི་ལྟར་རེད་ཅེ་ན། སྐུ་ཞབས་བློ་སེང་གིས་འོབ་མ་འདུས་པའི་གནས་སྟངས་ཤིག་སྟོན་རྒྱུར་བོད་མི་ཚོས་རེ་བ་རྒྱག་གི་མེད་ལ། དེ་ལས་ལྡོག་སྟེ། ཁོང་གིས་འོས་བསྡུའི་སྐབས་བཀྲམས་པའི་སེང་གེའི་ལས་འཆར་དེབ་དེ་བརྟན་པོར་སེམས་ལ་ཉར་ཡོད་པས། གལ་སྲིད་འོབ་མ་འདུས་པ་འདྲ་ཞིག་བྱུང་ཚེ། དང་པོ་བསྐྱལ་ས་ཞིག་ལ་སྲིད་སྐྱོང་བ་རང་ཉིད་ཐོག་མར་བསྐྱལ་ཐུབ་ངེས་ཀྱི་ཡིད་ཆེས་བརྟན་པོ་དེས། ཁོང་ལ་རྣམ་དཔྱོད་ཡོངས་སུ་དཀྲུགས་ནས་འོས་ཤོག་བླུགས། འོས་ཤོག་རྒྱལ་ཁའི་ངང་ཐོབ་པ་རེད་མོད།

སྐུ་ཞབས་བློ་སེང་གིས་བཤད་ན། གལ་སྲིད་འོབ་མ་འདུས་པའི་གནས་ཚུལ་ལ། སེམས་ནས་གྲ་སྒྲིག་གང་འཚམ་བྱས་ཡོད་མོད། ཁ་སང་དམ་འབུལ་སྐབས་༧གོང་ས་མཆོག་གིས་བཀའ་སློབ་ཕེབས་སྟངས་ནས་ཞིབ་ཏུ་བསམ་བློ་ཞིག་བཏང་བ་ཡིན་ན། ངེད་རང་སྲིད་སྐྱོང་པའི་ཁྲི་ལ་འཁོད་དགོས་པ་ནི་ལས་ཤིག་མིན་འགྲོ་བསམས་ལ། ལས་ཀྱིས་གནང་བའང་མིན་འགྲོ་ཟེར། ཁོང་གི་དྲིས་ལན་འདི་གོ་མ་ཐག་ངའི་སེམས་སུ་ཟུག་གཟེར་རྒྱབ། ཞེ་གཏིང་ནས་སྐྱོ་བཞིན། ཅི་ཞིག་ཚོར་སོང་ཞེ་ན། སྐུ་ཞབས་བློ་སེང་འདི་ཉེན་ཁ་ལས་གཞོལ་ཤེས་མཁན་ཞིག་རེད་བསམས་སོང་ལ། ཁོས་སྐད་ཆས་གནམ་མཁའི་མཐའ་བསྐོར་ན་མ་བསྐོར་ན། ཁོང་ལ་འོས་ཐོབ་པ་དང་སྲིད་སྐྱོང་བའི་ཁྲི་ལ་བཀོད་ནས་མི་རྣམས་ཀྱིས་རེ་བཞག་འདི་ལྟར་བྱས་ཚུལ་ཚང་མ་” ལས་ ” ཁོ་ནའི་ངོ་བོར་འགྲེལ་བཤད་རྒྱབ་དུས། མཇུག་འབྲས་གང་འབྱུང་ཡང་ལས་ཀྱི་གྲས་སུ་འདོག་མཁན་ཞིག་ཡིན་པ་ནི་ཐག་བཅད་ཆོག་པ་ཞིག་རེད།

ད་དུང་ཁོང་གིས། ལོ་ལྔ་ཚན་གཅིག་གི་རིང་། རེ་ཤོས་ཀྱིས་མཆོད་མི་འདུག་དང་རེ་ཤོས་ཀྱིས་དཔེ་ཡག་པོ་རེད་ཅེས་གང་སྨྲས་ཀྱང་ཁྱད་པར་ཁྱོན་ནས་མེད། ངའི་ངོས་ནས་ལྷག་བསམ་རྣམ་དག་དང་། འོབ་མ་འདུས་ནའང་ང་སྒེར་ནས་མ་འདུས་པ་བྱུང་ན་རྦད་དེ་བྱེད་རྒྱུ་མིན། མ་བྱུང་ན་ཉུང་ཙམ་ཞིག་བྱེད་ངེས་རེད་ཅེས་གསུངས་སོང་། ངས་ཁོང་གི་ཆོད་སེམས་དང་བློ་ཁོག་འདི་དག་ལ་ཉན་པས། ཆབ་སྲིད་པ་ཐབས་ཆག་ཁ་ཤས་ཀྱིས་མི་མང་གི་ས་ནས་འོས་ཐོབ་རྗེས་འགན་རང་སྟེང་དུ་མི་ལེན་པར། སྤྱི་གཞུང་ལ་གཡུག་བཞིན་པའི་བྱ་སྤྱོད་དེ་དྲན་པར་སོས་ཤིང་། སྐུ་ཞབས་བློ་སེང་འདི་ཤེས་ཡོན་གྱིས་རབ་ཏུ་ལྕི་བ། ཀུན་ནས་ལྕི་བ་ཞིག་གཏན་ནས་མ་ཡིན་པའི་ངེས་ཚོར་ཐོབ་ཅིང་། ཆབ་སྲིད་ཀྱི་གཡོ་གར་ཁྲོད་ནར་སོན་པའི་འབུམ་རམས་པ་ཡངས་མོ་ཞིག་ཏུ་ཚོར།

གལ་སྲིད་ཤེས་ཡོན་པ་རྣལ་མ་ཞིག་དང་། མི་མང་གི་བདེ་སྡུག་ཁོ་ན་བསམས་མཁན་ཞིག་ཡིན་ན། ཁོང་གིས་གནའ་ནས་ཚར་ཁྲི་སྟོང་མང་པོར་གསུངས་བ་བཞིན། རང་ཉིད་ཀྱི་སྐྱེས་ཁུངས་ཉམས་ཆུང་བ། མི་ཚང་དབུལ་བོ། དཀའ་སྡུག་གང་མང་མྱངས་བ། མི་དཀྱུས་མའི་འཚོ་བ་ནས་སློབ་གྲྭ་འགྲིམས་སྟེ་ཤེས་ཡོན་ཐོབ་ཅིང་། རྒྱལ་ཁབ་དང་མི་རིགས་ལ་ཞབས་འདེགས་སྒྲུབ་རྒྱུའི་འདུན་པ་སྲོག་ལས་ཀྱང་གལ་ཆེ་ཚུལ། ཤེས་ཡོན་དང་རྣམ་དཔྱོད་གཙོ་བོ་ཡིན་པའི་དེང་དུས་སྤྱི་ཚོགས་ཤིག་གི་ཆེད་དུ། མ་འོངས་པའི་བོད་ལ་ངས་གང་མིན་ཚད་བྱེད་ངེས་ཡིན། ང་ནི་མི་རབས་གསར་བ་བསམ་བློ་གསར་བ། ཐ་ན་བོད་ཀྱི་ད་ལྟའི་བློ་ཁོག་དང་སྙིང་སྟོབས་ཡིན་ཚུལ་གསུངས་བ་རྣམས་དྲན་པ་གཏིང་བརྗེད་དུ་གྱུར་བ་མིན་ནམ་སྙམ་སྟེ་ཡིད་ཅི་འདྲིའི་མུག་པ་ལ།

ཁོང་གིས་” འབྱུང་འགྱུར་ལས་དོན་ནང་དཀའ་ངལ་ཡོང་སྲིད་པ་རེད། ཡིན་ནའང་། དཀའ་ངལ་དེ་གདོང་ལེན་བྱེད་དུས་ང་ལ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་གནང་བའི་སྙིང་སྟོབས་དང་རེ་བཞག་ཡོད། ༧གོང་ས་མཆོག་གིས་གནང་བའི་སྲིད་སྐྱོང་བའི་དབང་ཐང་ཡོད་པས། གལ་སྲིད་བོད་ཀྱི་གནས་སྟངས་ད་དུང་ཉམས་ཆག་ཕྱིན་པ་ཡིན་ནའང་། དང་པོ་དེ་ང་བཀའ་བློན་ཁྲི་པ་བློ་བཟང་སེང་གེས་དཀའ་ངལ་དེ་དག་ཁུར་གི་ཡིན། ང་དུས་གཏན་དུ་མི་མང་དང་མཉམ་དུ་ཡོད། ང་མི་མང་དཀྱུས་མ་དང་མཉམ་སྡོད་བྱེད་ཐུབ་པ་འདི་ཕལ་ཆེར་བོད་ཀྱི་དབུ་ཁྲིད་ཚོའི་ནང་ནས་ཨང་དང་པོ་ཆགས་སྲིད་པ་རེད། དེ་བས་ང་ཚོས་ཆིག་སྒྲིལ་དང་ཡིད་ཆེས་བློས་འགེལ་བྱས་ནས་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུ་ནི་ལྷ་དང་དཀོན་མཆོག སྲུང་མའི་ནུས་པ་ལས་ཀྱང་ཆེ་ངེས་ཡིན་ཞེས་ ” བཀའ་ལན་མ་གནང་བ་ཅི་ཞིག་ཡིན་ནམ།

ཁོང་གིས་ཅིའི་ཕྱིར་རང་གི་འབྱུང་འགྱུར་ལས་དོན་ཐད་ཀྱི་གྲུབ་འབྲས་རྣམས་ལས་ལ་བཅོལ་བ་ཡིན་ནམ། སྐད་ཆ་འདི་ཅི་ལྟར་ཁོའི་ཁ་ནས་ཐོན་པ་ཡིན་ནམ། ལས་ཀྱི་རྣམ་བཞག་མི་ཤེས་མཁན་ཞིག་གིས་བོད་ཀྱི་མ་འོངས་པ་ལས་ལ་བཅོལ་བའི་བློ་ཁོག་ཅི་ལྟར་སྐྱེས་པ་ཡིན་ནམ། འདིས་ནི་དོན་ངོ་མར་ཅི་ཞིག་མཚོན་གྱི་ཡོད་དམ། སྐུ་ཞབས་བློ་བཟང་སེང་གེ་ལགས།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 33

  1. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    དྲ་འབུ་རིག་འཛིན་ལགས། འཕྱི་ཁྱོན་ནས་མི་འདུག བསམ་ཚུལ་མི་འཁོར་ནས་ཡོང་དགོས་པ་ཡོད་ན་གསུང་རྐྱང་གནོང་། ངས་ཀྱང་དགའ་བསུ་ཞུ་ངེས།

    Reply
  2. རིག་འཛིན། says:
    ལོ་ 14 སྔོན།

    བསམ་འཆར་ཅུང་ཕྱི་དྲག་འདུག་པས་དགོངས་སེལ་ཞུ།
    ཡིན་ཡང་འདི་ནས་འགོ་འཛུགས་མཁན་རྣམས་ཀྱིས་ཐོག་མར་བཀློག་ངེས་པས་འབྲི་ན་འདོད།
    འདྲེ་མགོ་རྡོ་ཡིས་བཤད་བཤད་གཏམ་གྱི་སྙིང་པོ་འདི་རེད་ཟེར་རྒྱུ་མེད་པར་མ་ཟད་རྒྱུ་མཚན་དང་ཁུངས་ལུང་གང་ཡང་མེད་པའི་སྤྲ་གཏམ་ཁོ་ནར་དུས་ཚོད་གཏོང་མཁན་ཞིག་ཡིན་ཐག་ཆོད་་་་་ང་ཚོའི་རྒྱབ་ལོག་ཏུ་ཡང་མི་ངན་འདི་འདྲ་རིགས་འགའ་ཞིག་གིས་སྟོང་བཤད་རྐྱང་རྐྱང་བྱས་ཆོལ་ཁ་དང་ཆོས་ལུགས་དཔོན་པོ་དང་བླ་ཆེན་བར་འགལ་ཟླ་མང་པོ་བཟོས་ཡོད་་་་་ད་དུང་ཡང་མི་འདི་ཚོའི་ཁ་ལ་ཉན་ན་་་་རྩོད་ཉོག་ལུང་པ་གང་བཟོ་ཐག་ཆོད་རེད་་་་དེས་ན་དྲྭ་གྲོགས་ཚོས་ངན་འདིའི་རིགས་ཀྱི་གཏམ་ངན་ལ་ཚད་མ་མི་འཛིན་ནས་་་་རང་རང་གིས་རྣམ་དཔྱོད་བེད་སྤྱོད་གནང་རོགས།

    Reply
  3. དབང་འདུས། says:
    ལོ་ 14 སྔོན།

    རྒྱུ་མཚན་ཡོད་པར་ཧང་སང་རྒྱུ་ཅི་ཡོད། རྒྱུ་མཚན་ལ་ཡག་ཉེས་མང་པོ་ཡོད་པ་སྐུ་ཞབས་ཁྱེད་རང་ལ་ཐུགས་མངའ་ཡོད་ཤག་རེད། མ་གཞི་བྱས་ན། ཁྱེད་རང་གིས་ཞེ་ཆགས་པའི་རྩོམ་འདི་ཡང་རྒྱུ་མཚན་ལྟར་སྣང་ལས་མཆེད་འདུག ཧི་ཧི།
    ཀུ་རྩེ་ཡིན་ཏ། གྲོགས་མཆོག

    Reply
  4. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    དབང་འདུས་ལགས་ཕེབས་ནས། འགོ་མ་འཚོས་པའི་མཆན་གྱིས་ངའི་རྩོམ་གྱི་ཁོར་ཡུག་ལ་བཙོག་པ་མ་བཟོ་རོགས།
    ཁྱེད་ཀྱི་ཡི་གེ་བརྒྱ་དང་ཁུག་རྟའི་ཡི་གེ་གཅིག་ལས་ངས་ཁུག་རྟའི་ཡི་གེ་གཅིག་བདམས་ངེས་ཡིན། དེ་ང་རྒྱུ་མཚན་ཡོད།

    Reply
  5. དབང་འདུས། says:
    ལོ་ 14 སྔོན།

    བཀྲིས་སྒྲོལ་མ་ལགས། དངོས་ཡོད་དང་ཉེ་ན་དངོས་ཡོད་མ་རེད། ཧ་གོ་སོང་། འཐོམ་ལས་སྒྲོལ། སྒྲོལ་མ་ལགས།

    Reply
  6. དབང་འདུས། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཀྱི་གཉིད་ཁུག་བསྡད་པའི་རྟ། ཁྱེད་རང་གིས་ཤེས་པ་ཤིག་གཞན་ལ་རྒྱུས་མི་མངའ་ཟེར་བ་དང་། དེ་ཡང་རྣམ་རིག་བཀྲ་བའི་སྲིད་སྐྱོང་བ་ཁོང་ལྟ་བུ་ཞིག་གིས་ལས་སྐོར་ཤེས་ཀྱི་མ་རེད་ཟེར་ན། ངའི་བསམ་པར་ཁུག་རྟ་ཁྱེད་རང་། དངོས་གནས་མ་རིག་རྨོངས་པའི་ང་རྒྱལ་ཆེ་གྲགས་འདུག་དྲན། ཁུག་རྟ་ལགས། གཉིད་ཁུག་མ་བསྡད་ལོ།

    Reply
  7. བཀྲ་ཤིས་སྒྲོལ་མ། says:
    ལོ་ 14 སྔོན།

    དེ་རིང་འདྲེ་མགོ་རྡོས་དངོས་ཡོད་དང་བར་ཐག་ཅུང་ཉེ་བའི་གླེང་བརྗོད་ཅིག་སྤེལ་འདུག དེ་ལ་ཡག་བྱང་ལབ་རྒྱུ་ཡིན།

    Reply
  8. samten says:
    ལོ་ 14 སྔོན།

    གལ་ཏེ་ཁྱོད་ལ་ཆུ་ཚོད་ཡོད་ན་འདིའི་ནང་དུ་ཡོད་པའི་དཔར་ལ་གཅིག་ལྟོས་དང། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་འདི་ན་འདུག
    http://www.facebook.com/profile.php?id=775080986&ref=ffa#!/media/set/?set=a.250349488320688.64901.100000369175335

    Reply
  9. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    རྒན་ཨབ་ཕྱི་དཀོན་མཆོག་དབང་འདུས་དང་འཇམ་དབྱངས་སོགས་ཕེབས་ནས་བསམ་ཚུལ་གསུངས་བ་ཐུགས་རྗེ་ཆེ།

    འཇམ་དབྱངས་ལགས་ཀྱིས་བཤད་པ་ལྟར། སྐུ་ཞབས་བློ་སེང་གི་དམ་འབུལ་གཏམ་བཤད་ཐད་ལ་དོགས་སློང་རེ་བྲིས་ཡོད་མོད། ཕྱིར་བཏོན་པ་ཡིན་ན་གནས་སྐབས་ཕན་རྒྱུ་ལས་གནོད་འཚབ་ཆེ་བ་འདྲ། རྦད་དེ་ཕྱིར་མ་བཏོན་ནའང་། དུས་ཚེ་དེ་དུས་ཀྱི་གནས་སྟངས་ཤེས་བཞིན་དུ་མི་མང་གི་ཕྱོགས་ནས་མ་ལངས་པ་འདྲ་ཞིག་འདུག གང་ལྟར། ཁོང་གིས་བྱིས་པ་མངར་མོ་བསྟན་ནས་འགུགས་རྐྱང་བྱེད་པའི་བྱ་སྤྱོད་ཁ་ཤས་དངོས་ཡོད་དང་རྦད་དེ་ལོག་ཀ་རེད་འདུག་པས། དུས་ཚོད་ཡག་པོ་བྱུང་མཚམས། ༼ སྐུ་ཞབས་བློ་སེང་གི་ཁ་ཡག་༽ཅེས་པ་དེ་འདོན་ངེས་ཡིན།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༼ ལས་ ༽འདི་དཱ། སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་༼ ལས་ ༽ཀྱི་རྣམ་བཞག་སྐོར་ལ་རྒྱུས་ཞེ་དྲག་ཨེ་ཡོད་ན།

    Reply
  11. དབང་འདུས། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོ་ཁྱེད་རང་བཀའ་བློན་གསར་པ་ཡོད་པ་ལས་འཁྲུངས་པ་དང་དེ་ཡང་རྒྱུ་ཚོགས་ཚང་བ་ལས་སྐྱེས་པ་ཞིག་ཡིན་པ་དོན་མི་ཟ། འོན་ཏེ་རྒྱུ་ཚོགས་དེའི་ངོ་བོ་ཇི་འདྲ་ཞིག་ཡིན་མིན་ལ་ངས་དཔྱད་པ་ལྷུག་ལྷུག་བྱེད་རྒྱུ་འདུག
    སྐྱོན་ཡོད་ན་བསང་དགོས་པ་དམངས་གཙོ་ཡང་དག་པའི་འགྲོ་སྟངས་དང་། སྐྱོན་མེད་པ་ལ་སྐྱོན་འདོགས་པ་ཡང་དམངས་གཙོ་ངན་པའི་སྲོལ་ངན་རེད། འདི་གཉིས་ལས་སྔ་མ་ནི། ཀུན་སློང་བཟང་པོ་དང་བཟང་ངན་འདྲེས་མ་དང་། ཕྱི་མ་ནི་འཁྲུལ་བའི་བློ་དང་། ཀུན་སློང་ངན་པ། དེ་གཉིས་འདྲེས་མ་གང་རུང་ཞིག་ལས་འབྱུང་བ་ལས་མི་འདའ།
    གྲོགས་པོ་ཁྱེད་རང། ཡཡཡཡཡ། ལྟོས་ཨ། ཨུམམམ། རེད་རེད། ངའི་བྱས་ན། ཁྱེད་རང་ངའི་བརྟག་པ་གཉིས་པའི་གསུམ་པའི་ནང་ལ་ཐེ་འདུག
    ཁྱེད་རང་གིས་ལས་ལབ་པ་དང་། བཀའ་བློན་མཆོག་གིས་ལས་གསུངས་པ་གཉིས་ལ་ཁྱད་པར་ཡོད་པའི་ཚོར་སྣང་ཁྱེད་རང་ལ་མ་སྐྱེས་པ་དེ་དྲ་གྲོགས་ང་ལ་འབྱུང་། ཨ། ཡ་མཚན་ལ་མ་བསམ་ཞིག། མི་དང་མིའི་བར་ལ་རྣམ་དཔྱོད་ལ་ཁྱད་པར་ཡོད་པ་དངོས་ཡོད་རེད།
    ཁྱེད་རང་གི་ལས་ཀྱི་གོ་བ་དེ་ཆུང་གྲགས་ཙང་། ཁྱེད་རང་ལ། འོ་ཛི་ད་ཡིན་ན་ངའི་མགོ་བོའི་སྟེང་གི་བོད་ཀྱི་གནམ་དེ་རྡིབ་འོང་ས་རེད། སྙམ་པའི་སྡུག་བསྔལ་ཚ་འབུར་འབུར་འབྱུང་བ་རེད། སྲིད་བློན་མཆོག་གིས་གསུངས་པའི་ལས་ནི་མཐོང་རྒྱུ་མེད་པའི་གློ་བུར་བའི་བྱེད་པོའི་རང་བཞིན་ཅན་གྱི་ལས་ཞིག་ལ་བསམ་རྒྱུ་དྲན་རྒྱུ་བརྗོད་རྒྱུ་ཨེ་ཡོད། ཁོང་གི་ད་ལྟའི་མི་ཚེ་བཟང་པོ་སྡུག་དཀའ་ལས་ལ་བརྟེན་ནས་འབྱུང་བ་རེད་ལ། སྲིད་བློན་གྱི་བསོད་ནམས་ཡང་རྒྱུ་རྐྱེན་གྲངས་ཚང་བསགས་པ་ལས་ཐོབ་པ་རེད།
    ཁོང་གི་ཉམས་མྱོང་དང་། ཡོན་ཏན། རྣམ་དཔྱོད་ཀྱི་རྩལ་ཕྱོགས་གང་ནས་བལྟས་ཀྱང་། ཁོང་གིས་ལས་རེད་ཞེས་པ་ནི། དཀའ་སྡུག་ཡང་ན་རྒྱུ་རྐྱེན་མ་ལུས་པ་བསགས་པའི་ལས་ལ་བརྟེན་ནས་འབྱུང་ཞེས་པ་དང་། རང་དང་བོད་མི་དམངས་ཀྱི་ད་ལྟ་དང་མ་འོངས་པའི་ལས་དབང་ཐམས་དེ་འདྲའི་ལས་ལ་རག་ལུས་ཡོད་གསུངས་པ་རེད།
    ད་དུང་ཧ་གོ་མ་སོང་མདོག་མདོག་བྱས་ནས། སྙོམས་ཆུང་ཚུལ་ལྡན་ལ་ཐུབ་ཚོད་ཀྱིས་སྐྱོན་འཚོལ་དང་། འདྲེ་ཁྱོད་སློབ་དཔོན་ངས་སྙིང་བརྩེ་བས་འདུལ་རྐྱང་ཡིན། ཧ་ཧ་ཧ། ཀུ་རེ་ཡིན་ཏ། ངས་འདྲེ་ཞིག་གི་མགོ་ལ་རྡོ་ག་པར་ཞུ་ནུས།

    Reply
  12. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 14 སྔོན།

    མགོ་རྡོ་འདྲེ་ལགས། བསམ་ཚུལ་དཔེ་ཡག་པོ་བྱུང་འདུག

    རྗེས་སུ་ཡི་རངས་དང་བཀླགས་ཟིན་པའི་བརྡ་ལན་ཙམ་དུ།

    Reply
  13. འཇམ་དབྱངས། says:
    ལོ་ 14 སྔོན།

    མ་གཞི་ནས་ཐེར་འདོན་བྱེད་པ་ནི་ཡར་རྒྱས་དང་ཚུགས་ཚུད་ཀྱི་ལམ་བུ་ཞིག་ཡིན་པས། ང་ཚོར་འདྲེ་མགོ་རྡོ་དགོས་ལ་བློ་བཟང་སེངྒེ་ཡང་དགོས་པར་མ་ཟད། ང་ཚོ་ཚང་མ་མཉམ་རུབ་ཀྱིས་བློ་བཟང་སེངྒེ་ལ་སྐྱོན་བརྗོད་ཀྱང་བྱེད་དགོས་ལ་རྒྱབ་སྐྱོར་ཡང་བྱེད་དགོས།
    བོད་རིགས་ཡིན་ནོ་ཅོག་གི་སེམས་སུ་ཡོད་པའི་རེ་བ་ཆེ་ཤོས་ནི་བོད་ལ་རང་དབང་ཐོབ་རྒྱུ་དང་༧གོང་ས་མཆོག་བོད་ལ་ཕེབས་རྒྱུ་དེ་ཡིན་པ་དང་། གལ་གནད་ཆེ་བའི་དོན་དག་དེའི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བརྗོད་ན་བོད་པ་སུ་འདྲ་ཞིག་ཡིན་ཀྱང་དགའ་བསུ་དང་རྒྱབ་སྐྱོར་བྱེད་ངེས་རེད། དེར་བརྟེན་བློ་སེང་གིས་གོ་སྐབས་དེ་དམ་དུ་བཟུང་ནས་སྤྱང་གྲུང་སྒོས་བོད་མི་རྣམས་ཆེས་དགའ་ཤོས་ཀྱི་མི་སྣ་ “ྋགོང་ས་མཆོག་བོད་ནང་ྋཞབས་སོར་འཁོད་ཐུབ་པ་ཡོང་ཆེད་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།” ཞེས་འུར་གཏམ་ཚ་བོ་ཞིག་བསྒྲགས་དང་སྒྲོག་བཞིན་པའི་མུ་ནས་རང་ཉིད་ཀྱི་སེམས་ཕུག་གི་རེ་འདུན་ཉག་གཅིག་སྟེ། བོད་ཀྱི་སྲིད་སྐྱོང་གི་གོ་གནས་དེ་རག་པ་རེད། བསམ་གཞིགས་ཇི་ལྟར་བྱས་ཀྱང་ཁོས་བྱེད་སྟངས་འདི་ནི་སྐབས་འཚོལ་རིང་ལུགས་པ་དང་། སྐད་ཆ་དེ་ནི་ཁ་སྟོང་ནང་གི་ཚིག་སྟོང་ལས་མ་འདས་པ་ཤེས་ཐུབ་སྟེ། “འབྱུང་འགྱུར་ལོ་ཉི་ཤུའི་ནང༌། བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་ནང་ནས་ཁྱད་ལས་པ་ཆིག་ཁྲི་ཐོན་ཐུབ་པའི་དམིགས་ཚད་བཟུང་རྒྱུ་དང༌། བོད་ནང་ཁྱད་ལས་པ་ཆིག་འབུམ་ཐོན་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།” ཞེས་པའི་སྐད་ཆ་འདི་ནི་བོད་རིགས་གཞོན་སྐྱེས་རྣམས་རང་ཕྱོགས་སུ་འགུག་པའི་ལག་ཆ་ཞིག་ལས་མ་འདས་ཏེ། “ངས་ལོ་བཅུ་དྲུག་ཙམ་རིང་ཧར་ཝཊ་གཙུག་ལག་སློབ་ཁང་དུ་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་ཁ་ཤས་དང་མཉམ་དུ་འབྲེལ་བ་བྱེད་མྱོང་།” ཞེས་བཤད་པ་ལྟར། ལོ་དེ་འདྲའི་མང་པོ་ཞིག་ལ་མིང་ཆེན་པོ་དེའི་འོག་ནས་རྒྱ་རིགས་སློབ་ཕྲུག་བརྒྱ་ཕྲག་རེ་ཟུང་ལས་འབྲེལ་བ་བྱེད་ཐུབ་མེད་པའི་མི་ཞིག་གིས། བོད་ནང་ལ་འབྲེལ་ལམ་བཙུགས་ཏེ་ཁྱད་ལས་པ་ཆིག་འབུམ་ཐོན་ཐུབ་པའི་སྲིད་ཇུས་ཇི་ལྟར་ལག་བསྟར་བྱེད་རྒྱུ་ཡིན། འདི་ནི་སྐབས་འཚོལ་རིང་ལུགས་པས་བོད་ནང་གི་མི་རྣམས་རང་ཕྱོགས་སུ་འགུག་ཐབས་ཀྱི་གཡོ་གཏམ་ཙམ་ལས་མ་འདས་པ་མཐོང་ཐུབ། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པའི་ནང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་རྒྱ་ནག་གིས་བོད་མིའི་ཚེ་སྲོག་འཕྲོག་པའི་རིན་ཐང་ལྟ་ཅི། ཐ་ན་དགོན་པ་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་གཏོར་བཅོམ་འཕྲོག་འཁྱེར་བྱས་པའི་རིན་ཐང་ཡང་གཞལ་མི་ཐུབ་ཅེས་དཔའ་ངར་ཞུམ་མེད་ཀྱིས་རིན་ཐང་མེད་པར་བསྒྲགས་ཡོད་ཀྱང་། སྲིད་སྐྱོང་གསར་པས་ “བོད་ས་ཡོངས་རྫོགས་དམག་གིས་མཐའ་བསྐོར་ཏེ། ཨ་སྒོར་ས་ཡ་མང་པོའི་རིན་ཐང་ལྡན་པའི་ཤིང་ནགས་དང༌། གསེར་ཟངས་ཀྱི་གཏེར་ཁ་རྣམས་གང་བྱུང་སྔོག་འདོན་བྱེད་འགོ་ཚུགས་པ་རེད།” ཞེས་རྒྱ་དམར་གྱིས་ད་བར་རྐུ་འཕྲོག་བཅོམ་གསུམ་གྱིས་འཁྱེར་བའི་བོད་ཀྱི་རིན་ཆེན་གཏེར་དངོས་རྣམས་ཨ་སྒོར་ས་ཡ་ཁ་ཤས་ལ་བརྗེ་འདུག་པ་ནི། བོད་ཀྱི་བང་མཛོད་རྣམས་དང་དཔེ་མཛོད་ཁག དགོན་སྡེ་ཁག་གི་གནའ་དངོས་རིག་རྫས་དང་། རིན་ཆེན་སྣ་ཚོགས་རྣམས་ལ་འཛིན་པའི་རིན་ཐང་ཧ་ཅང་དམའ་དྲགས་པར་མ་ཟད། དེ་ལས་ཀྱང་ཆེས་ཚབས་ཆེ་བའི་གཏམ་འཆལ་ཞིག་ནི་ “མེ་འཁོར་ལྕགས་ལམ་བཟོས་པའི་དབང་གིས་བོད་ཀྱི་གཏེར་ཁ་བསྔོག་འདོན་བྱེད་ཤུགས་ཆེ་རུ་སོང་བ་དང༌། བོད་ནང་རྒྱ་རིགས་མི་འབོར་སྤོ་ཞུགས་ཆེ་རུ་ཕྱིན་པར་བརྟེན། བོད་མིའི་རིག་གཞུང་དང་ངོ་བོ་ཉམས་རྒུད་འགྲོ་བཞིན་ཡོད།” ཅེས་སྤྱི་ལོ་ ༢༠༠༡ ནས་ ༢༠༠༦ བར་གྱི་མདོ་སྨད་ན་གོར་མོ་ནས་ལྷ་སའི་བར་བཟོས་པའི་ལྕགས་ལམ་དེ་རྒྱ་དམར་གྱིས་བོད་ལ་བཟོས་པའི་ལྕགས་ལམ་དུ་ངོས་འཛིན་འདུག་པ་ནི་ཅི་འདྲའི་ཐབས་སྐྱོ་བོ་ཞིག་མ་རེད་དམ། སྲིད་སྐྱོང་གསར་པ་མཐོང་རྒྱ་ཆེ་དྲགས་ནས་“བོད་”ཅེས་པ་རྒྱ་དམར་གྱིས་འདོད་པའི་རང་སྐྱོང་ལྗོངས་ཙམ་མམ་རྒྱ་དམར་གྱིས་བསྒྲགས་པའི་རང་སྐྱོང་ལྗོངས་དང་ཁོ་པའི་ཕ་ཡུལ་ཙམ་དུ་གཟིགས་འདུག སྲིད་སྐྱོང་གསར་པའི་སྐད་ཆ་བཤད་སྟངས་དེ་ནི་དེ་སྔའི་བོད་སྡེ་པ་གཞུང་གི་སྐུ་དྲག་ཚོའི་དྲོད་མ་ཡལ་བའི་བཙན་བྱོལ་གཞུང་གི་མི་དྲག་ཏུ་བཏགས་པའི་རྐུན་ཆུང་རྣམས་ཀྱི་སྐད་ཆ་བཤད་སྟངས་ལས་མ་འདས་པས། ཕྱིས་སུ་གང་ཅིར་ཡིད་གཟབ་བྱེད་དགོས་པ་ནི་ལོ་རྒྱུས་ཀྱི་དགོས་འདུན་ཡིན།

    Reply
  14. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    བཀུར་འོས་དོ་སྣང་ཅན་དག་དང་། ལྷག་པར་འདི་འདྲའི་སྐོར་ལ་ཚོར་བ་རྣོ་བའི་མདུན་རྒྱབ་བར་བཞུགས་རྣམ་པ་ཚོས་ངའི་རྩོམ་འཆལ་དག་ལ་མཆན་འདེབས་དུས། ངའི་རྩོམ་འཆལ་དག་གི་སྙིང་དོན་བཟུང་ནས་མཆན་བཏབས་མེད་པའམ། མགོ་ཁ་དང་ལག་པ་རྐུབ་བྱས་ཏེ་ཡི་གེ་འབྲི་བ། ཡང་ན་གང་ཟག་རང་གི་དོགས་པ་རྒྱ་ཡན་པའི་སྣང་བརྙན་བྲིས་པ་སོགས་བྱུང་ཚེ། ངས་དེ་དག་ལ་ཡ་ལན་ཡི་གེ་ན་གཅིག་ཀྱང་གཏོང་གི་མིན། འདྲེ་མགོ་རྡོ་དང་མཉམ་ཏུ་བགྲོ་གླེང་བྱེད་པའམ། འདྲེ་མགོ་རྡོར་དག་ཐེར་བྱེད་ཀྱི་ཡོད་ན། གང་བརྗོད་བཞིན་པའི་དཀྱིལ་སྙིང་མ་གཡུག་པར་གླེང་སློང་བྱེད་རོགས། དེ་མིན་ང་འདྲེ་མགོ་རྡོས་ཁྱེད་ཀྱིས་དཀའ་ལས་རྒྱབ་རྒྱབ་ནས་བྲིས་པ་དག་རང་དགར་གཡུག་བཞག་པ་ཡིན་ན། སྐུ་ཉིད་ངོ་ཚ་བའམ་ཡང་ན་ཕྲན་ལ་གུས་ལུགས་མི་འདུག་བསམ་སྲིད་པས། དེ་ཡག་པོ་མི་འདུག་གཱ།

    Reply
  15. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    རྣམ་པ་ཚོས་ངའི་རྩོམ་འཆལ་དག་ལ་མཆན་འདེབས་དུས། ངའི་རྩོམ་འཆལ་དག་གི་སྙིང་དོན་བཟུང་ནས་མཆན་བཏབས་མེད་པའམ། མགོ་ཁ་དང་ལག་པ་རྐུབ་བྱས་ཏེ་ཡི་གེ་འབྲི་བ། ཡང་ན་གང་ཟག་རང་གི་དོགས་པ་རྒྱ་ཡན་པའི་སྣང་བརྙན་བྲིས་པ་སོགས་བྱུང་ཚེ། ངས་དེ་དག་ལ་ཡ་ལན་ཡི་གེ་ན་གཅིག་ཀྱང་གཏོང་གི་མིན། འདྲེ་མགོ་རྡོ་དང་མཉམ་ཏུ་བགྲོ་གླེང་བྱེད་པའམ། འདྲེ་མགོ་རྡོར་དག་ཐེར་བྱེད་ཀྱི་ཡོད་ན། གང་བརྗོད་བཞིན་པའི་དཀྱིལ་སྙིང་མ་གཡུག་པར་གླེང་སློང་བྱེད་རོགས། དེ་མིན་ང་འདྲེ་མགོ་རྡོས་ཁྱེད་ཀྱིས་དཀའ་ལས་རྒྱབ་རྒྱབ་ནས་བྲིས་པ་དག་རང་དགར་གཡུག་བཞག་པ་ཡིན་ན། ངོ་མ་ཚའམ་ཡང་ན་གུས་ལུགས་མི་འདུག་མ་བསམས་རོགས།

    Reply
  16. ནགས་མེ། says:
    ལོ་ 14 སྔོན།

    འདྲེ་འདི་ཏན་ཏན་ཅིག་འགྲིག་མེད། བསམ་བློ་ལོག་པ་རྐྱང་རྐྱང་རེད།

    Reply
  17. གླག་སྨྱོན། says:
    ལོ་ 14 སྔོན།

    བོད་ཡིག་སྐྱོ་བོ་ཟེར་ན་བདེན་པ་རེད། ཡིན་ཡང་ང་ཚོའི་སྤྱི་ཚོགས་སུ་བོད་པ་བརྒྱ་ཆ་དགུ་ཅུ་ཡིག་རྨོངས་པ་ཡིན་པ་མ་ཟད། མི་ལོ་ཉི་ཤུ་ནས་སུམ་ཅུའི་བར་དུ་བོད་ཡིག་ལ་བརྟེན་དགོས་པའི་གཞུང་འབའ་ཞིག་ཉིིན་མཚན་བར་མེད་དུ་སྦྱོང་མཁན་གྲྭ་བའི་སྤྱི་ཚོགས་སུ་ཡང་གོང་གི་་བརྒྱ་ཆ་དེས་ཟིན་ཡོད་པས། དེ་བློ་སེང་གཅིག་པུའི་སྐྱོན་རྩིས་ན་དྲང་བདེན་མིན་པའི་སྐད་ཆ་ཞིག་རེད། གང་ལྟར་ཁྱོད་ལ་དོན་གནད་ཡོད་པའི་སྐྱོན་བརྗོད་ཞིག་ཡེ་ནས་མེད་པས་ཕྱིན་ཆད་གནས་ལུགས་དྲང་བརྗོད་ཀྱི་སྐད་ཆ་རེ་བཤད་པ་ཅིས་ཀྱང་གཟབ་རེམ།

    Reply
  18. གནས་ཚང་། says:
    ལོ་ 14 སྔོན།

    དེ་མིན་བློ་སེང་ལ་ཅི་ཁག ༼ལས༽ཞེས་པ་དེ་བོད་ཀྱི་རིག་གཞུང་གི་སྙིང་པོ་རེད། སྙིང་པོ་མ་འཇུས་ཚེ་ཅི་ཞིག་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་དམ། ༼ལས༽བསྙོན་འབྱིན་བྱས་པའི་ཕྱི་ཉིན། བློ་སེང་ལགས་དེང་རབས་ཀྱི་འུ་དམ་བཙན་པོ་ཆགས་ཡོད་པས། ཡང་དེང་རབས་ཀྱི་ལྷ་ལུང་དཔལ་རྡོར་ཞིག་ཡོང་ནས་གསོད་ཀྱི་མ་རེད་དམ།

    Reply
  19. གནས་ཚང་། says:
    ལོ་ 14 སྔོན།

    ཨ་རོགས་ཨ་མདོ་མགོ་རྡོ། ཁྱོད་དངོས་གནས་སྤྱི་དོན་ལས་སྒེར་དོན་མི་བསམ་མཁན་ཞིག་ཡིན་ན། འདི་ལྟར་སྐྱོན་བརྗོད་གནང་བ་ལས་བཙན་བྱོལ་ནང་དུ་དེང་སྐབས་ཁྱད་མཚར་མང་པོ་བྱུང་བཞིན་པའི་ཐད་ནས་བཀའ་ཁྲི་གསར་བར་འབོད་བསྐུལ་གྱིས་གཏིང་ཐག་ཆོད་པ་ཞིག་གནང་རན་མེད་དམ། དཔེར་ན། སྐྲ་བྲེགས་སྣ་བཅད་དམར་ཧྲེང་དུ་བཙན་ཁྲིད་ཀྱིས་ཁྲོམ་བསྐོར་བྱས་པའི་དོན་རྐྱེན། སུ་ཇ་སློབ་གྲྭ་ནས་རྒན་བདག་གིས་སློབ་ཕྲུག་ཅིག་བསད་པའི་དོན་རྐྱེན། མ་སུ་རི་སློབ་གྲྭ་ནས་སློབ་ཕྲུག་བུ་མོ་ཞིག་རྡུང་ནས་སྨྱོས་ཟིན་པའི་དོན་རྐྱེན། འདི་དག་འདྲེ་ཞིག་ཡིན་རུང་སྙིང་ན་དགོས་པའི་དོན་རྐྱེན་མ་རེད་དམ།

    Reply
  20. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    བཙུན་པ་ཟམ་གདོང་ཚང་གི་ཁྲི་རབས་གཉིས་ཀྱི་ལས་དུས་དང་བསྡུར་ན། སྲིད་སྐྱོང་པ་སྐུ་ཞབས་བློ་སེང་གི་དུས་ཚོད་འདིར་ང་ཚོ་མང་གཙོ་དང་དེར་ཞུགས་ཐུབ་ཀྱི་མཐུན་རྐྱེན། ཞུགས་ཕྱོགས་སོགས་གང་ས་ཅི་ཐད་ནས་ཡར་རྒྱས་ཕྱིན་ཡོད་པས། མ་འཕྱི་མ་སྔ་བའི་སྒོ་ནས་ཆིག་སྒྲིལ་དང་ཐེར་འདོན་ཟུང་འབྲེལ་གྱིས་འགྲོ་ཐུབ་ན། ཕ་རོལ་རྒྱ་ལ་གང་མགྱོགས་གས་ག་ཤོར་བ་མི་མཐོང་ཡང་། ང་ཚོ་ནང་ཁུལ་གྱི་རྩ་དོན་འཐབ་རྩོད་ཀྱི་ཤེས་བྱའི་ནང་ཁོག་རབ་ཏུ་ཀུན་ཏུ་ལྕི་ནས་ལྕི་རུ་འགྲོ་རྒྱུ་ནི་སྨྲ་མི་དགོས་པའི་གནད་དོན་ཞིག་རེད།

    གཉིས་ནས་ང་འདྲེ་མགོ་རྡོ་འདི། སྐུ་ཞབས་བློ་སེང་ཡོད་པ་ལས་སྐྱེས་པ་རེད་ཅེས་ནའང་ཐལ་ཆ་མེད་ལ། ཁོང་གིས་རྗེས་འདེད་གཏོང་རྒྱུ་འདི་ངའི་རང་ལ་བཀལ་བའི་ལས་དང་རང་གིས་བཞག་པའི་དམ་བཅའ་ཡིན།

    དེས་ཕྱིས། རེ་འགའི་ཐུགས་ལ་ཕོགས་རྒྱུ་ཡོང་སྲིད་པས། ཁྱེད་ཅག་གིས་ཀྱང་བསམ་ཤེས་གུ་ཡངས་དང་། ཡང་ན་ཡིག་ཐོག་རང་ནས་འདྲེ་མགོ་རྡོས་གང་བཤད་རྣམས་ཡངས་མོ་བལ་ལ་བསྒྱུར་ན་ངས་དེ་ལ་མི་གུས་གང་ལ་གུས། ང་ཚོས་ཆ་འཕྲིན་དུས་རབས་ནང་རྩ་དོན་དཀྱིལ་སྙིང་དུ་བཞག་ནས་གནད་དོན་ཆེ་ཕྲ་ཚང་མར་བགྲོ་གླེང་བྱེད་ཡ།

    Reply
  21. གནས་ཚང་། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བ་བློ་བཟང་སེངྒེ་མཆོག་ཁྲི་ལ་བཞུགས་མ་ཐག་ཏུ་སྐྱོན་བརྗོད་བྱེད་རྒྱུ་དེ་སྔ་དྲག་པ་རེད། སྲིད་དོན་མཁས་དབང་ཟམ་གདོང་བླ་མས་ཐ་ན་གཞུང་གི་མིང་བྱང་ཡང་ཤུལ་དུ་བསྐྱུར་མེད་པས། ད་ག་རེ་ལས་དགོས་པ་རེད་དམ། སྔར་ཟམ་གདོང་བླ་མས་གསུངས་པ་བཞིན་གངས་སྐྱིད་ནི་མོ་ཊ་ཀོབ་ཏོ་ཞིག་ཡིན་ཚེ། ད་ལྟ་མོ་ཊ་མ་ཡིན་པར་འདྲུད་འཐེན་འཕྲུལ་འཁོར་སྣུམ་མེད་ཅིག་ཆགས་ཡོད་སྟབས། ཚང་མས་བསམ་བློ་བཏང་ནས་སྔ་རྗེས་ཁྱབ་མཉམ་གྱིས་གནས་ཚུལ་དབྱེ་ཞིབ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་མ་ཡིན་ནམ།

    Reply
  22. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    འདྲེ་མགོ་རྡོ་ལགས་དང་རྗེས་འབྲང་པ་དག་ལ་ཞུ་རྒྱུར།
    ༸་གོང་ས་མཆོག་གིས་བཀའ་ཁྲི་གསར་པའི་མཛད་སྒོ་ཐོག་གསུངས་དོན།
    རྒྱུ་མཚན་ལྡན་པ་དང་དྲང་བདེན་གྱི་རྐྱོན་བརྗོད་ཡིན་ན་མ་གཏོགས་དེ་མིན་གང་བྱུང་བཤད་ན་ཡག་པོ་མེད་ཅེས་སྙན་དབྱངས་གསུང་གི་བདུད་རྩི་ལས་བསྐྲུན་པའི་གདམས་ངག་ཟབ་མོ་དེ་ལ་བསམ་བློ་གཏོང་མི་དགོས་པ་དང་གསུང་དེར་སྙིང་པོ་མེད་པ་ཞིག་ཨེ་ཡིན་སྙམ།
    བཀའ་ཁྲི་གསར་པས་ཕྱག་ལས་མ་གནང་སྔོན་ནས་ཁྱེད་རྣམས་ནས་རྐྱོན་བརྗོད་དེ་
    དག་བྱས་པ་ནི་དགོས་པ་དང་རྒྱུ་མཚན་གང་མེད་པའི་རང་མཚང་འབའ་ཞིག་ལས་
    མ་འདས།་ཁྱེད་རྣམས་ལ་མིའི་རྣམ་བཤད་དང་བསམ་བློ་རེ་ཡོད་ན་ཕྱི་ནང་ཤེས་པའི་
    ཐོག་ནས་སྐད་ཆ་ཤོད་དགོས་པ་ནི་བོད་ཀྱི་རྩ་དོན་རེད་ལ་འགྲོ་བ་མིའི་ལུགས་སྲོལ་དེ་བས་ཡིན།
    རང་གི་མི་རིགས་དང་རང་གི་དཔོན་རིགས་རང་གི་ཚོགས་པ་སོགས་ལ་རང་ངོས་
    ནས་རིན་ཐང་རྒྱབ་དགོས་པ་ལས་དགྲ་དགའ་གཉེན་སྡུག་གི་གཏམ་འཆལ་ཁོ་ན་
    བཤད་ནས་དགེ་མཚན་གང་ཡང་མེད་པ་ཤེས་
    དགོས་སོ།ཕྱོགས་རིགས་སྡང་སེམས་ཁོ་ན་ལ་བརྟེན་ནས་བྱུང་བའི་ཁྱེད་རྣམས་ཀྱི་སྙིང་ནད་རྣམས་གསོ་བའི་སྨན་གཏན་ནས་མེད་པ་གང་ནས་ཡིན།་
    བཀའ་ཟུར་བཀྲ་ས་མཐོང་ལ་ཕམ་ཁ་བྱུང་བའི་སྙིང་ནད་རྣམས་རོ་ལངས་རྒྱབ་པ་ནི་
    བོད་ཀྱི་རྩ་དོན་ལ་ཕན་ཐོག་མེད་ལ་བསམ་ཤེས་ཅན་ཞིག་ཡིན་ན་འཛམ་གླིང་སྤྱིའི་ལུགས་སྲོལ་དང་འགལ་བའི་བྱ་སྤྱོད་ཁོ་ན་རེད་མོད་།ཁྱེད་རྣམས་ནས་ད་དུང་མི་ཤེས་ཨེ་ཡིན།

    Reply
  23. ཆོས་བཟང་། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོས་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།

    Reply
  24. ཆོས་བཟང་། says:
    ལོ་ 14 སྔོན།

    ང་ཚོ་སྲིད་སྐྱོང་བ་མཁས་དབང་བློ་བཟང་སེང་གེ་མཆོག་ནི་ཁྲིམས་ལུགས་ལ་ཆེད་མཁས་ཡིན་པ་ཡོངས་བསྒྲགས་བྱས་ཡོད་ལ། ཁོང་མི་ཚང་སྐྱོ་བོའི་ཁྱིམ་གྱི་དཀའ་ངལ་ནང་ནས་འཚར་ལོང་བྱུང་བར་བརྟེན་ཉམ་ཐག་ལ་བདག་སྐྱོང་གནང་རྒྱུ་ཡིན་པ་ཁོང་གིས་ཡང་ཡང་ཁྱབ་བསྒྲགས་བྱས་ཡོད། དེ་དག་ངོ་མ་ཡིན་ན་ཁོང་གིས་ཕྱག་ལས་མགོ་མ་དེ་ནི་ཉེ་སྔོན་བསྟན་འཛིན་སྒང་གཞིས་ཆགས་ནང་ཉམ་ཆུང་བུ་མོ་ཞིག་ལ་མི་ཁག་གཅིག་གིས་གཅར་རྡུང་ཚད་མེད་བཏང་འདུག་ཟེར་བ་དེའི་གྱོད་དོན་བློ་སེང་གིས་ཐུགས་ཐོག་ནས་བདག་པོ་རྒྱག་མིན་ལ་ང་ཚོས་ལྟ་དགོས་པ་རེད། རྒྱུ་མཚན་ནི་ཉམ་ཐག་གི་གནས་ཁོང་གིས་མཁྱེན་བཞིན་པ་དང་། ཁྲིམས་ལུགས་མཁས་པ་ཡིན་པར་མ་ཟད་འགན་དབང་སོགས་ཀྱི་ཆ་ནས་རེད།

    Reply
  25. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ལས་བཅོལ་བྱེད་རྒྱུ་བོད་པ་སྤྱིའི་རེ་བ་གཏད་ས་རེད་་་་ཁྱེད་ཚོས་ལྟོས་དང་མགོ་མཇུག་བར་གསུམ་ཚང་མས་ལས་ལ་བཅོས་ནས་བསྡད་ཡོད་པ་རེད་་་་

    Reply
  26. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    དང་པོ་ནས་བསམ་གཞིགས་བྱ་་རྒྱུ་དེ་དོན་པོའི་ནང་གི་དོན་པོ་ཡིན། ད་ནི་བཤད་ཀྱང་ཁྱི་ཟུག་འདྲ། འགྱོད་ཀྱང་ཕྱིས་ཚར་འདུག སླར་ཡང་བསྐལ་བ་སྔ་མར་ཕྱིར་བཤོལ་བྱས་ནས་ལས་ལ་སྒུག་རྒྱུ་རེད།

    Reply
  27. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    བློ་ཕྱོགས་སུ་མ་ལྷུང་བའི་ཤེས་ལྡན་གངས་ཅན་པའི་དྲྭ་གྲོགས་ཚོ། སྐུ་ཞབས་འདྲེ་འབུ་མགོ་རྡོ་བོད་ཀྱི་འབུམ་རམ་པ་འདིའི་གཙོས་པའི་མཆན་འདེབས་གནང་བ་འདི་ཚོའིབསམ་ཚུལ་མཐོང་དུས། སྤྱི་ཚོགས་ཆུང་ངུ་འདི་གི་ནང་དུ་སྐྱོན་བརྗོད་ཡོད་ཚད་སློང་ཐུབ་མཁན་དང་སློང་ཤེས་ཉན། དེ་ནང་ནས་ད་ལྟའི་བཀའ་ཁྲི་གསར་རྙིང་ཐད་གློ་རྒྱག་པ་ཚུན་ཆད་ས་ལེར་མཁྱེན་ཐུབ་མཁན་དང་། གནས་ཚུལ་ངོ་མ་འཁོ་སྤྲོད་བྱེད་ཐུབ་ཉན་གྱི་ལྕེ་རྩེ་རྣོན་པོ་ཞིག་དང་འཇོན་ཐང་ཆེན་པོ་ཞིག་འདུག་པར་གཟིགས་ཀྱི་ཡོད་དམ། བསམ་ཚུལ་འདོན་པ་པོའི་ངོས་ནས་རྒྱུད་བསྒྲག་པུས་དག་པོ་ཞིག་བྱུང་ཡོད་བསམ་པའི་སྤོབས་པ་དང་ཡི་རང་ངང་རྒྱུད་བསྐུལ་བྱེད་ཐུབ་ཡོད་བསམ་གྱི་འདུག་གམ། མ་རེད། གུས་པའི་བསམ་ཚོད་ལ། འདི་ནི། རང་མཐོང་ཅན་དེ་སྐྱོན་བརྗོད་མཁས་ཟེར་བ་ལྟར།
    རང་གི་བྱ་བྱེད་ལ་མིག་ལྟོས་དང་ས་ཆ་གར་ཡོད་ཀྱང་མི་ཤེས་བཞིན། འདི་འདྲའི་བསམ་ཚུལ་དང་གནས་ཚུལ་ཅུང་ཙམ་བྲི་ཤེས་ཚད་ཐམས་ཅད་མཁོ་གཏོང་དང་སྐྱོན་འདྲུ་ཚོད་མེད་པར་མང་པོ་བྱེད་ཆེ་ན་གཞིས་བྱེས་བོད་མི་ཡོངས་ལ་ཕྱོགས་ཅིག་ནས་མི་ཕན་ཁར། མི་ཚང་མའི་སེམས་རྒྱུད་ལ་མ་འོང་པའི་རེ་བ་དང་། སྲིད་སྐྱོང་གཞུང་གི་ཕྱག་ལས་ཀུན་ལ་མཐོང་དགག་པ་མ་ཚད། ཕྱི་ནས་རྒྱ་མི་དམར་པོས་སྐྱོན་གཏོད་ཅི་ཐུབ་བྱས། ནང་དུ་བོད་མི་རྣམས་ཀྱི་སྐྱོན་གཏོན་ཅི་ཐུབ་བྱས་ན། མི་རིགས་འདི་གཞན་པའི་རྒྱལ་ཁབ་ཀྱི་མི་རིགས་ཤིག་དང་མི་འདྲ་བའི་རྒྱུ་མཚན་གྱིས་ཕྱག་ལས་གནང་བ་པོ་རྣམས་ལ་ལྷག་བསམ་རྣམ་དག་གི་ཆོད་སེམས་དང་འཆར་གཞི་ཞིག་ཡོད་ན་ཡང་། སེམས་ནང་ལ་འདི་ཚོའི་རིགས་གོ་ཐོས་ཡོང་དུས། ལས་ཀ་དེ་བྱེད་ཉན་མི་སྤྲོ་བ་དང་བྱེད་མི་ཕོད་པ། མི་ཐུབ་པ། བྱེད་མི་བསམ་པ། བྱེད་པ་ཁྲལ་སོད་དང་
    སྒྱིད་ལུག་པ་སོགས་མི་འབྱུང་བའི་ངེས་པ་ཞིག་མི་འདུག་སྙམས། རྒྱལ་ཕྱི་ནང་ག་བ་ལ་སྐྱེས་པའི་མི་ཡིན་ན་བོད་མི་ཞིག་གི་ཁྲག་རུས་ནི་རྒྱུད་དེ་ཉིད་ལ་གནས་ཡོད་པ་ཡིན་པ་མཁྱེན་གསལ་རེད།
    དེ་འདྲ་མ་རེད། འདི་འདྲའི་གནས་ཚུལ་འཁོ་གཏོང་བྱེད་པ་ཡིན་ན་ཕྱག་ལས་གནང་བ་པོས་ཡང་བསྐྱར་ཕྱག་ལས་དེ་ལ་རིག་པ་བསྒྲིམ་ནས་འབྱུང་འགྱུར་གྱི་ཕྱག་ལས་ལ་དོགས་སེལ་དང་དོན་གནད་ཚང་མ། གོ་བར་འགྱུར་བའི་དགོས་པ་ཡོད་རེད་ཞེ་ན། དེ་འདྲ་ཡིན་ན་རྒྱུད་བསྒྲག་བྱེད་ལུགས་དང་སྐད་ཆ་བཤད་སྟང་སོགས་ལ་ཚུལ་ལྡན་མ་ཡིན་པར།
    ཡི་མ་རང་བ་དང་། མ་འདོད་པའི་རྣམ་འགྱུར། ལེ་ཁའི་ཟུར་ཟ་འདི་ཚོ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ?
    མདོར་ན་མ་འོངས་པའི་བོད་ཀྱི་བདེན་མཐའ་འདི་ལ་བོད་མི་མགོ་ནག་ཡོངས་རྫོགས་ཀྱིས་ཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་ཞིག་ལས་སྲིད་སྐྱོང་ཁོ་ན་དང་ལས་བྱེད་ཁོ་ནའི་དོན་དག་ཞིག་མིན་ཙང་།

    མཛུ་གུ་ལྔ་བཅང་། སེན་མོ་དྲུག་འདུས་ཤིག་བྱེད་དགོས་པ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་ཞིག་མིན་ནམ?
    དེ་ལྟར་མ་ཡིན་པར། ར་རུ་རྣམས་དབྱེ་བྱས། ལུག་རུ་རྣམས་སྒུར་བྱས་ན། བོད་མི་རིགས་འདིའི་བདེན་མཐའ་དེ་ཇི་འདྲ་བྱེད་ནས་སེལ་ཐུབ་དགོས་སམ?

    ཆིག་བསྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་སོགས་ག་འདྲ་ཞིག་བྱེད་ན་ཡང་། དུམ་གཅིག་གི་ཞོག་འདེགས་གང་ཐུབ་ཅི་ཐུབ་བྱས། དུམ་ཅིག་གི་གཡས་ངོས་ནས་སྐྱོན་བརྗོད་དང་ལེན་བལྟ་བྱེད་བསྡད་ན་མཐའ་འབྲས་དེ་ཇི་འདྲ་ཞིག་འབྱུང་གི་ཡོད་དམ?

    ཉེ་ཆར་བཀའ་ཁྲི་ཁྲི་འདོན་སྐབས་ཀྱི་རྣམ་རྟོག་སླང་བ་དེས་གཞིས་བྱེས་བོད་མི་ཡོངས་ལ་སེམས་གཏིང་ན་མི་དགའ་བའི་རྒྱུད་བསྐུལ་ནག་ཐིང་ཐིང་ཞིག་ཁྱོད་རང་ཡིད་ཚིམ་པོ་མཛོད་དང་ཐུབ་འདུག དུས་བབ་གནས་ཚུལ་འཁོ་གཏོང་བའི་ལས་བྱེད་ཚོ་ངོས་ནས་མཆན་རྣམས་ལ་ཞིབ་གཤེར་ཚག་ཚུད་པོ་ཞིག་མ་གནང་ན། ང་དང་ང་ལྟ་བུའི་མི་འཁྱར་འདི་ཚོས། དོན་མེད་པའི་དོག་སློང་དང་དཀྲུག་གཏམ་འདིས་ཉོག་གྲྭ་ཆེན་པོ་ཞིག་སློང་པའི་ཅོང་བརྡ་ཞིག་ཀྱང་མིན་ནམ་སྙམས་པའི་ཉན་ཁ་ཆེན་པོར་མཐོང་གི་འདུག དྲྭ་བ་འདི་བོད་མི་གཞིས་བྱེས་ཡོངས་ཀྱི་སྤྱི་ཚོགས་ཞབས་ཞུ་ཁྱབ་ཆེན་པོ་ཞིག་ཡིན་པ་དང་གནད་འགགས་ཆེན་པོ་ཞིག་ཡིན་ཙང་གུས་པའི་གཏམ་བསྐུལ་འདི་ལ་གནས་ལུགས་མེད་པ་མ་དགོང་རོག་ཞུ་གི་ཡོད།།།།།།།།།

    Reply
  28. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    དྲ་གྲོགས་གསུམ་ཕེབས་འདུག་པས་དགའ་ཡོད། འོན་ཀྱང་གནད་དོན་འདིའི་རིགས་ལ་ང་ཚོས་སྐྱོན་བརྗོད་བྱེད་ཤེས་པ་བྱེད་རྒྱུ་ལས། གང་དྲན་བྱུང་རྒྱལ་དུ་ཡི་གེར་བྲིས་ན་འགྲིག་གི་མ་རེད། ང་ཚོས་ཁོང་གི་རྐུབ་དུ་ཁྱི་བཞིན་འདེད་ཐུབ་ན། ད་གཟོད་ཁོང་གཟབ་ནན་ཏན་ཏན་ཏིག་ཏིག་མི་གནང་རང་གནང་ཆགས་ཀྱི་རེད།

    དཔེར་ན་ཁ་སང་གི་དམ་འབུལ་དུས་ཚེས་ལྟ་བུ་རེད། ཁོང་གིས་འགྲེལ་བཤད་མི་རྒྱགས་རང་རྒྱགས་ཆགས་ཡོད་པ་རེད།

    གཞན་རྦད་དེ་སྤངས་དགོས་པ་ཞིག་ནི་སྒེར་འཁོན་དང་སྐུར་འདེབས་རིགས་ཡིན། དེ་དག་ངའི་རྩོམ་ཡིག་གི་ཁོར་ཡུག་ཏུ་ཁྱེར་ཡོང་ན་ངས་དགའ་བསུ་མི་ཞུ།

    Reply
  29. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    བློ་སེང་ལ་ད་ལྟ་ནས་རེ་བ་མེད་པར་བཤད་ན་སྔ་དྲག་པ་རེད། ཉུང་མཐའ་ཡང་ལོ་གཉིས་གསུམ་ཞིག་ལ་བལྟ་དགོས་རྒྱུ་རེད་སྙམ།

    Reply
  30. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    སྐུ་ཞབས་བློ་སེང་གིས་དམ་འབུལ་ཞུས་རྗེས་ཀྱི་བཅར་འདྲི་དེར་གཟིགས་འདོད་ཡོད་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་གནས་སུ་བཀོད་འདུག

    Reply
  31. ཁ་བའི་བུ། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོར་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད།

    ཁྱེད་ཀྱིས་བསམ་ཚུལ་ཆ་ཚང་ཀློག་པ་ཡིན། དེ་ནི་ངའི་བསམ་ཚུལ་དང་ཡང་ཡོངས་སུ་མཐུན་སོང་ལགས། དེ་ཙམ་མ་ཟད། ངའི་ཉེ་འཁོར་བ་རྣམས་ཀྱིས་ཀྱང་དེ་བཞིན་གླེང་སློང་བྱེད་བཞིན་འདུག གང་ལྟར་མཛད་སྒོའི་ཉིན་དེ་ངས་ཀྱང་བལྟས་པ་ཡིན་སྲིད་སྐྱོང་གསར་པས་བོད་ཡིག་ཀློག་སྐབས་ཚིག་འབྲེལ་དཀའ་བ་མ་ཟད། མགོ་བོ་མཐུར་དུ་གུག་བཞིན་ཅི་ཞིག་མྱ་ངན་བྱེད་པའི་ཚུལ་དུ་འདུག་པ་ཡང་བདེན་པ་རེད། སྐབས་དེར་ངས་ཀྱང་མཆན་ཞིག་བྲིས་ཡོད།དེ་ནི་ཉེ་སྔོན་འདྲེ་མགོ་རྡོས་གསུངས་པ་ལྟར་བོད་ཀྱི་རིག་གཞུང་། སེམས་ཁམས་ནི་ཀླད་གོར་ཡིན་པའི་དཔང་རྟགས་གསལ་བཏོན་བྱས་པ་རེད་ལ་ཁྱེད་ཀྱིས་བཤད་པར་བདེན་ཁ་འཐོབ་པ་རེད། ད་དུང་ཁོང་གིས་མ་འོངས་པའི་སྲིང་སྐྱོང་ཚགས་ཚུད་ཡོང་མིན་ནི་ལས་ལ་རག་ལུས་པའི་དྲི་ལན་སོགས་ལས་ལ་ཁག་གཡོག་བྱེད་པ་ནི་ངོ་མ་རང་ཉིད་ཀྱིས་གང་ཡང་མི་འཇོན་པའི་རྟགས་ཞིག་དང་། གསར་བཏོད་བྱ་རྒྱུ་ཁོང་གི་རྩ་བའི་སྐད་ཆ་ཞྀག་ཡིན་ཀྱང་བར་ལམ་ནས་གསར་བཏོད་ཕལ་ཆེ་བ་ཟམ་གདོང་བླ་མས་གནང་ཟིན་པས་ད་ངས་གསར་བཏོད་བྱེད་དགོས་པ་མམཐོང་གི་མིན་འདིག་ཟེར་བ་སོགས་སྔ་རྟིངས་མེད་པའི་ཆོ་མེད་ཀྱི་སྐད་ཆ་དེ་ཚོས་འབད་དེ་རྙོབ་བཅུག་སོང་ལ། ངས་འོས་འཕེན་པའི་རེ་བ་ཡང་ཕལ་ཆེར་སྟོང་ཟད་དུ་འགྲོ་མི་ཡོང་ང་སྙམ་པའི་ཐེ་ཚོམས་ཞིག་ཀྱང་ཡོང་བཞྀན་ཡོད།

    Reply
  32. ལྷ་དབང་ says:
    ལོ་ 14 སྔོན།

    དྲ་གྲོགས་འདྲེ་མགོ་ལྡོག་ལགས་ལ་ བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད་ད་ནི་བོད་ལ་རེ་བ་མི་འདུག བཙན་བྱོལ་ནང་མི་ལོ་༦༠ཡས་མས་བོད་མི་ས་ཡ་༦་གི་བདེ་སྡུག་གི་མིང་ཐོག་ནས་རོག་དངུལ་མཐུན་རྐྱེན་འོག་སློབ་སྦྱོང་རྩེ་ཕུད་ཞིག་གི་གཏམ་བཤད་ཧ་ཧ་ཧ སྐྱོ་བ་ལ

    Reply
  33. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བློ་སེང་གི་ཧམ་པས་བོད་དོན་སྒྲུབ་ཨེ་ནུས་། བོད་ཡིག་ནང་གི་གནས་ཚུལ་རྣམས་བློ་སེང་གིས་ཧ་མི་གོ་། མི་གསར་ཧམ་པ་ཅན་གྱིས་བོད་མིའི་རེ་འདོད་སྐོང་ཨེ་ཐུབ་།
    བོད་མིའི་སེམས་ཁམས་དང་མཐུན་པའི་སྐད་ཆ་ཞིག་ཁོང་གིས་ཨེ་བཤད་།
    ཕལ་ཆེར་ཁག་པོ་རེད་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese