མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་མཇལ་ཁར་རིན་ལེན་པའི་སྲོལ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཉིན་གསུམ་རིང་འཇར་མན་གྱི་གྲོང་ཁྱེར་ཧམ་བྷོག་དང་ཧེ་སིན་མངའ་སྡེའི་གནད་ཡོད་མི་སྣ་དག་དང་མཇལ་འཕྲད་ཀྱིས་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་ཡོད་ཀྱང་། གཟའ་ལྷག་པའི་ཉིན་བོད་རིགས་ཚོར་མཇལ་ཁ་གནང་སྐབས། བོད་རིགས་ཚོགས་པས་མི་རེར་ཡུ་སྒོར་བཅུ་རེ་བླངས་པའི་གནས་ཚུལ་ཞིག་བྱུང་ཡོད།

 

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཧྥ་སན་སི་དང་ཨེ་སི་ཏོ་ནེའུ། ཧྤིན་ལན་ཌི་སོགས་ཀྱི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་འཇར་མན་གྲོང་ཁྱེར་ཧམ་བྷོག་དང་། སྤྱི་ཚེས་ ༢༢ ཉིན་ཧེ་སིན་མངའ་སྡེའི་གྲོང་ཁྱེར་ཝེ་སི་བྷ་ཌན་ལ་ཕེབས་སྐབས། མངའ་སྡེ་གཞུང་གིས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་ལ། ཉིན་གསུམ་རིང་མངའ་སྡེའི་སྤྱི་ཁྱབ་པ་གཙོས་བའི་སྲིད་དོན་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ། གཞན་ཡང་སོག་རིགས་དང་རྒྱ་རིགས། ཡུ་གུར་བ་སོགས་ལ་མཇལ་ཕྲད་གནང་ཏེ་བོད་རྒྱའི་བར་གྱི་དཀའ་རྙོག་སྐོར་གྱི་བཀའ་སློབ་གནང་ཞིང་། ཚེས་ ༢༣ ཉིན་༧གོང་ས་མཆོག་བཞུགས་གནས་ཀྱི་མགྲོན་ཁང་ནས་མངའ་སྡེའི་གྲོས་ཚོགས་ཁང་བར་སྐར་མ་བཅུ་ཙམ་རིང་ཞབས་ཐང་དུ་ཕེབས་སྐབས། སྲང་ལམ་གཡས་གཡོན་དང་ཁང་བརྩེགས་དག་ཏུ་མི་ཧ་ཅང་མང་པོས་འཚངས་ཁ་ཤིག་ཤིག་གིས་༧གོང་ས་མཆོག་ཡུལ་འདིའི་ནང་སླར་ཡང་ཞབས་སོར་འཁོད་པར་དགའ་བསུ་ཆེན་པོ་ཞུས་སོང་།

 

མངའ་སྡེའི་གྲོས་ཚོགས་སུ་༧གོང་ས་མཆོག་གིས་ཧེ་སིན་ཡུལ་གྱི་གཞུང་དམངས་གཉིས་ཀྱིས་ད་ལྟའི་བར་བོད་དོན་ལ་རྒྱབ་སྐྱོར་དང་བོད་པར་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་འདུག དེས་རྗེས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གསུངས་དོན། “ ༧གོང་ས་ཏཱ་ལའི་བླ་མ་མཆོག་གྲོས་ཚོགས་འདིར་ཐོག་མར་ཆིབས་བསྒྱུར་བ་དེ་ ༡༩༩༥ ལོ་རེད། དུས་དེ་ནས་བཟུང་བོད་དང་ཧེ་སིན་མི་དམངས་ཀྱི་བར་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཛའ་བརྩེའི་འབྲེལ་བ་ཆགས་ཡོད་པས། འབྱུང་འགྱུར་ཡང་༧གོང་ས་མཆོག་གྲོས་ཚོགས་འདིར་ཡང་ཡང་ཕེབས་པར་ཡུལ་འདིའི་གཞུང་དམངས་གཉིས་ནས་དགའ་བསུ་ཡོད ”  ཅེས་བརྗོད་ཡོད་འདུག

 

ཚེས་ ༢༤ ཞོགས་པར་འཇར་མན་ཡུལ་དུ་གནས་སྡོད་བྱེད་མཁན་བོད་པ་ ༣༠༠ ལྷག་ལ་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་བཀའ་དྲིན་བསྩལ་ཏེ། ཕྱིའི་རྒྱལ་ཁབ་ཁག་ཏུ་གནས་སྡོད་བྱེད་མཁན་བོད་པ་ཚོས་སོ་སོའི་ཕྲུ་གུ་ལ་བོད་ཡིག་བོད་སྐད་བསླབ་རྒྱུར་འབད་བརྩོན་བྱ་དགོས་བའི་ལམ་སྟོན་གནང་གྲུབ་རྗེས། ཕྲུ་གུ་དབང་བོ་སྐྱོན་ཅན་གྱི་སློབ་གྲྭ་ཞིག་ལ་འཚམས་གཟིགས་མཛད་ཏེ།  ཕྲུ་གུའི་ཕ་མ་དང་དགེ་ལས་ཡོངས་ལ་ཕྲུ་གུ་འདི་དག་ལ་བརྩེ་བ་ཆེན་པོས་བྱམས་སྐྱོང་གནང་དགོས་བའི་བཀའ་སློབ་གནང་ཏེ། སློབ་གྲྭ་དེར་ཡུ་སྒོར་ཁྲི་ལྔ་ ༥༠༠༠༠ ཡི་ཞལ་འདེབས་བསྩལ་ཏེ། རྒྱལ་ཁབ་འདིར་བཙན་གཉོམ་དང་དབུལ་ཕྱུག་བར་དབྱེ་འབྱེད་མེད་པར། ཉམས་ཐག་ལ་རོགས་རམ་ཐོབ་པའི་ཡུལ་ཁྲིམས་ལ་བསྔགས་བརྗོད་གནང་འདུག

 

རྒྱ་གར་ནང་འཛམ་གླིང་ཤར་ནུབ་ཀུན་ནས་ཕེབས་པའི་དད་ལྡན་པ་ཚང་མར་༧གོང་ས་མཆོག་གི་གསུང་ཆོས་རིན་མེད་དུ་སྩོལ་བཞིན་ཡོད་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་༧གོང་ས་མཆོག་གི་བཀའ་སློབ་གོ་སྒྲིག་གནང་སྐབས་ཚོགས་ཁང་དང་ཁྱབ་བསྒྲགས། བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་འགྲོ་གྲོན་ཆེད་འཛིན་བྱང་བཙོང་བའི་ལམ་སྲོལ་ཞིག་སྔོན་ནས་ཡོད་རབས་འདུག ཉེ་བའི་ལོ་འགའི་ནང་ཆོས་ཚོགས་ཁ་ཤས་ཀྱིས་ཀྱང་སོ་སོའི་ཚོགས་པའི་མིང་ཁྱབ་བསྒྲགས་འགྲོ་ཐབས་དང་། དངུལ་བཟོ་ཐབས་སུ་གོང་ཚད་ཧ་ཅང་མཐོ་བའི་འཛིན་བྱང་བཙོང་ཞིང་། ༧གོང་ས་མཆོག་གི་ཆིབས་བསྒྱུར་དེ་གོ་སྐབས་ཤིག་ཏུ་བཟུང་སྟེ་གསུང་ཆོས་ཚོང་བསྒྱུར་བྱེད་བཞིན་ཡོད་སྟབས། ཡུལ་མི་སྐྱོ་བོ་དང་སློབ་ཕྲུག་སོགས་ཀྱིས་༧གོང་ས་མཆོག་གི་གསུང་ཆོས་ཞུ་བའི་སྐལ་བ་ལྡན་གྱི་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད།  

 

དེ་སྔ་ཕྱི་རྒྱལ་ཁག་གི་བོད་རིགས་ཚོར་༧གོང་ས་མཆོག་གིས་མཇལ་ཁ་གནང་སྐབས། འཛིན་བྱང་ཉོ་དགོས་པའི་ལམ་སྲོལ་ཡོད་རབས་མེད་ཀྱང་། དེ་རིང་ཞོགས་པ་བོད་པ་རྣམས་ཚོགས་ཁང་མདུན་དུ་འཛོམས་སྐབས། འཇར་མན་བོད་རིགས་ཚོགས་གཙོ་མཆོག་གིས་མི་རེར་ཡུ་སྒོར་ ༡༠ བླངས་ཏེ་མི་མང་བང་བསྒྲིགས་ཏེ་གཏོང་བཞིན་འདུག སྐབས་དེར་ས་གནས་བོད་པ་ཞིག་གིས་ཚོགས་གཙོ་ལ་ཁ་རྩོད་བརྒྱབ་སྟེ། བོད་པ་རང་གིས་༧གོང་ས་མཆོག་གི་བཀའ་ཆོས་ཚོང་བསྒྱུར་བྱས་ན་ཡག་པོ་མིན་སྐོར་བརྗོད་སྐབས། ཚོགས་གཙོའི་འགྲམ་དུ་སྡོད་མཁན་དངུལ་ལེན་མཁན་བུད་མེད་ཅིག་གིས་དངུལ་འདི་དག་ཚོགས་ཁང་གི་གླ་ཆ་རེད་ཅེས་ཡུ་སྒོར་བཅུ་དེ་ངེས་པར་དུ་སྤྲོད་དགོས་པའི་རྣམ་འགྱུར་བསྟན་སོང་།

 

སྐབས་དེར་གསར་འགོད་པས་སྐུ་ཚབ་དོན་གཅོད་མཆོག་ལ་བཀའ་འདྲི་ཞུས་སྐབས། “ ག་བ། ག་བ། ཚོགས་ཁང་རིན་མེད་རེད ” ཅེས་ལན་བསྐྱོན་སོང་། བོད་པ་དེ་སྔར་ལས་སྐད་ཤུགས་ཆེ་རུ་སོང་སྟེ། “ ཁྱོད་ཚོའི་བྱེད་སྟངས་འདི་ཞབས་འདྲེན་རེད། ཚོགས་ཁང་ལ་རིན་སྟེར་དགོས་ན་ངས་སྒོར་བརྒྱ་ཡིན་ཡང་སྤྲོད་ངེས་ཡིན། མི་དམངས་ལ་མགོ་སྐོར་བཏང་སྟེ་༧གོང་ས་མཆོག་གི་མཇལ་ཁ་ལ་དངུལ་སྤྲོད་དགོས་ཟེར་ན་ག་རེ་རེད། ཐེངས་སྔོན་མ་ཞིག་ལ་ཡང་འདི་ལྟར་བྱས་སོང་། རྗེས་སུ་ཧ་གོ་དུས་མི་འགའ་རེའི་ལག་ནས་དངུལ་ལེན་གྱི་མི་འདུག་ཟེར། དེ་རིང་ངས་མི་སྤྲོད་ཁོ་ཐག་ཡིན ” ཅེས་སྐད་བརྒྱབ་སོང་།

མཐར་དེ་དང་ཐག་མི་རིང་བའི་ས་རུ་གཟུགས་པོ་སྔོག་བཤེར་བྱེད་མཁན་འཇར་མན་ཉེན་རྟོག་པ་དང་སྐུ་སྲུང་བ་ཚོས་༧གོང་ས་མཆོག་ཕེབས་གྲབས་ཡོད་པས། མི་མང་མགྱོགས་པོར་ནང་དུ་འཛུལ་དགོས་པའི་བརྡ་བསྟན་པ་དང་། བོད་མི་ཁག་ཅིག་གིས་ཀྱང་རྙོག་དྲ་བྱུང་ན་ཡག་པོ་མེད་ཚུལ་བརྗོད་དེ་འགྲིག་འཇགས་ཙམ་བྱུང་སོང་།

 

ས་གནས་གསར་འགོད་པ། ནམ་མཁའ་བསྟན་འཛིན།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།

མཆན། 18

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    གོང་ས་མཆོག་གི་གསུང་ཆོས་ནི་སྒྲོ་ལར་ཀ་རོར་ཀ་རོར་ལས་ཕུལ་ཀྱང་རིན་ཐང་བྲལ་བའི་གསུང་ཆོས་ཞིག་ཡིན་དུས་ཡོ་སྒོར་བཅུ་ཡིས་འབུལ་བ་ཡོང་ཐབས་བྲལ་བ་ཞིག་རེད་དེ་ཚོགས་གཙོ་དང་ལས་བྱེད་པ་ཚོས་ཚོགས་ཁང་གི་གླ་ཆ་རེད་ཟེར་བ་ནི་ཧ་ཅང་ཐལ་ཆེ་བའི་གནས་ཚུལ་ཞིངརེད་མ་གཏོགས་གོང་ས་མཆོག་རིན་མེད་ཀྱི་ཐོག་ནས་གདན་ཞུ་བྱས་ནས་བཟུང་ཏེ་མི་མང་ལ་མཇལ་ཁ་དང་བཀའ་སློབ་ཡོད་པ་སྨོས་མེད་རེད་ དེ་ལ་རིན་དགོས་ཟེར་བ་ནི་དེ་ཉིན་གུང་ཞལ་ལག་ལ་གདན་འདྲེན་བྱས་ནས་སྒོར་མོ་ཁྱོད་ཀྱིས་སྤྲད་ཟེར་དང་ཀྱད་མེད་པས་ལས་ཀ་དེ་ཡི་རིགས་ངེས་པར་དུ་གཙང་མ་ཡང་དག་པ་ཞིག་བཟོ་དགོས། ཚོགས་གཙོས་སྒྱུ་མཚན་ཡང་དག་ཞིག་བཀོད་ནས་ལས་དོན་དེ་ཡི་ངེས་པར་དུ་གཙང་སེལ་དགོས

    Reply
  2. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    དོན་དངོས་སུ་བརྗོད་ན། ༸གོང་ས་མཆོག་གི་གསུང་ཆོས་སོགས་ལ་ཁ་གཡར་ཏེ་ཚོང་ལམ་བྱེད་པ་ནི་བོད་གཞུང་བདེ་སྲུང་ལས་ཁུངས་གཙོ་བྱས་ཏེ་ཚོང་གཉེར་བྱས་གྱིན་ཡོད་པ་དངོས་ཡོད་རེ། སྤྱིར་ཡིན་ན། གལ་སྲིད་ཚོང་དེ་རྒྱག་དགོས་ཀྱི་ཡོད་ནའང། གསུང་ཆོས་ལག་ཁྱེར་གཅིག་གིས་ལོ་གཅིག་ལ་འགྲིག་དགོས་བ་ཆགས་ཡོད་མོད། བདེ་སྲུང་ལས་ཁུངས་ལ་མཚོན་ན།གསུང་ཆོས་ལོ་གཅིག་གི་ནང་ཐེངས་བཅུ་ལ་གསུང་ཆོས་ཡོད་ན་སྔོན་མ་འཛིན་བྱང་དེ་ཚོ་བེད་མེད་ཡིན་པ་བཞིན། ད་ཐེངས་གི་གླེང་རྙོག་དེའང་དེ་ལས་མ་འདས། སྤྱིར་༸གོང་ས་མཆོག་གདན་ཞུ་བྱས་ཏེ་ཚོང་གཉེར་བྱེད་བཞིན་པ་ནི་གཙོ་ཆེ་བ་ཕྱི་རྒྱལ་གི་སྒེར་གྱི་ཚོགས་པ་ཁག་ཡིན་ལ།དེའི་ནང་བོད་རིགས་རང་གི་ཚོགས་པའང་ཁ་ཤས་ཤིག་འདུ་ཡོད་པས། ངོ་མ་འདི་དག་ཕྱོགས་སུ་བསམ་བློ་རེ་བཏང་ན་ཡག་པོ་འདུག།

    Reply
  3. མི་རྐང་གླིང་བུ། says:
    ལོ་ 14 སྔོན།

    ཚོགས་གཙོའི་འགྲམ་དུ་སྡོད་མཁན་དངུལ་ལེན་མཁན་བུད་མེད་ཅིག་གིས་དངུལ་འདི་དག་ཚོགས་ཁང་གི་གླ་ཆ་རེད་ཅེས་པ་དང་།
    སྐབས་དེར་གསར་འགོད་པས་སྐུ་ཚབ་དོན་གཅོད་མཆོག་ལ་བཀའ་འདྲི་ཞུས་སྐབས། “ ག་བ། ག་བ། ཚོགས་ཁང་རིན་མེད་རེད ” འདི་གཉིས་བར་དུ་སྐྱག་བརྫུན་ཞིག་འདུག་པས་ཏན་ཏན་དངུལ་དེ་སྒེར་བདག་བྱེད་རྩིས་ཡོད་པའི་དོགས་པ་ཇེ་ཟ་རེད།
    གཞན་གསུང་ཆོས་ལག་ཁྱེར་གྱི་ཆེད་དུ་ཡིན་ན་དེ་ལུགས་ཀྱི་ཁ་གསལ་དགོས་པ་རེད་མ་གཏོགས་གཞན་དུ་ཁ་གཡར་ནས་དངུལ་ལེན་པ་འདི་ནོར་འཁྲུལ་རེད། ཞིབ་འཇུག་བྱོས།

    Reply
  4. བདེ་ལྡན། says:
    ལོ་ 14 སྔོན།

    གོང་ས་མཆོག་འཇར་མེན་དུ་ཕེབས་ནས་བོད་རིགས་ཚོར་དམིགས་བསལ་འཇལ་ཁ་གནང་རྒྱུ་ཡིན་པའི་གཏམ་བཟང་དེ་ཐོས་མ་ཐག གསེར་ལས་ལྷག་པའི་གོ་སྐབས་དེ་དམ་འཛིན་གྱིས་ཆེད་དུ་མཇལ་ཁ་ཞུ་བར་སོང་བ་ཡིན། ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་གོང་ས་མཆོག་བཞུགས་གནས་ HOTEL NASSAUER HOF ཞེས་པའི་མགྲོན་ཁང་དེའི་སྒོ་འགྲམ་དུ་སླེབས་སོང་། ང་ཚོ་དེར་འབྱོར་དུས་བོད་པ་ཁ་ཤས་ཤིག་ཀྱང་སླེབས་འདུག་ལ། འཇར་མེན་བོད་རིགས་ཚོགས་པའི་ཚོགས་གཙོ་ཧོར་གཙང་ལེགས་བཤད་ཟེར་བ་དེ་ཡང་ཁོ་ཚོ་དང་མཉམ་དུ་འདུག དེ་ནས་སྐར་མ་གཉིས་གསུམ་ཞིག་གི་རྗེས་ནས་ཚོགས་གཙོ་ཧོར་གཙང་ལེགས་བཤད་ཀྱིས་རྒྱབ་ཁུག་ནང་ནས་ཡིག་ཆ་ཁ་ཤས་བཏོན་ནས་མཇལ་བཅར་བ་ཚང་མས་རེའུ་མིག་འདིའི་ནང་དུ་རང་རང་གི་མིང་དང་ས་གནས་གང་ནས་ཡོང་མིན་སོགས་ངེས་པར་དུ་འབྲི་དགོས་ཟེར་གྱི་འདུག དེ་ནས་ང་ཚོས་རང་གི་མིང་ས་གནས་ཚོགས་གཙོར་སྔ་ས་ནས་སྤྲད་ཚར་ཡིན་ལབ་དུས། གང་ལྟར་འདི་ལ་ཐོ་འགོད་བྱ་དགོས་པ་རེད་ཟེར་གྱི་འདུག དེ་ནས་ཁོས་བཤད་པ་བཞིན་ང་ཚོས་ཀྱང་ཐོ་འགོད་བྱས་པ་ཡིན། དེ་ནས་ཚོགས་གཙོ་ཁོ་ལས་རོགས་སྐྱེས་དམན་ཞིག་དང་མཉམ་དུ་ཡོང་ནས་ང་ཚོ་ལ་ཁ་བྱང་དུ་མཇལ་ཁ་ཞེས་བྲིས་པའི་ཤོག་བུ་ཆུང་ཆུང་རེ་སྤྲད་སོང་ལ། ཤོག་བུ་དེའི་རིན་དུ་ཡོ་སྒོར་བཅུ་རེ་དགོས་པ་རེད། དེ་མ་སྤྲད་ན་མཇལ་ཁར་གཏོང་གི་མ་རེད་ཟེར་གྱི་འདུག དེ་ནས་ང་ཚོས་འདི་ག་རེ་རེད་ཅེས་དྲིས་དུས་ཞལ་འདེབས་རེད་ལབ་སོང་། སྐབས་དེར་ང་ཚོས་ཞལ་འདེབས་དེ་ངེས་པར་དུ་སྟེར་དགོས་པ་ཞིག་ཡིན་མིན་གྱི་དོགས་པ་ཞིག་རང་བཞིན་གྱིས་སླེབས་སོང་། མཇལ་ཁ་གནང་སའི་ཚོགས་ཁང་སོགས་འགྲོ་གྲོན་གྱི་ཕྱོགས་ཡིན་ཚེ་ཡོ་སྒོར་ག་ཚོད་ཡིན་ཡང་འབུལ་དགོས་ངེས་ཡིན་མོད། མཇར་མིན་བོད་རིགས་ཚོགས་པའི་མ་དངུལ་ཆེད་བསྡུས་པ་ཡིན་ཚེ། ང་ཚོ་ཧྥ་རིན་སི་ནས་ཡོང་མཁན་ཚོས་སྟེར་དགོས་དོན་ཨེ་ཡོད་བསམ་བྱུང་། ཡིན་ན་ཡང་། ཚོགས་གཙོའི་ལས་རོགས་སྐྱེས་དམན་དེས་སྒོར་མོ་བསྡུ་བ་འདི་ཚོགས་ཁང་གི་གླ་དངུལ་ཡིན་ཚུལ་གྱིས་ཚ་འདེད་བྱས་པ་དང་། ཚོགས་ཁང་གི་གླ་དངུལ་ཡིན་ཚེ་སྤྲོད་དགོས་དང་དགོས་བསམ་ནས་དགའ་བཞིན་སྤྲོ་བཞིན་དུ་ཕུལ་བ་ཡིན། དེ་ནས་མི་མང་ཚང་མ་བང་སྒྲིག་ནས་ཚོགས་ཁང་དུ་ཡོང་སྐབས་སྒོ་འགྲམས་ན་སྔོན་གྱི་ཤོག་བུ་ཆུང་ཆུང་དེ་ཡོད་མེད་ཞིབ་བཤེར་བྱེད་ཀྱི་འདུག མཇལ་ཁ་ཞུས་ཚར་ནས་ཚོགས་ཁང་གི་ཕྱི་རོལ་དུ་ཐོན་རྗེས་དེར་ཡོད་བོད་རིགས་ཚོས་ཡོ་སྒོར་བཅུ་རེ་བསྡུས་པ་དེའི་སྐོར་ལ་སྐད་ཆ་འདྲ་མིན་བཤད་ཀྱི་འདུག་ལ། འགའ་རེས་བླ་མ་མཇལ་བར་རིན་པ་ལེན་པ་འདི་ལམ་སྲོལ་ཡག་པོ་མ་རེད་ཟེར་ནས་ངར་ངར་བྱེད་ཀྱི་འདུག འཇར་མེན་བོད་རིགས་ཚོགས་པའི་ཚོགས་གཞོན་ཟུར་བ་ཞིག་གིས་དེའི་ཐད་ནས་ཚོགས་གཙོར་ཁ་རྩོད་མི་ཉུང་བ་ཞིག་བརྒྱབ་སོང་ཞེས་མི་མང་ནང་ཚ་ཚ་འུར་འུར་གྱིས་གླེང་གིན་འདུག ཡིན་ན་ཡང། ང་ཚོ་ལ་མཚོན་ན་ས་ཐག་རིང་པོ་ནས་ཆེད་དུ་རྒྱལ་བའི་ཞལ་ཙམ་མཇལ་བ་དང་གསུང་ཙམ་ཐོས་བར་རེ་བ་བརྒྱབ་ནས་ཡོང་མཁན་ཡིན་པས་སྐད་ཆ་དེ་ཚོ་རྒྱུན་ལྡན་གྱི་རྙོག་དྲ་ཙམ་དུ་བརྩིས་ནས་དམིགས་བསལ་གྱི་དོ་སྣང་གང་ཡང་བྱས་མེད། དེ་རིང་ས་གནས་གསར་འགོད་པས་བཏང་བའི་གནས་ཚུལ་འདི་ཞིབ་བཀླགས་དུས། ང་ཚོས་མཇལ་ཁ་ཞུ་སའི་ཚོགས་ཁང་དེ་རིན་མེད་ཡིན་པ་དང་། ཚོགས་གཙོ་དང་ལས་རོགས་སྐྱེས་དམན་དེ་གཉིས་ཀྱིས་མཇལ་ཁའི་གོ་སྐབས་དེ་བེད་སྤྱད་ནས་ཚུལ་དང་མི་མཐུན་པའི་ལས་ཀ་བྱས་ཡོད་པ་འདི། སེམས་ལ་དེ་ཙམ་བདེ་བོ་རང་མ་བྱུང་སྟབས། སྐབས་དེའི་གནས་ཚུལ་འགའ་ཁ་གསབ་ཀྱི་ཚུལ་དུ་བཀོད་པ་ཡིན།

    Reply
  5. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    བོད་མིའི་བཟང་སྤྱོད་དངུལ་གྱི་ཆེད་དུ་མཉམ་བཞིན་ཡོད་པ་དྲ་གྲོགས་ཚོས་ཀྱང་ཟབ་དགོས་པའི་གནད་དོན་ཡིན་པ་མཁྱེན་དགོས་ནི་རེད་ད། རང་གིས་དངུལ་གྱི་ཆེད་དུ་ཡོད་ཚད་བློས་བཏང་བྱས་ནས་གཞན་ལ་སྐྱོན་བརྗོད་ལུང་བ་གང་བྱས་ན་མི་འགྲིགས་པའི་གནས་ལུགས་མཁྱེན་པ་གནང་རོགས།

    Reply
  6. Rigyal says:
    ལོ་ 14 སྔོན།

    ༧གོང་ས་མཆོག་ཕྱི་རྒྱལ་དུ་གསུང་ཆོས་དང་མང་ཚོགས་ལ་བཀའ་སློབ་གནང་ཆེད་གོ་སྒྲིག་ཞུ་སྐབས་ཚོགས་ཁང་གཡར་གླ་སོགས་འགྲོ་གྲོན་ཕོན་ཆེན་ཡོད་པར་བརྗོད་མི་དགོས་ཤིང་། དེའི་འགྲོ་གྲོན་ཁ་གསབ་ཆེད་ཀྲི་སི་ལག་འཁྱེར་ཚོང་བ་ནས་མ་གཏོགས་ཡོང་ཐབས་མེད། དེ་ནི་སྤྱིར་བཏང་འགྲོ་སྟངས་ཞིག་ཡིན་པས་ཧང་སང་དགོས་པའི་གནས་ཚུལ་ཞིག་མ་ཡིན། ཕྱི་རྒྱལ་ནང་སྡོད་མཁན་བོད་མི་འགའ་རེ་ནས་༧གོང་ས་མཆོག་གང་དུ་ཕེབས་སྐབས་མཇལ་ཁ་ཞུ་རུ་བཅར་གྱི་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ནང་ཞུགས་ཀྱི་མེད་ཅིང་། མཐའ་ན་དྭང་བླངས་དཔྱ་ཁྲལ་མ་བསྡུ་མཁན་གང་མང་ཡོད། དེ་མཚུངས་ད་རེ་ཇར་མན་བོད་རིགས་ཚོགས་པར་༧གོང་ས་མཆོག་གི་མཇའ་ཁ་སྐབས་ཁ་བརྩོད་རྒྱབ་མཁན་བོད་མི་འདིའི་སྐད་ཆ་བཤད་སྟངས་ལ་བལྟས་ན་སྤྱི་ཚོགས་ནང་ཁ་བདེ་པོ་བཤད་ནས་དཔྱ་དེབ་མ་བསྡུ་མཁན་བཟོ་འདྲ་འདུག དུས་བབ་གསར་འགོད་པ་ནམ་མཁའ་ལགས་དང་ཇར་འཁོད་བོད་རིགས་ཚོགས་པའི་ལས་སྣེ་ནས་ལྕེ་བདེ་པོ་བཤད་མཁན་བོད་མི་འདི་ནས་དཔྱ་དེབ་བསྡུ་ཡི་ཡོད་མེད་ཞིབ་འཇུག་གནང་ནས་འཐེར་འདོན་བྱ་དགོས་མཐོང་། ལྷག་པར་དུ་༧གོང་ས་མཆོག་གི་ཆིབས་བསྒྱར་དང་འབྲེལ་བའི་གནད་དོན་ཐད་ཚང་མས་མཚན་བཤད་མི་འགྲོ་ཆེད་བོད་རིགས་ཐ་དག་ལ་འགན་འཁུར་ཡོད་པ་མ་ཟད། ཚང་མས་ཡིད་གཟབ་དང་དམ་དོན་གནང་དགོས་པའི་འབོད་བསྐུལ་ཞུ་རྒྱུ།

    Reply
  7. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    མཇལ་ཁ་གནང་ཡུལ་༧གོང་ས་མཆོག་འཇར་མན་ལ་ཕེབས་སྐབས་རྟག་པར་བཞུགས་སའི་མགྲོན་ཁང་དེ་རེད། ཚོགས་ཁང་ལ་རིན་སྟེར་མ་དགོས་བ་སུད་སུ་སྐུ་ཚབ་དོན་གཅོད་ཀྱིས་གསལ་བོར་གསུངས་བྱུང་། རྗེས་སུ་བོད་རིགས་ཚོགས་གཙོ་དངུལ་འདི་བོད་པ་ཉམས་ཐག་ལ་རོགས་རམ་དང་བོད་རིགས་ཚོགས་པའི་སྤྱི་དངུལ་ལ་བཀོལ་རྒྱུ་ཡིན་རབས་འགྲེལ་བཤད་བརྒྱབ་སོང་། ད་ཐེངས་ཀྱི་འདི་ཚོགས་གཙོ་འདི་སླེབས་རྗེས་མཇལ་ཁར་རིན་བླངས་བ་ཐེངས་གཉིས་བ་དེ་རེད། རྗེས་སུ་ཚོགས་གཙོས་བོད་རིགས་ཚོགས་པར་དངུལ་གྱི་ཡོངས་ཁུང་མེད་རབས་སོགས་རྒྱུ་མཚན་མང་བོ་ཞིག་དྲངས་འདུག ག་རེ་བྱས་ཀྱང་ཚོགས་ཁང་རིན་མེད་ཡིན་ན་དོན་རྐྱེན་གཞན་ལ་ཁ་གཡར་ནས་དངུལ་འཚོལ་བསྡུ་བྱས་བ་ཡག་པོ་མ་རེད་བསམ་བྱུང་།

    Reply
  8. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    སྒེར་བ་ཆོས་ཚོགས་དཔོན་པོ། བླ་མ་སོགས་ཀྱིས་ད་བར་འཚོང་ནས་རྒྱགས་ཡོད་ཚོད་ཡིན་དུས། འདི་དོན་དག་གསར་བ་འདྲ་མ་རེད།

    Reply
  9. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    འདི་ནི་སྐད་ཆ་དྲང་པོར་བཤད་ན་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་ཚོགས་པ་དང་ཆོས་ཚོགས་ཁག་ནི་༧གོང་ས་མཆོག་འཚོང་མི་ཡིན་། དེའི་ནང་ནས་མ་རབ་ཆེ་ཤོས་ནི་དགེ་ལུགས་པའི་ཆོས་ཚོགས་ཁག་ཅིག་ཡོད་། དཔེར་ན་ཨ་རི་ལ་ཡོད་པའི་རྒྱུད་བསྟོད་གསང་བསྔགས་ཆོས་ཚོགས་ཟེར་བ་དེས་བུ་ལོན་མ་གསོད་ནས་༧གོང་ས་མཆོག་ཚར་གཉིས་བཙོང་ཡོད་། ་ དེ་དང་འདྲ་བ་སེ་ར་སྨད་ཀྱི་ཆོས་ཚོགས་། དགའ་ལྡན་ཤར་རྩེའི་ཆོས་ཚོགས་སོགས་མང་པོ་ཡོད་།།

    Reply
  10. རིགས་ཀྱི་བུ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ལྷོད་ལྷོད་གནང་ནས་བསམ་ཚུལ་སྤེལ་དང་། ས་གནས་གསར་འགྱུར་གཏོང་མཁན་བྱིས་པ་སོ་ཅན་ཞིག་གིས་ལོང་བས་རི་མོ་དྲིས་པ་བཞིན་གནས་ཚུལ་མཉམ་བསྲེས་བྱས་ནས་སྤྱི་ཚོགས་ལ་འུར་གཏམ་སྒྲོག་པར་ཡ་མཚན་རྒྱུ་ཅི་ཡང་མེད་པ་རེད།

    མཇལ་ཁར་དངུལ་ལེན་པ་དེ་མཇའ་ཁའི་རིན་ཡང་མ་རེད་ལ་ལར་ནས་ཚོགས་ཁང་གི་རིན་ཡང་སྟེར་མ་དགོས་པ་བྱུང་བ་རེད།་་་་་ང་ཚོ་བོད་རིགས་ཚོགས་པར་སྤྱིར་མ་དངུལ་ཡོངས་ཁུངས་མེད་པ་དང་།་་་་་གང་ཡོད་པ་དེ་ལོ་རེར་སུམ་དུས་དང་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་པ། དེ་བཞིན་ངེས་མེད་ཀྱི་ལས་འགུལ་དང་བོད་པ་གནས་སྟངས་ཉམ་ཐག་ཅན་རིགས་ལ་རོགས་དངུལ་ཀྱང་ཕྲན་བུ་སྤྲད་དང་སྤྲོད་བཞིན་པ་རེད།
    གནས་ཚུལ་རྒྱས་པ་རྗེས་ནས་གསལ་འདེབས་ཡོང་བ་ཞུ།

    Reply
  11. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    བསྡུས་དངུལ་དེ་སུ་ཞིག་གི་ཁ་ལ་འགྲོ་ཡོད་མེད་དོགས་པ་ཆེན་པོ་འདུག་སྐུ་ཚབ་དོན་གཅོད་ཀྱིས་ཚོགས་ཁང་རིན་པ་མི་དགོས་པར་གསུངས་པ་དེ་དངོས་འབྲེལ་ཡིན་ཁོ་ཐག་རེད་མ་ཏོགས་སྐུ་ངོས་བརྫུན་ཤོད་དགོས་དོན་མེད། གལ་སྲིད་སྐུ་ངོས་རྫུན་ཡིན་ན་དངུལ་སྡུ་མཁན་གྱི་བུ་སྨད་དེ་དང་བོད་རིགས་ཚོགས་པའི་ཚོགས་གཙོ་གཉིས་ཀྱིས་དངོས་ཡོད་གནས་ཚུལ་གསལ་བརྗོད་བྱེད་དགོས་པ་ལས་དེ་ལྟར་མ་བྱས་པ་གང་ཡིན་ནམ

    Reply
  12. གྲགས་བསོད་ says:
    ལོ་ 14 སྔོན།

    གང་བལྟ་ཡང་མཇལ་ཁར་རིན་ལེན་པ་དེ་གང་གི་ཆེད་དུ་ཡིན་མིན་དོགས་གཞི་ཆགས་ཡོད་པས་འབྲེལ་ཡོད་མགོ་ཁྲིད་དག་གིས་དོགས་བཅད་བྱེད་དེ་ངེས་པ་དུ་གསལ་པོ་བཟོ་དགོས།

    Reply
  13. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    ཕྲལ་སེལ་ཁེ་ཕན་ཕྲན་བུ་དང་དངུལ་ཀྲང་ཀྱང་ལ་དགའ་དྲག་ན་མཐའ་འཇུག་མི་རིགས་འདི།

    Reply
  14. ས་འཛིན་དཀར་པོ། says:
    ལོ་ 14 སྔོན།

    ཡ་མེས་གོང་མའི་འཕྲེང་ཐག་ནས། དུས་རབས་ཉེར་གཅིག་འདིའི་བར། །
    སྐྱེས་ཆེན་དམ་པར་མཇལ་ཁ་ལ། །རིན་གོང་ལེན་པའི་སྲོལ་ཡང་མེད། །
    དེ་རིང་རྣ་བར་འདི་ཐོས་དུས། །སེམས་ཀྱི་ཚོར་སྣང་སྐྱོ་གདུང་ཞིག །
    བསླུ་མེད་དཀོན་མཆོག་གསུམ་པོ་དང་། །བྱམས་ལྡན་བླ་མ་འཚོང་ལ་བསྒྱུར། །
    ངེད་ཚང་བོད་པའི་ལྕགས་གདོང་ཅན། །ཁ་བ་ཅན་པའི་ཞབས་འདྲེན་ཡིན། །
    ཤོག་དངུལ་དཀར་པོ་འདི་ཡི་དོན། །ལས་འབྲས་ངན་པའི་ཆུ་ལ་བསྐུར། །
    ཞི་བདེའི་དེད་དཔོན་འགྲོ་བདེར་བསྙེགས། །སྲི་ཞུ་བོད་མས་ཆོས་འཚོང་རྒྱབ། །
    ལྟོ་གོས་གཉིས་ཀྱི་བདེ་དོན་ལ། །བྱམས་ལྡན་བླ་མ་དབུ་ལ་སྐོར། །
    འདི་འདྲ་ངེད་ཚང་ལས་ངན་ཞིག །ཞི་བདེའི་དེད་དཔོན་བཀའ་དྲིན་བརྗེད། །
    ཇི་སྲིད་བླ་མ་སྐུ་འཚོ་རིང་། །དེ་སྲིད་ཆོས་འཚོང་དགོས་དོན་མེད། །
    ཇི་འདྲ་ཅི་ལམ་འུ་ཐུག་ཀྱང་། །དྲིན་ཆེན་བླ་མ་ཉེས་མ་བསྒྱུར། །
    སྲི་ཞུ་པ་རྣམས་གྲོད་ལྟོགས་ན། །རང་རེའི་བདེ་སྡུག་གླེང་ནས་སློང་། །
    ཆོལ་གསུམ་བོད་མའི་གཙུག་གི་ནོར། །འཚོང་རྫས་མ་བསྒྱུར་སྲི་ཞུ་བ། །
    ས་འཛིན་དཀར་པོའི་ལག་གཉིས་སྦྱོར། །བླ་མའི་བཀའ་དྲིན་ཡེ་མ་བརྗེད། །
    ཟླུམ་གཟུགས་གོ་ལའི་འདི་ནང་ལ། །གངས་ཅན་པ་ཞེས་ཡང་ཡང་གྲགས། །
    ཞི་བདེའི་དེད་དཔོན་ཐུགས་རྗེས་ཡིན། །ང་ཚོའི་བོད་མའི་བླ་སྲོག་ཡིན། །

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    ཧང་སང་དགོས་དོན་ཡོད་པ་མ་རེད། ངས་བལྟས་ན་གསུང་ཆོས་ལག་འཁྱེར་བཟོ་བྱེད་ཀྱི་ཆེད་ཡིན་རྒྱུ་རེད། ནམ་རྒྱུན་རྡ་སའི་བདེ་སྲུང་ཁང་གིས་མི་རེའི་ལག་ནས་སྒོར་བཅུ་རེ་ལེན་གྱི་ཡོད་པ་དང་གཅིག་མཚུངས་རེད། ལག་འཁྱེར་དེར་སྔོན་མ་སྒོར་ལྔ་དང་དེང་སང་བཅུ་རུ་འཕར་འདུག་་་་ལག་འཁྱེར་དེར་སྒོར་བཅུའི་རིན་ཞིག་འདུག་གམ། དྲང་མོ་བཤད་ན་འདིའང་དངུལ་བསྡུ་ཐབས་ཤིག་མ་རེད་དམ། བརྒྱ་བཤད་སྟོང་བཤད་ཅི་བྱས་ཀྱང་༸གོང་ས་མཆོག་གི་མཛད་འཕྲིན་གྱི་ཐུ་འོག་ནས་སློབ་འབངས་ཚོས་ཆོས་ཚོང་བྱས་པ་ཞིག་ལས་༸གོང་ས་མཆོག་ལ་སྐུལ་འདེབས་དང་ཞབས་འདྲེན་ཞུ་རུ་བཅུག་པ་ཞིག་མིན་པས་གནད་འགག་དེ་འདྲ་མི་འདུག་སྙམ། འདི་ཡང་གནད་འགག་ཅིག་ཏུ་བརྩིས་ནས་སྤྱི་ཚོགས་ནང་སྐུལ་སློང་བྱ་རིན་ཡོད་ན་་་་་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོས་བྱེད་སྟངས་ལ་ཞིབ་འཇུག་ཅིག་བྱས་ན་གསར་འགོད་པ་ཚོ་ཉིན་མཚན་མེད་པར་ལས་བྲེལ་ཞིག་གི་ནང་དུ་ལྷུང་ནས་ཉལ་ཁོམ་ཡང་ཡོད་རྒྱུ་ཁག་པོ་རེད།

    Reply
  16. ཚེ་རིང། says:
    ལོ་ 14 སྔོན།

    དངུལ་དེ་དག་གང་ཞིག་ཏུ་འགྲོ་ཡི་ཡོད་བཤད་ཚོད་ཐིག་ཁག་པོ་རེད། དེང་སྐབས་བོད་པ་ནང་ཁུལ་དུ་༧གོང་ས་མཆོག་མཇལ་ཁ་རུ་དངུལ་སྒོར་ལེན་པ་འདི་མ་འོངས་པར་རྩོད་གཞིའི་དངུལ་སྒོར་དུ་འགྱུར་པ་ལས་ཕན་ཐོགས་ཨེ་ཡོད་བསམ་སོང་། འདིའི་རིགས་རྩ་ཁྲ་དེ་ཚོ་ཡང་ཚད་ལྡན་ཡོད་པ་ཞིག་ཡིན་པའི་སྐད་ཆ་མི་འདུག

    ཉེ་ཆར་ཨ་རིར་དུས་འཁོར་དབང་ཆེན་སྐབས་ཀྱང་། དུས་དབང་གི་ཆེད་དང་འཁྲུངས་སྐར་གྱི་ཆེད་དུ་དངུལ་སྒོར་འབོར་ཆེན་བླངས་པ་མ་ཟད། དེའི་རིགས་ལ་སྐལ་ལྡན་བློ་གྲོས་ཁོང་ཚོས་བྱེད་སྟངས་ལ་ཡི་མ་རངས་བ་བྱེད་མཁན་མང་པོ་ཡོད་པ་རེད་ལ། དངོས་སུ་དངུལ་སྒོར་བྱུང་བ་དང་། རྗེས་ཀྱི་རྩིས་ཁྲ་ལ་ཧེ་བག་ཆེན་པོ་བྱུང་ཡོད་པ་རེད། ཚོང་པ་འདི་ཚོར་བྱེད་རྒྱུ་ཡོད་པ་རེད་༌༌༌༌༌༌༌༌༌༌༌སྤྱི་ཚོགས་ཀྱི་བདེ་རྩལ་འགྲོ་ཐུབ་ན་དངུལ་དགོས་ཀྱང་ཨོ་ཙམ་རེད། བར་ཟས་དེ་ཉེན་ཁ་ཚ་བོ་འདུག འདི་ལོའི་དུས་དབང་ལྟ་བུ་རེད་༌༌༌༌༌༌༌༌༌༌༌

    Reply
  17. ཟླ་བ་ཚེ་རིང་། says:
    ལོ་ 14 སྔོན།

    མཇལ་ཁ་གནང་ཡུལ་༧སྐུ་མདུན་བཞུགས་གནས་མགྲོན་ཁང་ཡིན་ན་རིན་མེད་ཡིན་སྲིད། དེ་མིན་གྱི་ཚོམས་ཁང་གཞན་ཡིན་ཚེ་རིན་མེད་ཁག་པོ་རེད་འདོད་། དེ་སྔ་སྐུ་མདུན་འདི་གར་ཆིབས་བསྒྱུར་སྔ་ཕྱི་ཐེངས་གཉིས་གནང་སྐབས་གནས་སྡོད་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་བ་རེད། ཚོགས་ཁང་གཉིས་ཀ་གླས་པ་རེད། རིན་གོང་མཐོན་པོ་རེད། ཆིབས་བསྒྱུར་སྔ་མིའ་སྐབས་བོད་རིགས་ཚོགས་པས་འགྲོ་སོང་བཏང་བ་རེད། ཕྱི་མའི་སྐབས་བོད་རིགས་ཚོགས་པས་ཐབས་འཚོལ་བྱས་པ་བརྒྱུད་ཧྥ་རན་སིའི་ཡུལ་མི་ཞིག་གི་སྦྱིན་བདག་གནང་བ་རེད། རིན་གོང་དུས་ཚོད་གསུམ་ཙམ་རིང་ལ་ཡུ་སྒོར་༤༥༠༠ལྷག་རེད། གང་ལྟར་ཚོགས་ཁང་རིན་མེད་ཡིན་ཚེ་དངུལ་བསྡུས་པ་དེ་ཡག་པོ་མ་རེད་འདོད།

    Reply
  18. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    འཇར་མན་བོད་རིགས་ཚོ་དཔལ་འབྱོར་གྱི་དཀའ་ངན་ཡོད་ན་འབྲེལ་ཡོད་ཁག་སྙན་ཞུ་རྒྱབ་ནས་ཐབས་ཤེས་གནང་ན་ལུགས་མཐུན་རེད་བ། དེ་ལས་ལྡོག་ཏེ་བོད་མི་རིགས་དང་གོང་ས་མཆོག་གི་ཞབས་འདྲེན་པའི་ལས་ཀ་འདི་འདྲ་བྱས་ན་ཡག་པོ་ཁྱོད་ནས་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese