མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རབ་དགའ་ཚལ་སློབ་གླིང་གིས་སུ་ཇ་དང་གྲྭ་ས་ཁག་གི་སློབ་མ་བསྡུ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp


རྒྱ་
ནག་གཞུང་གིས་ཕྱི་སྡོད་བོད་རིགས་རྣམས་ཕྱིར་རྒྱལ་ནང་དུ་འགུག་པའི་སྲིད་ཇུས་ལག་བསྟར་དང་བྱི་ཞི་རྒོལ་ཆེན་མོ་བཅས་ལ་བརྟེན་ཏེ། བོད་ནས་ཕྱི་ཕྱོགས་སུ་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་སོང་ཞིང་། རྒྱ་བལ་གཉིས་ཀྱི་བོད་མི་མང་པོ་ཞིག་ཕྱིར་བོད་ནང་དུ་ལོག་མགོ་བརྩམས་ཡོད་སྟབས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཉུང་དུ་ཕྱིན་ཏེ། ད་ཆར་སུ་ཇ་དང་གྲྭ་ས་ཁག་ནས་ཡོང་མཁན་ཚོ་ཡང་སློབ་འཇུག་བྱེད་བཞིན་ཡོད་འདུག

བཞུགས་སྒར་ཉེ་འཁྲིས་ཀྱི་ཤེས་རབ་དགའ་ཚལ་སློབ་གླིང་ནི་བོད་ཕྱི་ནང་བར་གྱི་ཟམ་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། ཉེ་ཆར་འདི་གའི་གསར་འགོད་པ་ཆེད་དུ་ཤེས་རབ་དགའ་ཚལ་སློབ་གླིང་དུ་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་བྱས། ཤེས་རབ་དགའ་ཚལ་སློབ་གླིབ་དུ་སློབ་ཕྲུག་ཆེས་མང་སྐབས་ ༢༠༠༧ ལོ་ཡིན་ཞིང་། སྐབས་དེར་སློབ་ཕྲུག་ ༨༠༠ ལས་བརྒལ་ཡོད་ཀྱང་འདས་པའི་ལོ་བཞིའི་ནང་སློབ་མ་ ༤༠༠ སྟེ་ལྡབ་གཅིག་གིས་ཇེ་ཉུང་དུ་ཕྱིན་ཏེ། དེང་སྐབས་སློབ་ཕྲུག་སུམ་བརྒྱ་ལྷག་ལས་མེད། སློབ་ཕྲུག་ཇེ་ཉུང་དུ་སོང་བ་དང་བསྟུན་ཏེ། ལྷོ་ཕྱོགས་གདན་ས་ཁག་ནས་བསྐྱར་དུ་སློབ་གྲྭར་ཞུགས་འདོད་མཁན་དང་། སུ་ཇཱ་སློབ་གྲྭ་སོགས་ནས་ཁུངས་མ་འཁྱོལ་བའི་རིགས། དེ་བཞིན། སློབ་ལོ་ཡོལ་ཟིན་པའི་ཆབ་སྲིད་བཙོན་པ་ཁག་ཅིག་བཅས་ཀྱང་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་འཇུག་གི་གོ་སྐབས་སྤྲད་ཡོད་འདུག 

 

    སློབ་གྲྭ་འདི་ཐོག་མར་ ༡༩༩༣ ལོར་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་ནས་གསར་དུ་འབྱོར་བའི་རང་ལོ་ ༡༨ ནས་ ༣༠ བར་གྱི་སློབ་མ་ཚོར་དམིགས་ཏེ་བཙུགས་པ་ཞིག་ཡིན་ཞིང་། བོད་གཞུང་སྣེ་ལེན་ཁང་གི་འཛིན་སྐྱོང་འོག་སློབ་མ་ ༡༠༧ ཙལ་ལ་གུར་ཕུབ་སྟེ་སློབ་སྦྱོང་བྱེད་ཀྱི་ཡོད་པས་ན་གསོག་སྒར་སློབ་གྲྭ་ཞེས་འབོད། ༡༩༩༤ ལོར་སློབ་ཡུན་ལོ་གཅིག་ནས་གཉིས་སུ་སྤར་བ་དང་། ༡༩༩༨ ལོར་༸གོང་ས་མཆོག་ཆེད་ཕེབས་ཀྱིས་༼ ཤེས་རབ་དགའ་ཚལ་སློབ་གླིང་༽ ཞེས་མཚན་གསོལ། སློབ་གྲྭའི་ནང་ལག་ཤེས་དང་ཤེས་ཡོན་བཅས་སྡེ་ཚན་གཉིས་སུ་དབྱེ་སྟེ། ལག་ཤེས་ནང་འཚེམ་བཟོ་དང་ལྷ་བྲིས་གཉིས་དང་། ཤེས་ཡོན་ནང་བོད་དབྱིན་གཉིས་དང་གློག་ཀླད་བཅས་ཡོད། སློབ་མ་མཐར་ཕྱིན་གྱི་གནས་ཚད་བོད་ཡིག་འཛིན་རིམ་བཅུ་གཉིས་དང་། དབྱིན་ཡིག་འཛིན་རིམ་བརྒྱད་པ། འཚེམ་བཟོ་དང་ལྷ་བྲིས་ལོ་གསུམ་རེ་བཅས་ཡིན། ༡༩༩༣ ལོ་ནས་ད་ལྟ་སློབ་གྲྭ་འདིར་སློབ་མ་ ༦༥༦༧ བསླེབས་ཡོད་པ་ལས། སློབ་མཐར་མ་ཕྱིན་པར་རྩ་དགོངས་སུ་ཕྱིན་པ་ ༥༣༤༨ དང་། ཤེས་ཡོན་སྡེ་ཚན་དང་སློབ་ལོ་ཡོངས་སུ་ཚང་སྟེ་མཐར་ཕྱིན་མཁན་ ༧༡༧ དང་། འཚེམ་བཟོ་སློབ་མ་ ༧༥ ། ལྷ་བྲིས་སློབ་མ་ ༢༡ བཅས་ཁྱོན་སྡོམ་སློབ་མ་ ༨༡༣ སློབ་མཐར་ཕྱིན་ཡོད་འདུག 

    ས་བྱི་ཞི་རྒོལ་ཆེན་མོའི་རྗེས་ནས་སློབ་མ་ཉུང་དུ་ཕྱིན་ཏེ། ༢༠༠༨ ལོར་སློབ་མ་ ༡༥༣ ། ༢༠༠༩ ལོར་ ༡༧༨། ༢༠༡༠ ལོར་ ༡༣༥བཅས་ཡིན། སློབ་མ་ཉུང་དུ་ཕྱིན་པ་དང་བསྟུན་ཏེ་འཛིན་རིམ་གསུམ་པའི་བར་༼ ཀ་བ ༽ དང་༼ ཁ་པ ༽ཡོད་པ་ལས། འཛིན་རིམ་གཞན་དག་ཡོངས་ལ་འཛིན་གྲྭ་གཅིག་རེ་ལས་མེད། ཕོ་ལ་ཉལ་ཁང་ ༣༦ ཡོད་པ་དང་། ཉལ་ཁང་རེར་ཆ་སྙོམ་མི་ ༧ རེ་དང་། བུ་མོར་ཉལ་ཁང་ ༦ ཡོད་པ་ལ་ཆ་སྙོམ་མི་ ༢༥ རེ། རྨང་གཞི་འཛིན་གྲྭ་གཅིག་དང་ཟུར་གསོག་འཛིན་གྲྭ་གཉིས་བཅས་ཆགས་ཡོད་འདུག 

 

    གོང་གསལ་གྱི་གནས་ཚུལ་འདི་ཐད་གསར་འགོད་པས་སློབ་སྤྱི་བུ་དྲུག་ཤཱིསྟི་ལགས་སུ་གནས་སྟངས་དེའི་ཐད་བཅར་འདྲི་བྱས་པར་ཁོང་གིས། ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་རྗེས་ང་ཚོའི་སློབ་གྲྭར་སློབ་མ་རྦད་དེ་ཉུང་དུ་ཕྱིན་སོང་། དེ་ཡང་གཙོ་བོ། རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་ནང་གནས་མཇལ་དུ་ཡོང་མཁན་ལ་ཕྱི་བསྐྱོད་ལག་འཁྱེར་ཐོག་དམ་དྲག་དང་། བལ་བོད་ས་མཐའ་མཚམས་བརྟན་སྲུང་བྱས་ཏེ་བོད་ནས་མི་མང་པོ་ཞིག་ཡོང་མ་ཐུབ་པའི་རྐྱེན་གྱིས་རེད། ༢༠༠༨ ལོའི་གོང་དུ་ལོ་རེར་སློབ་མ་ ༥༠༠ ལྷག་ཆད་མེད་དུ་ཡོང་གི་ཡོད། དེའི་རྗེས་ནས་བཟུང་ལོ་རེར་སློབ་མ་ ༢༠༠ མ་ཟིིན་ཙམ་ལས་ཡོང་གི་མི་འདུག  ད་ལྟ་ཆར་གྲྭ་ས་ཁག་དང་སུ་ཇཱ་བོད་ཁྱིམ་སོགས་སུ་ཕྱིན་སྟེ་སློབ་སྦྱོང་གི་གོ་སྐབས་རག་ཡོད་ཀྱང་། ཡང་བསྐྱར་བལ་ཡུལ་ནས་ཐོ་འགོད་བྱས་ཏེ་ཕྱིར་ཡོང་མཁན་དག་ཀྱང་སློབ་འཇུག་བྱེད་ཀྱི་ཡོད། དེ་བཞིན། བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ངོས་སྦྱོར་བྱས་པའི་ཆབ་སྲིད་བཙོན་པ་ཁག་ཅིག་ཀྱང་བསླེབས་སོང་། སུ་ཇཱ་དང་གྲྭ་ས་ཁག་ནས་ཡོང་མཁན་དེ་ཚོར་སྔར་སློབ་སྦྱོང་གི་གོ་སྐབས་ཡག་ཡོད་སྟབས། ཡང་བསྐྱར་ཡོང་གི་ཡོད་པ་དེ་དག་གང་འདྲ་ཡིན་ནམ་བསམ་གྱི་འདུག  དེ་དག་གིས་སློབ་གྲྭའི་འཛིན་སྐྱོང་དང་སློབ་མའི་སློབ་སྦྱོང་གི་ཐད་ལ་གནོད་པ་ཡོང་གི་འདུག  ཅེས་དང་། ཡང་ཁོང་གིས། སྔོན་མར་རྩ་དགོངས་དུ་འགྲོ་བའི་རིགས་མང་པོ་ཡོད་ཀྱང་། ད་ལྟའི་ཆར་སྔར་ལས་ཉུང་དུ་ཕྱིན་འདུག  ཡིན་ནའང་། རྩ་དགོངས་ཞུ་མཁན་མང་པོ་ཞིག་བོད་དུ་ལོག་མཁན་དང་རེ་ཟུང་ཕྱི་རྒྱལ་དུ་འགྲོ་མཁན་ཆགས་འདུག  སྤྱི་ཡོངས་ཀྱི་ཐོག་ནས་སློབ་མ་ཉུང་དུ་ཕྱིན་པ་དེ་དཀའ་ངལ་ཞིག་ཆགས་ཡོད་ཀྱང་།  སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་སྔར་ལས་སྟབས་ཇེ་བདེ་དང་ཚགས་ཇེ་ཚུད་དུ་ཡོང་གི་འདུག་ལ། འཕྲོད་བསྟེན་དང་ཟ་མ་བཅས་ཕྱོགས་ཡོངས་ནས་ཡག་ཏུ་འགྲོ་བཞིིན་འདུག ཅེས་བརྗོད་བྱུང་།

 

    འདི་ལོ་ཕྱི་ཟླ་ ༤ པའི་ཚེས་ ༡ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་དངོས་སུ་སམ་བྷོ་ཊའི་ཁྱབ་ཁོངས་སུ་ཟླ་སྒྲིལ་བཏང་ཞིང་། སྐབས་དེའི་མཛད་སྒོའི་སྟེང་ཤེས་རིག་བཀའ་བློན་དང་སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་བཅས་ཀྱིས། མ་འོངས་པར་སྔར་ལས་ལྷག་པར་འཛིན་སྐྱོང་གིས་ལྟ་རྟོག་སློབ་སྦྱོང་གཙིགས་སུ་འཛིན་རྒྱུའི་གཏམ་བཤད་གནང་ཡོད། གསར་འགོད་པས་སློབ་ཕྲུག་གི་སྤྱི་ཁྱབ་འགན་བདག་ཕུར་བུ་ཉི་མ་ལགས་སུ། ད་ལྟ་སློབ་གྲྭའི་འཛིན་སྐྱོང་དང་ཤེས་ཡོན་གྱི་ཁོར་ཡུག དགེ་ལས་ཚོའི་གནས་ཚད་བཅས་ཀྱི་ཐད་ཡར་རྒྱས་ཀྱི་རྣམ་པ་གང་འདྲ་བྱུང་ཡོད་མེད་བཅར་འདྲི་ཞུས་པར། ཤེས་རབ་དགའ་ཚལ་སློབ་གླིང་སམ་བྷོ་ཊ་དང་ཟླ་སྒྲིལ་བཏང་རྗེས། སློབ་གྲྭའི་སྒྲིག་གཞི་དང་སློབ་སྦྱོང་གི་མཐུན་རྐྱེན། སྨན་བཅོས་འཕྲོད་བསྟེན། སློབ་མའི་ཞལ་ལག་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པར་མ་ཟད། ལྷག་པར་དུ་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གིས་བཀོད་མངགས་ལྟར། ལས་བྱེད་ཁག་ཅིག་དུས་ཚོད་ངེས་མེད་དུ་ཡོང་སྟེ་ཡིག་ཚང་ལས་བྱེད་ཚོའི་ལས་ཀ་བྱེད་སྟངས་དང་དགེ་རྒན་གྱི་སློབ་ཁྲིད་སོགས་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་འདུག་ལ། སློབ་མའི་བསམ་ཚུལ་གཙིགས་སུ་བཟུང་སྟེ་ཆེད་མཁས་པ་གདན་ཞུའི་ཐོག་དགེ་རྒན་རྣམས་ལ་དབྱིན་སྐད་ཀྱི་སྒྲ་གདངས་དང་བོད་ཡིག་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་ཟབ་སྦྱོང་རིམ་པ་གོ་སྒྲིག་གནང་ཡོད་འདུག  དེ་བཞིན་སློབ་གྲྭའི་དཔེ་མཛོད་དང་གློག་ཀླད་སོགས་མཐུན་རྐྱེན་ཇེ་བཟང་དུ་བཏང་ཡོད་པ་དང་། སློབ་སྦྱོང་ལ་དོ་ཕོག་འགྲོ་གཞིའི་སྒྲིག་གཞི་ད་ཉེས་ཆད་མང་པོ་ཞིག་མེད་པར་བཟོས་ཏེ། མཐར་ཕྱིན་སློབ་མར་དམིགས་ཏེ་ལག་ཤེས་སློབ་སྦྱོང་དང་། མ་འོངས་པར་(openschool)ཡིག་ཚད་གཏོང་ཐབས་བཅས་གྲ་སྒྲིག་ཞུ་བཞིན་ཡོད་འདུག 

 

    མཐའ་མར་གསར་འགོད་པས་འཛིན་གྲྭ་མཐོ་བའི་སློབ་མ་ཁག་ཅིག་དང་། བོད་ནང་ལོག་མཁན་གྱི་སློབ་མ་ཁག་ཅིག་ལ་བཅར་འདྲི་ཞུས་པར། སློབ་གྲྭའི་ནང་གི་དཀའ་ངལ་གཙོ་བོ། ད་ལྟའི་འཛིན་སྐྱོང་བྱེད་མཁན་ཚོར་ཤེས་ཡོན་སློབ་གསོའི་ཉམས་མྱོང་ཞན་པའི་དབང་གིས་ཕྱོགས་འགའ་རེར་འདང་གི་མེད་པའི་ཆ་ཡོད་པ་དང་། དབྱིན་ཡིག་དགེ་རྒན་ཚོར་བོད་ཡིག་གི་གནས་ཚད་སྐྱོ་དྲགས་ཏེ་བོད་སྐད་ཀྱི་འདང་གི་མེད་སྟབས་དགེ་སློབ་བར་གོ་བརྡ་འཕྲོད་དཀའ་བའི་གནས་སྟངས་ཡོད་པ་དང་། ཡང་སློབ་མའི་ཕྱོགས་ཀྱི་ཞན་ཆ་ཞིག་ལ། དེང་སྐབས་བོད་ནས་གསར་དུ་འབྱོར་མཁན་མང་པོ་ཞིག་ཡིག་རྨོངས་པ་ཡིན་པའི་ཁར་ཕྱི་རྒྱལ་དུ་འགྲོ་རྒྱུ་ཁོ་ན་དམིགས་ཡུལ་དུ་བཟང་སྟེ། ཀུན་སྤྱོད་ཡག་པོ་མེད་པ་དང་ཤེས་ཡོན་གྱི་ར་བ་ནས་དཔལ་འབྱོར་གྱི་འགྲན་བསྡུར་བྱས་ཏེ་སློབ་གཉེར་གྱི་ཁོར་ཡུག་ལ་གཏོར་བཅོམ་གཏོང་བ། སློབ་སྦྱོང་ལ་འདུན་པ་ཆེ་བའི་སློབ་མ་ཚོར་ཤུགས་རྐྱེན་ངན་པ་འཇོག་པ་བཅས་ཀྱི་གནས་སྟངས་ཡོང་གི་ཡོད་སྟབས། མ་འོངས་པར་སློབ་གྲྭའི་ངོས་ནས་སློབ་སྦྱོང་ཡོད་མེད་གཉིས་སོ་སོར་དབྱེ་དགོས་པའི་བསམ་ཚུལ་ཡང་འདུག

    སློབ་མཐར་ཕྱིན་ཏེ་བོད་ནང་ལོག་མཁན་ཞིག་གིས་བརྗོད་ན། ཁོང་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་སློབ་སྦྱོང་ཡག་པོ་ཞིག་བྱས་ཏེ། བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་དགོས་སྙམ་པའི་དམ་བཅའ་ཡོད་ཀྱང་། སློབ་གྲྭའི་ནང་ལོ་གཅིག་ལྷག་བསྡད་པའི་རིང་ཁོར་ཡུག་དང་རྒྱུ་རྐྱེན་མང་པོ་ཞིག་གིས་སེམས་ཤུགས་དང་སྤོབས་པ་བརླག་འགྲོ་བཞིན་ཡོད་པ་དང་། ཤེས་རབ་དགའ་ཚལ་སློབ་གླིང་ནས་སློབ་མཐར་ཕྱིན་ཡང་། མ་འོངས་པར་རེ་བ་བརྒྱབ་ཆོག་པའི་ལམ་ཁ་གང་ཡང་མེད་སྟབས། ཕྱིར་ཕ་ཡུལ་དུ་ལོག་སྟེ་ནང་མི་སྤུན་མཆེད་དང་ལྷན་དུ། རང་ཉིད་ཀྱིས་གང་ཤེས་པ་དང་གང་འཇོན་པ་དེ་ཕ་ས་ཕ་ཡུལ་ནས་ལག་ལེན་བསྟར་ཐུབ་པ་ཡིན་ན་ཅུང་ཕན་ཐོགས་ཆེ་བ་མེད་འགྲོ་སྙམ་སྟེ། ཕྱིར་ཕ་ཡུལ་དུ་ལོག་རྒྱུར་སེམས་ཐག་བཅད་པ་ཡིན་ཟེར།

  གསར་འགོད་པ། དོན་གོ

༼ གོང་བཀོད་གསར་འགྱུར་འདི་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༥༢༨ སྟེང་བཀོད་འགྲེམ་བྱས་ཟིན་ཡོད། ༽

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

སྐར་མ ༤ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༨ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༩ སྔོན་ལ།

མཆན། 12

  1. ལྭ་ཝ་ says:
    ལོ་ 14 སྔོན།

    ཤེས་རབ་དགའ་ཚལ་སློབ་གླིང་དུ་གྲྭ་བ་ཚོར་ཞུགས་ཆོགས་ན་་་་་་ཐོགས་མ་ཆ་རྐྱེན་ཇི་ལྟར་དགོས་ཀྱི་རེད།

    Reply
  2. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    གསར་འགྱུར་དེ་ངོ་མ་བཟང་པོ་རེད་གང་ཡིན་ཟེར་ན་དགོན་སྡེ་ཁག་ནས་ཡོང་བའི་གྲྭ་པ་དང་དེ་བཞིན་བོད་ཡིག་གི་གནས་ཚད་གང་ཚམ་ཡོད་ན་ཡང་ས་རྭ་སོགས་ལ་མ་ཚུད་པའི་རིང་སློབ་གྲ་དེ་འདྲ་ཞིག་ནས་ཡར་རྒྱས་གཏོང་ཐུབ་ན་མ་འོངས་པར་བོད་མི་རིགས་ལ་ཕན་པའི་ན་གཞོན་མང་པོ་ཞིག་བཟོ་ཐུབ་ཀྱི་རེད་།

    Reply
  3. གཡག says:
    ལོ་ 14 སྔོན།

    ད་ཡིན་ན་གསོག་སྒར་དུ་འགྲོ་འདོད་པ་ཚང་མ་ཕེབས་རྐྱང་བྱོས། ཡིན་ན་ཡང་དགེ་རྒན་ལྟས་ངན་རྐྱང་རྐྱང་རེད་ཟེར་ཚོད་ཐོས། ཡོན་ཏན་ཞིག་མི་རེག་ཐག་ཆོད་ཡིན།ཉི་མ་འདྲ་གཏོང་ཐབས་ལ་འགྲིག་ས་རེད།

    Reply
  4. གངས་སྤྲེལ་ཚ། says:
    ལོ་ 14 སྔོན།

    སློབ་ཕྲུག་ཡོད་ཚེ་བདག་པོ་མ་བརྒྱབ ད་ངེས་འབྱུང་སྐྱེས་འདུག་འ། སྤྱིར་བདག་པོ་མ་བརྒྱབ་ཀྱང་མི་གསོད་ཁྲག་སྦྱོར་ལ་མ་བསྲེས་ན་བཟང་་་།

    Reply
  5. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    གསར་འགྱུར་དེ་དུས་བབ་ཚགས་པར་ནས་ཀློག་ཟིན་པ་ཡིན།
    ད་རེས་འདིར་བསམ་ཚུལ་ཁ་ཤས་ཞུས་ན། སློབ་གྲྭྭར་སློབ་འཇུག་བྱེད་པའི་ཆ་རྐྱེན་ཡོད་ན། སུ་ཇ་སློབ་གྲྭ་ལྟ་བུ་མུ་འཐུད་སློབ་སྦྱོང་བྱ་འདོད་ཡོད་ཀྱང་། ཡིག་ཚད་གཅིག་གཉིས་མ་ལོན་ནས། སློབ་གྲྭའི་གོ་སྐབས་ཤོར་བ་དེ་ཚོར་གནང་བ་དེ་ཧ་ཅང་ཡག་པོ་རེད། དེའི་སྐོར་སློབ་ཕྲུག་ཚོས་དཀའ་ངལ་ཁག་ཅིག་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་ནས་གཉེར་བའི་དགུན་དུས་ཟབ་སྦྱོང་སྐབས་གླེང་ཡོང་གི་འདུག
    གཞན་ཡང་དེང་དུས་གཞན་དབང་སྟབས་བསྟུན་དང་རྒྱུ་རྐྱེན་ཁ་ཤས་ལ་བརྟེན་ནས། གཏན་སློབ་ལྟ་བུར་སློབ་མ་སློབ་སྦྱོང་ཁུངས་མ་འཁྱོལ་བ་གང་ཙམ་ཡོང་གི་འདུག གཙོ་བོ་དེ་འཚར་ལོངས་ཀྱི་མྱུར་ཚད་མགྱོགས་ཤོས་ཏེ། འཛིན་རིམ་དྲུག་པ་ནས་དགུ་པ་བཅུ་པ་བར་གྱི་སློབ་མ་མི་ཉུང་ཞིག་ཕྱིའི་འཚར་ལོངས་དང་ནང་སེམས་ཀྱི་འཚར་ལོངས་དེ་གཉིས་ཆ་མི་མཐུན་པའམ་སྟོང་བསམ་དང་། འཆར་ཡན་ནང་འགྲོ་ཐལ་ཆེ་བའི་བརྒྱུད་རིམ་ཞིག་ལ་འཁེལ་བར་བརྟེན། དུས་ཚོད་དེའི་ནང་ཕ་མ་དང་། དགེ་རྒན།འཛིན་སྐྱོང་གི་སྟངས་འཛིན་འཚམས་པོ་མ་བྱུང་བའི་དབང་གིས་སློབ་ཁུངས་མ་འཁྱོལ་བར་སློབ་གྲྭ་ནས་བུད་འགྲོ་མཁན་མི་ཉུང་བ་ཞིག་ཡོང་གི་འདུག ཁོང་ཚོའི་ནང་རེ་གཉིས་མ་གཏོགས་མང་ཆེ་བར་སློབ་མ་ཚོར་ཁག་མེད་པ་རྐྱང་ཡིན་པའི་མྱོང་འཚོར་ཡོད། དེའི་ཐད་གུས་མོས་ཤེས་རིག་དྲུང་ཆེ་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་སུ་དངོས་སུ་ཞུ་རྒྱུ་བྱུང་། སྟབས་ལེགས་ནས་བཙན་བྱོལ་ནང་དང་ཞབས་ནང་དུ་འགྲོ་ས་ཞིག་ཡོད་སྟབས་སྤྱི་ཚོགས་སྟེང་འཁྱམས་སྡོད་མཁན་དེ་ཙམ་མང་པོ་མེད། གལ་སྲིད་ཕྲུ་གུ་དེ་ཚོའི་རིགས་ལ་དེ་གའི་སློབ་གྲྭ་ནས་གོ་སྐབས་གསར་པ་ཞིག་སྤྲད་ནའང་གང་ལྟར་བོད་པའི་སྤྱི་ཚོགས་ལ་ཕན་མི་ཡོང་ངམ་སྙམ།

    Reply
  6. ཨ་མའི་བུ། says:
    ལོ་ 14 སྔོན།

    དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐུ་ངོ་རྨོག་རུ་བསྟན་པ་ལགས་མཆོག་གིས་གནས་ཚུལ་འདིའི་སྐོར་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་ཐེངས་གཉིས་པའི་ཐོག་ཐུགས་སྣང་གཞེན་སྐུལ་གནང་རྒྱའི་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ངོས་རྨོག་རུ་བསྟན་པ་ལགས་འདྲ་བའི་སྤྱི་འཐུས་གང་མང་གྲོས་ཚོགས་ཀྱི་རྭ་བའི་སླེབས་རྒྱུའི་འདུན་པ་ཆེ།

    Reply
  7. བྱ་གཞུང་འཇམ་དབྱངས། says:
    ལོ་ 14 སྔོན།

    དེང་སྐབས་བོད་ནས་གསར་དུ་འབྱོར་མཁན་མང་པོ་ཞིག་ཡིག་རྨོངས་པ་ཡིན་པའི་ཁར་ཕྱི་རྒྱལ་དུ་འགྲོ་རྒྱུ་ཁོ་ན་དམིགས་ཡུལ་དུ་བཟང་སྟེ། ཀུན་སྤྱོད་ཡག་པོ་མེད་པ་དང་ཤེས་ཡོན་གྱི་ར་བ་ནས་དཔལ་འབྱོར་གྱི་འགྲན་བསྡུར་བྱས་ཏེ་སློབ་གཉེར་གྱི་ཁོར་ཡུག་ལ་གཏོར་བཅོམ་གཏོང་བ། གོང་དུ་སློབ་མའི་དྲི་ལན་ཞིག་ལས་འདི་ལྟར་བཤད་འདུག འདི་དངོས་གནས་ཚུལ་རེད། ང་ཚོའི་བཙལ་བྱོལ་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ངན་པ་འདིས་སློབ་སྦྱོང་གི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཞིག་བཟོ་བཞིན་འདུག གདན་སར་མཚོན་ན་ཡང་ཤུགས་རྐྱེན་དང་ལུགས་སྲོལ་ངན་འདིས་གདན་ས་ཁག་གི་སློབ་གཉེར་ལ་གཏོར་བཅོམ་ཆེན་པོ་གཏོང་གིས་འདུག སྤྱིར་བཏང་ནས་བཤད་ན་དེང་སྐབས་དཔལ་འབྱོར་འགྲན་བསྡུར་གྱི་སྤྱི་ཚོགས་ཤིག་ཡིན་པས་དཔལ་འབྱོར་འགྲན་བསྡུར་དང་ཡར་རྒྱས་གོང་འཕེལ་གྱི་ཐབས་ལ་འབད་དགོས་པ་ཞིག་རེད། འོན་ཀྱང་ ཤེས་ཡོན་པའི་སྡེ་མཚན་དང་སློབ་སྦྱོང་བྱེད་སའི་ཁོརགཡུ་ནང་དེ་ལྟར་བྱས་ན་ངོ་མ་ཐབས་རྡུགས་རེད། འདི་ལ་སྒྲིག་འཛུགས་དང་ཁྲིམས་བཟོས་ནས་ཁག་པོ་རེད། སློབ་གྲྭའི་སློབ་གསོ་དང་བསམ་བློའི་ཀུན་སྤྱོད་ཀྱི་སློབ་གསོས་མ་འདང་བ་ཞིག་རེད་སྙམ། འདི་ལ་སློབ་གྲྭ་དང་དགོན་པ་ཁག་གི་སློབ་གཙོ་དང་སློབ་དགེ་འགན་ཡོད་མི་སྣ་རྣམ་ཀྱིས་ཐབས་ཤེས་དང་བསམ་གཞིག་ཞིག་་ངེས་པར་དུ་གཏོང་ དགོས་ཀྱི་འདུག

    Reply
  8. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    གནད་དོན་འདིའི་ཐད་སྔོན་མ་ནས་སེམས་ཚོར་ཆེན་པོ་ཡོད་པ་དང་།གསར་འབྱོར་དང་གྲྭ་ས་ནས་ཐོན་པ་མང་པོ་ཞིག་ལ་སློབ་སྦྱོང་གི་གོ་སྐབས་མ་རེག་པའི་དཀའ་ངལ་ཡོད་པ་དངོས་འབྲེལ་ལགས།
    སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་འདུ་གཉིས་པར་འདིའི་ཐད་ཐུགས་སྣང་གཞེན་སྐུལ་ཞིག་ཞུ་དགོས་བསམ་ཡོད།
    འོན་ཀྱང་སློབ་སྤྱི་མཆོག་དང་འགན་ཡོད་ཚང་མས་གུ་ཡངས་ཀྱི་དགོངས་པ་ཆེར་གཞེས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  9. ངག་དབང་རབ་རྒྱས། says:
    ལོ་ 14 སྔོན།

    ཨོ་དེ་གནས་ཚུལ་བཟང་པོ་ཅིག་རེད་འདུག་ཧ་དངོས་གནས་དྷ་སར་ཡོད་མཁན་དཀའ་ངལ་ཅན་མི་ཉུང་བ་ཞིག་ལ་ཕན་ཐོག་ཆེན་པོ་ཡོང་ངེས་ཡིན་ནའང་སློབ་གྲྭའི་ཤེས་ཡོན་དང་འཛིན་སྐྱོང་ལམ་ལུག་ལ་འགྱུར་བ་ཞིག་གཏོང་དགོས་ངེས་རེད།་གཞན་མ་གཏོགས་མི་དེ་ཚོ་སློབ་གྲྭའི་བསྡོད་མཁན་ཁ་པོ་རེད།་བོད་མིའི་སྒྲིག་འཛུགས་ཀྱིས་གཟིགས་རྒྱང་དེ་དགའ་བསུ་དང་ཡིད་རང་ཞུ་འོས་པ་ཅིག་རེད།་ཐུགས་རྗེ་ཆེ།

    Reply
  10. བརྩོན་རྒྱམ། says:
    ལོ་ 14 སྔོན།

    གསར་འགྱུར་དེ་ནི་ཧ་ཀྱང་གལ་ཆེན་རེད་ད་སྐབས་བོད་ཕྲུག་གཞོན་སྐྱེས་མང་པོ་ཞིག་མེག་ལོར་འཁྱམ་ནས་བསྡད་ཡོད་པ་རེད།   ཁོང་ཚོ་ཁག་གཅིག་གདན་ས་ཁག་ནས་ཡོང་པ་དང་ཁག་གཅིག་སློབ་གྲྭ་ཁང་ནས་ཡོང་པ་འདྲ་བོ་སོགས་གང་ལྟར་གཞོན་སྐྱེས་མང་པོ་ཞིག་ཡོད་པ་དངོས་ཡོད་རེད།  དེ་འདྲ་ཡིན་དུས་འདི་འདྲའི་སློབ་སྤྱོང་སྤྲད་ཀྱི་ཡོད་པ་ཧ་ཀྱང་གལ་ཆེན་རེད།  དེ་ནི་དངོས་ཡོད་ཕན་པའི་བྱ་བ་གལ་ཆེན་ཞིག་རེད།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ༡)སློབ་མ་བསྡུ་སྟངས་ཐད་ལ་གུ་ཡངས་པོ་གནང་དགོས་པ་གལ་ཆེན་པོ་རེད། འོན་ཀྱང་སློབ་གླིང་འདི་བོད་ནས་ཡོང་མཁན་ཁོ་ནའི་ཆེད་དུ་ཡིན་པའི་ངོ་བོ་ལ་སྒྱུར་བཅོས་གཏོང་མི་འོས།
    ༢)སློབ་མ་ཚོའི་ནང་ན་སློབ་སྦྱོང་ཡོད་མེད་ཀྱི་བར་ཁྱད་ཆེན་པོ་ཡོད་ལ་གནས་སྟངས་དེའི་འོག་ནས་ཚང་མར་ཁྲིམས་སྒྲིག་གཅིག་གིས་སྟངས་འཛིན་བྱེད་པའི་རྣམ་པ་དེ་ཧ་ཅང་མི་འོས་པ་ཞིག་ཡིན་པ་བདེན།
    ༣)དེ་སྔོན་ཕྱིའི་མཐུན་རྐྱེན་ཧ་ཅང་སྐྱོ་ལ་དེང་སང་ཕྱིའི་མཐུན་རྐྱེན་བཟང། གཙོ་བོ་ནང་གི་མཐུན་རྐྱེན་དག་བཟང་དགོས་པས། དགེ་རྒན་དང་སློབ་དེབ། ལོ་རིམ་ཇེ་མཐོར་གཏོང་བ་སོགས་ཀྱི་རྣམ་པ་ཇེ་ལེགས་སུ་གཏོང་དགོས།
    ད་བར་ལ་ལེགས་བཅོས་གང་འཚམ་རེ་བཏང་ཡོད་མོད། ད་དུང་སྔར་ལྷག་གིས་ཇེ་ལེགས་སུ་གཏོང་དགོས། འདིའི་ཐད་ལ་བཀའ་ཤག་གསར་པས་དམིགས་བཀར་ལས་དོན་སྒྲུབ་པའི་རེ་སྐུལ་ཞུ་འདོད་བྱུང།

    Reply
  12. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གསར་འགྱུར་ཡག་པོ་རེད་་་་རབ་ཡིན་ན་མེག་ལོའི་ལས་མེད་འཁྱམ་པོ་ཚོའང་དེའི་ཁོངས་སུ་བསྡུ་ཐབས་བྱས་ན་ཡག་པོ་རེད ་་་གང་ལྟར་བོད་མི་ཚོར་སློབ་སྦྱོང་སྤྲོད་རྒྱུའི་ཆེད་དུ་བཙུགས་པ་ཞིག་ཡིན་དུས་ཕྱོགས་གང་ས་ནས་ཐབས་ཤེས་འཐེན་རྒྱུ་གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese