མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དུ་ལོག་མཁན་ཚོར་གཞུང་ངོས་ནས་བཀག་འགོག་གནང་རྩིས་མེད།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ལོ་འགའི་གོང་ནས་གདན་ས་ཁག་གཙོས་པའི་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་གནས་ཡུལ་ཁག་ཏུ། རྒྱ་ནག་གཞུང་ཚབ་ཀྱིས་སྤྲད་པའི་འགྲུལ་བསྐྱོད་ལག་འཁྱེར་བརྒྱུད་བོད་ནང་གཉེན་འཕྲད་དུ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། གནད་དོན་འདིའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཟེར། 

    འདས་པའི་ལོ་ངོ་ལྔ་བཅུའི་རིང་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མི་མང་པོ་ཞིག་གིས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འགྲོ་རྒྱུ་ནི་དམིགས་ཡུལ་མཐར་ཐུག་ཏུ་བཟུང་སྟེ། ཁྲིམས་མཐུན་ཁྲིམས་འགལ་ཅི་རིགས་ཐོག་འཛམ་གླིང་གི་རྒྱལ་ཁབ་ ༤༥ ཙམ་ནང་བོད་མི་དྲུག་ཁྲི་ལ་ཉེ་བ་ཞིག་ཕྱིན་ཡོད། འོན་ཀྱང་ལོ་ཤས་གོང་ནས་རྒྱ་གཞུང་གིས་ཕྱི་སྡོད་བོད་རིགས་ཚོ་ཕྱིར་རྒྱལ་ནང་དུ་ལོག་རྒྱུའི་སྲིད་བྱུས་གསར་པ་ཞིག་བཏང་སྟེ། བོད་ནང་ལོག་མཁན་ཚོར་རྣམ་འགྱུར་ཡག་པོ་བཟུང་བ་བཅས་ལ་བརྟེན་ཏེ། སྐྱབས་བཅོལ་བོད་མི་མང་དག་ཅིག་གིས་ཕྱི་རྒྱལ་དུ་འགྲོ་རྒྱུའི་ཚབ་ལ་ཕྱིར་བོད་ནང་ལོག་རྒྱུར་བློ་ཁ་ཕྱོགས་མགོ་བརྩམས་ཡོད།

 

    ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གིས་རེས་གཟའ་མིག་དམར་དང་ཕུར་བུའི་ཞོགས་པ་ནས་ཉིན་གུང་བར་བོད་ནང་ལོག་མཁན་ཚོར་ཐོ་འགོད་བྱེད་ཀྱི་ཡོད་འདུག་ལ། ཉིན་དེ་གཉིས་ལ་བོད་མི་ཧ་ཅང་མང་པོ་ཞིག་ལྡི་ལི་རྒྱ་ནག་གཞུང་ཚབ་མདུན་དུ་བང་བསྒྲིགས་ཏེ་ཐོ་འགོད་བྱེད་ཀྱི་ཡོད་པ་དང་། དེ་དག་མང་ཆེ་བ་གདན་ས་ཁག་གི་དགེ་འདུན་པ་དང་བོད་ནས་ཕེབས་པའི་གཞོན་སྐྱེས་ལས་མེད་དག་ཡིན་འདུག དེ་སྔོན་རྒྱ་ནག་གཞུང་ཚབ་ཀྱིས་བོད་ནང་སྐྱོད་མཁན་ཚོར་ཡིག་ཆ་དུས་ཐོག་ཏུ་སྤྲོད་ཀྱི་མེད་ནའང་། ན་ནིང་ལོ་མགོ་ཙམ་ནས་བོད་ནང་ལོ་ ༢ རིང་སྡོད་ཆོག་པའི་ཡིག་ཆ་༼འགྲུལ་བསྐྱོད་ཡིག་ཆ་༽ (Travel Document)  ཟེར་བ་ཞིག་སྤྲོད་མགོ་བརྩམས་ཡོད་འདུག ད་ཆར་རྒྱ་གཞུང་གིས་ཕྱི་ཕྱོགས་ཀྱི་བོད་རིགས་ནང་འགུག་བྱ་ཆེད་བོད་ཀྱི་ས་གནས་ཆེ་ཁག་ཏུ་སྣེ་ལེན་ཁང་གསར་རྒྱག་གིས་ལས་བྱེད་བསྐོ་བཞག་བྱས་ཡོད་པ་དང་། བོད་ནང་ལོག་མཁན་ཚོ་ངེས་པར་དུ་བལ་བོད་ས་མཚམས་འགྲམ་དང་ལྷ་ས། ཁུངས་སོ་སོའི་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་སྣེ་ལེན་ཁང་བརྒྱུད་དགོས་ཀྱི་ཡོད་འདུག

 

    མདོ་སྨད་མང་རའི་གྲྭ་ཐོས་བསམ་ལགས་ནི་ལྡི་ལི་རྒྱ་ནག་གཞུང་ཚབ་ནས་བོད་ནང་སྐྱོད་པའི་ཡིག་ཆ་རག་སྟེ། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་བོད་ནང་བསྐྱོད་ཅིང་། ཕྱི་ཟླ་ ༤ ཚེས་མགོར་ཕྱིར་རྒྱ་གར་དུ་ལོག་སྟེ་ད་ཆར་བཞུགས་སྒར་ངྷ་རམ་ས་ལར་བཞུགས་ཡོད་པ་ཞིག་ཡིན། འདི་གའི་གསར་འགོད་པ་ཁོང་ལ་ཐུག་འཕྲད་ཀྱིས་བོད་ནང་སྐྱོད་པའི་བརྒྱུད་རིམ་སྐོར་ལ་གླེང་མོལ་བྱས་པ་ལྟར་ན། བོད་དུ་ལོག་མཁན་མང་ཆེ་བ་གདན་ས་ཁག་གི་དགེ་འདུན་པ་དང་། ངྷ་རམ་ས་ལ་ཁུལ་གྱི་གཞོན་སྐྱེས་ལས་མེད་དག་ཡིན་པ་དང་། གཞིས་ཆགས་ཁག་ནས་གཉེན་འཕྲད་དུ་བསྐྱོད་དེ་ཕྱིར་ལོག་མཁན་ཡང་མང་དག་ཅིག་ཡོད་འདུག ན་ནིང་དང་གཞེ་ནིང་གཉིས་ལ་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་དུ་ཐོ་འགོད་བྱེད་མཁན་ཧ་ཅང་མང་ཞིང་། གཟའ་མིག་དམར་དང་ཕུར་བུ་གཉིས་ལ་མཚན་གུང་ནས་བང་བསྒྲིགས་པ་དང་། དགོང་མོ་རྒྱ་ནག་གཞུང་ཚབ་སྒོ་དྲུང་ནས་ཞག་སྡོད་བྱེད་མཁན་ཡང་མི་ཉུང་བ་ཞིག་ཡོད་ཅིང་། འདི་ལོར་མདོ་སྨད་རྔ་པ་དང་དཀར་མཛེས་ཕྱོགས་སུ་ངོ་རྒོལ་གྱི་ལས་འགུལ་བྱུང་སྐབས། རེ་ཞིག་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱིས་བོད་ནང་སྐྱོད་མཁན་ལ་ཡིག་ཆ་སྤྲོད་མཚམས་བཞག་ཡོད་འདུག ད་ཆར་བསྐྱར་དུ་སྒོ་འབྱེད་བྱས་ཏེ་བདུན་ཕྲག་རེར་ཆ་སྙོམས་བོད་མི་ ༡༢༠ ཙམ་གྱིས་ཐོ་འགོད་བྱེད་ཀྱི་ཡོད་འདུག

 

    སྔར་བོད་ནང་ཆབ་སྲིད་ཀྱི་ནག་ཉེས་ཡོད་མཁན་དང་། ལྷ་ས་དང་ཆབ་མདོ་གཙོས་པའི་བོད་རང་ལྗོངས་འོག་གི་བོད་མི་ཚོར་ཡིག་ཆ་རག་རྒྱུར་ཅུང་དཀའ་ངལ་འཕྲད་བཞིན་ཡོད་འདུག རྒྱ་གར་ནས་བོད་ནང་ལོག་མཁན་མང་ཆེ་བ་བོད་ནང་གཏན་སྡོད་བྱེད་མཁན་ཡིན་པ་དང་། ཁག་ཅིག་ཕྱིར་རྒྱ་གར་དུ་ལོག་རྩིས་ཡོད་ཀྱང་ནང་མིས་མ་བཏང་བ་དང་། ཁག་ཅིག་བོད་ནང་སྡོད་འདོད་ཡོད་ཀྱང་ལྟ་བ་མཐུན་མི་དང་ཆབ་སྲིད་ཀྱི་དཀའ་ངལ་འོག་ཕྱིར་རྒྱ་གར་ནང་ཡོང་མཁན་ཡང་ཡོད་འདུག བོད་དུ་སྐྱོད་སྐབས་ས་མཚམས་འགྲམ་དུ་ལས་ཁུངས་རིམ་པ་གསུམ་གྱིས་དྲི་བ་བཏང་རྗེས་བོད་ནང་དུ་འཛུལ་ཆོག་གི་ཡོད་ཀྱང་། གཉའ་ལམ་ནས་ལྷ་ས་བར་རྒྱ་དམག་གིས་བརྟག་དཔྱད་རིམ་པ་ ༤ བྱེད་ཀྱི་ཡོད་པ་དང་། ལྷ་སར་འབྱོར་སྐབས་གཉེན་ཉེ་སོགས་ངོས་ལེན་བྱེད་མཁན་མེད་ཚེ་སྣེ་ལེན་ཁང་དུ་སྡོད་དགོས་ཀྱི་ཡོད་འདུག ལྷ་ས་ནས་ས་གནས་རྫོང་བར་དམིགས་བསལ་དཀའ་ངལ་མེད་ཀྱང་། ཁྱིམ་དུ་བསླེབས་རྗེས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་འདྲི་བརྩད་ཡང་ཡང་བྱེད་ཀྱི་ཡོད་པ་དང་། ས་གནས་གཞན་ལ་འགྲོ་དགོས་ཚེ་ཁ་པར་བརྒྱུད་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག མི་རེ་ཟུང་གིས་བརྗོད་ན་རྒྱ་གར་ནས་བོད་དུ་ལོག་མཁན་མང་ཆེ་བ་རྒྱ་ནག་གཞུང་གི་༼ མིང་ཐོ་ནག་པོ ༽ཟེར་བ་ཞིག་གི་ནང་བཅུག་ཡོད་སྟབས། རྒྱ་ནག་གི་༼ རྒྱ་ནག་གི་མི་སེར་ཐོབ་ཐང་ལག་འཁྱེར ༽རག་རྒྱུར་དཀའ་ངལ་འཕྲད་ཀྱིན་ཡོད་འདུག  

 

    གྲྭ་ཐོས་བསམ་ལགས་ཀྱིས་བརྗོད་དོན།  “ ང་རང་ཕྱིར་རྒྱ་གར་དུ་ལོག་སྐབས་ཟི་ལིང་ནས་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ཚན་པའི་མགོ་གཙོ་དང་ཞིང་ཆེན་སྤྱི་བདེ་ཚན་པའི་མགོ་གཙོ། དེ་བཞིན། མཚོ་ལྷོ་ཁུལ་བདེ་འཇགས་ཚན་པའི་མགོ་གཙོ་དང་དྲུང་ཡིག་བཅས་ཁྱོན་བོད་པ་ ༤ ང་རང་ཡོད་སར་ཡོང་སྟེ།  ཁྱོད་ལ་སྐད་ཆ་འགའ་འདྲི་རྒྱུ་ཡོད་ཟེར་ནས་རླངས་འཁོར་ཆུང་ཆུང་ཞིག་ཏུ་བཅུག་ཏེ། གྲོང་ཁྱེར་མཐའ་མཚམས་ཀྱི་མགྲོན་ཁང་ཞིག་ཏུ་ཁྲིད་སོང་། སྐབས་དེར་ཁོང་ཚོས “ཏཱ་ལའི་བླ་མས་བགྲེས་ཡོལ་གནང་རྩིས་ཡོད་པ་དེར་བསམ་ཚུལ་ག་རེ་ཡོད།  ཁོང་བགྲེས་ཡོལ་གནང་ན་བཀའ་ཁྲི་སུ་ཐོབ་ཀྱི་རེད། བློ་བཟང་སེང་གེ་ལ་བཀའ་ཁྲི་ཐོབ་ན། ཁོང་གི་ལངས་ཕྱོགས་དེ་རང་བཙན་དང་ལམ་དབུ་མ་གང་ལ་འགྲོ་རྒྱུ་རེད” ཅེས་སོགས་དྲིས་སོང་། ངས་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ལས་བགྲེས་ཡོལ་མ་གནང་ཚེ། བོད་ཀྱི་གནད་དོན་ཐག་གཅོད་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་ལན་བཏབས་སྐབས། དེའི་ནང་གི་ལས་བྱེད་རྒན་གྲས་ཤིག་གིས་དེ་ངོ་མ་རེད་ཅེས་བཤད་སོང་། ཡང་ལས་བྱེད་གཞན་ཞིག་གིས “ཁྱོད་རྒྱ་གར་ལ་སོང་ན་དགེ་མཚན་གང་ཡང་ཡོད་པ་མ་རེད། ང་རང་ཡང་རྒྱ་གར་དང་བལ་ཡུལ་དུ་སོང་མྱོང་ཡོད། རྒྱལ་ཁབ་དེ་གཉིས་ཀྱི་ས་ཆ་གང་དུ་སོང་ནའང་གད་སྙིགས་དང་དྲི་ངན་ཁེངས་འདུག དེ་ལས་ཕ་ཡུལ་དུ་ནང་མིའི་མཉམ་བསྡད་ན་ཡག་གི་རེད། ཕ་ཡལ་དུ་བསྡད་ན་གཙོ་བོ་སོ་སོས་ཁ་ལ་བདག་པོ་རྒྱག་དགོས་པ་རེད། ད་ལྟ་ཕ་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་པ་རེད། དཀའ་ལས་དེ་འདྲ་རྒྱག་དོན་ཡོད་པ་མ་རེད” ཅེས་བརྗོད་བྱུང་།

 

    ཡང་ལྡི་ལི་རྒྱ་ནག་གཞུང་ཚབ་ནས་བོད་ནང་སྐྱོད་ཆོག་པའི་ལག་འཁྱེར་རག་སྟེ། ད་ཆར་བོད་ནང་ལོག་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྐུ་ཞབས་བརྩོན་འགྲུས་ལགས་ཀྱིས་བོད་དུ་ཕྱིར་ལོག་དགོས་པའི་རྒྱུ་མཚན་སྐོར་བརྗོད་དོན།  “ གཅིག་ནས་ངའི་ཨ་མ་ལགས་ལོ་ན་ཆེན་པོ་ཡིན་པ་དང་། གཉིས་ནས་ལོ་འདི་དག་རིང་ཕྱི་རྒྱལ་དུ་འགྲོ་རྒྱུར་འབད་བརྩོན་ཐེངས་མང་ཞུས་ཀྱང་ཐོངས་མཆན་རག་མ་སོང་། རྒྱ་གར་དུ་བསྡད་ན་རང་དབང་ཙམ་འདུག་ཀྱང་། དགོན་སྡེ་ཁག་དང་ཚོགས་པ་སྒྲིག་འཛུགས་གང་རུང་གི་ཁོངས་སུ་མེད་ན། རང་གི་འཚོ་བར་དཀའ་ངལ་འཕྲད་ཀྱི་འདུག དེ་བཞིན་རྒྱ་གར་ནང་སྐད་དང་ལག་འཁྱེར་མེད་ན། རང་ཁ་རང་གསོ་བྱ་ཐབས་མེད་སྟབས། ཨ་མ་དང་ནང་མིའི་རེ་བ་ལྟར་ཕ་ཡུལ་དུ་ལོག་རྒྱུར་ཐག་བཅད་པ་ཡིན། ཕ་ཡུལ་ལ་སོང་ན་རང་ས་རང་བདག་གི་ས་ཆ་ཡོད་དུས་རྒྱ་གར་ལས་ཅུང་ཡག་གི་རེད་བསམ་གྱི་འདུག ཟླ་གཉིས་གོང་ངའི་རོགས་པ་གཉིས་ཕྱིར་བོད་དུ་ལོག་པ་རེད། ཁོང་ཚོས་བཤད་ན། ད་ལྟ་ཕ་ཡུལ་དུ་ཆབ་སྲིད་ལ་བྱུས་གཏོགས་མ་བྱས་ན་དཔལ་འབྱོར་འཚོལ་སྒྲུབ་ཀྱི་གོ་སྐབས་ཧ་ཅང་མང་པོ་འདུག་ཟེར། སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན། འདི་གར་༧གོང་ས་མཆོག་དང་བོད་གཞུང་ལ་སྲི་ཞུ་བསྒྲུབ་ན་ཡག་པོ་འདུག  དེ་མིན། སོ་སོར་སློབ་སྦྱོང་གང་ཡང་མེད་མཁན་ཞིག་ཡིན་ན། ངྷ་སའི་གཡས་གཡོན་དུ་འཁྱམ་བསྡད་ན་མི་ཚེ་འཕྲོ་བརླག་རེད ” ཅེས་བརྗོད་བྱུང་།

 

    ལོ་འདི་འགར་ཕྱི་ཕྱོགས་ཀྱི་བོད་མི་མང་པོ་ཞིག་ཕྱིར་བོད་ནང་ལོག་བཞིན་པ་དེར། བདེ་སྲུང་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ལ་གནས་ཚུལ་འདིའི་སྐོར་ལ་རྒྱུས་མངའ་ག་ཚོད་ཡོད་མེད་དང་། གཞུང་གི་གཟིགས་ཕྱོགས་གང་འདྲ་ཡོད་མེད་ཐད་བཀའ་འདྲི་ཞུས་པར།   “ ད་ལྟ་བོད་མི་མང་པོ་ཞིག་བོད་དུ་ཕྱིར་ལོག་བྱེད་བཞིན་པ་དེ་དངོས་ཡོད་གནས་ཚུལ་རེད། དེར་བཙན་བྱོལ་གཞུང་གི་ངོས་ནས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ད་ལྟ་བོད་དུ་ལོག་མཁན་མང་ཆེ་བ་གདན་ས་ཁག་གི་དགེ་འདུན་པ་ཆགས་ཡོད། ཁོང་ཚོའི་མ་དགོན་བོད་ལ་ཡོད་དུས་བོད་ལ་ཕེབས་ཐུབ་ན་ཡག་པོ་ཡོང་གི་རེད། མ་གཞི་ང་ཚོར་གཉེན་འཕྲད་ལ་འགྲོ་རྒྱུའི་ལམ་ཁ་དེ་སྔོན་མ་ནས་ཡོད་ཀྱང་། རྒྱ་ནག་གི་ཆབ་སྲིད་ཀྱི་རྐྱེན་པས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ལ་ཡིག་ཆ་དེ་ཙམ་སྤྲོད་ཀྱི་མི་འདུག སྤྱིར་བོད་དུ་ལོག་ན་གཞིས་ཆགས་ཁག་གི་གཞིས་མགོར་འབྲེལ་བ་བྱས་ཏེ། བོད་དུ་ལོག་དགོས་དོན་སྐོར་གྱི་འགེངས་ཤོག་བསྐང་རྒྱུ་དང་། ངྷ་ས་ལྟ་བུར་ས་གནས་མགོ་འཛིན་ལས་ཁུངས་ནས་འགེངས་ཤོག་བསྐང་དགོས་ཀྱང་། ད་བར་བོད་མི་ཉུང་ཤས་ཤིག་ལས་ལས་གཞི་དེར་དོ་སྣང་བྱེད་མཁན་བྱུང་ཡོད་པ་མ་རེད། དེར་མང་ཚོགས་ཀྱིས་ངེས་པར་དུ་དོ་སྣང་བྱ་དགོས་པ་རེད། བོད་དུ་ལོག་མཁན་དག་ལ་གཞུང་གི་ངོས་ནས་བཀག་འགོག་གནང་འདོད་ཡོད་པ་མ་རེད། ཡིན་ནའང་། གཙོ་བོ་རང་ཉིད་རྒྱ་ནག་གི་དྲིལ་བསྒྲགས་རྫུན་མའི་འོག་མགོ་མི་འཁོར་བ་ཞིག་གནང་དགོས་པ་རེད། རྒྱ་གཞུང་གིས་ལོ་རབས་ ༨༠ ནང་ཚུར་རྒྱ་གར་ལ་ཕེབས་མཁན་ཚོར་དམིགས་བསལ་སྣེ་ལེན་བྱེད་ཀྱི་ཡོད་པ་རེད། དེའི་སྔོན་ལ་ཡོང་མཁན་ཚོར་སྤུན་མཆེད་ཀྱི་འབྲེལ་བ་རིང་དུ་ཕྱིན་ཡོད་སྟབས་དེ་ཙམ་གལ་ཆེར་བརྩི་ཡི་ཡོད་པ་མ་རེད། དེ་མིན། སློབ་གྲྭ་ཁག་ནས་བོད་དུ་ལོག་མཁན་མང་པོ་ཡོང་གི་འདུག དེ་དག་ཁག་ཅིག་སློབ་ཕྲུག་གི་ཕ་མར་གནོན་ཤུགས་སྤྲད་དེ་ཕྱིར་ལོག་དགོས་པ་ཞིག་ཆགས་འདུག ” ཅེས་བརྗོད་སོང་།  རྒྱལ་ས་ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་གིས་སྤྲོད་བཞིན་པའི་འགྲུལ་བསྐྱོད་ཡིག་ཆ་དེར་དུས་ཡུན་ལོ་ ༢ ཀྱི་ཆོག་མཆན་ཡོད་འདུག

 

 

གོང་བཀོད་གསར་འགྱུར་འདིའི་ཞིབ་འཇུག་རྒྱུ་ཆ་སོགས་ཞིབ་ཕྲའི་གནས་ཚུལ་ཁག་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༼ ༥༢༧  ༽ སྟེང་བཀོད་འགྲེམས་བྱས་ཟིན།

 

 

གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 17

  1. ས་འཛིན་དཀར་པོ། says:
    ལོ་ 15 སྔོན།

    བྱེས་འབྱོར་གདན་སའི་གྲྭ་བཙུན་དང་། །ལོ་མང་ཤེས་བརྩོན་གཞོན་སྐྱེས་རྣམས། །བྱེས་གཞུང་བདག་མེད་སྲང་ལ་ཉུལ། །རང་རྐང་མི་ཚུགས་དཀའ་ངལ་འཕྲད། །ཕ་སར་མི་ལོག་ཐབས་ལམ་མེད། བཙན་བྱོལ་བོད་གཞུང་བདག་རྩིས་མེད། །གང་ལ་ཕྱིན་ཀྱང་རང་དབང་བྲལ། །ཤེས་ཡོན་ཡོད་ཀྱང་བདག་པོ་མེད། །མི་རིགས་ཡོད་ཀྱང་མཐུན་འབྲེལ་མེད། །མི་ཚེ་མདུན་ལམ་བརླག་ལ་ཉེ། །མུན་ནག་ནང་དུ་ཞུགས་ན་ཡང་། །རང་རེའི་ཕ་ས་ཡིན་ནས་འགྲོ། །སྲིད་ཆབ་ལས་དོན་མ་བསྐྱོད་ན། །བྱེས་འབྱོར་ལས་ཀྱང་མདུན་ལམ་ཆེ། །རང་སྐད་གཙང་མས་བསྐྱོད་ནས་འགྲོ། །གསར་རྙིང་བསྙེས་བཅོས་མིང་ཡང་མེད། །ཀ་ཅའི་མདུན་ལམ་ཨ་ཐང་ཆད། །གཞིས་ལུས་བོད་རིགས་མཐུན་འབྲེལ་ཆེ། །དམར་པོའི་བཙན་འོག་ལུས་ན་ཡང་། །བྱེས་འབྱོར་གསར་རྙིང་བསྙེས་བཅོས་དང། །རྒྱ་གར་པ་ཡིས་མཐོང་ཆུང་སོགས། །རང་སྡུག་ལས་ཀྱང་ཡང་སྡུག་ཡོད། །དེ་ལས་ཕ་སར་འགྲོ་ན་སྐྱིད། ། དེ་འདྲ་བསམ་བློ་ཡོངས་འཁོར་ནས། །དེང་སང་བོད་ལ་འགྲོ་མཁན་མང་། །དབུས་གཞུས་བོད་མའི་ཆིག་སྒྲིག་ཁང་། །ལས་མེད་གཞོན་སྐྱེས་ར་བས་བསྐོར། །མིག་ཟུང་འཛུམ་པའི་སྐུ་དྲག་ཚོ། །མིག་ཕྱེས་གཞོན་ནུའི་མདུན་ལམ་གཟིགས། །གཞིས་བྱེས་ལྷན་འཛོམས་ཡོངས་འདོད་ན། །ལས་མེད་གཞོན་ནུ་བདག་སྐྱོང་བྱོས། །ཁོང་རྣམས་མ་འོངས་མདུན་ལམ་དང་། །ཆོལ་གསུམ་བདེ་སྡུག་སེལ་ངེས་ཡིན། །མ་འོངས་ཕུག་རྒྱངས་རིང་ཞིག་བརྩོན། །སྐྲ་ལོ་དཀར་བའི་སྐུ་དྲག་རྣམས། །དུས་རབས་ཉེར་གཅིག་གོམ་ཁར་གཟིགས། །ཞི་བདེའི་དེད་དཔོན་ལམ་སྟོན་ཉོན། །རང་དབང་དང་ནི་ན་གཞོན་སོགས། །རང་སྲོག་ལས་ཀྱང་གཅེས་འཛིན་ཞིག །གདོང་དམར་བོད་ཀྱི་ལ་རྒྱ་དགོས། །དངུལ་ལོ་སྒེར་དོན་མ་བསྙེགས་རོགས། །

    Reply
  2. vajra says:
    ལོ་ 15 སྔོན།

    གཞི་ཆགས་སྲ་བརྟན་མ་ཏོགས་གསར་འབྱོར་སྲ་བརྟན་གྱི་གྲོས་ཆོད་དུས་ནམ་ཡང་གོ་མ་མྱོང།ཨོསི་ཀྲོ་ལི་ཡ་འགྲོ་མཁན་ཚོས་ཁ་ཤས་ནི་བོད་ནང་དངོས་གནས་དཀའ་ལས་བརྒྱབ་མྱོང་མཁན་ཡོད།ཁ་ཤས་ནི་བོད་ནང་མོ་ཊ་ཨ་ལོག་རྒྱག་ནས་རྒྱ་གར་ནང་སླེབས་ཚར་དུས་ཆབ་སྲིད་བརྩོན་པ་ཡིན་ཟེར།ཁ་ཤས་ནི་སྐབས་འཚོལ་རིང་ལུགས་ཐོག་བརྩོན་པ་ཆགས་ནས་ཨོ་སི་ཀྲོ་ལི་ཡ་རྒྱན་རྒྱག་ག་ཡང་འགྲོ་གི་ཡོད།་དངོས་གནས་བྱེད་ན་བདེ་སྲུང་ལས་ཁུངས་སོགས་འབྲེལ་ཡོད་ལ་བརྟག་དཔྱད་ཡག་པོ་བྱེད་དགོས།ཁ་ཤས་དངོས་ཡོད་དཀའ་ལས་རྒྱག་ཡོད་ན་སླེབས་དགོས་ས་སླེབས་ཀྱི་ཡོག་མ་རེད།
    མེགྷན་དུ་གསར་འབྱོར་དག་ལས་ཀ་རག་མཁན་ནི་ཉུང་ཉུང་རེད།ལོ་ནས་ལོ་ཁང་གླ་ལ་སོགས་འགྲོ་སོང་བཏང་ཐུབ་ཀྱི་མ་རེད།
    གཞུང་ངོས་ནས་བཟོ་གྲྭ་རམ་ཟ་ཁང་མང་ཙམ་བཙུགས་ཐབས་ཀྱི་ཁོ་ཚོས་ལ་ལས་ཀ་ཞིག་སྤྲད་ཐབས།ཡང་ན་གཞི་ཆགས་གསར་པ་ཞིག་བཙུགས་ཐབས་བྱེད་ན་ལེགས།

    Reply
  3. ཐོས་བསམ་ says:
    ལོ་ 15 སྔོན།

    ཁ་ཏགས་དཀར་པོ་ལགས། ངས་ཀྱང་བོད་དུ་རང་གི་ལུས་ཐོག་ཏུ་སྡུག་སྦྱོང་མྱངས་མྱོང་བའི་ཆབ་སྲིད་བཙོན་པའམ་དེ་དང་འབྲེལ་ཡོད་ཞིག་གིས་རྒྱ་དམར་གཞུང་ཚབ་ཆེན་པོར་དགའ་བསུ་ཞུ་མི་སྲིད་པའི་རེ་བ་བྱེད་བཞིན་ཡོད་ འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དེ་ནི་ཆབ་སྲིད་འབྲེལ་ཡོད་ཞིག་དང་བོད་གཞུང་ནས་ཨའོ་སི་ཁྲོ་ལི་ཡར་གཏང་བའི་མི་ཞིག་ཡིན་འདུགལ་དེ་དང་འབྲེལ་ཡོད་ཀྱི་པར་རིས་ཀྱང་དུས་དེབ་ཐོག་ཐོན་ཡོད་འདུག།

    Reply
  4. གཡག says:
    ལོ་ 15 སྔོན།

    ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཕྱོགས་རིས་ཀྱིས་དུས་ནམ་ཀུན་ཏུ་བཟི་བསྡད་ཡོད་པའི་བྱེས་ཀྱི་བོད་ཚོགས། ལྷག་པར་དུ་རྡ་སའི་རི་རྐེད་བར་གསུམ། བླ་དཔོན་ཆེ་ཆུང་། མི་འཁྱམས་ཕོ་མོ། མདོར་ན་བོད་པ་ཚང་གི་ལས་དབང་ཞིག་ཡིན་ནམ་ཆོལ་ཁ་དང་ཆོས་ལུགས་ཀྱིས་ཕྱོགས་ཞེན་ཁོ་ནར་དམིགས་པ་ལས་ཅི་འཇོན་ཡོད།

    ད་བོད་དུ་ཕེབས་མཁན་ཚོ་ཡང་ཕལ་ཆེར་ཨར་ཐུག་པ་རེད། ལྷག་པར་གསར་འབྱོར་ཚོ་རེད། བརྙས་བཅོས་དང་སྡིགས་དམོད་ཀྱི་ཁྲོད་ནས་ཕྱིར་མི་ལོག་ཀ་མེད་ཐུག་རེད། གསར་འབྱོར་དང་གཞིས་ཆགས་ཀྱི་ཕྱོགས་འཁྱེར་དེ་ཡང་རྡ་ས་ཁག་ནས་ཐོལ་དུ་བྱུང་བའི་ལྟ་བ་ཞིག་ཞེད་སྣང་བ་ཞིག་རེད་ཚོད་བཤད། དེ་ཁག་ལ་གཞིགས་ན་དངོས་གནས་སེམས་བཟོད་བྲལ་བ་ཞིག་རེད།

    མི་མང་ན་རོ་མང་ཟེར་མོད། མི་འབོར་མང་ཕྱོགས་དེས་ཁེ་བཟང་རེག་འགྲོ་བ་ཡང་ཆོས་ཉིད་ལྟ་བུ་ཞིག་རེད།
    ཤུ་་་་་་་་་་་་་་་་་་

    Reply
  5. gyatsenlodo says:
    ལོ་ 15 སྔོན།

    ཡག་པོ་འདུག་ཚང་མ་བོད་ལ་ལོག་གྱུག་

    Reply
  6. གཡག says:
    ལོ་ 15 སྔོན།

    བོད་དུ་ཕེབས་ཐུབ་ན་ཡག་པོ་རེད། ཡང་རྡ་ས་ཁུག་ཀྱོག་དེ་ནས་ཅིག་ཅིག་མུག་མུག་ཅིག་ཟེར་བཞིན་ཡོད་པ་འདྲ། སྐབས་འཚོལ་རང་ལུགས་པ་དེ་ཚོ་ཁ་བཙུམ་ན་དགའ། ཐོས་བསམ་ཟེར་བའི་སྐད་ཆ་དེ་ཚོར་ཡིད་ཆེས་མེད། སྐབས་འཙོལ་རང་ལུགས་པ་རང་རེད།

    སྐུ་ཞབས་བརྩོན་འགྲུས་ལགས་ཀྱིས་བོད་དུ་ཕྱིར་ལོག་དགོས་པའི་རྒྱུ་མཚན་སྐོར་བརྗོད་དོན་དེ་དངོས་གནས་བདེན་པ་རེད།

    Reply
  7. གཡུ་གྲའི་ཁ་བཏགས་དཀར་པོས། says:
    ལོ་ 15 སྔོན།

    ཨོ་སི་ཀྲི་ལི་ཡར་རྒྱ་དམར་གཞུང་ཚབ་ལ་དགའ་བསུ་ཞུ་མཁན་དེ་དག་ཕལ་ཆེར་བོད་ནང་རང་གི་ལུས་ཐོག་ལ་དངོས་སུ་སྡུག་སྦྱོང་མྱོང་བའི་ཆབ་བཙོན་ཞིག་ཡིན་མི་སྲིད་།

    Reply
  8. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྐྱབས་མེད་མགོན་མེད་གཅིག་ཡིན་ན། གང་དུ་ཕྱིན་ཀྱང་གཞན་གྱི་ལག་ཆ་རེད། 
    རྒྱ་མི་དངུལ་ལ་དགའ་མིན་གང་ལྟར་ཡང་། རྒྱ་མིའི་གཞུང་ཚབ་ཏུ་འགྲོ་སྐབས་འགེངས་ཤོག་ལ་དངུལ་སྤྲོད་དགོས་ཀྱི་མིན་འདུག འོན་ཏེ་བོད་གཞུང་ལས་ཁུངས་ཚང་མར་རྒྱབ་གཉེར་རམ་ངོས་སྦྱོར་ཐུང་ངུ་ཞིག་ལེན་པར་འགྲོ་སྐབས་དངོས་གནས་ཁག་སེ་འདུག་ལ་སྒོར་བཅུ་    ༿ཉི་ཤུ་དགོས་ཀྱི་འདུག་ག

    Reply
  9. རྡོ་རྗེ་ཚེ་རིང་། says:
    ལོ་ 15 སྔོན།

    སྐྱབས་མེད་མགོན་མེད་གཅིག་ཡིན་ན་གང་དུ་ཕྱིན་ཀྱང་མིའི་ལག་ཆ་ཙམ་རེད།

    Reply
  10. ཐོས་བསམ་ says:
    ལོ་ 15 སྔོན།

    ཨའོ་སིི་ཁྲོ་ལི་ཡར་གནས་བསྡོད་བོད་རིགས་རྣམས་བོད་དུ་གཉེན་འཕྲད་འགྲོ་རྒྱུའི་མཐོངས་མཆན་ཞུ་སྐབས་ངེས་པར་དུ་རྒྱ་ནག་གཞུང་ཚབ་ཁང་གི་གནས་ཡོད་ལས་བྱེད་ཐུག་དགོས་ཀྱི་ཡོད་པ་རེད།་ད་བར་འདི་ག་ཨའི་སི་ཁྲོ་ལི་ཡར་ཡོད་པའི་བོད་རིགས་བོད་དུ་གཉེན་འཕྲད་དུ་འགྲོ་ཆེད་རྒྱ་གཞུང་གི་ལས་བྱེད་ཁྱིམ་དུ་མགྲོན་འབོད་བྱས་པ་དང་དེ་བཞིན་ལྐོག་དུ་གསོལ་བསྟོན་གཤམས་པ་སོགས་ཀྱི་ངོ་ལྐོག་གི་ཐབས་ཤེས་སྣ་ཚོགས་བྱས་ཏེ་བོད་དུ་འགྲོ་བཞིན་ཡོད། དེ་སྔོན་བོད་རིགས་ཁག་ཅིག་ནས་རྒྱ་ནག་གཞུང་ཚབ་ཁང་གི་གཞུང་ཚབ་ཆེན་པོར་དགའ་བསུའི་མཛད་སྒོར་ཕྱིན་ཡོད་པ་དང་དེ་རང་ངོས་ནས་བསམ་བློ་ཇི་ལྟར་གཏང་ཀྱང་རྒྱ་གཞུང་ནས་འགྲེལ་བཤད་ལོག་པ་རྒྱབ་སྟེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱད་བྱེད་བཞིན་ཡོད། འདི་ལྟ་བུའི་འོག་ནས་བོད་དུ་འགྲོ་བཞིན་པ་དེ་ཆབ་སྲིད་བཙོན་པ་ཚོར་བོད་གཞུང་ནས་ཆེ་མཐོངས་གནང་བ་དེ་ཆུད་ཟོས་སུ་སོང་བ་མིན་ནམ།

    Reply
  11. སེམས་དཀར། says:
    ལོ་ 15 སྔོན།

    ཕྱིར་བོད་དུ་ལོག་མཁན་ཚོར་རྒྱབ་སྐྱོར་ཡོད། འཐེན་འཁྱེར་དང་ཕྱོགས་རེས་ཀྱི་གཡུལ་ས་འདིར་དཀའ་ངལ་འཕར་མ་ཞིག་ཁུར་ནས་ཨུ་ཚུགས་བྱེད་པ་ལས། ཕྱིར་བོད་དུ་ལོག་ནས་ས་མཐོ་གང་མ་གཏོགས་མ་ལོན་ར་ན་དེ་བདག་པོ་རྒྱབ་ནས་སྡོད་རྒྱུ་གལ་ཆེན་པོ་རེད།
    ད་དུང་མང་པོ་ཕྱིར་བོད་དུ་ལོག་ངེས་རེད། བཙན་བྱོལ་བོད་གཞུང་གིས་ཇོ་ནང་ཚང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་མ་སྤྲད་ན། ཕྱིར་བོད་དུ་ལོག་རྒྱུ་ཡིན། བོད་ནང་དུ་བོད་སྤྱི་ལ་བསམ་བློ་བཏང་ན་དཀའ་ངལ་ཡོད་མོད། ཆོས་བརྒྱུད་ཀྱི་ཐད་ནས་ཇོ་ནང་ཚང་ལ་ཐོབ་ཐང་གཅིག་མཚུངས་ཡོད། གལ་ཏེ་བོད་གཞུང་གིས་ང་ཚོར་ཐོབ་ཐང་མ་སྤྲད་ན་ཕྱིར་ལོག་རྒྱུ་ཡིན་ཟེར་མཁན་གྱི་ཇོ་ནང་པ་མང་པོ་དང་ཐུག་བྱུང་།
    ང་ངོ་མ་ཧང་སངས་ཀྱིན་འདུག བཙན་བྱོལ་གཞུང་གིས་ཇོ་ནང་ཚང་ལ་ག་རེ་བྱས་ནས་ཆོས་བརྒྱུད་ཀྱི་ཐོབ་ཐང་མི་སྤྲོད་པ་རེད། ང་ཚོས་འདི་ལྟར་བྱེད་བཞིན་ཕར་རྒྱ་ནག་ལ་བོད་ལ་རང་དབང་སྤྲོད་དགོས་ཟེར་ཕོད་དམ།

    Reply
  12. དབང་འདུས། says:
    ལོ་ 15 སྔོན།

    རྒྱ་གཞུང་འདི་བརྣག་སའི་འདུག་ཐ། ང་ཚོ་བོད་པ་སོ་སོའི་ལུང་པ་ལ་གཉེན་འཕྲད་དུ་འགྲོ་བ་ལའང་། ཡུལ་སྐོར་སྤྲོ་འཆམ་པ་ནང་བཞིན་བསྐྱོད་དགོས་པ་བཟོས་བཞག ཁྱད་མཚར་པོ་ཨེ་མིན་འདུག

    རྒྱ་ནག་གཞུང་འདི་དངུལ་ཁོ་རང་མ་གཏོགས་བསམ་ཡ་ཡོད་མ་རེད། སྤྱོད་ངན་མ་རབས་རང་རེད། 

    Reply
  13. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    བོད་དུ་འགྲོ་མཁན་ཚོ་ཀྲུང་གོ་བོད་མི་ཕྱི་བསྡད་ལག་ཁྱེར་ཁུར་ནས་འགྲོ་ན་ངོ་ཚ་ངོ་ཚ་།

    Reply
  14. gyatsenlodo says:
    ལོ་ 15 སྔོན།

    རང་ཡུལ་རང་གིས་བདག་པོ་རྒྱག་རྒྱུ་ངོ་མ་གལ་ཆེན་ཡིན་ངེས་འོན་ཀྱང་རིག་གཞུང་སྟི་གནས་གདན་ས་ཆེན་པོ་ཁག་སྟོང་ཚེ་གང་བྱེད་དགོས་སམ།

    Reply
  15. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    སྤྱིར་བཏང་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མཁན་ཆ་ཚང་ནི་སློབ་སྦྱོང་གི་རང་དབང་ངམ་སྤྱིར་རང་དབང་གིས་ཕོངས་ནས་ཡོང་མཁན་ཡིན་མིན་མི་ཤེས། མཐའ་གཅིག་ཏུ་ཡུལ་དེར་ཁྲིམས་མཐུན་གྱི་ཆབ་སྲིད་དང་འབྲེལ་བའི་དཀའ་ངལ་འཕྲད་ནས་ཡོང་བ་ཡིན་ན་རྒྱ་གར་དུ་སྡོད་ན་འགྲིག་ངེས་རེད། འོན་ཀྱང་། ཁྲིམས་འགལ་གྱི་བྱ་སྤྱོད་མི་གསོད་ཁྲག་སྦྱོར་རམ་རྐུ་ཇག་གི་ལས་ལ་ཞུགས་ནས་རྒྱ་གར་དུ་སྐྱབས་འབྱོར་ལ་འབྱོར་མཁན་ཡང་མང་དག་གཅིག་ཡོད། ཡིན་ན་ཡང་། ཉ་ཉུང་མཉམ་བསྲེས་ཀྱིས་བསྡད་ཡོད་ཙང་། དབྱེ་འབྱེད་བྱེད་པ་ཤིན་ཏུ་དཀའ།
    ཁོ་བོས་བསམ་ན། བོད་དུ་ཕྱིར་རང་ཡུལ་ལ་ལོག་མཁན་གྱི་རིགས་རྣམས་ལ་ངོ་མ་དགའ་བསུ་ཞུ་དགོས་པ་ཡིན། ད་དུང་དེ་ལྟ་བུ་གང་མང་ཐོན་ཐུབ་པ་དགོས། གང་ཡིན་ཟེར་ན། སྐབས་གཅིག་ལ་ང་ཚོས་རང་ཡུལ་དུ་རང་མི་རིགས་གྲངས་ཉུང་དུ་འགྱུར་བཞིན་པར་བཤད་བཞིན་ཡོད། ཡང་ཕྱོགས་གཞན་ནས་བོད་མི་གྲངས་མང་ཞིག་རང་ཡུལ་ལ་སའི་ཐོབ་ཐང་ཡོད་བཞིན་དུ་དེ་དོར་ནས་རྒྱ་གར་ལ་དོན་མེད་ངང་སྡད་ན་ཆ་འཕྲོད་པོ་རང་མཐོང་གིན་མིན་འདུག དེ་བས་རང་ཡུལ་ལ་ལོག་ནས་རང་ས་རང་གིས་བདག་ན་ནམ་ཞིག་འུ་ཅག་ལ་རང་དབང་ཞིག་ཐོབ་མཚམས་ལ་དཀའ་རྙོགས་གང་ཡང་འཕྲད་མི་སྲིད།

    Reply
  16. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    བོད་དུ་འགྲོ་མཁན་ཚོར་འཚམས་འདྲི་དང་དགའ་བསུ་བྱེད་ཀྱིན་ཡོད།
    དེ་ཧ་ཅང་གི་ཡག་པོ་རེད།

    Reply
  17. ཚང་མ། says:
    ལོ་ 15 སྔོན།

    བོད་ནས་ཕེབས་མཁན་ཚོར་ཁག་མི་འདུག
    ངོས་མི་མཉམ་པའི་རི་ཁུག་དེར་དཀའ་ངལ་གང་མང་འཕྲད་ཀྱི་ཡོད་པ་བདེན་པ་རེད།
    དེ་ལས་ཕྱིར་རང་ཡུལ་དུ་ལོག་ནས་སོ་སའི་ས་ཆ་སོགས་བདག་པོ་རྒྱབ་རྒྱུ་དང་རིགས་གཞུང་མི་ཉམས་རྒྱུན་འདིན་བྱེད་རྒྱུ་གལ་ཆེ་བ་དང་།
    མི་རིགས་ཀྱི་རྒྱ་ཡོད་ན་ངོ་བོ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese