༼ འདོན་ཐེངས་སྔ་མའི་འཕྲོས། ༽ དྲུག་པ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་མཇུག་སྒྲིལ་བ།
བ་ཡེ་མ་ཁྱེ་གཅོད་པ་ཐར་གྱིས་བརྩམས། གཟུངས་མོ་སྐྱིད་ཀྱིས་བསྒྱུར།
༡ ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ལགས་ཀྱིས་སྲོལ་བཏོད་པའི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་འདི་ནི་མཚུར་ཕུ་དགོན་པ་ནས་ཐོག་མར་མགོ་བཙུགས་ཤིང་། ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ཁོང་ཉིད་སྐུ་དངོས་ཀྱིས་དགོན་པ་འདི་ནས་རང་གི་ཡང་སྲིད་སྐོར་གྱི་ལུང་བསྟན་ཡི་གེ་དགེ་ཕྲུག་འགྲོ་མགོན་བདེ་ཆེན་གྱི་ལག་ཏུ་བཞག་པ་ནས། དེང་དུས་འཛམ་གླིང་ཡོངས་གྱིས་དོ་སྣང་བྱེད་བཞིན་པའི་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱི་སྲོལ་ཐོག་མར་བྱུང་བ་རེད། ཕྱི་ལོ་ ༡༢༠༤ ལོར་ཀརྨ་པ་སྐུ་ཕྲེང་གཉིས་པ་ཀརྨ་པཀྴི་མཆོག་སྐུ་འཁྲུངས་ནས་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གི་ཡང་སྲིད་ལ་ངོས་འཛིན་བྱས་པ་ནས་བཟུང་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་དངོས་སུ་དབུ་བརྙེས་པ་དང་། དེ་ནས་རིམ་གྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་གཞན་དག་གིས་ལག་བསྟར་བྱས། ཀརྨ་པའི་ཡང་སྲིད་རིམ་བྱོན་ནི་དེང་སྐབས་ཀྱི་སྐུ་ཕྲེང་བཅུ་བདུན་པ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་བར་དུ་རྒྱུན་མཐུད་དེ་མཚམས་ཆད་མ་མྱོང་ལ། དེ་ལ་ལོ་ངོ་བརྒྱད་བརྒྱའི་ལོ་རྒྱུས་ཡོད། བཤད་ཚུལ་ལྟར་ན་ཆོས་རྒྱུད་འདིས་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་སྲོལ་ཕྱེས་པ་ནས། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་གདན་རབས་སྐོར་གྱི་ལྐོག་གྱུར་རིང་ལུགས་པའི་སྲོལ་ཐོག་མར་སྤེལ་བ་རེད་ཟེར།
༢ ཏྰ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ(ཕྱི་ལོ་༡༣༩༡ནས་ཕྱི་ལོ༡༤༧༤ལོ) དང་ཏྰ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ(མིང་དངོས་ལ་སངས་རྒྱས་འཕེལ་ཕྱི་ལོ་ ༡༤༧༥ ནས་ཕྱི་ལོ་ ༡༥༤༢ལོ)གཉིས་ནི་རྗེ་ཙོང་ཁ་བའི་ཐུགས་སྲས་གཉིས་ཀྱི་ཡ་གྱལ་རྒྱལ་ཚབ་རྗེ་དར་མ་རིན་ཆེན་གྱི་ཡང་སྲིད་དུ་ཐད་ཀར་གཏན་འབེབས་བྱས་པ་ཡིན་ལ། དེ་ནས་ཕྱི་ལོ་ ༡༥༧༨ ནས་ད་གཟོད་ཏྰ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ(ཕྱི་ལོ་༡༥༤༣ནས་ཕྱི་ལོ་༡༥༨༨)དངོས་སུ་སྐུ་བཙལ་ནས་ཏྰ་ལའི་བླ་མའི་སྤྲུལ་སྐུའི་ཡང་སྲིད་ཀྱི་ངོས་འཛིན་གནང་སྟངས་གསལ་བོར་བྱུང་བ་དང་། མི་རྣམས་ཀྱིས་བཤད་པ་ལྟར། སོག་པོ་རྒྱལ་བོ་ཨལ་ཐན་ཧན་གྱིས་རྒྱལ་དབང་བསོད་ནམས་རྒྱ་མཚོར“ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏྰ་ལའི་བླ་མ” ཞེས་པའི་མཚན་བསྟོད་ཕུལ་ཡོད་པ་རེད།
རྗེ་ཙོང་ཁ་བའི་ཐུགས་སྲས་གཉིས་ཀྱི་ཡ་གྱལ་མཁས་གྲུབ་རྗེའི(ཕྱི་ལོ་ ༡༣༨༥ནས་ཕྱི་ལོ་༡༤༣༨) ཡང་སྲིད་ལ་པཎ་ཆེན་སྐུ་ཕྲེང་དང་པོ་ཐད་ཀར་གཏན་འབེབས་གནང་བ་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་གཉིས་པ་ཨིར་ཏི་ནི་བསོད་ནམས་ཕྱོགས་གླང་( ཕྱི་ལོ་ ༡༤༣༩ ནས་ཕྱི་ལོ་ ༡༥༠༤ )མཆོག་ཡང་དེ་ལྟར་ངོས་འཛིན་གནང་བ་རེད། དེ་ནས་པཎ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་དོན་འགྲུབ(ཕྱི་ལོ་༡༥༠༥ནས་ཕྱི་ལོ་༡༥༦༨)ནས་བཟུང་ད་གཟོད་དངོས་སུ་སྐུ་བཙལ་ནས་པཎ་ཆེན་ཡང་སྲིད་ལ་ངོས་འཛིན་གནང་སྟངས་བྱུང་། གུ་ཤྲིར་ཧན་གྱིས(མན་ཇུའི་བོད་སྡོད་དབུ་ཁྲིད )པཎ་ཆེན་བློ་བཟང་ཆོས་རྒྱན་ལ“པཎ་ཆེན་ཧོ་ཐོག་ཐུ”ཞེས་པའི་མཚན་བསྟོད་ཕུལ་ཡོད་ལ། དེ་ནི་པཎ་ཆེན་ཞེས་པའི་མཚན་གནས་ཀྱི་ཐོག་མའི་མགོ་འཛུགས་ཡིན་པ་དང་ཡར་སྔོན་གྱི་སྐུ་ཕྲེང་གསུམ་རྗེས་ནས་གཏན་འབེབས་བྱས་པ་ཞིག་རེད།
༣ གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་དེ་ཕྱི་ལོ ༡༧༩༣ ལོར་མན་ཇུའི་གོང་མ་ཆན་ལུང་གིས “ བོད་ནང་ལུགས་སྲོལ་གསར་འཛུགས་ཀྱི་དོན་ཚན་ཉེན་དགུ ” ཁྱབ་བསྒྲགས་བྱས་ཏེ་གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་གསར་བའི་སྲོལ་བཏོད། སྲོལ་ཡིག་འདིའི་ཚན་པ་དང་པོའི་ནང་དུ “ གོང་མ་ཆེན་མོས་དགེ་ལུགས་པ་དར་སྤེལ་གཏོང་སླད་ཆེད་དུ་གསེར་བུམ་བསྩལ་ཅིང་། རྗེས་ཕྱོགས་ཡང་སྲིད་ངོས་འཛིན་གནང་དུས་བསྟན་སྲུང་ཆེན་པོ་བཞི་གདན་དྲངས་ནས་ཡང་སྲིད་ཀྱི་མཚན་དང་སྐྱེས་ལོ་སྐྱེས་ཚེས་བཅས་མན་ཇུའི་ཡི་གེ་དང་རྒྱ་ཡིག བོད་ཡིག་བཅས་གསུམ་གྱིས་བྲིས་ཏེ་གསེར་བུམ་ནང་དུ་འཇོག་དགོས་པ་དང་། དེ་ནས་བླ་ཆེན་ཁག་གིས་ཉིན་བདུན་ལ་གཏད་གཉེར་བྱས་རྗེས། ཧོ་ཐོག་ཐུ་རྣམ་པ་དང་བོད་གཞུགས་ཨམ་བན་བཅས་ཀྱིས་གཙུག་ལག་ཁང་གི་ཇོ་བོ་རིན་པོ་ཆེའི་མདུན་དུ་ཟན་སྒྲིལ་མགོ་བཙུགས་ནས་ངོས་འཛིན་གནང་དགོས་ལ། ཏྰ་ལའི་བླ་མ་དང་པཎ་ཆེན་ཡང་སྲིད་ངོས་འཛིན་གནང་དུས་ཀྱང་། ཁོང་ཚོའི་མཚན་མན་ཇུའི་ཡི་གེ་དང་རྒྱ་ཡིག བོད་ཡིག་བཅས་ཀྱིས་བྲིས་ནས་གོང་གི་བརྒྱུད་རིམ་དེ་བཞིན་འགྲོ་དགོས།” ཞེས་གཏན་འབེབས་གསལ་བོ་བྱས་ཡོད།
༤ རྗེ་ཙོང་ཁ་བས་སྲོལ་བཏོད་པའི་ཆེས་ཕུལ་དུ་བྱུང་བའི་དགའ་ལྡན་ཁྲི་བའི་བདག་གཉེར་གྱི་རྣམ་པ་དང་བདག་གཉེར་བྱེད་མཁན།
ང་དང་ཨོ་སི་ཊི་ལི་ཡར་ཡོད་པའི་བོད་ཀྱི་ཤེས་ཡོན་པ་གནམ་ལོ་ཡག་གཉིས་ཀྱིས་འདིའི་སྐོར་ལ་བགྲོ་གླེང་བྱེད་སྐབས། ཁོས་བཤད་རྒྱུར “ངས་བལྟས་ན་སྤྲུལ་སྐུ་ངོས་འཛིན་གནང་སྟངས་འདི་ནི་རྗེ་ཙོང་ཁ་བ་ཆེན་མོས་སྲོལ་ཕྱེས་པའི་དགའ་ལྡན་ཁྲི་བར་དཔེར་བྱས་ན་ད་གཟོད་སྤྲུལ་སྐུའི་སྤུས་ཚད་ཇེ་ལེགས་སུ་འགྲོ་ལ། དེ་མཚུངས་འགྲོ་བ་མིའི་རིགས་ལའང་བྱས་རྗེས་འཇོག་ཐུབ་པར་འདོད། དེ་མིན། སྤྲུལ་སྐུའི་ཡང་སྲིད་ཀྱི་སྤུས་ཚད་མི་རབས་རེ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་འདི་ཕྱིར་རུ་མངོན་ཚེ་མི་རིང་བར་གཞན་གྱི་ཡིད་ཆེས་ཡོད་ཚད་བརླག་པར་འགྱུར་ངེས། གཞན། པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཕྲོག་རེས་ཀྱི་འཐབ་རྩོད་མགོ་བརྩམས་པ་ནས་བཟུང་སྤྲུལ་སྐུའི་ལམ་ལུགས་ཐུར་ལམ་དུ་གོམ་ཁ་སྤོས་བ་དང་། རིན་པོ་ཆེ་གཅིག་ལ་ཡང་སྲིད་ཁ་ཤས་ངོས་འཛིན་གནང་སྟངས་མགོ་ཚུགས་པ་རེད། འདི་ནི་སྤྲུལ་སྐུ་ཡང་སྲིད་ལམ་ལུགས་ལ་ཐེབས་པའི་གནོད་སྐྱོན་ཚབས་ཆེན་ཞིག་ཀྱང་རེད། ” ཅེས་དང་། ཁོས་ད་དུང་བཤད་རྒྱུར། “དགེ་ལུགས་པའི་ཆོས་བརྒྱུད་ལྟར་ན་དགའ་ལྡན་ཁྲི་བའི་གོ་གནས་ནི་ཏྰ་ལའི་བླ་མ་ལས་མཐོ་ལ། དེ་ནི་དགའ་ལྡན་ཁྲི་ཐོག་དང་པོ་རྗེ་ཙོང་ཁ་བ་ཆེན་མོའི་ཁྲི་ལ་བཞུགས་མཁན་དང་དེའི་རྒྱུན་འཛིན་ཡིན་པས་རེད། དེ་བཞིན་ལོ་ངོ་ལྔ་བཅུའི་རིང་གི་ནང་བསྟན་བསླབ་གཉེར་གྱི་བརྒྱུད་རིམ་ཡོངས་སུ་མཐར་ཕྱིན་པ་དང་ཆོས་བརྒྱུད་ནང་ཁུལ་གྱི་ནང་བསྟན་རྩོད་རྒྱུགས་ཐེངས་བཅུ་གཅིག་བརྒྱུད་མཁན་དག་གི་ཁྲོད་ནས་རྩེ་ཕུད་གཅིག་བྱུང་བ་དེ་ནི་ད་གཟོད་ནང་བསྟན་ཆེས་མཐོའི་བསླབ་གཉེར་མཐར་ཕྱིན་པའི་དགའ་ལྡན་ཁྲི་བ་ཡིན་པས་ཡང་རེད། དེ་མིན་ཆེས་མཐའ་མར་གདམ་གསེས་བྱེད་སྐབས་གལ་ཏེ་རྩེ་ཕུད་ཁ་ཤས་ཐོན་ཚེ། ཁོང་ཚོའི་མིང་ཡིག་རྣམས་རེ་རེ་བཞིན་རང་རང་གི་ཆོས་གོས་ནང་དུ་བཞག་སྟེ་དཔལ་ལྡན་ལྷ་མོར་གཏད་གཉེར་གྱིས་མཆོད་ཁྲིར་སྒོ་ཐེལ་བརྒྱབ་ནས་འཇོག་དགོས་པ་དང་། ཕྱི་ཉིན་སྒོ་འབྱེད་སྐབས་ཁོང་ཚོའི་ནང་གི་མི་གཅིག་གི་ཆོས་གོས་དགའ་ལྡན་ཁྲི་བའི་ཁྲི་ཐོག་ལ་བཞག་ཡོད་པར་བཤད། འདི་ནི་དངོས་ནས་དར་སྤེལ་དུ་གཏོང་དགོས་པའི་ལམ་ལུགས་ཤིག་རེད། ” ཅེས་བརྗོད།
ངས་བལྟས་ན། དགའ་ལྡན་ཁྲི་བའི་ལམ་ལུགས་དང་ཟུང་འབྲེལ་བྱེད་དགོས་ན། སྤྲུལ་སྐུ་སུ་ཡིན་རུང་ཁོང་ཉིད་སྐུ་དངོས་སུ་བཞུགས་པའི་རིང་ལ་ཐད་ཀར་རང་གི་མཇུག་སྐྱོང་རྒྱུན་འཛིན་པ་གཏན་འཁེལ་བྱས་ཏེ། ཁོང་སྐུ་དངོས་ཀྱིས་རང་གི་རྒྱུན་འཛིན་པར་སློབ་གསོ་དང་ལམ་སྟོན་བརྒྱུད་དེ་གསོ་སྐྱོང་དང་། འཛམ་གླིང་ཡུལ་གྲུ་ཀུན་ཏུ་འཚམས་ཞུ་གཟིགས་སྐོར་ལ་འཁྲིད་པ། དེ་བཞིན་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་དང་ཆོས་ལུགས་དབུ་ཁྲིད་གཞན་དག་ལ་ཁོ་རང་འཛམ་གླིང་མི་མང་ཀུན་ལ་ངོ་སྤྲོད་བྱེད་དུ་འཇུག་དགོས།
སྤྲུལ་སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོ་ནི་བཟང་ཆ་དང་ལེགས་པའི་ཕྱོགས་ཡིན་པས་ལམ་ལུགས་འདི་ནི་སྤྱི་ཡོངས་ཀྱི་ཁེ་ཕན་ལ་འབྲེལ་བ་དམ་པོ་ཡོད། དེས་ན་ངས་འདི་ནས་གསལ་བོར་བཤད་རྒྱུ་ཞིག་ནི། སྤྲུལ་སྐུའི་ཡང་སྲིད་འཚོལ་སྟངས་འདི་ལ་བཟང་ཆ་དང་ལེགས་པའི་ཕྱོགས་གང་ཡང་མེད་ཁར་དེ་ལས་ལྡོག་སྟེ་སྐྱོན་གྱི་ཆ་མང་པོ་འདུག ལོ་བཅུའི་ཡར་སྔོན་དུ་རྒྱ་གར་བྱང་ཕྱོགས་ངྷ་རམ་ས་ལ་ནས་ང་དང་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་གཉིས་ཀྱིས་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་གླེང་སློང་བྱས་པ་ཡིན། དང་ཐོག་ངེད་གཉིས་ཀྱི་ལོ་རྒྱུས་སྐོར་ནས་མགོ་ཚུགས་ཤིང་། དེ་ནས་ངས་ཁོ་ལ་སྤྲུལ་སྐུའི་ཡང་སྲིད་སྐོར་གླེང་དུས། ཁོ་རེ་ཐག་ཆད་ཅིང་ཡིད་སྐྱོ་བའི་ཉམས་འགྱུར་གྱིས་ང་ལ་ལན་ཅི་ཡང་མི་འདེབས་པར་རེ་ཞིག་བསམ་བློ་བཏང་རྗེས་ལག་པ་ཡར་ལ་བཀྱགས་ནས་བཤད་རྒྱུར། དཔེར་ན། འཛུབ་མོ་ལྔ་བོ་འདིའི་འགུལ་སྐྱོད་བར་ནས་འཇིམ་འབག་གམ་རྡོ་བ་སོགས་དངོས་པོ་གང་རུང་ཞིག་ལ་རྩེད་མོ་རྩེ་བ་དང་གཅིག་མཚུངས་རེད། བྱིས་པ་ཆུང་ཆུང་ཞིག་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་བྱས་པ་ནས་བཟུང་། མི་རྒན་པ་རྣམས་ཀྱི་ལག་བར་ནས་རྩེད་མོ་རྩེ་བཞིན་ཡོད་པ་རེད་ཅེས་བཤད་བྱུང་།
སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་འདི་ནི་མིའི་རང་གཤིས་དང་རྒྱབ་འགལ་དུ་སོང་ཞིང་། བྱིས་པའི་གཟུགས་པོ་དང་བསམ་བློ་གཉིས་ཀར་ཐེབས་པའི་མནར་གཅོད་ཅིག་ཀྱང་རེད། རྒྱལ་དབང་སྐུ་ཕྲེང་དགུ་བ་ལུང་རྟོགས་རྒྱ་མཚོ་ཕྱི་ལོ་ ༡༨༠༥ ལོར་ཁམས་འདན་ཆོས་འཁོར་ནས་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་སྟེ་ཕྱི་ལོ་ ༡༨༠༧ ལོར་ཏྰ་ལའི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ཁམས་ནས་ལྷ་སར་གདན་འདྲེན་ཞུས་པ་དང་། ཕྱི་ལོ་ ༡༨༡༥ ལོའི་ཟླ་དང་པའི་ཚེས་ ༡༦ ཉིན་ཕོ་བྲང་པོ་ཏ་ལའི་ནང་དུ་གློ་བུར་དུ་སྐུ་མྱ་ངན་ལས་འདས། དེ་དུས་ཁོང་དགུང་ལོ་བཅུ་གཅིག་ཏག་ཏག་ཡིན་པས་མན་ཇུ་གོང་མ་ཁོང་གི་འདས་རྐྱེན་འདི་ལ་ཡིད་མ་ཆེས་པར་ཚེ་སྨོན་གླིང་ཧུ་ཐོག་ཐུ “ ཏྰ་ལའི་བླ་མའི་དོན་རྐྱེན ” ཐག་གཅོད་པར་བསྐོས་འཇོག་གིས་རྒྱལ་ཚབ་གནང་དུ་བཅུག་པ་རེད། དེ་བཞིན་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ཁོང་ཉིད་དགུང་ལོ་དྲུག་གི་ཐོག་ཁྲི་ལ་བཀོད་ཅིང་དགུང་ལོ་སུམ་ཅུའི་སྟེང་སྙུང་གཞི་ཕོག་སྟེ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན།
སྤྱི་ཡོངས་ནས་ལོ་ངོ་བརྒྱད་བརྒྱའི་རིང་གི་བཀའ་བརྒྱུད་སྤྲུལ་སྐུ་དང་ལོ་ངོ་སུམ་བརྒྱ་དྲུག་བཅུ་རེ་དགུའི་རིང་གི་དགའ་ལྡན་ཕོ་བྲང་གི་དངོས་བབ་ལ་བལྟས་ན། མི་སྤྱོད་ལས་འདས་པའི་སྤྲུལ་སྐུའི་ཡང་སྲིད་འཚོལ་སྟངས་འདིས་བོད་ཀྱི་སྤྱི་ཚོགས་དང་མི་དམངས་ལ་དཀའ་སྡུག་ཚད་མེད་བཟོས་ཡོད་པ་རེད། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ལྔ་ཡིས་མིའི་རིགས་ལ་བཞག་པའི་བསུབ་ཐབས་མེད་པའི་བྱས་རྗེས་རླབས་ཆེན་དག་ནི་འཛམ་གླིང་ཡོངས་ཀྱི་ཁས་ལེན་བཞིན་པ་ཞིག་ཡིན་ཡང་། སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་འདི་དང་དེ་མིན་གནད་དོན་གཞན་དག་ཁ་ཤས། ད་རུང་ཆོས་ལུགས་དབུ་ཁྲིད་སྐོར་ཞིག་འཇིག་རྟེན་འགྲོ་ལུགས་ལ་རྨོངས་པའི་ཞན་ཆ་ཁག་ཅིག་ནི་ཧ་ཅང་མངོན་གསལ་རེད། དེ་བས་དེ་དག་ངེས་པར་དུ་བཅོས་བསྒྱུར་དང་ཇེ་ལེགས་སུ་གཏོང་དགོས་ལ། དེ་ལྟར་བྱས་ན་ད་གཟོད་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་སོགས་ལས་དོན་གཞན་དག་བོད་རང་གི་ཁྱད་ཆོས་མངོན་ཞིང་། རྒྱལ་སྤྱིའི་ཁྱབ་ཁོངས་ནས་ཀྱང་ཀུན་གྱིས་ཁས་ལེན་ཐུབ་པའི་ཚད་ལྡན་རང་བཞིན་ཅན་གྱི་མིའི་རིགས་ཀྱི་ཀུན་སྤྱོད་ཀྱི་ཚད་ཐིག་ཅིག་སྲུང་སྐྱོབ་བྱ་ཐུབ་པོ།།
མུ་འགོད།
ཚང་མ་ལོས་བགྲོ་གླེང་ཡག་པོ་གནང་འདུག གུས་པས་བསམ་བློ་བཏང་ན། སྤྲུལ་སྐུ་འདེམས་སྟངས་རྩོམ་པ་པོའི་དགོངས་ཚུལ་ཡག་པོ་ཞེ་དྲག་རེད། དེ་མ་གཏོགས་ཕྲུ་གུ་ཆུང་ཆུང་ཚོར་རྒན་པ་ཚོས་མགོ་བསྐོར་གཏོང་གི་ཡོད་པའང་ཡབ་གཞིས་ཀྱི་མག་པས་གསུངས་ཟིན་པ་ལྟར་རེད།
བོད་རེ་བ་ཅན་གྱིས་བཤད་པ་དེ་བདེན་པ་རེད། དེང་སང་ཚེ་མཆོག་གླིང་གི་སྤྲུལ་སྐུ་ལྟ་བུ་བསྟན་དགྲ་དར་བའི་དུས་ཡིན་པས། བསྟན་པ་དང་མི་རིགས་རྩ་མེད་བཏང་དང་གཏོང་མཁན་གྱི་གཏེ་བོ་གཙོ་ཆེ་བ་འདི་དག་རེད་འདོད་ཀྱིན། མི་མང་གིས་ཀྱང་དགེ་སློང་ཉམ་ཆུང་དང་གྲྭ་སའི་མཁས་པ་ཚད་ལྡན་ཚོར་དད་པ་མི་བྱ་བར་ཚུལ་མིན་གྱི་རིགས་འདི་དག་ལ་རྨོངས་དད་བྱ་སྟངས་ལ་གཞིག་ན་ཡིག་རྨོངས་ཙམ་སེལ་མེད་པའི་མི་རིགས་འདི་ཚར་རྒྱུ་ལས་མེད་པར་སྣང་། འདྲེ་སྣ་ནག་ལྷ་ཐོད་དཀར་ལས་མང་དྲག་པས།
ལྷ་སྡེ་གནམ་ལོ་ཡག་ཟེར་བ་འདིས་ཀྱང་ཁུངས་མེད་སྐད་ཆ་རྐྱང་བཤད་དེ། རྒྱ་རྒན་ཚོ་མགོ་སྐོར་བཏང་། རང་རེ་བོད་ཀྱི་ལོ་རྒྱུས་ཀྱང་རྫུན་བཟོ་བྱེད་བཞིན་འདུག
གནམ་ལོ་ཡག་ལགས། བོད་བརྒྱུད་སྤྲུལ་སྐུའི་ལམ་ལུགས་དེ་ཁུངས་མེད་ཅིག་མ་རེད། འདིའི་ཁུངས་བཙན་པོ་རེད། འདིའི་ཁུངས་གཏུག་ས་ནི། ཇི་སྐད་དུ་རྗེ་བཙུན་བྱམས་མགོན་གྱིས།
གང་གིས་སྲིད་པ་ཇི་སྲིད་པར། །
འགྲོ་ལ་ཕན་པ་སྣ་ཚོགས་དག །
མཉམ་དུ་མཛད་པའི་སྐུ་དེ་ནི། །
ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད།
ཅེས་སོགས་ཀྱི་གཞུང་འདི་དང་། འདིའི་བཤད་བྱ་རྩ་བའི་མདོ་བཅས་རེད།
དེ་བཞིན་ཀརྨ་པ་བོད་ཀྱི་སྤྲུལ་སྐུའི་ཐོག་མ་རེད། ཟེར་བ་འདི་ཡང་ནོར་བ་ཆེན་པོ་རེད། རྗེ་ཀརྨ་པ་མ་བྱོན་སྔོན་ནས་མཁན་སློབ་ཆོས་གསུམ་སྐབས་ནས་བོད་ལ་སྤྲུལ་སྐུ་ངོས་འཛིན་གྱི་ལམ་སྲོལ་བྱུང་ཡོད། ཡིད་མི་ཆེས་ན། རང་རེ་བོད་ཀྱི་སྔོན་བྱུང་ལོ་རྒྱུས་ཡིག་ཚང་ལ་ཞིབ་འཇུག་མཛོད། དེ་ཡང་།
སྤྱི་ལོ་༢༠༠༩ལོའི་ཟླ་བ་༡༡པར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་༼༼པདྨ་བཀའ་ཐང་ལེའུ་རེ་བརྒྱད་པའི༽༽ཤོག་ངོས་༣༣༣པའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༥་བར།
སློབ་དཔོན་གཉིས་ལ་རྒྱལ་པོས་ཕྱག་ཕུལ་ནསཿ
ཆོས་མེད་མཐའ་འཁོབ་བོད་ཡུལ་མུན་གླིང་འདིརཿ
མི་ལ་སངས་རྒྱས་ཐོབ་པར་བྱ་དོན་དུཿ
སློབ་དཔོན་རྣམ་གཉིས་སྤྱན་དྲངས་ལྷ་ཁང་བཞེངསཿ
བཞུད་པར་བཤོལ་བཏབ་ཆོས་གསུངས་ཞུ་བ་ཕུལཿ
ཐུགས་རྗེས་དགོངས་ནས་བཞུགས་པར་བཀའ་ཡིས་གནངཿ
ཆོས་ཁྲིམས་བསྡམས་ནས་གང་འཚམས་བྱིས་པ་བསྡུསཿ
སྒྲ་ཙམ་མི་ཤེས་ལོ་ཙ་མི་འཁྱུར་བསཿ
ཆོས་བསྟན་མི་ཚུགས་ཇི་ལྟར་བྱ་ན་གསུངསཿ
དུས་གསུམ་མཁྱེན་པ་སློབ་དཔོན་པདྨ་ཡིསཿ
ཐབས་ཤིག་ཡོད་ཀྱི་རྒྱལ་པོ་ཐུགས་གློད་གསུངསཿ
རྒྱ་གར་རྡོ་རྗེ་གདན་གྱི་ཆོས་གྲ་ནསཿ
ཤཱཀྱ་ཐུབ་པའི་ཉེར་གནས་ཀུན་དགའ་བོཿ
ཚེ་འཕོས་ལོངས་སྐུའི་ཞིང་ཁམས་མང་མྱུལ་ནསཿ
མི་ལུས་ཆོས་ལྡན་སྐྱེ་བདུན་ཐ་མ་ནིཿ
གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ཡིཿ
གནས་གཞི་ཞིག་གི་བྲང་ཁང་དམིག་གུ་ནཿ
ཕ་མིང་པ་གོར་ཧེ་འདོད་བྱ་བ་ལཿ
མ་མིང་ཕྲན་ཀ་བཟའ་སྒྲོན་སྐྱིད་ཀྱི་བུཿ
གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པཿ
ཕ་མ་གཉིས་ལ་བསླངས་ན་སྟེར་བ་མཆིཿ
སྤྲུལ་བའི་ལོ་ཙ་རྩོད་མེད་གྲགས་པ་འབྱུངཿ
ཞེས་ལོ་ཆེན་བེེ་རོ་ཙ་ན་ཉན་ཐོས་ཆེན་པོ་ཀུན་དགའ་བོའི་སྤྲུལ་སྐུར་ངོས་འཛིན་གནང་བ་དང་།
ཡང་དེར།
དབུ་རུ་འཕན་ཡུལ་སྐ་བ་ས་ཞེས་བྱརཿ
ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དངཿ
ཡུམ་མིང་འབྲོ་བཟའ་རྡོ་རྗེ་ལྕམ་གྱི་བུཿ
ཤཱཀ་ཐུབ་ཉེར་གནས་ཙུནྡ་ཚེ་འཕོས་པཿ
སྐྱེས་མཆོག་དཀའ་བ་དཔལ་བརྩེགས་ཞེས་བྱ་བཿ
ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆིཿ
ཞེས་ཤཱཀྱ་ཐུབ་པའི་ཉེར་གནས་ཙུནྡ་ཞེས་པའི་སྤྲུལ་སྐུ་རུ་ལོ་ཆེན་དཀའ་བ་དཔལ་བརྩེགས་ངོས་འཛིན་གནང་བ་དང་།
ཡང་དེར།
རུ་ལག་ཤངས་ཀྱི་དར་མ་སྒང་བྱ་བརཿ
ཡབ་མིང་ཅོག་རོ་ཀླུ་ཡི་རྒྱལ་འབྱུང་དངཿ
ཡུམ་ནི་འབྲིང་བཟའ་མཛེས་མ་གཉིས་ཀྱི་བུཿ
དགེ་བསྙེན་ལིཙྪ་བྱི་ནི་ཚེ་འཕོས་པཿ
ཅོག་རོ་ཀླུ་ཡི་རྒྱལ་མཚན་ཞེས་བྱ་བཿ
ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆིཿ
ཞེས་སྔ་འགྱུར་གྱི་ལོ་ཙ་བ་ཆེན་པོ་ཅོག་རོ་ཀླུ་ཡི་རྒྱལ་མཚན་དགེ་བསྙེན་ལི་ཙྪ་བྱི་ཞེས་བྱ་བའི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་། གནང་བ་ལྟར་ཁོང་ཚོས་བསྟན་འགྲོར་ཞབས་འདེགས་རླབས་ཆེན་པོ་ཞུས་འདུག་པར་སོམས་དང་། བོད་བརྒྱུད་སྤྲུལ་སྐུའི་ལམ་སྲོལ་འདི་འོ་སྐོལ་ཆོས་མི་ཤེས་མཁན་རེ་ཟུང་གིས་བཅོས་བསྒྱུར་བྱེད་ཆོག་ཆོག་ཞིག་མིན་ཞིང་། དེ་བཞིན་རང་རེ་ལ་སྤྲུལ་སྐུའི་མིང་མེད་པ་ཙམ་གྱིས་གཞན་ལ་ཕྲག་དོག་གི་སྐུར་འདེབས་ཞུ་ཆོག་ཆོག་ཅིག་ག་ལ་ཡིན།
འོན་ཀྱང་ངས་ལོ་ཆེན་བཻ་རོ་ཙ་ན་སོགས་བོད་ཀྱི་སྤྲུལ་སྐུའི་ཐོག་མ་རེད། ཅེས་ཀྱང་ཞུ་གི་མེད། དེ་དག་གི་སྔོན་ནས་བོད་དུ་སྤྲུལ་སྐུ་ངོས་འཛིན་གནང་ཡོད་སྲིད་མོད། མཁན་སློབ་ཆོས་གསུམ་སྐབས་ནས་སློབ་དཔོན་རིན་པོ་ཆེས་བོད་ལ་སྤྲུལ་སྐུ་ངོས་འཛིན་གནང་འདུག་ཅེས་སྐབས་འདིར་ཕྲན་གྱིས་བཤད་ཀྱིན་ཡོད།
འོན་ཀྱང་དེང་སྐབས་སྤྲུལ་སྐུའི་མིང་ཡོད་མཁན་ཚོའི་ནང་དངོས་རྫུན་འདྲ་མིན་ཡོད་པ་ནི་ཕྲན་གྱིས་ཀྱང་ཁས་ལོས་ལེན། དཔེར་ན་བཙན་བྱོལ་ནང་གི་ཆབ་སྲིད་བཙོན་ཟུར་གྱི་མིང་ཡོད་མཁན་རྣམས་ལ་བདེན་རྫུན་ཅི་རིགས་འབྱུང་བཞིན་པ་ལྟར་རོ།། །།
བོད་ཀྱི་སྤྲུལ་སྐུའི་ལུགས་སྲོལ་གྱི་འཚང་ད་རེས་ཚེ་མཆོག་གླིང་སྤྲུལ་སྐྲུའི་ཕྱི་ལ་མངོན་བྱུང་། བོད་པ་ཚང་ནམ་ཡང་རྨོངས་དད་ཀྱི་འོག་ལ་ཚུད་མི་རུང་།།།།
དེང་སང་གི་མི་ཚོས་ང་སྤྲུལ་སྐུ་ག་གེ་མོའི་སྤྱོད་པ་ལ་དགའ་མ་སོང་ཟེར་ན་ཚིག་རླབས་ཆེན་ཞིག་ཆགས་ཀྱི་མི་འདུག་བསམ་ནས་སྤྲུལ་སྐུའི་ལམ་ལུགས་ཞེས་ཆེན་པོ་ཞིག་གླེང་ཁུལ་བྱེད་ཀྱི་ཡོད་པ་རེད། ཡང་རྒྱལ་བ་རིན་པོ་ཆེ་མཇལ་ནས་བླ་མ་གཞན་པ་ཚང་མ་ལ་དད་པ་མེད་པ་ཆགས་སོང་ཟེར་ནས་ཧ་ལམ་སྦྱིན་བདག་ཕྱུག་པོ་ཞིག་མཐོང་ན་སོ་སའི་ཕ་མ་ལ་ཡང་ལེ་བདའ་བྱེད་དགོས་པ་ལྟ་བུའི་བཟོ་སྟོན་ཀྱིན་འདུག དད་པའི་དབང་དུ་བཏང་ན་བན་སྡེ་ཐོ་གང་ཞིག་ལའང་དད་ཀི མི་དད་པའི་དབང་དུ་བཏང་ན་རྒྱལ་བ་རིན་པོ་ཆེ་ཡང་དགེ་སློང་ཚད་ལྡན་དང་དགེ་རྒན་རླབས་ཆེན་ཞིག་གི་མཐོང་ལས་མེད། སྤྲུལ་སྐུ་བཟང་མི་བཟང་བཤད་སྐབས་གཙོ་བོ་ཕ་ཡུལ་ཤུལ་བཞུགས་ཀྱི་རིན་པོ་ཆེ་ཚོར་གོ་དགོས་བས། ངས་ནི་ཅིག་གི་ཨ་ལག་ཚང་ཆང་རྐྱལ་དང་མྱིག་གི་གསེར་ཁྲི་ཚང་འཛེག་རྐྱལ་རེད་ཟེར་བ་ལྟ་བུ་མ་གཏོགས་དོན་དངོས་མི་མང་གི་འབུལ་བ་བླང་ནས་སླར་མི་མང་ལ་ཚུལ་མིན་བྱས་བའི་སྤྲུལ་སྐུ་གཅིག་ཀྱང་གོ་མ་མྱོང་། བཙན་བྱོལ་ནང་གི་སྤྲུལ་སྐུ་ཚོ་ཡང་རང་རང་གི་གྲྭ་ཚང་དུ་ནུས་ཚོད་ཀྱིས་སློབ་སྦྱོང་རེ་བྱས་ནས་བཞུགས་འདུག་པས། དམྱལ་བ་མནར་མེད་དུ་འཕེན་དགོས་པའི་སྤྲུལ་སྐུ་དེ་གང་། ལུང་པ་འགའ་རེ་སྔོན་ཐོན་ལ་དགའ་ཆེ་བས་ཕལ་ཆེར་དུས་རབས་ཀྱི་རྗེས་འདེལ་ཁུལ་བྱེད་བཞིན་པའང་དེ་ཚོ་ཡིན་སྲིད། ལི་ཐང་ན་མཁས་པ་ཉུང་མོད་རང་རང་གི་དགོན་པའི་སྤྲུལ་སྐུ་ཚོས་འགྲིག་མ་སོང་ཟེར་མཁན་ཧ་ཅང་ཉུང་ཉུང་རེད། གཞན་ཁྱོད་ཚོས་ཕྱི་རྒྱལ་གྱི་སྒྲོ་ལོའི་སྤྲུལ་སྐུའམ་མགོ་སེར་ཚོའི་སྤྲུལ་སྐུའི་བྱ་སྤྱོད་མཐོང་ནས་ངེད་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་བཤད་པ་བྱེད་འདོད་ན་ཐལ་དྲག
བྱ་དེ་ཁྲུང་ཁྲུང་དཀར་མོ།། གཤོག་རྩལ་ང་ལ་གཡོར་དང་།། ས་ཆ་འདི་ནས་མི་འདུག། ལི་ཐང་ཡུལ་དུ་ཆས་འགྲོ།
ཡར་རྒྱས་དང་གསར་བཏོད་སྣ་གཅིག་ཀྱང་མེད་པར། སྔར་ཡོད་ཀྱི་ལམ་ལུགས་ཀུན་གཏོར་བཤིག་དང་མཇུག་སྒྲིལ་བར་རྩོམ་པ་ནི། དེང་སང་བོད་མིའི་གཤིས་ཀར་གྲུབ་འདུག་པས། སྔ་ལྟས་བཟང་པོ་ཞིག་རེད་ལ། བོད་པ་ཚང་ལྔ་ལམ་དུ་ཕེབས་པའི་སྔ་ལྟས་ཡིན་སྟབས། རྣམ་པ་ཚོས་ད་དུང་ཡང་འབད་བརྩོན་ཆེན་པོས་བོད་ཀྱི་སྲོལ་རྒྱུན་ཐམས་ཅད་མཇུག་སྒྲིལ་གྱིས་དང་། ཁ་གནམ་ལ་གདངས་ནས་སྡོད་པའི་དུས་ཤིག་འོང་།
གཅིག་ནས་སྤྲུལ་སྐུའི་ཐུགས་ཐག་གཅོད་མཁན་དེ་ཅི་འདྲ་ཞིག་ཡིན་མིན་དང། གཉིས་ནས་སྤྲུལ་སྐུ་ཐུགས་ཐག་གཅོད་སྟངས་ཅི་འདྲ་ཞིག་ཡིན་མིན། གསུམ་ནས་ཐུགས་ཐག་བཅད་པའི་སྤྲུལ་སྐུ་ཁོ་རང་གི་སྒོ་གསུམ་གྱི་ཡོན་ཏན་ལ་བལྟས་ནས་ད་གཟོད་མོས་པའམ་དད་པ་ཡང་ན་གདེང་འཇོག་བྱེད་པ་འདི་བདག་གིས་སྤྲུལ་སྐུར་ལྟ་སྟངས་ཤིག་ཡིན།
ངས་བལྟས་ན་སྤྲུལ་སྐུ་ཐུགས་ཐག་གཅོད་སྟངས་ལ་ལམ་ལུགས་གསར་བ་ཞིག་ཡོང་ཐབས་མེད། གཙོ་བོ་རྫུན་མ་བཟོ་མཁན་དག་གསལ་བོ་ངོ་ཤེས་དགོས། དེ་ཡང་མཐར་གཏུགས་ན་ཆོས་དད་མི་མང་གི་རྨོངས་དད་དམ་བླུན་དད་དེ་གཙང་སེལ་ཐུབ་ན། གཟོད་སྤྲུལ་སྐུ་རང་བཞིན་གྱིས་ཇེ་ཉུང་ལ་འགྲོ་ངེས།
སྤྲུལ་སྐུའི་ལམ་ལུགས་དགོས་དང་མི་དགོས་ཀྱི་སྐད་ཆ་མ་རེད་བསམ་གྱི་ཡོད། ཁ་བྱང་དུ་བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་་མཇུག་སྒྲིལ་བ་ཞེས་བཀོད་ཡོད་ཀྱང་། ནང་དོན་གྱི་ཆ་ནས་ད་དུང་སྤྲུལ་སྐུའི་ལམ་ལུགས་གསར་བ་རེ་བོད་མི་རིགས་ལ་ཕན་མིན་གྱི་ཆ་ནས་གྲོས་འདྲ་བོ་ཞིག་བཏོན་འདུག འདི་ཧ་ཅང་གིས་གྲོས་གཞི་ཡག་པོ་ཞིག་རེད་འདུག
དེང་སྐབས་ཀྱི་སྤྲུ་སྐུའི་ལམ་ལུགས་འདིར་བཅོས་བསྒྱུར་ཆེན་པོ་ཞིག་བྱེད་དགོས་པ་ཤ་སྟག་ཡིན་པས་ན། དེ་ལ་ཐབས་ལམ་ཡོད་མེད་ཀྱི་སྐད་ཆ་མ་བཤད་པར་ངེས་པར་དུ་ཐབས་ལམ་གསར་བ་ཞིག་བཙལ་རྒྱུ་དེ་གལ་ཆེན་པོ་རེད་བསམ་བྱུང་། ཚང་མས་འདིར་བློ་གཟུ་བོར་གནས་ཏེ་དོ་སྣ་ཆེན་པོ་སྤྲོད་ཐུན་ན་ཐབས་ཤེས་ནི་ཏན་ཏན་ཡོད་སྲིད་པ་ཞིག་རེད།
སྤྲུལ་སྐུའི་ཡང་སྲིད་ཡོང་པའི་དགོས་དོན་སྙིང་པོ་ནི། སྐྱེ་བ་སྔོན་མས་མགོ་ བཙུགས་པའི་ལས་དོན་གྲུབ་འབྲས་སོན་རྒྱུར་ལུས་པ་དེའི་མཇུག་སྐྱེལ་བར་ཡོང་བ་ཞིག་ཡིན་པར་བརྟེན། སྐྱེ་བ་སྔོན་མས་མགོ་བཙུགས་པའི་ལས་དོན་ལ་གཏོར་བཤིག་གཏོང་མཁན་ཞིག་ནམ་ཡང་ཡོང་ཤེས་ཀྱི་མ་རེད།
སྐུ་སྐྱེ་བསྟན་དོན་དུ་བྱོན་ན། །
བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས། ། གསུངས་སོ།།
ཡང་ཁྱེད་དུས་བབ་ཚང་གི་བློ་ལ་མ་འགྲོ་ན་བརྩོན་དུ་ཆུག་ཤིག །
སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་མཇུག་སྒྲིལ་དགོས་ཞེས་ལབ་ན་ཅུང་ཐལ་ཆ་ཆེ་བར་སྙམ། དེ་འདྲ་མ་ཡིན་པར་གུས་པས་བསམ་ཚུལ་ལ། སྤྲུལ་སྐུའི་ལམ་ལུག་མཇུག་སྒྲིལ་མི་དགོས་པར་སྤྲུལ་སྐུའི་ལམ་ལུགས་ནི་ངེས་པར་དུ་དགོས། མཇུག་སྒྲིལ་དགོས་རྒྱུ་ནི། ཕ་སྤྲུལ་སྐུ་ལ་བུ་སྤྲུལ་སྐུ། ཕ་དཔོན་པོ་ལ་བུ་སྤྲུལ་སྐུ། ཕ་འབྱོར་ལྡན་ལ་བུ་སྤྲུལ་སྐུ། ཕ་མ་ཁ་བདེས་བུ་སྤྲུལ་སྐུ་རྫུན་མ་བཟོ་བ། དེས་འཁྲབ་སྟོན་བཤམ་ནས། བསམ་རྒྱུ་དཔལ་འབྱོར་ལས་གཞན་མེད་པར་མི་སེར་དད་ཅན་མགོ་བསྐོར་བསླུ་བྲིད་ཁོ་ན་བྱེད། སྐྱེ་བོ་ཕལ་པ་ལས་སྡུག་པའི་བྱ་སྤྱོད་སྣ་མང་སྤེལ། བསྟན་པའི་རྐང་འདྲེན། དགེ་འདུན་པའི་ཞབས་འདྲེན་པ། ཁས་སྙན་པོ་བཤད་དོན་བུད་མེད་དང་དཔལ་འབྱོར་ཁོ་ན་སྒྲུབ་པ་བསྟན་པའི་གཤིག་པའི་ཇག་དཔོན་འདི་ཚོ་ངོ་མ་མཇུག་སྒྲིལ་མ་ཐུབ་ན་ངེད་ཚོ་གངས་ཅན་པའི་ནང་བསྟན་ཟབ་མོ་འདི། འཛམ་གླིང་འདིའི་སྒང་ལ་སུ་གི་ཡང་ལྟ་ཀློག་བྱེད་ཉན་མི་བྲོ་བ་ཞིག་ཡོང་བར་ཐག་ཆོད་ཀྱི་འདུག་པར་སེམས། འདི་དྲའི་རྫུན་མ་བྱེད་པའི་བླ་སྤྲུལ་མིང་ཅན་ཁྱོད་ཚོ་ཁྲི་གང་ལ་སྡོད་པ་ལས་འཇིག་རྟེན་ཚུལ་ལུགས་དང་མཐུན་པའི་འཚོ་བ་ཞིག་སྐྱོལ་དང་། དགེ་མཚན་དེ་མི་ཆེའམ། ངོ་མ་དེ་ཚོ་མཇུག་སྒྲིལ་ན་ཤིན་ཏུ་བཟང་། འདི་མུར་གླེང་སློང་མེད་པར་ག་ཚོད་སྡོད་ན་མགོ་བསྐོར་ཇེ་བཏང་དང་། རྫུན་མ་ཇེ་འཁྲབ་ལས་དུས་གཏན་དུ་བཟང་པོ་ཞིག་མི་འབྱུང་བར་ཐག་ཆོད་ཀྱི་འདུག་པར་སེམས། སྤྲུལ་སྐུ་རྫུན་མ་བླ་ལོག་དེ་ཚོ་གི་མཇུག་སྒྲིལ་དགོས། རྒྱབ་སྐྱོར་ཡོད་ལ། མོས་མཐུན་ཡང་ཡོད།
དྲ་གྲོགས་དུག་མདའ་ལགས་དེ་འདྲའི་རྨོངས་བཤད་མ་བྱེད་།
གོང་ས་མཆོག་གི་བརླབས་ཆེན་གྱི་མཛད་པ་ཁག་ནི་ཁོང་སྤྲུལ་སྐུ་ཡིན་པའི་རྒྱུ་མཚན་ཙམ་ག་ལ་ཡིན་དེ་ནི་ཁོང་གི་འབད་བརྩོན་དང་སློབ་སྦྱངས་རྣམ་དཔྱོད་ཤེས་རབ་དང་བྱམས་སྙིང་རྗེའི་ཉམས་ལེན་སོགས་ཁོང་གི་དཀའ་ལས་བརྒྱབ་པའི་
འབྲས་བུ་ཞིག་ལ་ངོས་འཛིན་དགོས།
བོད་པ་ཚང་རྟག་པར་འདི་འདྲའི་རྨོངས་དད་ལ་ཞེན་པ་ལ།།།།།
སྤྲུལ་སྐུ་བརྫུན་མའི་ནང་ནས་གོང་ས་མཆོག་འདྲ་འདྲ་རྙེད་རྒྱུ་ཡོད་ན་སྤྲུལ་སྐུ་ངན་པ་ས་ཡ་དྲུག་བཙལ་དགོས་ཐུག་ནའང་གྱོང་མེད་ཀ ཕྱི་རྒྱལ་ནས་ཕ་ཡུལ་གྱི་ཕ་མ་ལ་སྒྲོ་ལོར་བརྒྱ་བསྐུར་བ་ལས་ཕ་ཡུལ་ལུང་ཁུག་གི་བླ་ལོག་ཚོས་ཕ་མའི་ལག་ནས་མར་རྒྱ་མ་འགའ་བླང་བ་དེས་ཕ་མ་ལ་སྤྲོ་བ་མང་ཙམ་སྤྲོད་ཐུབ། ཕ་མ་ལ་མཚོན་ནའང་བུ་བུ་མོ་ལྡོམ་པོ་ཞིག་ལས་སྤྲུལ་སྐུ་བརྫུན་མ་ཞིག་གི་འཚོ་བཞུགས་གལ་ཆེ། བླ་ལོག་དེ་ཚོས་འཁྱེར་བའི་བསྔོ་རྟ་བསྔོ་ལུག་ལ་ཕངས་སེམས་ཆེ་བ་ཁག་མེད་མོད། དེ་ནི་ཕ་མས་བཙལ་བ་ལས་ང་ཚོའི་རྔུལ་ཆུས་གྲུབ་པ་མ་རེད་བ། དེས་ན་སྤྲུལ་སྐུའི་ལམ་ལུགས་ལ་མཇུག་སྡོམ་རེ་འབྲི་ཁུལ་བྱེད་པ་ལས་རང་གི་བུ་བུ་མོ་ལ་སྤྲུལ་སྐུའི་སྤྱི་ཚོགས་ཀྱི་ཤན་ཤུགས་གཏན་ནས་མི་ཐེབས་པའི་སྨོན་ལམ་དུས་ཀུན་ཏུ་འདེབས་པ་གལ་ཆེ་བར་སྣང་།
བོད་པ་རྣམས། སྤྲུལ་སྐུ་རྣམས་བདེན་རྫུན་ཕྱེ་ཞེས་པ་ནི་ཧ་ཅང་དཀའ་བར་སེམས་གང་ཡིན་ཞེ་ན་དང་པོ་སྤྲུལ་སྐུ་ངོས་འཛིན་པ་ལ་བླ་ཆེན་དང་ལྷ་བླ་སོགས་ཀྱི་བཀའ་བརྟགས་ཞིག་རག་དགོས་དེ་ནི་ལས་ཧ་ཅང་སླ་བོ་ཡིན་དངུལ་དང་རྒྱབ་རྩ་སོགས་ཡོད་ན་ག་ཚད་ཞུས་ཞུས་ཡིན་།དེ་ནི་ཁྱེད་རྣམས་ཀྱི་གཟིགས་དང་གསལ་པོ་ཡིན། སྤྲུལ་སྐུ་ཕལ་ཆེར་མི་དྲག་དང་ཕྱུག་པོ་བླ་མ་རྣམས་ཀྱི་བུ་རྒྱུད་རྣམས་ཡིན།
མཆོག་སྤྲུལ་ཐུབ་པས་དམ་ཆོས་གསུངས།
འགྲོ་འདྲེན་སྤྲུལ་པས་དམ་ཆོས་སྤེལ།
ཐུན་མིན་སྤྲུལ་སྐུའི་ལམ་ལུགས་ལ།
ཐུན་མོང་ཐག་གཅོད་བྱེད་པ་མཚང།
“སྙིགས་མའི་དུས་ཀྱི་སྤྲུལ་སྐུ་རྣམས།
སྦྱང་བའི་དུས་ན་གཞན་ལས་རྟུལ།”
གསུངས་པའི་གནད་ཉིད་ངོས་ཟིན་ན།
བསྟན་འགྲོར་ཕན་པའི་ལས་རེ་སྲིད།
ལུས་སེམས་གཉི་གར་མནར་གཅོད་ཐེབས་བདེན་ན།
སྤྲུལ་སྐུ་ཕལ་ཆེར་གོང་དུ་འཕགས་དོན་ཅི།
སྤྲུལ་སྐུ་རྫུན་མས་འཚང་ཁ་བྱེད་དོན་ཅི།
ཡ་རྣམས་པ་ལྷན་རྒྱས་དེ་འདྲ་ཡིན་ན་དིང་སང་རྒྱ་མིས་པྶྲུལ་སྐུ་ཡང་སྲིད་སྐོར་ལ་དོན་ཚན་གསུམ་སྟེ་བྱེད་སྲོལ་དང་མཐུན་པ་ཆོས་ལུགས་དང་མཐུན་པ་དང་ཀྲུང་དབྱང་གིས་ཆོག་ཆན་ཐོབ་དགོས་པ་དང་གསུམ་ཡིན་ཟེར་ཁྱེད་རྣམས་པའི་གཟིགས་ཚུལ་ག་འདྲ་ཡིན་ནམ།།
ཡ་ངས་འདིར་བོད་ནང་ནས་བརྩམས་པའི་བོད་རེ་བ་ཅན་ཞེས་པའི་ནང་ནས་སྤྲུལ་སྐུའི་དཔྱད་རྩོམ་ཞིག་འདུག དེ་འདིར་དྲངས་ཡོད་པས་དཔྱད་པ་ཞིག་གནང་དང་།
༣༦ སྤྲུལ་སྐུ་ལ་དགའ་བའི་ང་ཚོ།
ང་ཚོ་ནི་སྤྲུལ་སྐུ་ལ་ཤིན་ཏུ་དགའ། བོད་དུ་སྤྲུལ་སྐུའི་ལམ་ལུགས་དར་ནས་ཡུན་རིང་སོང་ཡོད། འདི་ནི་ཕྱོགས་གཅིག་ནས་ནང་བསྟན་གྱི་སྐྱེ་བ་སྔ་ཕྱིའི་དགོངས་པ་ལྟར་སྐྱེས་བུ་དམ་པའི་ཡང་སྲིད་ངོས་བཟུང་བ་ཞིག་ཡིན་ལ། བསྟན་དར་སྤེལ་བྱེད་པར་ཡང་ཕན་ཐོགས་ཆེན་པོ་བྱུང་ཡོད། ཕྱོགས་གཅིག་ནས་སྐབས་དེའི་གྲུབ་མཐའ་སོ་སོ་སྟོབས་ཤུགས་འགྲན་པའི་ཆབ་སྲིད་ཀྱི་དགོས་མཁོར་བརྟེན་ནས་དར་བ་ཞིག་ཀྱང་རེད། མང་ཚོགས་ཚོས་ཆབ་སྲིད་ཀྱི་དགོས་པའི་རྒྱབ་ལྗོངས་ད་དུང་ཤེས་ཀྱི་མེད།
བོད་མི་ཚོས་མདོ་སྔགས་སྤྱི་དང་བྱེ་བྲག་ལ་མཁས་ཤིང་གྲུབ་པ་ཐོབ་པའི་ཆོས་པ་ཉམ་ཆུང་ལས། སྐྱབས་འགྲོ་ཙམ་མི་ཤེས་པའི་མི་བུ་ཆུང་ངུ་སྤྲུལ་སྐུའི་མིང་ལྡན་པར་དགའ། སྤྲུལ་སྐུ་ནི་སངས་རྒྱས་དང་ཁྱད་མེད་དུ་བརྩི། ད་ལྟ་མི་རིགས་གཞན་ལའང་བག་ཆགས་དེ་བསླབ་ཡོད་པ་རེད། མ་ཟད་རྒྱ་སྐད་ནང་ཧོའོ་ཧྥོའོ་དང་། དབྱིན་སྐད་ནང་ལིའི་ཝིའན་བུདྡྷ་ཞེས་སངས་རྒྱས་དངོས་བཞུགས་དང་། སངས་རྒྱས་གསོན་པོའི་གོ་དོན་གྱི་ཐ་སྙད་སྦྱར་ཡོད། དོན་དངོས་ཐོག་ཚང་མ་དོན་མཐུན་དེ་འདྲ་ཡིན་མོན་དབྱེ་ཞིབ་གཏན་ནས་བྱས་མེད་ལ། བོད་རིགས་ཚོས་སྤྲུལ་སྐུ་ཡིན་ཚད་ཡང་དག་ཏུ་བརྩི་གི་ཡོད། ཁོང་རྣམས་ནི་རྒྱུ་འབྲས་བརྩི་མི་དགོས་པའི་དམིགས་གསལ་གྱི་ཐོབ་ཐང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ད་ལྟ་བོད་ཀྱི་ནང་བསྟན་གྲུབ་མཐའ་ཀུན་ལ་སྤྲུལ་སྐུ་ཡོད་པས་མ་ཚད་གྲངས་འབོར་ཡང་སྟོང་ཕྲག་ཁ་ཤས་ལོན་ཡོད།
འོན་ཀྱང་ཐབས་སྐྱོ་ཤོས་ནི་ང་ཚོས་བླ་མ་དང་སྤྲུལ་སྐུའི་དབྱེ་བ་ཕྱེ་ཤེས་ཀྱི་མེད་ལ། སྤྲུལ་སྐུ་ངོ་མ་དང་རྫུན་མའི་དབྱེ་བ་ཕྱེ་ཤེས་ཀྱི་མེད། མང་ཚོགས་ཕག་ཆེ་བས་སྤྲུལ་སྐུ་ལ་བླ་མ་ཟེར་གྱི་ཡོད། ཨ་ལགས་ཡིན་ན་བླ་མ་ཡིན་ཤག་རེད། དོན་དུ་བླ་མ་དང་སྤྲུལ་སྐུ་ཐ་དད་རེད། ང་ཚོའི་མང་ཚོགས་ནི་གྲགས་པའི་རྗེས་འབྲངས་ཤ་སྟག་རེད། ཁག་ཅི་ཡོད། ཁོང་ཚོ་ནི་རྨོངས་པ་ཤ་སྟག་རེད། དེར་བརྟེན་ཁོང་ཚོས་དབྱེ་བ་ཕྱེ་ག་ལ་ཤེས། ལུང་རིགས་ལ་རྩོད་པའི་གྲྭ་ས་ཆེན་པོ་རྣམས་ཀྱི་ནང་དུ་ཡང་དབྱེ་གསལ་མེད། ནང་རིག་ནི་རྒྱུ་འབྲས་ཁོ་ན་སྨྲ་བའི་རིང་ལུགས་ཞིག་ཡིན་ལ། བླ་མ་དང་སྤྲུལ་སྐུ་ནི་རྒྱུ་འབྲས་ཀྱི་བླང་དོར་བྱེད་མཁན་གྱི་མིག་དཔེ་ཡིན་དགོས་པ་ལས། རྒྱུ་འབྲས་ལ་སྣང་མེད་དང་རྡོག་རོལ་གཏོང་མཁན་ཞིག་རྩ་བ་ནས་མ་རེད། སྤྲུལ་སྐུ་འཇིག་རྟེན་དུ་བྱོན་པ་དང་། ངོས་འཛིན་བྱེད་པའི་དམིགས་ཡུལ་ནི་ནང་བསྟན་གྱི་དགངོས་པ་དྲི་མ་མེད་པ་ལག་བསྟར་བྱེད་པའི་སྣེ་ཁྲིད་པའམ། མིག་དཔེ་འདོན་མཁན་ཡག་པོ་ཞིག་དང་། བསྟན་འཛིན་སྐྱེས་བུ་མིང་དོན་མཚུངས་པ་ཞིག་ཡིན་དགོས། ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ལག་རྗེས་བཞག་དགོས། དེ་ནི་དམིགས་ཡུལ་ངོ་མ་དེ་རེད། གལ་ཏེ་སྤྲུལ་སྐུའི་མིང་ཅན་གྱིས་རྒྱུ་འབྲས་ལ་མཐོང་ཆུང་དང་། སྣང་མེད་བཏང་ན་དེ་ནི་ནང་བསྟན་གྱི་དགྲ་བོ་དང་། ནང་བསྟན་གྱི་དབུ་ཁྲིད་ཀྱི་མིང་འཛིན་ནས་ནང་བསྟན་དྲི་མ་ཅན་དུ་བཟོ་མཁན་གྱི་བསྟན་དགྲ་དངོས་ཡིན་པས་སྤྲུལ་སྐུ་རྫུན་མ་ཡིན་པ་ལས། ཡང་དག་པའི་སྤྲུལ་སྐུ་ཞིག་ག་ལ་ཡིན། རྒྱུ་འབྲས་ཀྱི་མདུན་དུ་མང་ཚོགས་དང་སྤྲུལ་སྐུ་འདྲ་མཉམ་ཡིན་པ་ལས་སྤྲུལ་སྐུ་ཡིན་ན་རྒྱུ་འབྲས་བརྩི་མི་དགོས་པའི་དམིགས་གསལ་གང་ཡང་མེད་པ་ཤེས་དགོས། ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་བླ་མ་དང་སྤྲུལ་སྐུའི་ཁྱད་པར་དེ་རེད། བླ་མ་ཞེས་པ་ནི་ཡོན་ཏན་གྱི་སྒོ་ནས་བཞག་པ་དང་། སྤྲུལ་སྐུ་ཞེས་པ་ནི་སྐྱེ་བ་ལ་བཏགས་པ་ཞིག་རེད། སྤྲུལ་རྫུན་ཚོར་བལྟས་ན་སྤྱིར་མི་རྣམས་ལ་བདག་གམ་ང་གཅིག་ལས་མེད་ཀྱང་སྤྲུལ་རྫུན་
ཚོར་བདག་གཉིས་ཡོད་པ་རེད། གཅིག་ནི་མི་ཀུན་དང་ཐུན་མོང་གི་ངར་འཛིན་ལྷན་སྐྱེས་ཀྱི་བདག་དང་། གཅིག་ནི་ང་དེ་དང་དེའི་སྤྲུལ་སྐུ་འམ་སྐྱེ་བ་ཡིན་སྙམ་པའི་ཀུན་བཏགས་སམ་སྒྲོ་བཏགས་ཀྱི་བདག་རེད།
ལ་ལའི་བྱ་སྤྱོད་ལ་བལྟས་ན་ང་དེ་ལ་བརྟེན་ནས་མགོ་འཕང་བཏེགས་ནས་སྤོབས་པ་བྱེད་ཅིང་ང་དང་ངའི་གོང་མའི་ཐོབ་ཐང་ལ་རྩོད་པ་བརྒྱབ་ཀྱི་ཡོད། ཁོང་ཚོ་སྐྱེ་བ་ལེན་པ་དང་ངོས་འཛིན་བྱས་པ་ནི་ཐོབ་ཐང་གི་ཆེད་དུ་ཡིན་པ་རེད་འདུག ངོས་འཛིན་མཁན་གྱི་མི་ངོ་དང་། རྒྱུ་ངོ་། དཔོན་ངོ་དང་། དབང་ངོ་ཁོ་ན་ལ་བསྟུན་པ་ལས། སངས་རྒྱས་ཀྱི་དགོངས་པ་དང་མ་བསྟུན་པས། རང་ཉིད་སངས་རྒྱས་བསྟན་པ་ལག་རྩེད་རྩེ་མཁན་ཞིག་དང་། ངོས་བཟུང་ནས་མིང་བཏགས་པའི་བུ་དེ་ཡང་བསྟན་པ་མི་ཤེས་པའི་བསྟན་འཛིན། བསྟན་པ་བཤིག་པའི་གཏེ་བོ་ཞིག་སྐྱེད་བསྲིང་བྱས་ཡོད། དེར་བརྟེན་སྤྲུལ་སྐུའི་ལམ་ལུགས་ལ་ཞིབ་བཤེར་བྱེད་དགོས་ལ། ཐེར་འདོན་ཡང་བྱ་དགོས་པའི་དུས་ལ་སླེབས་ཡོད། རྒྱུ་མཚན་ནི་ལོ་རྒྱུས་ཐོག་དང་། ད་ལྟའི་དུས་སུའང་སྤྲུལ་སྐུ་ནི་བདེན་རྫུན་འཐབ་རྩོད་ཀྱི་གཞིར་གྱུར་ཡོད་པ་རེད། དཔེར་ན་རྨུ་ཐག་ཐོག་ ༢༠༠༦ ལོར་མདོ་སྨད་དུ་སྤྲུལ་སྐུའི་ཁྲི་འཕྲོག་རེས་ཀྱི་དོན་རྐྱེན་ཞིག་ཐོན་འདུག ཕྱོགས་ཀ་པ་དང་ཕྱོགས་ཁ་པའི་བར་བདེན་རྫུན་གྱི་འཐབ་རྩོད་བྱས་མཐར་རྒྱུ་ནོར་གྱི་རྒྱབ་དཔུང་ཞན་པ་ཀ་པ་ཁྲི་ལས་ཕབ་ནས། འབྱོར་པའི་དཔུང་ལྡན་ཁ་པར་ཁྲིར་འཁོད། དེ་ཡང་ཀ་པ་ཆང་དུག་གིས་དཀྲོང་རྗེས་ཁ་པ་ཁྲིར་འཁོད་པའི་གནས་ཚུལ་བཀོད་པ་ལྟ་བུ་རེད།
གཞན་ཡང་ཁ་ཤས་ལ་བལྟས་ན་གཡག་ལུག་ར་ཕག་གི་གཏམ་རྒྱུད་ལས། ལར་དེང་སང་ཡར་འགྲོ་བའི་འདྲེན་པར་རློམ་པ། སྟེང་ན་བླ་བྲེས་ཕུབ། འོག་ན་འབོལ་གདན་བརྩེགས། བར་སྐུ་གོས་དར་གྱིས་བཀླུབས་པའི་བླ་མ་ཆེ་ཆེ་མོ་དང་། གོ་ས་མཐོ་མཐོ་མོ་རྣམས་དང་། སྐྱེ་བ་རེ་བླངས་གིན་ཇེ་སྡུག་ཇེ་ངན་དུ་འགྲོ་བའི་སྤྲུལ་བའི་སྐུ་དང་། མར་ལུང་ལྕོག་རེ་ན་དགོན་ཆུང་རེ་བདག་བྱས། ཚེ་མ་ཕྱིད་པ་རྡོག་པོ་ཁ་ཤས་ཀྱི་མཐའ་བརྟེན། ངན་དཔང་ཅུང་ཟད་རེ་ཡོད་པའི་བླ་ཟོབ་ཁོག་ཆོས་བརྒྱད་ཀྱི་གང་བ་འདི། ཕལ་མོ་ཆེ་འབྱོར་ལྡན་གྱི་མི་ནག་བླུན་པོ་དག་གིས་མདུན་ནས་པུས་མོ་བཙུགས། ཐལ་མོ་སྦྱར། སངས་རྒྱས་ལྟ་བུའི་ཆོས་མཐོང་བྱས་པས་ལང་ལ་ཤོར། རྒྱུ་ནོིར་དངོས་གཙང་ཕྲན་བུ་རེ་འབུལ་བ་ལ་ཐུགས་གཏིང་ནས་དགྱེས་པའི་འཛུམ་ཞལ་ལྷུག་པར་སྟོན་ཞིང་། ལྟོ་སྐྱ་གོས་ཧྲུལ་གྱི་ཆོས་པ་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་གིས་མདུན་ནས། ཕྱག་གྱང་འགྱེལ་བ་ལྟར་འཚལ་གྱིན་འདུག་ཀྱང་། ལྟས་རྒྱུས་སྒྲེང་སྦྲེང་། མགོ་བོ་སྒྱེད་སྒྱེད། འགྱིང་སྟབས་ཡོར་ཡོར་བྱེད། ཕྱག་དབང་མི་ཡོང་བ། སྤྱན་ཟུར་མི་གཟིགས་པ། གསུང་ལན་མི་ཁུག་པ་ཞིག་ལ། ཀུན་གྱིས་བཟང་བཟང་མོར་བསྒོམ། སྨོན་སྨོན་མོ་བྱེད། ཅེས་གསུངས་པ་ལྟར་ཆགས་མི་འདུག་གམ།
བོད་དབུས་གཙང་ཁུལ་སོགས་བོད་ལྗོངས་སྲིད་འཛིན་གྱི་ཁོངས་སུ་སྤྲུལ་སྐུ་ངོས་འཛིན་སྲིད་ཇུས་གུ་དོག་པས། སྤྲུལ་སྐུ་ཅུང་ཉུང་བ་ལས། གཞན་མཚོ་སྔོན། ཟི་ཁྲོན། ཀན་སུའུ་སོགས་སུ་སྤྲུལ་སྐུ་ཧ་ཅང་མང་ལ་ཕྱི་རྒྱལ་ལ་ཡང་ཧ་ཅང་མང་བས་ཉིས་ཟློས། གསུམ་ཟློས། བཞིས་ཟློས་སོགས་མང་བས་བདེན་རྫུན་གྱི་རྣམ་གཞག་ཀྱང་དར་ཡོད་ལ། རྩོད་གླེང་ཀྱང་ཧ་ཅང་ཆེ། དེར་བརྟེན། དམུ་ཐག་དུས་དེབ་ལས། སྟོད་ཀྱི་སྡེ་དགེར་བླ་སྤྲུལ་རྫུན་མས་གང་། མདོ་ཁམས་བླ་རྫུན་རྣམ་ཤེས་རྒྱ་མོས་འཕྲོག ཅེས་པ་ལྟར་ད་ལྟ་རྒྱལ་ཁབ་ཕྱི་ནང་གང་སར་དངུལ་གྱི་ཆེད་དུ་རང་ཉིད་དྲིལ་བསྒྲག་བྱེད་བཞིན་པའི་སྤྲུལ་སྐུ་རྫུན་མ་ཚོ་དང་། རྒྱལ་ཁབ་ཕྱི་ནང་དུ་གྲོང་དང་གྲོང་ཁྱེར་གྱི་རྒྱ་སྲང་ཉུལ་ཞིང་སྦྱིན་བདག་ལ་ངོ་དགའ་དང་མགོ་བསྐོར་གཏོང་བར་དགའ་བ་དང་། ཆོས་ལ་དད་ཀྱང་ཡག་ཉེས་མི་ཤེས་པའི་འབྲོག་ཁུལ་ལ་འཁྱམས་ནས་འཆལ་རྒྱུག་སོགས་གང་བྱུང་ཅི་དྲན་བྱས་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་དང་། ནང་བསྟན་ལོག་ལམ་ལ་འདྲེན་མཁན་དུ་གྱུར་མི་འདུག་གམ། ང་ཚོས་སངས་རྒྱས་བསྟན་པ་དང་བོད་མི་རིགས་ལ་དངོས་ཤུགས་རྒྱུད་གསུམ་ནས་ཕན་ཐོགས་མཁན་གྱི་སྤྲུལ་སྐུ་དང་། བསྟན་པ་དང་བོད་མི་རིགས་ལ་དངོས་ཤུགས་བརྒྱུུད་གསུམ་ནས་གནོད་སྐྱེལ་མཁན་གྱི་སྤྲུལ་རྫུན་གྱི་བྱ་སྤྱོད་ཀྱི་དབྱེ་བ་ཤེས་དགོས།
སྤྱིར་བླ་མ་མི་ལས་གྲུབ་པ་དང་གཏོར་མ་སྤག་ལས་གྲུབ་པའི་དཔེར་ཡིན་པས། མང་ཚོགས་ཚོས་རིག་པ་དྭངས་གསལ་གྱིས་ཟོག་རྫུན་དང་། སྤྲུལ་རྫུན་གྱི་དབང་དུ་མི་འགྲོ་བ་དང་། སྤྲུལ་སྐུར་ལྡན་དགོས་པའི་མཚན་ཉིད་དང་། ལྡན་མི་དགོས་པའི་མཚན་ཉིད་ཤེས་པ་དང་། བསྟན་པའི་དགོངས་ངོ་མ་ངོ་ཤེས་པའི་སྒོ་ནས་ཡིན་མིན་དབྱེ་འབྱེད་དང་། དེ་མཚུངས་ང་ཚོས་སྤྲུལ་སྐུའི་ལམ་ལུགས་ཀྱི་དྲང་ཕྱོགས་ཀྱི་དགེ་མཚན་དང་། ལྡོག་ཕྱོགས་ཀྱི་སྐྱོན་ཆ་ལ་ངོས་འཛིན་ཐོབ་པས་དབྱེ་འབྱེད་དང་ཞིབ་འཇུག་ཏན་ཏིག་བྱེད་དགོས། རྒྱུ་མཚན་སྤྲུལ་སྐུའི་ལམ་ལུགས་ནི་གང་བྱུང་དེ་དྲན་ཞིག་མ་ཡིན་པར་ཐུན་མིན་གྱི་རིག་གནས་ཤིག་ཡིན་པས་རེད། ལོ་རྒྱུས་ནས་ད་ལྟའི་འཚོ་བའི་བར་བལྟས་ན་སྤྲུལ་སྐུ་ཇེ་མང་དང་ཇེ་མང་རེད། ནང་བསྟན་ལ་ཕན་ཐོགས་མཁན་དང་། སྐྱེ་འགྲོར་ལམ་སྟོན་བྱེད་མཁན་ཇེ་ཉུང་དང་ཇེ་ཉུང་རེད། བསྟན་ཤིག་ཇེ་མང་དང་ཇེ་མང་རེད། དེར་བརྟེན་གྲགས་པའི་རྗེས་སུ་མ་འབྲངས་པར་བརྟག་དཔྱད་བྱེད་དགོས། ང་ཚོར་ཡང་དག་པའི་ལམ་སྟོན་ཞིག་དགོས་པ་ལས། མགོ་སྐོར་བསླུ་བྲིད་མི་བུ་སངས་རྒྱས་སུ་བརྫུས་མ་ཞིག་གཏན་ནས་མི་དགོས་པ་རེད། ང་ཚོར་ཡང་དག་པ་ཞིག་དགོས་པ་ལས་མི་ངོ་རྒྱུ་ངོ་དབང་ངོ་ལས་བྱུང་བའི་རྫུན་མ་མགོ་བསྐོར་མཁན་ཞབས་འདྲེན་པ་ཞིག་མི་དགོས་པས་རེད། ལ་ལས་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་རྩ་མེད་གཏོང་དགོས་ཞེས་སེར་སྐྱ་གཉིས་ཀ་ནས་སྐད་འབོད་བྱེད་ཀྱིན་ཡོད་ལ། ཤར་ཕྱོགས་རྒྱ་བརྒྱུད་ནང་པ་དང་། ལྷོ་བརྒྱུད་ནང་པར་སྤྲུལ་སྐུ་མེད་ཀྱང་ནང་ཆོས་རྒྱུན་འཛིན་ཐུབ་ཡོད་ཚུལ་དང་། ང་ཚོང་ཡང་དེ་ལྟར་ཡོང་ཐུབ་ལུགས་ཀྱི་གཏན་ཚིགས་ཀྱང་གླེང་ཡོད། འོན་ཀྱང་ཤར་ལྷོའི་བརྒྱུད་པ་དེ་གཉིས་དང་ང་ཚོ་ནང་བསྟན་ཡིན་པ་འདྲ་ནའང་། མི་རིགས་ཀྱི་གནས་སྟངས་སྤྱི་དང་། ད་ལྟའི་ང་ཚོའི་ཕྱི་ནང་གི་གནས་སྟངས་གཉིས་གནམ་ས་ལྟར་ཁྱད་ཡོད་པ་ཤེས་དགོས། ང་ཚོས་ངེས་པར་དུ་ཡང་དག་དང་ཡང་དག་མ་ཡིན་པ་དང་ཚད་ལྡན་དང་རྫུན་མའི་དབྱེ་བ་ཕྱེ་དགོས་ལ། ཡང་དག་ཚད་ལྡན་ལ་བརྩི་བཀུར་དང་། རྫུན་མ་ཞབས་འདྲེན་རིགས་ལ་དགག་རྒྱག་བྱ་དགོས། རིམ་པས་རྫུན་མའི་རིགས་གཏན་ནས་མི་འབྱུང་བའི་ཐབས་ལམ་འཚོལ་དགོས། ཆེ་ཕྲ་སུ་ཡིན་རུང་མི་ངོ་རྒྱུ་ངོ་དབང་ངོ་བལྟས་པའི་སྐྱུག་བྲོ་བའི་བྱ་སྤྱོད་ལ་ཐེར་འདོན་སོགས་དགག་སྒྲུབ་ཏན་ཏིག་བྱ་དགོས་ལ། འདི་ནི་ནང་བསྟན་ཡུན་གནས་དང་དྭངས་གཙང་གི་ཐབས་ཡིན་པ་ཤེས་དགོས།། །།
དྲ་གྲོགས་ཨ་ལ་ལ་ལགས་ངས་ནོར་བ་མིན་ན་ཆ་བྲག་ལྷ་མོ་སྐྱབས་ཀྱིས་རྩོད་པ་འདིའི་རྩ་གནད་ཧ་གོ་མེད་པ་འདྲ།
ངའི་གོ་བ་དང་ཤེས་ཚད་སྐྱོ་བོ་ཡིན་ཤས་ཆེ། ཆབ་བྲག་ལྷ་མོ་སྐྱབས་ཟེར་བའི་སྐད་གྲགས་ཅན་དེས་ཅི་ཞིག་བཤད་ཀྱི་ཡོད་པ། ངས་ཐེངས་ཤས་བཀླགས་ཀྱང་དོན་གོ་མ་སོང་། ཕལ་ཆེར་ཁོང་གིས་ཧྥ་རིན་སིའི་སྐད་གསུང་གི་ཡོད་ས་རེད།
བརྩོམ་བརྒྱུར་བས། ཁོང་ཚོའི་མིང་ཡིག་རྣམས་རེ་རེ་བཞིན་རང་རང་གི་ཆོས་གོས་ནང་དུ་བཞག་སྟེ་དཔལ་ལྡན་ལྷ་མོར་གཏད་གཉེར་གྱིས་མཆོད་ཁྲིར་སྒོ་ཐེལ་བརྒྱབ་ནས་འཇོག་དགོས་པ་དང་། ཕྱི་ཉིན་སྒོ་འབྱེད་སྐབས་ཁོང་ཚོའི་ནང་གི་མི་གཅིག་གི་ཆོས་གོས་དགའ་ལྡན་ཁྲི་བའི་ཁྲི་ཐོག་ལ་བཞག་ཡོད་པར་བཤད། ཅེས་བརྗོད་འདུག
འདི་ལ་ངས་དྲི་བ་ཞིག་འདྲི། འདི་སུས་ལན་འདེབ་གནང་ན་བཀའ་དྲིན་ཤིན་ཏུ་ཆེ་ཞུ།
འོ་ན་དགའ་ལྡན་ཁྲི་བ་དགེ་སློང་མིན་པ་དག་འདམ་ནི་རེད་དམ། ཆོས་གོས་འབྲལ་སྤང་གི་སྟོང་བྱེད་མི་འབྱུང་ཚུལ་ཞིག་ཡོད་ནི་རེད་དམ། སྟུང་བྱེད་དེ་འབྱུང་ཡང་གལ་ཆུང་བྱེད་ནི་རེད།།
རིག་པ་འདོན་པ་ལགས། སྐུ་ཞབས་ཞོགས་དུང་ལགས་ཀྱིས་བོད་ཡར་ལངས་དགོས་ན་རྒྱ་དང་བླ་མའི་འོག་ལས་ཐར་དགོས་ཞེས་བཤད་ཡོད དེ་ལ་ཡང་རྒྱུ་མཚན་ཆེན་པོ་འདུག
དེ་འདྲའི་བླ་མ་ཞེས་པ་དེ་དེང་སང་གི་སྤྲུལ་སྐུ་རྣམས་ལ་གོ་དགོས
དེང་སང་སྤྲུལ་སྐུ་ཕལ་མོ་ཆེས་མཛད་སྤྱོད་རེ་གཟིགས་དང་བོད་ཀྱི་སྤྱི་ཚོགས་ལ་ཕན་གནོད་ག་རེ་འདུག བོད་ནང་གྲྭ་རྐྱངས་དང་མི་སེར་དཀྱུས་མ་རྣམས་ཀྱིས་བསྟན་སྲིད་དོན་རང་སྲོག་འབེན་ལ་གཙུགས་ནས་མི་རིགས་ཀྱི་འཐབ་རྩོད་བྱེད་བཞིན་ཡོད་ བལྟོས་དང་བླ་ཆེན་རྣམས་ཀྱི་མིང་ཐོགས་རྣམས་ཕལ་ཆེར་རྒྱ་དགའ་ཡིན ཕལ་ཆེར་རྒྱ་དཔོན་ཡིན ཕལ་ཆེར་རྒྱ་མའི་ལས་བྱེད་ཡིན ཁོང་རྣམས་ནི་སྤྱི་དོན་ལས་རང་དོན་གལ་ཆེ བདེན་མིན་གཟིགས་པར་ཞུ།།།།།
དྲ་གྲོགས་ཚོ་སྤྲུལ་སྐུའི་ལམ་ལུགས་ཟེར་བ་ཞིག་བོད་ཀྱི་ནང་དུ་ཡོད་པ་འདི་ང་ཚོའི་ནང་བསྟན་ཆོས་ལུགས་ཀྱི་སྐྱེ་བ་གཅིག་གིའི་སླབས་ཆེན་གྱི་མཛད་རྗེས་ཅན་རྣམས་སྐྱེ་བ་ཕྱི་ཡང་སྔ་མ་སྔ་མའི་བསོད་ནམས་ཀྱི་དབང་གི་དེ་འདྲ་ཞིག་ཡོང་བའི་རྒྱུ་འབྲས་ཀྱི་རྣམ་བཞག་ཁས་བླང་བས་རྒྱུ་མཚན་ལ་ཐུགས་ཡོད། རྒྱུ་འབྲས་ཀྱི་རྣམ་བཞག་དང་སྐྱེ་བ་སྔ་ཕྱིའི་གོ་བ་རོབ་ཙམ་ཞིག་ཆག་མེད་ན་སྤྲུལ་སྐུ་ཟེར་བ་དེ་གོ་བ་ལེན་དཀའ། འདི་དག་ནི་དོན་ལ་འགྲོ་བ་མའི་བསོད་ནམས་བསགས་པའི་ཐབས་ལམ་ཡང་དག་ཞིག་ཡིན།
ཟིན་བྲིས་རིན་ཐང་ཅན་འདི་ལ་རྒྱབ་སྐྱོར་དང་ཡི་རངས་ཡོད།
གལ་སྲིད་སྤྲུལ་སྐུའི་ལམ་ལུགས་དེར་འགྱུར་བ་ཞིག་མ་གཏང་བ་ཡིན་ན་མ་འོངས་བར་སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་མི་ཐུབ་པ་མིག་མཐོང་ལག་ཟིན་དུ་མཐོང་གི་འདུག་ལ། ནང་བསྟན་ཆོས་ལུགས་ཀྱི་སྦྱངས་འབྲས་མེད་པའི་སྤྲུལ་མིང་སྐམ་པོ་དག་བསྟན་པ་དང་འགྲོ་བ་མིའི་དགྲ་བོ་ལས་གྲོགས་སུ་མཐོང་གི་མི་འདུག
བསྟན་འཇམ་ལོ་ལོ། རྟ་སྒའི་ལོ་རབས་བཤད་དུས་གླང་སྒའི་ལོ་རབས་མ་བཤད། འདི་ན་ཚང་མས་ཅི་ཞིག་བཤད་ཀྱིན་པར་ལྟོས།
གསལ་ལེ་རྒྱལ་གྱིས་བཤད་བྱུང་ངོ་མ་དགོད་སྦྱད་རེད ། རྣམ་ཤེས་ཡོད་པའི་མི་ཞིག་ཡིན་ཕྱིན་ཡང་སྲིད་མེད་མཁན་གཅིག་ཀྱང་ཡོད་ནི་མ་རེད ། ཁྱོད་ཀྱི་ཨ་མ་ཡང་སྲིད་ཡིན་པ་མ་ཟད་གསལ་ལེ་རྒྱལ་ཁྱེད་ཀྱང་སྐྱེ་བ་སྔ་མའི་ཡང་སྲིད ། མདོར་བསྡུས་ན་ཡང་སྲིད་ཡོད་ན་བླ་མ་ཡིན་པའི་མ་ཁྱབ་པ་བཞིན་ཡང་སྲིད་དུ་འོས་ན་འང་བླ་མ་ཡིན་པའི་མ་ཁྱབ་པ་ཡིན་ནོ །
གཙོ་བོ་སེམས་ཁམས་མི་དངས་བའི་མི་འགས་རང་ཉིད་ཅིག་གི་ཡང་སྲིད་ཡིན་པའི་ཁྱབས་སྒྲག་བྱས་ནས་ནུས་བ་གང་འཚམས་ཐོན་རྗེས་རང་དང་འདྲ་བ་མང་བོ་དེའི་ཁུངས་སུ་འཇུག་བཞིན་པ་འདི་དང་། ཅིག་ཅིག་གི་ཡང་སྲིད་ལ་འོས་ཞེས་གང་དེའི་ཚབ་ལ་བཞག་པ་དེ་དག་གིས་ཚབ་བྱེད་མ་ཐུབ་པར་ཞབས་འདྲེན་ཞུ་བཞིན་འདུག དེ་མིན་བླ་མ་ངོ་མ་ཚོར་ཅི་ཡང་བཤད་རྒྱུ་མེད།
སྤྲུལ་སྐུའི་ལམ་ལུགས་ཀྱིས་སྐྱེ་བ་སྔ་ཕྱི་ཡོད་པར་སྒྲུབ་པ་ལ་ཕན་ཐོགས་མི་འདུག་གེ སྐྱེ་བ་སྔ་ཕྱི་མི་འདོད་མཁན་ཅིག་གིས་སྤྲུལ་སྐོར་ལ་བྱུས་གཏོགས་མ་བྱས་ན་མི་མཛེས་སམ། དགེའོ། །
སྐུ་ཞབས་གཅོད་པ་ཐར་ལགས་ཀྱིས་འབར་མདེལ་ཞིག་གཡུགས་འདུག དྲང་པོར་ཞུས་ན་དུས་ལ་བབས་ཤིང་གནད་ལ་འཁེལ་བ་ཞིག་ཡིན་པས། རྣམ་དཔྱོད་ཅན་དང་མི་རིགས་འདིར་ཤ་ཚ་མཁན་ཞིག་ཡིན་ན་མ་གཏོགས་དོན་གོ་ཐུབ་ཀྱི་མ་རེད་ལ། གོ་བཞིན་པའི་བཟོ་ལྟའང་མི་འདུག
༄༅།།དམ་པའི་རྣམ་ཐར་ཕལ་པའི་ཡུལ་མིན་ཞིང། །མཁས་པ་དགྱེས་པའི་ཚིག་སྦྱོར་མི་ཤེས་ཀྱང་། །དེང་དུས་ཕལ་ཆེར་བླ་མའི་སྐྱོན་གླེང་སྐབས། །ཡོན་ཏན་གང་ཤེས་བརྗོད་པའང་སྐལ་བ་བཟང། །རྗེ་བཙུན་ངག་དབང་བྱམས་པའི་གསུང།
རྩོམ་འདི་ནི་ནང་འགལ་གྱི་གོང་བུ་གཅིག་ཏུ་མཐོང་།
༡། པན་ཆེན་རིན་པོ་ཆེའི་ཡང་སྲིད་འཕྲོག་རེས་ཀྱི་ཐབས་རྩོད་ཅིག་ཡོད་མེད་གང་ཤེས། རྒྱ་གཞུང་གི་སྤྱོད་ངན་ངོམ་སོ་ལ་བརྟེན་ནས་སྤྲུལ་སྐུའི་ལམ་ལུགས་ཐུར་ལམ་དུ་གོམ་ཁ་སྤོས་ཟེར་ན་བཞད་གད་གི་གནས་རེད། བློ་ལྡན་ཞིག་གིས་འདི་རིགས་སྐྱོན་ལ་གྲངས་མི་སྲིད།
༢། ཕན་ཐོགས་མེད་པའི་ཡང་སྲིད་ཀྱི་ངོས་འཛིན་ཡོད་པ་མང་གི་ཚུལ་ནི་བདེན་ཡང་། འདི་ཚོ་ལ་སྤྲུལ་སྐུའི་ཡང་སྲིད་ཟེར་ནའང་ཁྱད་མཚར་རེད། ཡང་སྲིད་འདི་རིགས་ལ་བསམ་ནས་སྤྲུལ་སྐུའི་ལམ་ལུགས། ཡང་ན། བོད་བརྒྱུད་ནང་བསྟན་ལ་མི་རིང་བར་གཞན་གྱི་ཡིད་ཆེས་ཡོད་ཚད་བརླག་པར་འགྱུར་བར་བརྗོད་ན། ཁྱོད་རང་ལ་མེད་པ་ནང་བཞིན་གཞན་དེ་ཚོ་ལའང་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མེད་པར་སྨྲ་བར་འགྲོ་བ་རེད། འདི་ལ་ཕལ་སྐད་དུ་གོ་མ་ཚོད་པའི་སྐད་ཆ་ཟེར།
༣། དེ་མ་ཟད་བོད་བརྒྱུད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ལ་འཁྲུལ་རྒྱུ་མེད། བོད་བརྒྱུད་ནང་བསྟན་གྱི་གཞི་ལམ་འབྲས་བུའི་ཆུ་བོ་ཆེན་པོ་མཇལ་མྱོང་བ་དང་། འཐུངས་མྱོང་བ་དང་། དེས་རང་གི་མ་དག་པའི་ལུས་ངག་ཡིད་གསུམ་འཁྲུད་མཁན་ཞིག་ཡིན་ན། ཁྱད་པར་དེ་ངང་གིས་ཤེས་ཐུབ། ཁྱོད་རང་གི་གསུངས་པའི་གཞན་དེ་ཚོ་ཡང་བོད་བརྒྱུད་ནང་བསྟན་ལ་དད་པ་ཡིད་ཆེས་བྱེད་བཞིན་པ་ཡང་། དེའི་བརྗོད་བྱ་ལ་དང་བ་སྐྱེས་ནས་ཡིན་གྱིས། ཁྱོད་རང་གིས་སྤོང་བཞིན་པའི་སྤྲུལ་སྐུའི་ལམ་ལུགས་ལ་བརྟེན་ནས་མིན་པ་ཞིབ་ཆ་ཕྱེ་ཤེས་པ་དགོས།
༤། གསེར་བུམ་དཀྲུགས་པའི་ལམ་ལུགས་སོགས་མན་ཇུ་གོ་མས་སྲོལ་བཏོད་པར་སྨྲ་བས། སྤྲུལ་སྐུ་ངོས་འཛིན་གྱི་འགན་དབང་རྒྱ་གཞུང་ལ་ཡོད་པར་གྲུབ། ཕྱོགས་གཅིག་ནས་གསེར་བུམ་དཀྲུགས་པའི་ལམ་ལུགས་ལ་བརྟེན་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་མི་སྤྱོད་ལས་འདས་པ་ཡིན་པའི་སྐྱོན་བརྗོད་བྱས། ཡང་ཕྱོགས་གཞན་ཞིག་ནས་དགའ་ལྡན་ཁྲི་པ་དཔལ་ལྡན་ལྷ་མོས་ངོས་འཛིན་བྱེད་སྲོལ་ཞིག་ཡོད་པ་དེ་དར་སྤེལ་དུ་གཏོང་དགོས་པར་བཤད་པ་ནི་ནང་འགལ་འབའ་ཞིག་ཏུ་ཟད།
༥། དེ་བཞིན་དུ་ཏཱ་ལའི་བླ་མ་དང་དགའ་ལྡན་ཁྲི་པ་གཉིས་བར་གོ་ས་མཐོ་དམན་རྩི་བ་ནི་བྱིས་པའི་རྩེད་མོ་རེད། འདབ་ཆགས་ཀྱི་མིག་གི་མཐོང་ཚད་ལ་ཁྱད་པར་ཡོད་པ་བཞིན་དུ། མིའི་རྣམ་དཔྱོད་ཀྱི་མཐོང་ཚད་ལའང་ཁྱད་པར་ཡོད་པ་མངོན་གསུམ་རེད་འདུག ཏཱ་ལའི་བླ་མ་ནི་མིའི་ལུས་རྟེན་ལ་ཕེབས་པའི་སངས་རྒྱས་སྐུ་དངོས་རེད་ལ། ཀུན་གྱི་ངོས་འཛིན་ཡོད་པའི་བོད་བརྒྱུད་ནང་བསྟན་དང་འཛམ་གླིང་ནང་པ་ཡོངས་ཀྱི་དབུ་ཁྲིད་དམ་པ་ཡང་རེད།
༦། སྤྲུལ་སྐུའི་ལམ་ལུགས་ལ་གསར་བརྗེ་ཞིག་འདོད་ན། མདའ་མདུན་ལ་འཕེན་དགོས་པ་རྒྱབ་ལ་འཕེན་རྒྱུ་མེད། ཁྱོད་རང་གི་མིག་ཡུལ་དུ་མཐོང་བའི་སྤུས་ཚད་ཞན་པ་དང་མིའི་སྤྱི་ཚོགས་ལ་ཕན་ལས་གནོད་ཆེ་བའི་ཡང་སྲིད་རིགས་ཡོད་ཚེ། འདི་ཚོའི་ཐོག་ལ་ཉམས་ཞིབ་བྱོས་ནས་སྤྲུལ་སྐུའི་ལམ་ལུགས་ལ་བཅོས་བསྒྱུར་གཏོང་དགོས།
རྒྱ་གར་པཎ་གྲུབ་ཚོ་ནས་འོངས་བའི་ནང་བསྟན་གཤའ་མ་ཞིག་ཡིན་ན། སྤྲུལ་སྐུའི་ལམ་ལུགས་འདི་གཏན་གཅོད་བྱ་དགོས།
བ་ཡེ་མ་ཁྱེ་གཅོད་པ་ཐར་གྱིས་གསུང་དོན་བཞིན་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་ལགས་ཀྱིས་སྲོལ་བཏོད་པའི་སྤྲུལ་སྐུའི་ལམ་ལུགས་ཟེར་ན་ཅུང་མི་འགྲིག སྤྲུལ་སྐུའི་ལམ་ལུགས་ཐོག་མ་ཨོ་རྒྱན་ཆེན་པོ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལོ་ཙ་བ་སྐ་ཅོག་ཞང་གསུམ་སྤྲུལ་སྐུ་ཉིད་དུ་ངོས་འཛིན་བྱས་ནས་བྱུང་བ་ཞིག་ཡིན་པ་གོར་མ་ཆགས་པས་དེ་ལུགས་རྒྱུས་མེད་ཀྱི་སྐད་ཆ་བཤད་ན་ཨེ་འགྲིག་ན་བསམ་ཡོད། རྗེས་མ་ཡང་བསྐྱར་མཇལ་བའི་རེ་བ་དང་བཅས་་་་་དེ་རིང་གི་དུས་ཚོད་དེ་ཙམ་ཡིན་
དངོས་གནས་མ་འདས་སྤྲུལ་སྐུ་ངོས་འཛིན་ཐུབ་ན་ཡག་པོ་ཡོང་ས་རེད།
མ་གཅོད་པས་་རང་འཚང་ཕྱིར་བཏོན་འདུག ཀ་ཁ་མ་ཤེས་གོང་ལ་བཀའ་འགྱུར་འདོན་ན་འདོད་གོ་གི རྒྱ་ནག་གུང་ཁྲན་རིག་གནས་ཀྱིས་བོད་ཀྱི་རིག་གནས་ལ་དཔྱད་ན་འདི་འདྲ་རེད། ནོར་བ་ནི་ཆུང་ཆུང་འབུ་འདྲ་འདྲ་ཡིན་ནི་སྐྱོན་མི་འདུག ནོར་བ་ནི་ཆེ་པོ་གཡག་འདྲ་བ་དང་རྟ་འདྲ་བ་རེད། མཆན་འདེབས་མཁན་ཚོས་ཡིན་མདོག་མདོག་བྱས་ནས་ཅལ་འདྲོག་བྱས་པ་ནི་་དེ་ལས་ཡང་དགོད་བྲོ་བ་ཞིག་རེད།
༡ ཏྰ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་དང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་གཉིས་ནི་་རྒྱལ་ཚབ་རྗེ་ཡང་སྲིད་དུ་གཏན་འབེབས་བྱས་བ་རེད་ཟེར་་། དགེ་འདུན་གྲུབ་དང་རྒྱལ་ཚབ་རྗེ་གཉིས་དུས་ཐོག་གཅིག་ཡིན་པར་མ་ཟད་དགེ་འདུན་གྲུབ་རྒྱལ་ཚབ་རྗེ་ཡི་སློབ་མ་ཡིན་པས་ཁོང་གི་ཡང་སྲིད་ག་འདྲ་བྱས་ནས་ཡོང་བ་རེད། ༢ གུ་ཤྲིར་ཧན་གྱིས(མན་ཇུའི་བོད་སྡོད་དབུ་ཁྲིད )པཎ་ཆེན་བློ་བཟང་ཆོས་རྒྱན་ལ“པཎ་ཆེན་ཧོ་ཐོག་ཐུ”ཞེས་པའི་མཚན་བསྟོད་ཕུལ་ཡོད་ལ། དེ་ནི་པཎ་ཆེན་ཞེས་པའི་མཚན་གནས་ཀྱི་ཐོག་མའི་མགོ་འཛུགས་ཡིན་པ་དང་ཡར་སྔོན་གྱི་སྐུ་ཕྲེང་གསུམ་རྗེས་ནས་གཏན་འབེབས་བྱས་པ་ཞིག་རེད། ཟེར་་་་་་་་པཎ་ཆེན་ཞེས་བའི་མིང་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་རྒྱན་ལ་ཕུལ་བ་ཡིན་ན་ཕྱིར་སྐུ་ཕྲེང་གསུམ་པ་ནས་གཏན་འབེབས་ཅི་ཕྱིར་བྱས་བ་རེད། དེ་དུས་མན་ཇུའི་བོད་སྡོད་དབུ་ཁྲིད་ཡོད་པར་དོགས་པ་ཡོད། ༣ བོང་བུའི་ཁ་ནང་ན་གསེར་སྐྱུག་རྒྱུ་མེད་པ་བཞིན་གནམ་ལོ་ཡག་ཁ་ནང་ན་ལྐུག་གཏམ་ལས་ཅི་ཡང་མེད་པ་ཤེས་དགོས། དགའ་ལྡན་ཁྲི་ལ་ཕེབས་སྲོལ་ནི་བོད་ལ་ཡོང་གྲགས་ཀྱིས་གནས་ཚུལ་ཞིག་ཡིན་ན་ཡང་་་་་་་་་་་་་ཁྱེད་གཉིས་ཀྱིས་་་་་་་་་་་་་་་་་་་
ལོ་ངོ་ལྔ་བཅུའི་རིང་གི་ནང་བསྟན་བསླབ་གཉེར་གྱི་བརྒྱུད་རིམ་ཡོངས་སུ་མཐར་ཕྱིན་པ་དང་ཆོས་བརྒྱུད་ནང་ཁུལ་གྱི་ནང་བསྟན་རྩོད་རྒྱུགས་ཐེངས་བཅུ་གཅིག་བརྒྱུད་མཁན་དག་གི་ཁྲོད་ནས་རྩེ་ཕུད་གཅིག་བྱུང་བ་དེ་ནི་ད་གཟོད་ནང་བསྟན་ཆེས་མཐོའི་བསླབ་གཉེར་མཐར་ཕྱིན་པའི་དགའ་ལྡན་ཁྲི་བ་ཡིན་པས་ཡང་རེད། དེ་མིན་ཆེས་མཐའ་མར་གདམ་གསེས་བྱེད་སྐབས་གལ་ཏེ་རྩེ་ཕུད་ཁ་ཤས་ཐོན་ཚེ། ཁོང་ཚོའི་མིང་ཡིག་རྣམས་རེ་རེ་བཞིན་རང་རང་གི་ཆོས་གོས་ནང་དུ་བཞག་སྟེ་དཔལ་ལྡན་ལྷ་མོར་གཏད་གཉེར་གྱིས་མཆོད་ཁྲིར་སྒོ་ཐེལ་བརྒྱབ་ནས་འཇོག་དགོས་པ་དང་། ཕྱི་ཉིན་སྒོ་འབྱེད་སྐབས་ཁོང་ཚོའི་ནང་གི་མི་གཅིག་གི་ཆོས་གོས་དགའ་ལྡན་ཁྲི་བའི་ཁྲི་ཐོག་ལ་བཞག་ཡོད་པར་བཤད། འདི་ནི་དངོས་ནས་དར་སྤེལ་དུ་གཏོང་དགོས་པའི་ལམ་ལུགས་ཤིག་རེད། ཟེར་་་་བའི་འདི་འདྲའི་ལོག་བཤད་དང་རྨོངས་བཤད་དག་དག་གང་ནས་ཁྱེར་ཡོང་བ་ཡིན། འདི་མཐོང་ན་གྲ་ཕྲུག་ཆུང་ཆུང་ལོ་དྲུག་ཅན་ཚོ་ཡང་གོད་འཆོར་གི་རེད།
མ་གཅོད་པ་ལགས། རྒྱ་ཆེ་བའི་སྤྲུལ་སྐུའི་ལམ་ལུགས་བཤད་པ་ལས་རང་ཉིད་ཀྱིས་དེ་སྔོན་་རིགས་སོ་སོའི་མི་དམངས་ཏང་ལ་རྟེན་་་་་་་་གུང་ཁྲན་ཏང་་ཕ་མའི་ཕ་མ་རེད་ཟེར་ནས་ཏང་ལ་བསྟོད་དབྱངས་ཕུལ་བ་ལ་དགོངས་དག་རེ་ཞུས་ན་མི་བཟང་ངམ།
རྩོམ་པ་པོ་ལ་གསལ་བཤད་བྱ་རྒྱུ་ཞིག་ལ།ཁྱོད་ནང་བཞིན་བོད་མི་མང་པོ་ཞིག་གིས་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་དེ་ནི་ཐོག་མར་ཀརྨ་པཀྵི་ནས་འགོ་བརྩམས་པར་འདོད་མོད།ཞིབ་ཏུ་ལོ་རྒྱུས་ལ་དཔྱད་ཚེ།སྤྲུལ་སྐུ་ལམ་ལུགས་དེ་ནི་བཀའ་གདམས་པའི་ཁྲོད་དུ་ཐོག་མར་དར་བ་ཞིག་ཡིན།དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་དུས་སྤྱན་རས་གཟིགས་སྐོར་གྱི་ཆོ་ག་སྣ་ཚོགས་སྤེལ་ཅིང་རང་གི་སྲས་འབྲོམ་སྟོན་གང་དེའི་སྤྲུལ་བར་ངོས་བཟུང་ཡོད།དེར་མ་ཟད།ཁྲོ་ཕུ་ལོ་ཙྭ་བ་བྱམས་པའི་དཔལ་(1172-1236)གྱི་རང་རྣམ་ཁྲོད་དུའང་སྤྲུལ་སྐུ་མེ་ཏྲི་རྣལ་འབྱོར་དང་སྤྲུལ་སྐུ་བེ་ཁ་ཡ་དེ་ཝ་ཞེས་བརྗོད་འདུགང་ཚོས་གདེང་ཚོད་ཡོད་པའི་སྒོ་ནས་བཤད་ཆོག་པ་ཞིག་ནི་འཁོན་བུ་ཆོས་ཀྱི་རྒྱ་མཚོས་(1069-1144)རང་ཉིད་ནི་ནག་ཚོའི་སྤྲུལ་བ་ཡིན་པར་བཞེད་པ་དང་།གཞན་ཡང་བཀའ་གདམས་ཁྲོད་དུ་སྒྱེར་གཞོན་ནུ་འབྱུང་གནས་ནི་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་དང་བྱ་ཡུལ་པ་ཆེན་པོའི་(1075-1138)སྤྲུལ་བར་ངོས་བཟུང་ཡོད།
སྤྲུལ་སྐུ་མེད་པའི་ཆོས་ལུགས་གཞན་བཞིན་བོད་ནང་བསྟན་སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་བཏང་ན་ཡག་པོ་རེད་བསམ།
ངོས་འཛིན་ལམ་ལུགས་ཡང་དག་པའི་སྤྲུལ་སྐུའི་རྒྱུན་ད་དུང་དགོས་ངེས་རེད། གང་ཡིན་ཞེ་ན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཡང་དག་པའི་འོག་ཁ་བ་གངས་ཅན་པའི་ཆོས་སྲིད་རིག་གསུམ་ལ་བྱས་རྗེས་རབ་དང་རིམ་པ་ཡོད་ལ། མ་ཟད་སྤྱི་ཚོགས་ཀྱི་རྒྱན་ཏུའང་གྲུབ་མྱོང་། ཡིན་ན་ཡང་ངོས་འཛིན་ལམ་ལུགས་ལ་ངེས་པར་བསྒྱུར་བཅོས་དགོས་ངེས་རེད། དེང་དུས་ཚད་ལྡན་གྱི་བླ་མ་རེ་ངོས་འཛིན་བྱས་རྗེ་དེ་ལ་ཁ་གཏོད་ཀྱི་སྤྲུལ་འཛིན་རེ་བརྫུས་ནས་རྒྱལ་བསྟན་ལ་གནོས་གཞི་ཚད་ལ་བརྒལ་བ་ཐེབས་ཀྱིན་ཡོད་པ་རེད། སྔོན་མ་ཡིན་ན་བླ་མ་གཅིག་ལ་སྐུ་གསུང་ཐུགས་གསུམ་སོགས་ཀྱིས་སྤྲུལ་སྐུ་མང་པོ་བྱོན་པ་དང་། དེ་དག་གིས་ཀྱང་གཅིག་གྱུར་དང་མཉམ་ལས་ཀྱིས་རྒྱལ་བསྟན་ལ་ཞབས་ཞུ་སྤེས་ལེགས་བྱེད་ཡོད་པ་རེད། དེང་དུས་སུ་གཅིག་སྤྲུལ་སྐུ་དང་གཅིག་ཏེ་ལ་ཁ་གཏོད་གཅོག་བྱེད་ཀྱི་ལག་ཆ་རུ་འགྱུར་གྱིན་ཡོད་ལ། མ་འོང་པ་དེ་རིགས་ཀྱིས་རྒྱལ་བསྟན་ལ་གང་བྱེད་ཚོད་དཔགས་ཐུབ་ངེས་རེད། དེས་ན་ངོས་འཛིན་བྱེད་མཁན་བླ་མ་རྣམས་ཀྱིས་ཐུགས་གཟབ་གནང་དགོས་ཀྱི་དེ་བས་ཀྱང་གལ་ཆེན་རེད། དཔེར་ན་དེང་སྐབས་སྤྲུལ་སྐུ་གཅིག་ལ་ཀརྨ་པས་གཅིག་ངོས་འཛིན་བྱས། ས་སྐྱ་གོང་མས་གཅིག་ངོས་འཛིན་བྱས། སྟག་ལུང་རྩེ་སྤྲུལ་གྱིས་གཅིག་ངོས་འཛིན་བྱས་རྗེས་གོང་མ་གཅིག་ལ་ཡང་སྤྲུལ་གསུམ་ཏུ་གྱུར་ནས་ དེ་གསུམ་ལ་སྐུ་སྒེར་ཡིག་ཚང་ནས་སོགས་ནས་ལག་ཁྱེར་གང་རྫིགས་རེ་སྤྲད་ངེས་པ་དང་། གསུམ་པོ་ང་ཆེ་ང་བཙན་གྱིས་གཅིག་གཅིག་ལ་འདྲན་སེམས་དང་ཕྲག་ཐོག་ཁོ་ནས་ཉིན་མཚན་དུས་འདའ་བར་བྱེད་པ་ཆོས་ཉིད་དུ་གྲུབ་འདུག་པས་ངོས་འཛིན་མཁན་རྣམས་ཀྱིས་བསམ་གཞིག་གནང་གལ། ཡིན་ན་ཡང་ངོས་འཛིན་མཁན་རྣམས་ཀྱིས་དྲ་བ་འདི་རིགས་གཟིགས་ཀྱིན་ཡོད་མེད་མི་ཤེས།
སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་བརྗོད་རིང་མོ་ཞིག་བདག་གི་ཟིན་བྲིས་སུ་བཀོད་ཡོད་ལ། བླངས་དོར་བྱ་སྟངས་སྐོར་ཀྱང་བསམ་ཚུལ་ཕྲན་བུ་ཞིག་འདིར་བཀོད་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།
https://tibettimes.net/wordpress/blogs.php?id=176&post_id=2953
https://tibettimes.net/wordpress/blogs.php?id=176&post_id=2954
https://tibettimes.net/wordpress/blogs.php?id=176&post_id=2956
རྩོམ་ཡིག་གང་འདྲ་ཆགས་ཡོད་མེད་མི་ཤེས་ཀྱང་། གསེར་བུམ་དཀྲུག་འདོན་སྐོར་རྒྱ་ནག་གི་ཡིག་ཆའི་འདྲ་བཤུས་ཇི་བཞིན་བཀོད་པ་ལྟར་དྲངས་འདུག་པ་རྩོམ་པ་པོར་མཁྱེན་པ་རྒྱས་དྲགས་ནས་ཡིན་ནམ། ཡང་ན་སྐར་ལྔའི་དར་དམར་འོག་དེ་གོམས་ལོབ་དུ་གྱུར་བས་ཡིན་མིན་གང་ལྟར་ཡང་།
མན་ཇུའི་གོང་མ་ཆན་ལུང་གིས་ ༡༧༩༣ ལོར་རང་གི་རྩ་བའི་བླ་མར་རྩ་ཚིག་དོན་ཚན་ཉེར་དགུ་ཡོད་པའི་བསམ་འཆར་ཕུལ་བར་བོད་གཞུང་གིས་སྙིགས་དོར་བཅུད་ལེན་བྱས་ཡོད་ཅིང༌། དེའི་ནང་གསེར་བུམ་དཀྲུགས་འདོན་གྱིས་ཡང་སྲིད་ངོས་འཛིན་ཐད། མཐའ་གཅིག་ཏུ་དེ་བརྒྱུད་ངོས་འཛིན་བྱེད་དགོས་པར་ངོས་ལེན་བྱས་མེད་པ་གསལ་བོ་ཡིན་ལ། དེ་ནི་རང་ཕྱོགས་ཀྱི་ལོ་རྒྱུས་བཞེད་ཕྱོགས་ཀྱང་ཡིན། སྐབས་དེར་གསེར་བུམ་མ་བརྒྱུད་པའི་དཔེ་མཚོན་གཅིག་ནི་ྋགོང་ས་བཅུ་བཞི་པ་ཆེན་པོ་མཆོག་ཡིན།
གང་ལྟར་འདི་འདྲའི་རིགས་འབྲི་དུས་གཟབ་ནན་བྱེད་གལ་ཆེ་བར་བསམས།
བཟང་རུང་ངན་རུང་བོད་ཆོལ་ཁ་གསུམ་སྤྲུལ་སྐུ་རྣམ་པ་ཚོས་ཁ་གསོ་ནས་བསྡད་ཡོད། བཟང་རུང་ངན་རུང་བོད་ཀྱི་དགེ་འདུན་པས་སྣེ་ཁྲིད་ནས་བསྡད་ཡོད། སྤྲུལ་སྐུ་ངོས་འཛིན་ལམ་སྤུས་ཀ་ཇེ་ལེགས་སུ་གཏོང་དགོས་པ་ལས་དྲི་མ་མ་བཀྲུས་པར་དཀར་ཡོལ་བཅགས་ག་ལ་རུང་།
ལོ་ངོ་བརྒྱད་བརྒྱའི་རིང་ལ་མུ་མཐུད་ནས་བྱུང་ཡོང་བའི་ལམ་ལུགས་ཞིག་མཇུག་སྒྲིལ་རྒྱུ་ལས་སླ་བོ་ཞིག་ག་ལ་ཡིན། ལྷག་པར་དུ་རྩོམ་འདིའི་མཇུག་བསྐྱངས་མ་ཚར་གོང་ལྷབ་ལྷབ་བདེན་ཁ་སྤྲོད་མཁན་དག་ནི། མི་རིགས་འདིའི་སྤྱི་དོན་ལ་བསམ་གཞིགས་ཅི་ཙམ་བྱས་ཡོད་མེད་ཐད་ནས་ཚད་འཇལ་ཙམ་བྱས་རུང་ཧ་ཅང་ཡང་མོའི་གྲས་རེད། ནམ་རྒྱུན་དུ་ནས་འདི་འདྲའི་རྗེས་འདེད་མཁན་མི་རེ་གཉིས་ཞིག་མ་རེད། གང་མང་མང་འདུག་ན་མནོ་བསམ་ཅུང་ཙམ་རེ་བཏང་ནས་མཆན་འདེབས་པའི་རེ་བ་ཡོད། དང་པོ། གཅིག་གི་རྗེས་ཀྱི་གཉིས་དང་གསུམ་དེ་ལས་མང་བོ་ཡོངས་སུ་ཐོབ་གྲངས་མཚུངས་རྟགས་ཅན་གྱི་སྤྱི་འགྲོས་ཞིག་སྤྱད་ནས་རྩིས་བརྒྱབས་ཚེ། ཉི་མ་ནམ་ཤར་ལ་སྤྱི་སྡོམ་རྩིས་གཞི་ལས་ལོགས་སུ་འགྱུར་གཟུགས་ཞིག་ཐོབ་ཐབས་ཡོད་བ་མ་རེད། གཉིས་བ། བྱམས་དང་བརྩེ་བས་སྐྱོངས་མཁན་བླ་སྤྲུལ་གང་དེའི་རྗེས་ན་དད་པའི་སྤུ་ལོང་གཡོ་བའི་མང་མང་གི་སེམས་རྒྱུད་ལ་བྱམས་དང་སྙིང་རྗེ་ཡི་ས་བོན་བསྐུན་ཀྱིན་པ་ནི་ཅིས་ཀྱང་དགའ་འོས་བའི་ལས་དོན་རང་སྟེ། ནམ་ཡང་གངས་ཅན་བོད་ཀྱི་བདེ་སྡུག་ཆེད་སྐུ་ཚེ་ཡུན་ནས་རིང་དུ་བརྟན་ཅིང་བྱོན་པར་སྨོན། གསུམ་པ། རྩོམ་འདིའི་བརྗོད་གཞིའི་ཆ་ནས་དེ་སྔོན་སྤྲུལ་སྐུ་ངོས་འཛིན་བྱེད་ཐད་ནས་མན་ཇུའི་ལག་པ་གཡོ་ཐབས་ཀྱིས་བསྲིངས་ནས་སྲིད་དོན་ལ་འབྱར་བདེ་རུ་བཏང་བའི་གནས་སྟངས་འདི་རིགས་ཀྱི་རྒྱུད་ད་ལྟའི་དུས་སུ་ཡང་འབྱུང་དང་འབྱུང་ཀྱིན་ལྟར་བསམ་གཞིགས་ཡང་ནས་བསྐྱར་དུ་མི་བྱེད་ཐབས་མེད་རེད། ད་ཐེངས་འདི་ཙམ་བྱས་་་་་
གལ་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་པ་འགྲོ་བའི་དོན་དུ་མ་དག་པའི་སྐུ་སྐྱེར་ཕེབས་སྲོལ་ཞིག་ཡོད་ན། གལ་ཏེ་འགྲོ་བའི་རྨོངས་པ་སེལ་ལ་ཐབས་མཁས་ཐུགས་རྗེའི་མཛད་པ་ཞིག་དགོས་ན།
གལ་ཏེ་སྤྲུལ་སྐུ་ངོ་མ་དང་རྫུན་མའི་ཁྱད་པར་ཞིག་ཡོད་ན།
གལ་ཏེ་མིའི་རིགས་ལ་ཆོས་ལུགས་ཟེར་བ་ཞིག་མཁོ་ན།
གལ་ཏེ་རྫུ་འཕྲུལ་གྱི་གྲུབ་རྟགས་རེ་སྟོན་རྒྱུ་ཡོད་ན།
གལ་ཏེ་ཏིང་འཛིན་དང་སྔགས་ཀྱི་ནུས་པ་ཞིག་ཡོད་ན།
གལ་ཏེ་ང་དང་ང་འདྲ་བའི་དད་མོས་དང་རེ་སྙེག་བྱེད་མཁན་མི་ཉུང་ན།
བདག་གིས་ནི་འགྲོ་འདྲེན་སྤྲུལ་བའི་རྣམས་རྟག་གུ་འབྱོན་པ་དང་ཧ་ཅང་མངས་པ་ཕེབས་པའི་སྨོན་ལམ་སྙིང་ནས་འདེབས་པ་ལགས་སོ།
སྤྲུལ་སྐུའི་ལམ་ལུགས་འདི་རྩ་གཅོད་བྱེད་ཐུབ་ན་ཆོས་རྨོངས་པ་ཚོས་བསམ་ཞིག་ཤེས་ན་ཐེངས། སྤྲུལ་སྐུ་འདི་མི་རིགས་ཀྱི་དཔལ་འབྱོར་གྱི་ཅུང་གཞི་ངོ་མ་ཞིག་རེད། ཚང་མའི་བསམ་ཤེས་རེ་བྱེད་ཐུབ་ན་ཅི་མ་རུང་། བསམ་ཚུལ་སྤེལ་བ་དགའ་བསུ་ལས་འོས་མེད།
བདེན་པ་རེད། སྤྲུལ་སྐུའི་ལམ་ལུགས་ལ་འགྱུར་བ་མ་བཏང་རང་བཏང་རེད་འདུག ངེར་པར་ཏུ་གཏོང་དགོས་ཀྱི་འདུག སྤྲུལ་སྐུའི་ཡང་སྲིད་ཚོའི་བྱ་སྤྱོད་ཇེ་ངན་དང་ཇེ་བཙོག་ཏུ་སོང་བར་བརྟེན་མི་དམངས་ཀྱི་སྤྲུལ་སྐུའི་ཡང་སྲིད་ལ་ལྟ་སྟངས་ཇེ་སྡུག་ཇེ་སྡུག་ཏུ་ཕྱིན་འདུག དེ་ལ་བསྟན་ནས་སེམས་ཅན་དང་འགྲོ་བའི་དོན་དུ་ཕེབས་བའི་སྤྲུལ་སྐུ་མཛད་རྒྱས་ཅན་རྣམས་ཀྱང་ཐུར་ཏུ་དྲུད་འགྲོ་ཀི་འདུག དེའི་ཤུགས་རྐྱེན་ལས་མི་དམངས་རྣམས་ནང་ཆོས་སྤྱི་དང་རང་ཉིད་ཀྱི་ཕ་མེས་ཡང་མེས་རྣམས་ཀྱི་གང་ལ་མགོ་བཏུད་ས་དེར་ཡང་རིམས་ཀྱིས་ཡིད་ཆེ་མེད་པ་ཆག་འགྲོ་བཞིན་འདུག དེར་བརྟེན་ངེས་པར་ཏུ་སྤྱི་སྒར་ཚང་མས་བསམ་གཞིག་བྱེད་རེམ་རེད་འདུག
ཏག་ཏག་རེད རྗེས་ཕྱོགས་སྤྲུལ་སྐུ་དངོས་རྫུན་གཉིས་ཀ་གཅིག་ཀྱང་འཁྲུངས་རྒྱུ་མེད་པའི་སྨོན་ལམ།
ཡིག་སྒྱུར་པས་དངོས་གནས་ཡག་པོ་བསྒྱུར་འདུག་་་་་དགའ་བསུ་དང་བསྔགས་བརྗོད་བྱེད་ཀྱིན་ཡོད།