མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་གཉིས་ཀྱིས་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་རང་གནས་ཚུལ་འབྱོར་གསལ་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ ཙམ་ལ་རྔ་པ་ཀིརྟི་དགོན་པའི་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྲྭ་ཕུན་ཚོགས་ལགས་ཀྱི་ཚ་བོ་གྲྭ་བློ་བཟང་སྐལ་བཟང་དང་། གཞན། གྲྭ་བློ་བཟང་དཀོན་མཆོག་ཞུ་བ་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་ནས་རང་ལུས་མེར་བསྲེགས་བཏང་ཡོད་འདུག

གནས་ཚུལ་འདིའི་སྐོར་ད་ལྟ་རང་སྤྱི་འཐུས་ཚོགས་གཞོན་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་གིས་ངྷ་ས་གངས་སྐྱིད་དུ་ཚོགས་བཞིན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྙན་གསེང་ཞུས་ཏེ། གྲྭ་གཞོན་དེ་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྔ་པ་ཀིརྟི་དགོན་པ་ད་ལྟ་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་ཁོང་གཉིས་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། དགེ་འདུན་པ་གཅིག་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག་ཅེས་གསུངས་སོང་།

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་ནས་འབྲེལ་མཐུད་པས་ཞིབ་ཕྲའི་གནས་ཚུལ་བཏང་འབྱོར་ལ། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཙམ་ལ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཚེ་རིང་བཀྲ་ཤིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་ཀྱི་སྤུན་ཆུང་རང་ལོ་ ༡༨ ཡིན་པ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་དང་། ཚེ་རྒྱས་ཚང་གི་རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡས་མས་ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རད་དབང་དགོས་སོགས་ཀྱི་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་འདུག

ཅུང་ཙམ་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་དང་དྲག་ཆས་དམག་དཔུང་མང་པོས་གཡས་གཡོན་ནས་ཆུ་དང་མེ་གསོད་ཡོ་ཆས་བེད་སྤྱོད་ཀྱིས་མེ་བསད་ཡོད་ཀྱང་། མི་མང་ཚོས་ངོ་རྟགས་གསལ་བོ་མ་ཆོད་ཀྱང་དགེ་འདུན་པ་གཅིག་གྲོངས་ཡོད་པའི་མཐོང་སྣང་བྱུང་ཡོད་འདུག་ལ། གྲྭ་བ་གཞན་དེའི་སྟེང་གི་མེ་བསད་མ་ཐག་ཉེན་རྟོག་པས་འཁྱེར་ཡོད་འདུག་ལ། དེའི་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག

ཁོང་གཉིས་འདི་ལྟར་གནང་དོན་ནི། འདས་པའི་ལོ་མང་རིང་རྒྱ་གཞུང་གིས་བོད་ཐོག་ནོར་འཁྲུལ་ཅན་གྱི་སྲིད་བྱུས་བཟུང་བ་དང་། ལྷག་པར་དུ་འདི་ལོའི་ཕྱི་ཟླ་གསུམ་པར་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་ངོ་རྒོལ་བྱས་ཏེ་ད་བར་རྔ་པའི་ས་གནས་ཡོངས་ལ་དམ་དྲག་ཤུགས་ཆེན་བྱས་པ་དང་། ཟླ་བ་ལྔ་ལྷག་རིང་དགོན་པའི་གྲྭ་མང་ལྕགས་རིའི་ཕྱི་ལ་ཐོན་མ་བཅུག་པར་བཟང་བཙོན་ལྟ་བུར་བཀག་སྟེ། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འོག་གྲྭ་བ་བརྒྱ་ཕྲག་མང་པོ་ཕྱིར་འཕུད་བཏང་བ། གྲྭ་ཕུན་ཚོགས་ལགས་ཀྱི་ལས་འགུལ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་ཐོག་མི་གསོད་ལག་དམར་དང་། མི་གསོད་ལགས་དམར་གྱི་ལག་རོགས་བཅས་ཀྱི་ཉེས་མིང་འོག་ཁྲིམས་ཐག་བཅད་པ་སོགས་ད་ལྟ་ཡང་རྒྱ་གཞུང་གི་ལས་བྱེད་མང་པོས་ཉིན་མཚན་གཉིས་ཀར་སུན་གཙེར་བཟོ་བཞིན་ཡོད་པ་བཅས་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་འདུག

དེ་རིང་གི་དོན་རྐྱེན་བྱུང་མ་ཐག་རྔ་པའི་ས་ཁུལ་ཚང་མར་དམག་མི་འགྲེམ་བཞིན་ཡོད་པ་དང་། རྔ་པ་རྫོང་དང་ཀིརྟི་དགོན་ཡོངས་རྫོགས་དམ་དྲག་འོག་གནོན་ཡོད་འདུག གསུམ་པའི་བཅུ་དྲུག་རྗེས་ནས་ད་བར་རྔ་པ་རྫོང་ཐོག་གི་དྲ་ཁང་ཚང་མ་སྒོ་བརྒྱབ་ཡོད་པ་དང་། ཁ་པར་གྱི་འཕྲིན་ཐུང་སོགས་ཀྱང་བཀག་འགོག་བྱས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༢ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧

མཆན། 49

  1. རྫ་ཆུའི་ཟླ་བ། says:
    ལོ་ 14 སྔོན།

    སྙིང་རྗེའི་བསམ་པ་མ་དག་པར། །ལུས་འདི་བཏང་བར་མི་བྱའོ། ། ཞི་བ་ལྷས་སོ།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    ཐོ་རེངས་ལགས་ཁྱེད་རང་གིས་ཁོང་གཉིས་རྒྱ་མི་ལ་སྡང་ཟུག་ཡོད་པ་ལྟ་བུ་ཞིག་བཤད་འདུག་ཀྱང་། ངས་བལྟས་ན་དེ་འདྲ་གཏན་ནས་མ་རེད། གལ་ཏེ་དེ་འདྲ་ཡིན་ན་རང་ལུས་མེ་ལ་སྲེག་ནས་འཆི་ནུས་ན་མེ་མདའི་ཁ་ལ་འཆི་རྒྱུ་ལ་འཇིག་སྐྲག་གང་ཡང་མེད་པ་ནི་གསལ་པོ་ཡིན་པས། ཁོང་གཉིས་ནས་རྒྱ་དཔོན་ཞིག་བསད་མ་ནུས་ཀྱང་ཉེན་རྟོག་པ་ཁ་ཤས་ཅིའི་ཕྱིར་བསད་མི་ཐུབ། འོན་ཀྱང་ཁོང་གཉིས་ནས་རང་ལུས་མེར་སྲེག་གཏོང་བ་ལས་རྒྱ་མི་ལ་གནོད་པ་མ་བྱས་པ་དེས་བོད་མི་ས་ཡ་དྲུག་གི་བདེ་དོན་ཆེད་དུ་ཡིན་པ་ལས་རྒྱ་མི་ལ་སྡང་སེམས་མ་ཡིན་པ་གསལ་བསྟོན་བྱས་མི་འདུག་གམ། སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་ལ་སྨོས་ཅི་དགོས།། ཞེས་པ་དེ་ཡང་སྤྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གིས་སེམས་སྐྱེད་ཚུལ་ཙམ་གསུང་པ་ལས། བྱེ་བྲག་གི་དབང་དུ་བྱས་ན་རང་དོན་གཏན་ནས་མེད་པར་སེམས་ཅན་གཅིག་གི་དོན་སྒྲུབ་པ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅི་ལ་མིན། དེས་ན་ཁོང་གཉིས་ནས་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མཆོད་མེར་སྒྲོན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རེད་ཅེས་བཤད་ན་མི་ཆོག་པ་མེད་པར་སེམས།

    Reply
  3. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཚེ་སྲོག་མཆོད་མེ་ལ་སྤར་དུས།
    ས་ཆེན་གྱིས་མ་ཐེགས་པའི་ན་ཟུགས་ལྕི་མོ།
    སུ་ཞིག་གི་ཆེད་དུ།
    རེ་བ་དང་ཡིད་ཆེས་ཀྱིས།
    དད་པ་དང་ལ་རྒྱས།
    ཁྱོད་རང་འདི་ལྟར་ཁྲིད་སོང་ངམ།
    ངོ་མ་བཤད་ན།
    ཁྱོད་ཀྱིས་མི་ཡུལ་དུ་རེ་བ་ཅི་ཞིག་བཅོལ་ཡོད།
    ཁ་ཆེབས་ཅི་ཞིག་བཞགས་ཡོད།

    Reply
  4. ཐོ་རེངས། says:
    ལོ་ 14 སྔོན།

    སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བཙོན་པ་སྨོས་ཅི་དགོས། ཅེས་གསུངས་པ་རེད་མ་གཏོགས། བོད་མི་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བཙོན་པ་སྨོས་ཅི་དགོས། གསུངས་མེད།
    མ་ཟད་རྒྱ་མི་དུང་ཕྱུར་༡༤ སྡང་བ་དང་། བོད་མི་ས་ཡ་དྲུག་ལ་བྱམས་པ་གཉིས་བསྡུར་ན་ཅི་འདྲ་ཡིན་རྒྱུ་རེད། བྱང་སེམས་སྤྱོད་འཇུག་ཆེན་མོའི་སྐབས་ན། ཆགས་སྡང་སྤང་བྱར་ཁས་ལེན་པ་ལས་བླང་བྱར་གསུངས་མེད།
    རྒྱལ་བའི་གསུངས་རབ་རིན་པོ་ཆེ་རྣམས་འགྲེལ་ལོག་མ་མཛད་ལགས།

    Reply
  5. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ལར་ནས་སྨུག་པོ་གདོང་གི་བརྒྱུད་པ་འདིར་ལོ་རྒན་བརྒྱད་ཅུ་ལའང་དཔའ་རྩལ་མི་ཉམས་པ་དང་སྣང་ངུ་ལོ་ན་བཅུ་གསུམ་ལའང་དཔའ་རྒོད་དུ་བུད་པ་འདི་སྔར་ཡང་ཡིན་ལ་ད་ཡང་རེད། ང་ཚོའི་གླིང་སྨུག་པོ་གདོང་གི་སྣང་ངུ་འདི་གཉིས་ལ་ཕྱི་མའི་ལམ་སྣ་ཆོད་པའི་སྨོན་ལམ་བྱ་རྒྱུ་ལས་མི་འདུག འཕགས་པ་སྤྱན་རས་གཟིགས་མཁྱེན་ནོ། །སྣང་ངུ་འདི་གཉིས་ཕྱག་ནས་མ་གཏོང་རོགས།

    Reply
  6. ཚང་མ། says:
    ལོ་ 14 སྔོན།

    ཕན་པར་བསམས་པ་ཙམ་གྱིས་ཀྱང༌། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བཙོན་པ་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། སེམས་ཅན་གཅིག་གི་ཀླད་ནད་ཙམ་བསལ་ལོ་སྙམ་པའི་ཕན་སེམས་གྱིས་ཀྱང་སངས་རྒྱས་ལ་མཆོད་པ་ལས་ཁྱད་པར་ཏུ་འཕགས་ན། བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་རང་སྲོག་བློས་བཏང་བྱས་པ་ལ་ཕན་ཡོན་དཔག་མེད་ཡོད་པ་གོང་གི་སྤྱོད་འཇུག་གི་གསུངས་དེ་ལ་ལྟོས་ན་ནང་ཆོས་ཁས་ལེན་མཁན་ཞིག་གིས་ཡིད་ཆེས་གཙང་མ་གནང་ཐུབ། དེར་བརྟེན་སྙིང་ཁུངས་རུས་པའི་གཏིང་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད། བསྔོ་སྨོན་སྐྱབས་འཇུག་ཞུ། གཡོ་སྒྱུ་དང་སྡུག་རྩུབ་ཆེ་བའི་རྒྱ་མའི་ལག་ནས་ང་ཚོའི་ཕ་ཡུལ་ལེན་དགོས་ན་རང་ལ་ཤིན་ཏུ་རྩ་ཆེ་བའི་རང་སྲོག་གི་འགྲོ་སོང་མ་བཏང་ན་ལེན་ག་ལ་ཐུབ། ཁྱེད་ཚོས་བོད་མི་རིགས་དང་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་ཕངས་མེད་བཏང་བའི་ལོ་རྒྱས་བདེན་པ་འདི་འཛམ་གླིང་གོ་ལ་འདིའི་སྒང་ལོ་ངོ་སྟོང་ཕྲག་མང་པོའི་རིང་ཉི་འོད་བཞིན་ཁྱབ་རྒྱུ་ཐེ་ཚོམ་མེད།

    Reply
  7. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་སྐལ་བཟང་དང་གྲྭ་བློ་བཟང་དཀོན་མཆོག་རྣམ་གཉིས་ལ་སེམས་ཀྱིས་བྱས་པའི་ཕེབས་སྐྱེལ

    ཉི་ཟེར་མག་མོག་དེའི་ངོགས་ནས
    ངས་ཁྱེད་གཉིས་ཀྱི་རྟོགས་བརྗོད་སེམས་ཀྱིས་ཀློག་དུས
    ངའི་མིག་ཆུ་སེམས་ཀྱིས་སྒུལ་བྱུང
    ཟླ་འོད་རབ་རིབ་དེའི་འོག་ནས
    ངས་ཁྱེད་གཉིས་ཀྱི་ཞབས་རྗེས་སེམས་ཀྱིས་འཚོལ་དུས
    ངའི་སེམས་པ་མིག་ཆུ་ཡིས་གཤེར་སོང

    ཁྱེད་གཉིས་ཀྱི་བློ་སྟོབས་དེས
    ཁྱེད་གཉིས་ཀྱི་ཆོད་སེམས་དེས
    ནམ་མཁའ་འདི་ཧར་གྱིས་གཤགས་སོང
    ས་ཆེན་པོ་འདི་ངང་གིས་སྒུལ་བྱུང

    བློ་ལས་འདས་པའི་བློ་སྟོབས་དེས
    རི་རབ་འདར་སོང གཙང་པོ་སྐྱོམ་སོང

    ནམ་མཁའ་ལ་མི་ཤོང་བའི་སྙིང་སྟོབས་དེ
    ས་ཆེན་པོས་ཀྱང་མི་ཐེག་པའི་བློ་སྟོབས་དེ
    ངས་ཐ་སྙད་ཅི་ཞིག་གིས་ད་གཟོད་གསལ་པོར་སྟོན་ཐུབ་བམ
    ངས་པིར་སྨྱུག་གང་ཞིག་གིས་ད་གཟོད་གསོན་ཉམས་ལྡན་པར་འབྲི་ནུས་སམ

    ངས་ངོ་མ་བཤད་ཤེས་མ་སོང
    རྣོ་ལྕགས་ཀྱིས་བཞེངས་པའི་ཁྱེད་གཉིས་ཀྱི་དཔའ་བློ་ཁོག་དེ
    ངས་འགྲེལ་བརྗོད་ཀྱི་འགོ་གང་ནས་བརྩམས་དགོས་སམ
    ངས་ཞིབ་འབྲི་ཡི་གསོན་ཉམས་ཇི་ལྟར་འདོན་དགོས་སམ

    མི་རྣམས་ཀྱིས་ད་ལྟ་རྔ་བ་གླེང་ཚེ
    གནས་དེའི་དཔའ་བློ་ཁོག་ཅན་གྱི་མི་བུ་སྟེ
    ངའི་ཡིད་ལ་ཁྱེད་གཉིས་དྲན་འོང
    མི་རྣམས་ཀྱིས་ད་ལྟ་ཁྱེད་གཉིས་ཀློག་དུས
    དཔའ་བོའི་ཕ་ས་སྟེ
    ངའི་སེམས་ལ་རྔ་བ་དྲན་བྱུང

    ཨེ་མ
    ངོ་མཚར་ཆེ གཞོམ་གཞིག་མེད་པའི་དཔའ་བློ་ཁོག་དེ
    ཨོ མ་རེད དེ་ནི་གསེར་སྣག་གིས་བྲིས་པའི
    དེ་ནི་བློ་སྟོབས་དང་ཆོད་སེམས་ཀྱིས་བྲིས་པའི
    སྒང་པ་བོད་པ་ཚང་གི་འགུལ་གྱིན་པའི་ལོ་རྒྱུས་གསོན་པོ་ཞིག་སྟེ
    མཚོ་བཞི་གླིང་ལྔའི་སྐྱེ་བོ་དག་གིས
    ད་ལྟ་ཀློག་གིན་འདུག སེམས་ཞིབ་མོས་ཀློག་གིན་འདུག
    ངས་འདི་ན་ཁྱེད་གཉིས་ཇི་ལྟར་བཞེངས་སྐྲུན་བྱེད་རྒྱུར་བསམ་གཞིགས་བྱེད་དུས་ཀྱང
    མི་རྣམས་ཀྱིས་ཏག་ཏག་ཁྱེད་གཉིས་ཀློག་གིན་འདུག
    ངོ་མ་མི་ཅི་འདྲའི་མང་པོ་ཞིག་གིས་ཁྱེད་གཉིས་ཀློག་གིན་འདུག་ཨང

    ལྷ་ཚོགས་ཀྱི་ཁྲེལ་རྒོད་ཀློང་ནས
    ངས་ཁྱེད་གཉིས་ཀྱི་རྟོགས་བརྗོད་སྙིང་ནས་ཀློག་གིན་ཡོད
    འདྲེ་སྲིན་གྱི་ཧབ་ཆའི་བར་ནས
    ངས་ཁྱེད་གཉིས་ཀྱི་ཞབས་རྗེས་སེམས་ནས་འཚོལ་གྱིན་ཡོད
    ཀྱེ་མ ཁྱེད་གཉིས་ཀྱིས་དཔའ་བོའི་དག་ཞིང་ནས་ཁ་ཕྱིར་འཁོར་ཏེ
    ང་ཚོ་ལ་མགོན་སྐྱབས་ཤིག་གནང་རོགས

    ཉི་ཟེར་མག་མོག་དེའི་ངོགས་ནས
    ངས་ཁྱེད་གཉིས་ཀྱི་རྟོགས་བརྗོད་སེམས་ཀྱིས་ཀློག་དུས
    ངའི་མིག་ཆུ་སེམས་ཀྱིས་སྒུལ་བྱུང
    ཟླ་འོད་རབ་རིབ་དེའི་འོག་ནས
    ངས་ཁྱེད་གཉིས་ཀྱི་ཞབས་རྗེས་སེམས་ཀྱིས་འཚོལ་དུས
    ངའི་སེམས་པ་མིག་ཆུ་ཡིས་གཤེར་སོང
    ༢༠༡༡ ལོའི་ཟླ་ ༩ ཚེས་ ༢༦ དགོང་མོ་ཉལ་ཁང་དུ་བྲིས།

    Reply
  8. སྟག་ཕྲུག says:
    ལོ་ 14 སྔོན།

    ངས་སྙིང་དབུས་ནས་བཀའ་དྲིན་ཞུ། ཁྱེད་ཅག་གི་ཞུམ་པ་མེད་པའི་བློ་སྟོབས་ཀྱིས་ཁ་བ་ཅན་པའི་བདེན་པའི་འཐབ་རྩོད་ལ་ངར་ཆུ་ལྡུག་བྱུང། ཁྱེད་ཅག་གི་ཞུམ་པ་མེད་སྙིང་སྟོབས་ཀྱིས་གངས་དཀར་པོའི་སྡུག་བསྔལ་འཛམ་གླིང་ན་བསྒྲགས་བྱུང།
    ཁྱེད་ཅག་ནི། ཧི་མ་ལ་ཡའི་པང་ཁུད་ན་འཁྱིལ་བའི་སྡུག་བསྔལ་གྱི་མིག་ཆུ་འཁྱོམས་པའི་རྦ་རླབས་ནམ་མཁར་ཐོར་བ་ལགས་སོ།།

    Reply
  9. བསེ་རུ། says:
    ལོ་ 14 སྔོན།

    བོད་ཀྱི་གནད་དོན་འདི་ཇི་སྲིད་ཞི་འགྲིག་མ་བྱུང་བ་དེ་སྲིད་དུ་གནད་དོན་འདི་དང་འདི་འདྲ་བ་རྒྱུུན་མར་ཡོང་ངེས་ཡིན། ཆབ་སྲིད་ཀྱི་ལས་འགུལ་ནི་རྒྱ་མཚོའི་རྦ་རླབས་བཞིན་ནམ་ཡང་འཇགས་མི་སྲིད། མཚོ་མོ་འཁྱོམས་ན་ཉ་མོ་ལས་ཀྱིས་འཁྱོམས་ཞེས་པ་ལྟར། བོད་རྒྱ་གཉིས་འབྱུང་འགྱུར་མཉམ་གནས་ཡོང་བའི་རེ་བ་ནི་ཇེ་ཕྲ་ཇེ་ཕྲར་འགྱུར་རྒྱུའི་སྟ་གོན་དང་རྒྱུ་ཚོགས་རིམ་པར་ཚང་བཞིན་འདུག །

    གངས་ཅན་པ་རྣམས་ཕོ་ཟད་མོ་ལ་ཐུག།
    ལག་ཟད་དཔུང་ལ་ཐུག །
    ཤ་ཟད་རུས་ལ་མ་ཐུག་བར་བོད་དོན་ཆེད་ཡོད་ཚད་གཏོང་བའི་བློ་སྟོབས་ཡོད།

    ད་བར་སྐུ་སྲོག་མེ་ལྕེར་མགྲོན་པའི་དཔའ་བོ་རྣམས་ལ་མྱ་ངན་གུས་བཏུད་དང་། ཁོང་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་དེ་བདག་སོགས་བོད་མི་མང་གི་རྒྱུད་ལ་མྱུར་བ་ཉིད་དུ་བསྐྱེད་པར་ཤོག ད་ལྟ་ཉིད་དུ་བསྐྱེད་པར་ཤོག །

    Reply
  10. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཚོ་ལ་སྙིང་དབུས་ནས་གུས་འདུད་ཞུ། འཛམ་གླིང་ཡོངས་ལ་གནས་པའི་བོད་རིག་སྤུན་ཟླ་རྣམས་པ་ལང་ཤོག བོད་མི་རིག་དང་རང་བཙན་གི་ཆད་དུ་ལང་ཤོག

    Reply
  11. ཚང་མ། says:
    ལོ་ 14 སྔོན།

    ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔
    ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔
    ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔
    ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔ ཨོ་མ་ཎི་པདྨེ་ཧཱུྃ༔

    Reply
  12. རོ་བདག says:
    ལོ་ 14 སྔོན།

    ཚེ་སྲོག་ལ་རིན་ཐང་ཆེ་ལ། ཚེ་སྲོག་ལ་རྒྱུས་མངའ་ཆེ། རྒྱལ་གཅེས་པ་བདེ་བར་གཟིམས་དང་། ལས་འབྲས་ལ་བསླུ་བ་མེད།

    Reply
  13. ཐོ་རེངས། says:
    ལོ་ 14 སྔོན།

    ཨོ་ དགེ་འདུན་པ་རྣམས་ཀྱི་ཆབ་སྲིད་ཀྱི་ཆེན་དུ་རང་ལུས་མེར་བསྲེགས་པ་སོགས་ཆབ་སྲིད་ཀྱི་ལས་མགུལ་ཤུགས་ཆེན་སྤེལ་རྒྱུ་འདི་ཆོས་དང་མཐུན་མིན་རྟོགས་དཀའ།

    བཙན་གཤོལ་བོད་མའི་ཁྲོད་ན་བོད་སྤྱིའི་བདེ་སྡུག་ལ་བསམ་བློ་བཏང་མཁན་གཞི་ནས་མེད། རང་རང་གི་སྐུབ་སྟེག་ཙམ་དང་འཚོ་རྟེན་ཙམ་གྱི་ཆེན་དུ་བོད་དོན་ལ་ཁ་གཡར་ནས་བསྡད་ཡོད་པ་རེད།
    མ་ཟད་བཙན་གཤོལ་བོད་མི་གཞོན་སྐྱེས་ཕར་ཆེ་བ་ནང་ཆོས་ལ་དད་པ་གཞི་ནས་མེད་ཐོག དགེ་འདུན་པ་ལའང་དངོས་ཤུགས་བརྒྱུད་གསུམ་ནས་སྨོད་ཅི་ཐུབ་བྱེད་བཞིན་ཡོད། གནས་ཚུལ་འདི་བོད་ནང་གི་བོད་མི་ཚོའི་ད་དུང་གསལ་པོ་ཤེས་མེད་པ་རེད།།

    Reply
  14. འཇའ་ཐང་འབྲོག་བུ། says:
    ལོ་ 14 སྔོན།

    སྙིང་རྗེ་གཞོན་སྐྱེས་དཔའ་བོ་དེ་ཚོ། ཁྱེད་རྣམས་ཀྱི་བཞུད་ཤུལ་ན་ང་ཚོས་ངུ་འབོད་རེ་དང་བསྔོ་སྨོན་རེ་བྱེད་རྒྱུ་ལས་གཞན་གང་ལྷག་ཡོད། སྙིང་རྗེ། དངོས་གནས་ཁོང་རྣམས་གསོན་པའི་ཆེད་དུ་འཆི་ཕོད་པའི་དཔའ་བོ་དག་རེད། དེས་ན་མཚམས་འདི་ནས་ངས་ཁོང་རྣམས་ཀྱི་ཆེད་དུ་མ་ཎི་ཞིག་གི་སློང་མོ་ཞུ་ཡ། ཨོ་མ་ཎི་པདྨེ་ཧཱུྃ༔ མགོན་པོ་སྤྱན་རས་གཟིགས་ཀྱིས་ཐུགས་རྗེས་གཟིགས།།འགྲོ་བའི་འཐབ་རྩོད་ཞི་བར་བྱིན་གྱིས་རློབས།།

    Reply
  15. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    རྒྱལ་གཅེས་ཀྱི་དཔའ་བོ་གཉིས་ལ་གུས་འདུད་དང་མྱ་ངན་སྙིང་ནས་ཞུ། མི་རིགས་དང་རྒྱལ་ཁབ་རྩ་བའི་བླ་མའི་དོན་དུ་འདི་ལྟར་བྱེད་ཐུབ་པ་ནི་ཤིན་ཏུ་སྙིང་སྟོབས་ཆེ་བ་ནི་ངོ་མ་ཧང་སངས་དགོས་པའི་ཕྱག་ལས་ཤིག་རེད། འདི་ལྟ་བུའི་གནས་ཚུལ་ལ་བོད་གཞིས་བྱེས་ཡོངས་ཀྱི་སེམས་ནང་ལ་མི་ཕང་བ་སུ་ཞིག་ཡོད། ཁོང་གཉིས་ནི་ལོ་ན་ཆུང་ལ་ཤེས་ཡོན་གྱི་ལམ་ཁར་སྙེགས་བཞིན་པའི་བཙུན་པ་ཉམས་ཆུང་གཉིས་ཡིན་པ་ཐག་ཆོད། ངོ་མ་ཕང་པ་ལ། གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཁོང་རྣམ་པ་ལ་རྒྱབ་སྐྱོར་བྱེད་དང་བྱེད། ཡིན་ཡང་ཞུ་འདོད་པ་ཅིག་ལ་(འགྱུར་མེད་བསྟན་འཛིན་)ཞེས་པ་ཁྱོད་རང་ངས་བསམ་ན་ཕལ་ཆེར་གསར་འབྱོར་ལོ་མང་སོང་བ་ཞིག་མིན་པའི་ངོས་འཛིན་ཐོག་ནས་ཐུགས་བསམ་ཡག་པོ་ཞིག་བཞེས་ནས་གསུང་སྐྱོན་ན་མ་གཏོག ཁྱོད་རང་མཁས་པ་དང་འཇོན་པོ། བོད་ལ་ཤ་ཞེན་ཡོད་པའི་མི་ཞིག་ཡིན་དང་ཡིན་རྒྱུ་རེད་དེ། རང་ཤ་གཏུབ་ནས་ཁྱི་སྔོན་དང་། རང་སྐྲ་གཏུབ་ནས་ལྷམ་འཚོང་ཡིན་པ་ཤེས་ཀྱི་མེད་དམ། དེ་འདྲ་སྐད་ཆ་ཡོད་ཚད་བཤད་ཆོག་ཞིག་གཏན་ནས་མིན་པར་ཁྱོད་རང་གཟབ་གཟབ་ཞིག་བྱེད་ན་མི་རན་སམ། མི་ཡོད་ཚད་ཀྱི་བཤད་མ་ཤེས་པ་ཞིག་གཏན་ནས་མ་རེད། ཁྱོད་རང་ཚོད་ཟིན་ན་མཁས་པ་ཞིག ཟིན་བྲིས་ཡོད་ཚད་ལ་ལྟོས་དང་། བསམ་བཟང་གི་ཞེན་བསྐུལ་ཡིན་པ་ལས་གཞན་རྒྱབ་མདུན་ཟུར་ལེབ་གང་ཡང་མེད།

    Reply
  16. རང་སྟོན། says:
    ལོ་ 14 སྔོན།

    བདག་གི་དཔའ་བོ་ཚོ་འདི་ལྟར་བཞུད་ཤུལ་ན་ང་ཚོས་ཡིག་དྲུག་གི་སྔོ་སྨོན་འདོན་་བཞིན་ཡོད

    Reply
  17. རང་སྟོན། says:
    ལོ་ 14 སྔོན།

    བདག་གི་དཔའ་བོ་ཚོ་འདི་ལྟར་བཞུད་སོང

    དམར་ལྷབ་ལྷབ་ཀྱི་མེ་ལྕེ་དེའི་ཁྲོད་ནས་བཞུད་སོང

    གཅིག་རྗེས་གཉིས་མཐུད་དུ་བཞུད་སོང

    སྨག་རུམ་སྟུག་པོའི་མཚན་གཞུང་དེ་གཤགས་ནས་བཞུད་སོང

    འཇིག་རྟེན་འདིའི་གྲུ་ཟུར་ཞིག་ནས་སྣང་བ་ཡི་འོད་དཀར་དང་འགྲོགས་ནས་བཞུད་སོང

    བདག་གི་དཔའ་བོ་ཚོ་འདི་ལྟར་བཞུད་སོང

    ས་ཡ་དྲུག་གི་མྱ་ངན་གྱི་འོ་དོད་ཁྲོད་ནས་བཞུད་སོང

    གཅིག་རྗེས་གཉིས་མཐུད་དུ་བཞུད་སོང

    གཞིས་བྱེས་གཉིས་ཀྱི་སྡུག་ཡུས་ཀྱི་མིག་ཆུ་དང་བསྡོངས་ནས་བཞུད་སོང

    རང་དབང་གི་མཁའ་དབྱིངས་བོར་ཟིན་པའི་ང་ཚོའི་ཆེད་དུ་ཚག་སྒྲ་རྐང་གཅིག་དང་འགྲོགས་ནས་བཞུད་སོང

    བདག་གི་དཔའ་བོ་ཚོ་འདི་ལྟར་བཞུད་སོང

    མཛེས་སྡུག་གི་རྨི་ལམ་དེའི་ཁྲོད་ནས་བཞུད་སོང

    གཅིག་རྗེས་གཉིས་མཐུད་དུ་བཞུད་སོང

    ཁྲིམས་ལུགས་ལ་བེད་སྤྱོད་མེད་པའི་ངེས་ཤེས་དང་མཉམ་དུ་བཞུད་སོང

    གནས་ལུགས་ལ་དབང་ཆུང་ཞིང་རྒྱུ་འབྲས་ལ་བློ་མིག་ཞ་བའི་གནས་ལུགས་དེ་འཁུར་ནས་བཞུད་སོང

    བདག་གི་དཔའ་བོ་ཚོ་འདི་ལྟར་བཞུད་སོང

    མཚར་སྡུག་གི་སང་ཉིན་དེ་བསྒོམས་ནས་བཞུད་སོང

    གཅིག་རྗེས་གཉིས་མཐུད་དུ་བཞུད་སོང

    ཕྱིར་མི་ལྡོག་པའི་ཐ་ཚིག་དེའི་ཁྲོད་ནས་བཞུད་སོང

    སྔོ་སིང་སིང་གི་མཐོན་མཐིང་བོར་ཟིན་པའི་ང་ཚོའི་ཆེད་དུ་སྐྱ་ཐིང་ཐིང་གི་གནས་ལུགས་ཤིག་འཁུར་ནས་བཞུད་སོང

    Reply
  18. ལུང་རྟོགས། says:
    ལོ་ 14 སྔོན།

    མི་རིགས་འདིའི་ཡ་ང་བའི་ལས་དབང་འདི་ལ་བསམ་ནས་བོད་མི་ཚང་མ་རྡོག་རྩ་གཅིག་དུ་བསྒྲིལ། དཔུང་པ་མཉམ་དུ་ཕྱར། སྙིང་སྟོབས་སྙིང་ལ་བསྐྱེད་ནས་བཞུད་ཟིན་པའི་ཚེ་སྲོག་དག་གི་ཞབས་རྗེས་འཚོལ་དགོས

    Reply
  19. ཟུངས་ཁྲག says:
    ལོ་ 14 སྔོན།

    རང་ལུས་མེ་སྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་ཚོར་གུས་འདུད་གྲངས་མེད་ཞུ
    གཞལ་དཀའ་བའི་དངོས་པོ་ནི་འགྲོ་བ་མིའི་ཚེ་སྲོག་ཡིན་ལ་གཅེས་སུ་འོས་བའང་ཚེ་སྲོག་ཡིན་པས་རྒྱལ་གཅེས་བ་འདི་དག་གིས་ཅིས་ཕྱིར་རང་ལུས་མཆོད་མེ་རུ་སྦར་བ་རེད་བོད་ཅེས་བའི་མི་རིགས་ཉམས་ཐག་འདིའི་མ་འོངས་བའི་ཕུགས་བསམ་གྱི་ཆེད་་ མདུན་ལམ་གྱི་ཆེད་ བདེ་སྐྱིད་ཀྱི་ཆེད་ རང་དབང་གི་ཆེད་ མདོར་ན་རླབས་ཆེ་བའི་གཞན་དོན་སེམས་བསྐྱེདཞེས་བ་འདི་ལྟ་བུའོ་ཅེས་ཐ་ཚིགས་སྒྲོག་བཞིན་འུ་ཅག་དང་ཁ་བྲལ་སོང་བ་བློ་ཕམ་གྱི་རང་བཞིན་་ཡིད་སྐྱོ་བའི་གནས་ཚུལ་ཞིག་ལས་དབུས་ས་གཉིས་ན་འཇམ་ཐང་ཐིང་རེད་་་་་་ཨ་ཁ་ ་་་་་་་་་་་་་„

    Reply
  20. ལུང་རྟོགས། says:
    ལོ་ 14 སྔོན།

    ད་སྡུག་སྐད་རྒྱབ་པས་ཕན་ཐོག་ཅི་ཡོད། དེ་ལས་བཙན་བྱོལ་བོད་མི་ཚོས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་གནད་ཡོད་ཚོགས་སྡེ་ཁག་གི་སྒོ་རྩར་རང་ལུས་མེར་སྲེག་དང་། དེ་ལྟར་མ་ནུས་ཀྱང་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་ཤུགས་ཆེར་སྤེལ་དགོས།

    Reply
  21. ཅང་མེད། says:
    ལོ་ 14 སྔོན།

    ཀྱེ་མ་རྒྱལ་གཅེས་དཔའ་བོ་རྣམས་གཉིས་ལ་བསྔགས་བརྗོད་དང་བཅས་གུས་འདུད་གྲངས་མེད་ཞུ།
    ཁྱེད་རྣམས་པ་གཉིས་དག་པའི་ཞིང་དུ་སྐྱེ་བར་ཤོག ཁྱེད་གཉིས་འདོད་པར་ལྟར་་་ཐུང་མྱུར་ངང་བོད་རང་དབང་མྱུར་ཏུ་ཐོབ་པའི་སྨོན་འདུན་ཆབས་ཅིག་ཏུ་དག་པའི་ཞིང་ནས་འཇལ་བར་སྨོན།

    ཅང་མེད་ངའི་གང་ཐུབ་གོ་ལ་འདིའི་ཐོག་ཏུ་ཁྱབ་བསྒྲགས་བྱེད་ངེས་ཡིན།

    Reply
  22. རིག་བཟང་། says:
    ལོ་ 14 སྔོན།

    བསོན་པའི་ཆེད་དུ་འཆི་ཡང་ཕོད་པའི་རྒྱལ་བཅེས་དཔའ་བོ་གཉིས་ལ་གུས་དུད་ཞུ།   བཙན་འབྱོར་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་རྣམས་འདི་ལྟར་འཇམ་ཐིང་ཐིང་ངང་སྡད་ན་འགྲིག་གམ།

    Reply
  23. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་གསལ་གྱི་རེད་་་་་་་་་རང་སྲིད་རང་སྐྱོང་ཐུབ་ཀྱི་རེད་་་་་་་་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ཐུབ་ཀྱི་རེད་་་་་་་་་་་བོད་རྒྱལ་ཞི་མོལ་བྱ་གི་ཡིན་་་་་་་་་འཛམ་གླིང་ནང་བོད་དོན་རྒྱབ་སྐྱོར་ཇེ་མང་དུ་འགྲོ་བཞིན་ཡོད་་་་་་་་་་འགྱུར་བ་ཞིག་འགྲོ་གི་རེད་་་་་་་་་རྒྱ་ནག་དམང་གཙོ་ཅན་ལ་འགྱུར་གྱི་རེད་་་་་་་་་་ཨོ་སྐད་ཆ་འདི་ཚོས་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོགས་བརླས་བཏང་སོང་་་་་་་་་་་ཨ་ཁ་ཁ་་་་་ཨ་ཁ་ཁ་་་་་་་་་ཨ་ཁ་ཁ་་་་་་་བོད་ནས་ཚེ་སྲོག་མཆོད་མེ་ལ་སྤར་ནས་་་་་་་མི་རགས་ཀྱི་རིག་གཞུང་རྩོད་ཀྱི་འདུག་་་་རྩོད་བཞིན་པ་རེད་་་་་་རྩོད་པར་འགྱུར་བ་རེད་་་་་་་་་་རྡ་ས་ནས་མི་རིགས་ཀྱི་རིག་གཞུངས་དང་སྐད་ཡིག་མི་ཤེས་པའི་དབུ་ཁྲིད་རྐྱང་རྐྱང་གམ་སོང་་་་་་་་་་་ཤུ་་་་་་་་ཤུུུུུུུུུུ་་་་་་་རྡ་ས་ནས་ཆོས་ལུགས་ཀྱི་ཐོབ་ཐང་རྩོད་ཀྱི་འདུག་ལུང་ཚན་གྱི་འཐེན་ཁྱེར་བྱེད་ཀྱི་འདུག་་་་་་་གནས་ཚུལ་འདི་ངོ་ཚ་དང་ཕམ་ཁ་ཞིག་ཡིན་པ་་དུང་ཡང་ཤེས་མི་འདུག་རང་རྒྱལ་གཞན་ཕམ་རྩོད་ཀྱི་འདུག་་་་་་་་་སྐུ་ངོ་ཚོས་མི་རིགས་ཀྱི་རྩ་དོན་ཟེར་བ་དེ་མགྲིན་པ་ཡན་ཆོད་ཀྱིས་རང་དོན་བསྒྲུབ་པའི་ངོ་འབག་ཅིག་རེད་ཤག་་་་་་་་ད་དེ་ལྟར་རེད་ཤག་དྲང་མོ་བཤད་ན་དེ་ལྟར་རེད་ཤག་་་་་་་་སྐད་ཆ་འདི་ཚོས་ཞེ་སུན་རུ་བཅུགས་སོང་དཀོན་མཆོག་མཁྱེན་་་་་་་་་་་

    Reply
  24. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གཉིས་ཀྱི་ལས་འགུལ་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན། ས་ཆ་འདི་ནས་ཚིག་སྐམ་དེ་ལྷག་པ་གང་ཡང་ཞུ་ཐུབ་ས་མ་རེད། ང་ཡི་སྤུན་ཟླ་ལགས།

    Reply
  25. འདྲེ་མེ་འབུད། says:
    ལོ་ 14 སྔོན།

    རང་ལུས་མེ་མཆོད་སྒྲོན་པའི་རྒྱལ་གཅེས་དཔའ་བོར་གུས་འདུད་ཞུ་ཞུ།

    Reply
  26. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཆབ་སྲིད་ཀྱི་མཚོན་རྩེའི་བར་ནས་ཚེ་སྲོག་མང་པོ་འཛེར་སོང།།
    ཆ་སྲིད་ཀྱི་མཆེ་བའི་བར་ནས་ཚེ་སྲོག་མང་པོ་ཟོས་སོང།།
    ཆབ་སྲིད་ཀྱི་བསླུ་བྲིད་བར་ནས་ཚེ་སྲོག་མང་པོ་ཉོས་སོང།།
    ཆབ་སྲིད་ནི་ཆབ་སྲིད་རང་རེད་་་་འདི་ལ་ངོ་ཚ་མེད་ཅིང་སྙིང་རྗེ་ནི་དེ་ལས་མེད་་་་་་་་
    མིག་རིགས་ཀྱི་བདེ་སྡུག་དང་ལས་དབང་ཆབ་སྲིད་ལ་འབྲེལ་ཡོད་ཀྱང་་་་་ཆབ་སྲིད་ཀྱིས་མི་རིགས་ཀྱི་བདེ་སྡུག་དང་ལས་དབང་ལ་གཏན་ནས་སྙིང་རྗེ་བྱས་མེད།
    གནས་སྟངས་འདི་མ་ཤེས་པའི་དབང་གིས་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོག་བརླགས་ཤོར་སོང་བ་རེད་་་་་་་་་་་་་ཆུད་ཟོས་བུད་སོང་བ་རེད་་་་་་་་མུ་མཐུད་ནས་མི་རིགས་འདི་འདི་ལྟར་རྩ་བརླགས་འགྲོ་རྒྱུ་རེད།

    Reply
  27. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    བལྟས་ཡོང་ན། ལོ་རྒྱུས་དང་རིག་གཞུང་གཏིང་ཟབ་ཡོད་པའི་བོད་མི་རིགས་འདི། འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་འདུག འདི་ནི་རིག་གཞུང་གིས་ཟིན་པའི་དད་པའི་སྙིང་སྟོབས་དང་། ལོ་རྒྱུས་ཀྱིས་བསྐྲུན་པའི་བཙན་པོའི་མི་གཞི་སྙིང་སྟོབས་གཉིས་རེད། ངས་བསམ་ན། མ་འོངས་པའི་ལོ་ཤས་ནང་། བོད་ནང་ལ་དཔའ་པོ་ཐུབ་བསྟན་དངོས་གྲུབ་བརྒྱ་ཕྲག་བརྒལ་བ་འབྱུང་རྒྱུ་རེད། འདི་ནི། བོད་ཀྱི་དགེ་འདུན་པས་རང་ལུས་མེར་སྲེག་བཏང་བ་ཐེངས་དྲུག་པ་དེ་ཆགས་ཡོད། དགེ་འདུན་པ་ཁོ་ནས་རང་ལུས་མེར་སྲེག་བཏང་ན། མཚམས་རེར་བོད་ཀྱི་གནད་དོན་འདི་རིག་གཞུང་གི་གནད་དོན་ཞིག་རེད་བསམ་པ་ཞིག་དྲན་ཡོང་གི་འདུག ཡིན་ནའང་། རྗེས་ཕྱོགས་བོད་ནང་དུ། རིག་གཞུང་གི་གནད་དོན་དང་། འགྲོ་བ་མིའི་ཐོབ་ཐང་གནད་དོན། ཁོར་ཡུག་གནད་དོན་སོགས་གནད་དོན་རེ་རེའི་ཐོག་རང་སྲོག་བློས་གཏོང་གནང་མཁན་མང་དུ་འགྲོ་ཀྱི་རེད།

    Reply
  28. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཁྱེད་ཀྱི་རྩ་ཆེའི་ཚེ་སྲོག་ང་ཚོའི་ཆེད་དུ་བཏང་བས་ང་ཚོས་ཁྱེད་ཀྱི་བཀའ་དྲིན་དེ་ཇི་ལྟར་གཞལ་ལམ། བོད་ཀྱི་དཔའ་བོ་ཚོ། ང་ཚོས་ཁྱེད་ཅག་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་བྲིས་ནས་ནམ་ཡང་མི་བརྗེད་པ་བྱེད་ངེས། ཁྱེད་ཅག་བདེ་བར་གཟིམས་ཤིག

    Reply
  29. འཇིགས་མེད་སངྒེ། says:
    ལོ་ 14 སྔོན།

    གངས་རིའི་གཅེས་འཕྲུག་དག་གིས་རིན་ཐང་བྲལ་བའི་ཚེ་སྲོག་ཤོར་སོང་། རང་ལུས་མཆོད་མེ་བྱས་སོང་། རང་རྣམ་ཤེས་གངས་ཅན་པར་ཆགས་ཡོད། ཚེ་སྲོག་གངས་ཅན་པར་ཕུལ་ན། ང་ཚོས་ད་ཡང་ཁ་སྟོང་ཚིག་སྟོང་རེ་ལབ་ནས་འདུག་རྒྱུ་ཡིན་ནམ།
    ཆེས་མཐའ་མ་དེ་བས་མ་ཐུབ་ཀྱང་།
    ང་ཚོ་རང་དབང་ལུང་བར་ཡོད་པའི་བོད་མི་ཡོད་དོ་ཆོག་གིས། རང་རང་གནས་པའི་རྒྱལ་ཁབ་དང་། གྲོང་ཁྱེར་དེ་དག་་ཏུ། གསལ་འགོད་པར་སྐད་སྔོན་བཏང་གིས། ཟས་བཅད་སོགས་ཀྱིས་མཚོན་པའི། ངོ་རྒོལ་ཤུགས་ཆེན་རེ་བྱེད་མ་ཐུབ་ན་ནི། ང་ཚོ་གངས་ཅན་པའི་ཞབས་འདྲེན་དང་ཁྱི་འཕྲུག་ཡིན་རྟག་ཡིན། ས་གནས་སོ་སོའི་བོད་རིགས་མགོ་ཁྲིད་ཚོ། ལོང་ཤོག
    བྱེས་བཞུགས་གངས་ཅན་པ་ཀུན་ལོང་ཤོག
    སྙིང་རྗེའི་བདག་པོ་དག་། ལོང་ཤོག
    ལོང་ཤོག ལོང་ཤོག

    Reply
  30. རིག་འཛིན། says:
    ལོ་ 14 སྔོན།

    རིགས་ཞེན་དང་ལྷག་བསམ་སྙིང་སྟོབས་དང་ཆོད་སེམས་ཀྱིས་ཕྱུག་པའི་དཔའ་རྒོད་གཉིས་ལ་གུས་བཀུར་དང་སྦྲགས།
    གནས་ཚུལ་འདི་ཐོས་མ་ཐག་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་གིས་བཀྱིགས་ནས་་་་་ཅི་བྱེད་འདི་བྱེད་མེད་པར་འདྲ་ཆགས་སོང་།
    དོན་དངོས་སྟེང་ནས་བཤད་ན་ང་ཚོའི་མི་རིགས་འདི་དངོས་གནས་གཉིད་སད་ཡོང་བའི་བརྡ་རྟགས་གསལ་པོ་ཞིག་ཡང་རེད་སྙམས།།
    བསམ་གཞིག་ཡག་པོ་བྱེད་ན་་་གནས་སྟངས་འདིར་དགའ་འོས་དང་སྐྱོ་དགོས་པར་གཉིས་ཀ་ཡོད།
    དགའ་འོས་པ་ནི་མི་རིགས་ཀྱི་བདེ་དོན་དང་རྒྱལ་ཁབ་སླར་གསོལ་གྱི་ཆེད་དུ་ཆེས་གཅེས་འོས་པའི་རང་ཉིད་ཀྱི་ཚེ་སྲོག་ཡང་བློས་གཏོང་ཕོད་པའི་སྙིང་སྟོབས་འདི་རེད།
    སྐྱོ་དགོས་པ་ནི་ལོ་ན་ཆུང་བའི་གྲྭ་གཞོན་འདི་གཉིས་ཀྱི་ཚེ་སྲོག་དང་སྐུ་ལུས་བོད་མི་རིགས་ཀྱི་ཆེད་དུ་མེད་པར་ཆགས་སོང་འདི་རེད།
    ཁ་ཁོག་མེད་པར་ང་ཚོ་ཕྱི་སྡོད་བོད་མི་ཚང་མས་སྡུག་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་ངེས་པར་གནང་དགོས་པར་སེམས།

    Reply
  31. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དེ་རིང་དགོང་མོ་རང་ལུས་མེར་སྲེག་གཏང་མཁན་དཔའ་གཉིས་ཀྱི་ཆེད་དུ་རྡ་སའི་མེག་གྷན་ནས་ཐེག་ཆེན་ཆོས་གླིང་གཙུགས་ལགས་ཁང་བར་མར་མེའི་ཁྲོམ་སྐོར་གི་ལས་འགུལ་ཞིག་སྤེལ་ཆར་འདུག་པས་དུས་རྒྱུན་ལྟར་གསར་འབྱོར་ཀྱང་མ་ཡིན་པར་གཞིས་ཆག་ཀྱང་གང་མང་མང་ཞིག་ཕེབས་རོགས་གནང།

    Reply
  32. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཁོང་གཉིས་ཀྱི་བློ་སྟོབས་དང་ཆོེད་སེམས་ལ་སྙིང་ནས་གུས་འདུད་ཞུ།

    Reply
  33. བྱམས་རྒྱལ། says:
    ལོ་ 14 སྔོན།

    ཀྱེ་མ་ཀྱེ་ཧུད་
    ཆོས་ལྡན་གངས་ཅན་པ་རྣམས་ཅི་ཡིས་ནོངས།
    འོན་ཀྱང་སྔོན་བསགས་དཀར་མིན་ལས་ཀྱིས་མཐུས།
    བརྣག་དཀའི་དུ་ཁ་བཅུ་ཕྲག་ཟུང་ལྷག་ལོར།
    མྱང་པའི་ཉམས་ཐག་ངང་ཚུལ་འདི་ལགས་ན།
    ལྷག་པར་དགོངས་ཤིག་བརྩེ་ཆེན་ཐུགས་རྗེ་གཏེར།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད

    Reply
  34. ཁྱུང་དཀར says:
    ལོ་ 14 སྔོན།

    འདི་ལྟར་ཚེ་སྲོག་མེ་རུ་སྒྲོན་པ་གོ་དུས་ཨ་ཧོ་ཟེར་ནས་སྐྱོ་གདུང་ཞིག་ངང་གིས་སྐྱེས་ཀྱང་མི་རིགས་ཧྲིལ་བོ་ཞིག་གི་ལས་དབང་བསམ་ན་སྐད་འབོད་ཙམ་དང་སྦྱར་ཡིག་ཙམ་གྱིས་མི་རིགས་འདིའི་བདེ་སྡུག་ཐག་གཅོད་མི་ཐུབ་པའང་ས་རིས་ཐང་གསལ་ཡིན་པས། གང་ལྟར་རང་དབང་གི་འཚོ་བ་དངོས་གནས་དེ་ཤར་བསྐྱོད་དགོས་ན་བློས་གཏོང་རྒྱ་ཆེན་ཞིག་མ་བྱས་བར་དུ་འུ་ཚང་གི་ཁ་གཏད་ལས་སླ་བོ་ཞིག་མིན་པའང་ང་ཚོ་ཚང་མས་ངེས་གསལ་རེད།

    Reply
  35. རྒྱང་མིག says:
    ལོ་ 14 སྔོན།

    སྙིང་སྟོབས་ལ་ཡི་རང་དང་ཆོད་སེམས་ལ་གུས་འདུད་ཞུ།
    ཚེ་སྲོག་ལ་ཕངས་སེམས་ཤོར་སོང། ས་ཡ་དྲུག་པོ་འདི་ལྟར་གཅིག་འགྲོ་གཉིས་འགྲོ

    Reply
  36. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཀྱེ་ཧུད་ཁྱེད་གངས་ཅན་པའི་དཔའ་རྒོད་དག་གི་ཚེ་སྲོག་གི་རིན་ཐང་ང་ཚོ་གསོན་པོར་གནས་པ་རྣམས་ཀྱིས་ཇི་ལྟར་གཞལ་ནུས།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རེའི་སླད། །གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ། །དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས། །གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད། །ཚིག་བཅད་འདི་ནི་༸གོང་ས་མཆོག་གི་གསུང་བའོ། །

    Reply
  37. མྱི་རྐྱང་སྨྱོན་པ། says:
    ལོ་ 14 སྔོན།

    གསོན་པའི་ཆེད་དུ་འཆི་བ་ནི་ཆེས་རླབས་ཆེ་བའི་བྱ་བཞག་ཅིག་ཡིན་པས། འདི་ལྟར་འུ་ཚང་གི་གཅེས་ཕྲུག་ཚོའི་ཚེ་སྲོག་རེ་རེ་བཞིན་མེ་རུ་བསྒྲོན་སོང་ཡང་། འུ་ཅག་གིས་ཅི་ཞིག་ནུས་སམ། ཡང་བསྐྱར་ཚོགས་པ་ག་གེ་མོ་ཞིག་གི་སྣེ་ཁྲིད་དེ་མེག་ལོའི་རླངས་འཁོར་འབབ་ཚུགས་ནས་གཙུག་ལག་ཁང་བར་དུ་རྒན་རྒོན་འགས་མར་མེའི་ཁྲོམ་སྐོར་ཞིག་བྱ་རྒྱུ་རེད། དེ་ལས་ཅི་ཡང་ནུས་ནི་མ་རེད། མྱ་ངན་གུས་འདུད་ཅིག་ཀྱང་ཞོར་དུ་ཞུ་འཆར་ཡོད་ངེས། དེ་མིན་ཅི་ཞིག་བྱ། གཅེས་ཕྲུག་ཚོ། ཁྱེད་ཅག་བདེ་བར་ཕེབས་རོགས།

    Reply
  38. བྱིལ་ཕོ། says:
    ལོ་ 14 སྔོན།

    ད་ནི་སེམས་པ་སྐྱོ་བ་ལ། བོད་བསྟན་སྲིད་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོས་སྐུ་སྲོག་རེ་རེ་བཞིན་མར་མེའི་མཆོད་པ་ཕུལ་སོང་། ངེད་བཙན་བྱོལ་བའི་མི་ཚོས་ནི་ཆོལ་ཁ་ཆོས་ལུགས་གསར་འབྱོར་རྙིང་ཆགས་ཕྱོགས་རིས་སྡང་ཟུག་ཁོ་ན་མ་ཏོག་དོན་ངོ་མའི་གཞིས་བཞུགས་དཔའ་བོ་དཔའ་མོའི་མི་རིགས་ལ་རྒྱའི་ཆེད་དུ་ཁ་ཙམ་རེད། དོན་ངོ་མ་མི་གྲགས་སྐུ་གྲགས་བླ་ཆེན་ཚོས་སོ་སོའི་བུ་རྒྱུད་ཚོ་ཕྱི་རྒྱའི་ཡུལ་དུ་བཏང་རྒྱུའི་སེམས་དཔའ་ཤིག་དང་། དགོན་པ་ཁང་ཆེན་རྫིག་པོ་ཆེ་ཐག་ཆོད་རེ་རྒྱག་ནས་མི་ཡི་ལུང་པ་སྐྱིད་འདོག་ཁ་ཕོ་བཤད་བཞིན་ཡོད། ངོ་རེ་ཚ། ཁྲེལ་རེ་ཁུལ། ཧ་ཧ་ཧ་ཧ་ཨོ་ཨོ་དགང་དག

    Reply
  39. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ནང་གི་མི་འདི་ཚོའི་ལ་རྒྱ་དང་སེམས་ཤུགས་རེ་མཐོང་ཡོང་དུས་བཙན་བྱོང་ནང་གི་མི་ང་ཚོའི་རིགས་ངོ་གནོང་དགོས་བ་རེད།
    ང་ཚོ་ཟེར་བ་འདིའི་ནང་དུ་གསེར་ཁྲི་ཐོག་གི་བླ་མ་དང་སྲིད་ཁྲི་སྟེང་གི་མཁས་དབང་མན་ང་ཡན་ཆད་ཀྱི་བོད་པ་ཡོད་ཚད་ལ་གོ་དགོས།

    Reply
  40. སྐྱ་རིད། says:
    ལོ་ 14 སྔོན།

    ཨ་ཁ་ཁ་ བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་ཀྱང་ཕངས་མེད་དུ་བཏང་ཐུབ་མཁན་རྒྱལ་གཅེས་དཔའ་བོ་དེ་དག་རེ་རེ་གཤེགས་པ་འདི་ཧ་ཅང་ཕངས་པོ་རེད།

    Reply
  41. མངའ་རིས་བུ། says:
    ལོ་ 14 སྔོན།

    ཨོ་རྒྱལ་གཅེས་དཔའ་བོ་དགེ་འདུན་པ་གཉིས་ཀྱིས་རང་ལུས་རང་མི་རིགས་ཀྱི་སླད་དུ་མཆོད་པ་ཕུལ་བར་བཀའ་དྲིན་ཆེ་ཞེས་ཞུ་དགོས་ཀྱང་འོན་ཀྱང།
    བཙན་བྱལ་སྤྱི་ཚོགས་ནང་དུ་ཀླད་མེད་ཚོས་ཆོས་ལུགས་སྤྱི་འཐུས་མི་དགོས་རབས་ཀྱི་སྐད་ངན་ལུང་པ་གང་བཤད་ཀྱི་འདུག ད་བར་རང་ལུས་མེར་བསྲེག་གཏོང་མཁན་བརྒྱ་ཆ་དགུ་བཅུ་གོ་དགུ་དགེ་འདུན་པ་རེད། ཡིན་ནའང་བྱས་པར་བསྟོད་པ་མེད་པར་ད་དུང་ཆོས་ལུགས་སྤྱི་འཐུས་མི་དགོས་རབས་དང་དགེ་འདུན་པས་མི་འཇོན་རབས་རྐྱང་བཤད་བསྡད་ཀྱི་འདུག་པ་ནི་ཀླད་མེད་རང་རེད།

    Reply
  42. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ད་ནི་ང་ཚོས་རང་དབང་ལུང་བ་ནས་ཁ་ཤོམ་འཐེན་ཏེ་འདུག་རྒྱུ་ཡང་ངོ་ཚོ་རུ་བཅུགས་ཐལ། བོད་བསྟན་སྲིད་ཀྱི་སླད་དུ་སྔ་ཕྱིར་རང་སྲོག་མེ་སྒྲོན་པ་དང་བཙོན་བཅུགས་མནར་གཅོད་འོག་ནས་འདས་གྲོངས་ཟིན་པའི་སྐྱེ་བོ་ཡོངས་བདེ་ལྡན་ཞིང་དུ་སྐྱེ་བར་སྨོན། ༧གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་དོན་ཡིན་པས་ཏན་ཏན་སྐྱེ་བ་ཡག་པོ་ཡོང་ངེས་རེད་ཅེས་པའི་བཀའ་སློབ་སྙིང་དབུས་སུ་ཉར་རྒྱུ་ལས་བྱ་ཐབས་མ་མཆིས་སོ། །

    Reply
  43. ནགས་མེ། says:
    ལོ་ 14 སྔོན།

    ངས་དེ་ལྟར་ནུས་ཀྱི་མི་འདུག་སྟེ།ཁྱོད་ཀྱི་སྙིང་སྟོབས་དང་ལར་ཞེན་ལ་སེམས་དབུས་ནས་ཡི་རངས་ཡོད། ཐུགས་རྗེ་ཆེ།

    Reply
  44. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་ནང་གི་དཔའ་བོ་དཔའ་མོ་ཚོས་དོན་ངོ་མའི་བོད་རང་དབང་བདེན་པའི་འཐབ་རྩོད་བྱེད་ཀྱི་ཡོད་ཁོ་ཚོ་ལ་ནམ་ཡང་རྒྱབ་སྐྱོར་ཡོད།
    བཙན་བྱོལ་གི་ཆ་སྲིད་པ་ཚོས་ནང་ཡང་སྐད་ཆ་སྙན་པོ་དང་ཚིག་སྐམ་པོ་རྐྱང་རྐྱང་བཤད་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་ཁོང་ཚོས་བྱེད་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  45. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཨ་ཁ་ཁ།མི་ལུས་རིན་ཆེན་ཟེར་བ་དེ་གལ་ཆེན་པོ་རེད།བཙན་བྱོལ་ནང་ནས་ད་ལྟ་བར་དུ་གྲུབ་འབྲས་ཐོན་པའི་ལས་ཀ་ཞིག་སྟོན་རྒྱུ་མེད་ཀྱང།འདི་ནས་ཆ་སྲིད་པ་ཚོས་མགྲིན་པ་ཡན་ཆོད་ཀྱི་ཚིག་སྐམ་པོས་སྐད་ཆ་སྙན་པོ་རྐྱང་རྐྱང་བཤད་ནས་བོད་ནང་གི་མི་འདི་འདྲའི་མང་པོ་ཞིག་གི་ཚེ་སྲོག་འཕྲོ་བརླགས་བཟོས་ཚར་སོང་།ཨ་ཁ་ཁ་་་་་་་་་ཨ་ཁ་ཁ་་་ཨ་ཁ་་་ཁ་་་་་་་་་

    Reply
  46. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    བོད་མི་ཚང་མ་ལོངས་ཤོག བོད་དོན་རྒྱབ་སྐྱོར་བ་ཚང་མ་ལོངས་ཤོག བོད་བརྒྱུད་ནང་བསྟན་རྗེས་འཇུག་པ་ཚང་མ་ལོངས་ཤོག རང་དབང་དང་དམངས་གཙོ་ལ་དགའ་མཁན་ཚང་མ་ལོངས་ཤོག བདེན་པ་ལ་རྒྱབ་སྐྱོར་ཞུ་མཁན་ཡོད་དོ་ཅོག་ལོངས་ཤོག

    རང་དབང་གི་ཆེད་དུ། ང་ཚོ་མེ་རུ་བསྒྲོན་དུ་འགྲོ། བདེན་པ་ཡི་ཆེད་དུ་ང་ཚོ་ཆུ་ལ་མཆོང་དུ་འགྲོ། ཐོབ་ཐང་གི་ཆེད་དུ་ང་ཚོ་བཙོན་ལ་སྡོད་དུ་འགྲོ། གཞིས་སུ་བཞུགས་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོའི་ཆེད་དུ། འདི་ནས་ང་ཚོས་ཡོད་ཚད་ནས་ཡོད་ཚད་བློས་བཏང་ཏེ་འགྲོ

    Reply
  47. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    འཛམ་གླིང་ས་ཕྱོགས་གང་ས་གང་དུ་གསོན་པོར་གནས་པའི་བོད་རིགས་སྤུན་ཟླ་ཡོད་དོ་ཅོག་ཡར་ལོངས་ཤིག། བོད་རང་བཙན་ཁོ་ནའི་ཆེད་དུ་ཡང་ལོངས་ཤིག བོད་མི་ས་དྲུག་གི་ཆེད་དུ་ཡར་ལོངས་ཤིག

    Reply
  48. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཨ་ཁ་ཁ་རྒྱལ་གཅེས་དཔའ་བོ་རྣམས་རེ་རེ་བཞིན།

    Reply
  49. ཉི་མ་བཀྲ་ཤིས། says:
    ལོ་ 14 སྔོན།

    ཁོང་གཉིས་འདས་གསོན་གྱི་གནས་ཚུལ་འདྲ་ཐོས་ཐབས་གྱིས།
    སྙིང་སྟོབས་རེ་ཡ་ངོ་མ་ལ་རྒྱལ་ཡོད་ཁུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese