མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འབུམ་རམས་པ་ཞིག་གིས་བོད་རྒྱའི་འབྲེལ་གཏུག་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

འཇར་མན་དུ་བཞུགས་པའི་སྐད་གཉིས་རྩོམ་པ་པོ་དང་འབུམ་རམས་པ་གཅིག་ལྕོགས་རྒྱ་རིགས་བུད་མེད་ཞུའུ་ཕའེ་ལགས་དང་རྒྱ་ནག་ཉམས་ཞིབ་དང་རང་དབང་གི་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཡིག་འབྲེལ་གླེང་མོལ་བྱས་པའི་ནང་དོན་ཁག་གཤམ་དུ་བཀོད་ཡོད།

གནམ་ལོ། ངས་བོད་ཁུལ་ནས་འཁྲུངས་པའི་རྒྱ་མི་ཤེས་ཡོན་པ་ཞིག་ཡུན་རིང་བཙལ་རྗེས་ཁྱེད་ལ་མཇལ་བར་ཤིན་ཏུ་སྤྲོ་ཡོད་པར་མ་ཟད། ཁྱེད་རང་ནི་ནུབ་ཕྱོགས་སུ་འབུམས་རམས་(PhD)པའི་ཕྱག་འཁྱེར་བསྣམས་ཟིན་པའི་སྐྱེས་མ་འཇོན་ཐང་ཅན་ཞིག་རེད་ལ། བཀུར་འོས་པ་དང་གུས་འོས་པ་ནི་སྨྲོས་མེད་ཐོག་ང་རང་གིས་བསམ་བློ་བཏང་ན། ཁྱེད་ལ་བོད་ཀྱི་གནད་དོན་ཐད་རང་ཉིད་ཀྱི་ལྟ་བ་ཡོད་སྲིད་པའི་ཁར། ལྷག་པར་དུ་བོད་རྒྱའི་འབྲེལ་གཏུག་ཕྱོགས་ཡོངས་སུ་འཕེལ་བཞིན་པའི་སྐབས་འདིར་ངྷ་རམ་སཱ་ལས་དེང་གི་བར་བོད་ཀྱི་རྒྱ་མིའི(Chinese Tibetan)གནས་བབ་ཐད་གླེང་སློང་གནང་མྱོང་མེད་པའི་ཐད་དགོངས་ཚུལ་ག་རེ་ཡོད་པ་དང་ངྷ་སར་བཤད་འདོད་པའི་བསམ་འཆར་འདྲ་ཡོད་དམ།

ཞུའུ་ཕའེ། ཁྱོད་ཀྱིས་ངའི་མགོ་ལ་སྐྱེས་མ་འཇོན་ཐང་ཅན་ཞེས་པའི་ཞྭ་མོ་དེ་མ་གཡོགས་རོགས། དྲང་མོར་བཤད་ན། ང་རང་ནི་མི་ཚེ་འདིར་ཅུང་ལམ་འགྲོ་བྱུང་བའི་སྐྱེས་མ་ཕལ་བ་ཞིག་ཡིན། ངའི་ཡབ་ལགས་ནི་ལོ་ ༡༨སྟེང་རྒྱ་དམར་དམག་ཁུངས་སུ་འཛུལ་ཏེ་ཧྲན་ཤིས་ནས་བོད་ཁུལ་བར་འཐབ་འཁྲུག་བརྒྱུད་ནས་ཡོང་བ་ཞིག་ཡིན་ལ། རྨས་སྐྱོན་ཕོག་རྗེས་དམག་ཁུངས་ནས་ལས་གནས་བརྗེ་སྤོར་གྱིས་ས་གནས་རང་དུ་ལྷག་ཡོད་པས། “ཡཱ་ཨན”ནས་ཨ་མ་ལགས་དང་ཆང་ས་བརྒྱབ་འདུག  ཕྱི་ལོ་ ༡༩༥༥ ལོར“ནུབ་ཁམས་ཞིང་ཆེན”གཏོར་རྗེས། ཡབ་ལགས་ལས་གནས་སྤོར་ཏེ་དར་རྩེ་མདོར་བསླེབས་ཡོད་པ་དང་ཕྱི་ལོ་ ༡༩༧༤ ལོར་གཞི་ནས་ཕྱིར“ཡཱ་ཨན”ལ་ལོག་པ་རེད། ང་རང་བོད་ཁུལ་དུ་སྐྱེས་མོད། ཆེས་མང་ན་ལོ་གསུམ་ལ་མ་གཏོགས་བོད་ཁུལ་དུ་འཚོ་བ་རོལ་མྱོང་མེད་ལ། ངའི་དྲན་ཤེས་ཁྲོད་ཀྱི་བོད་ཁུལ་ནི་རང་ལོ་ ༡༠ ཡར་སྔོན་གྱི་གནས་ཚུལ་ཞིག་དང་།  བརྗེད་དུ་མེད་པ་ཞིག་ནི་བོད་ཁུལ་གྱི་བོད་མི་དང་བོད་ཟས་ཡིན་ལ། ད་དུང་དྲན་ཤེས་ཁྲོད་རྫོང་གཙོ་གཞོན་པའི་འགན་འཁུར་ཡོད་པའི་བོད་མོ་མཛེས་མ་ཞིག་ཡོད་ཅིང་། ཞེད་སྣང་ཡོང་བ་ཞིག་ལ་རྗེས་སོར་ཁོ་མོ་མི་གཞན་གྱིས་བསད་འདུག ཡིན་ནའང་། ངས་མོ་རང་གི་མིང་དྲན་སོས་ཐུབ་ཀྱི་མི་འདུག 

ང་རང་ད་དུང་བོད་ཀྱི་རྒྱ་མི་ཞིག་ལ་བརྩི་ཐུབ་རྒྱུ་མ་རེད། འོན་ཀྱང་། ངས་དངོས་གནས་དྲང་གནས་ཀྱིས་བོད་ལ་སེམས་ཁུར་ཤིན་ཏུ་བྱེད་ཀྱིན་ཡོད། ང་རང་ལ་འཇར་མན་དུ་གྲོགས་མོ་ཞིག་ཡོད་ཅིང་། ཁོ་མོས་སྐྱེ་བ་སྔ་མའི་གནས་ཚུལ་དྲན་སོས་ཀྱི་ཡོད་པའི་ཁར། མོ་རང་བོད་ནས་ཐེངས་ཤིག་སྐྱེས་མྱོང་ཡོད་ཅེས་བཤད་སོང་། ངས་ཚོད་རྩིས་བརྒྱབ་ན། ང་རང་ཡང་བོད་ཀྱི་དགེ་འདུན་པ་གང་རུང་ཞིག་གི་རྣམ་ཤེས་ཡིན་པ་འདྲ། རྒྱུ་མཚན་ལོ་ཆུང་ཆུང་ཡིན་དུས་ནས་བཙུན་མ་བྱ་འདུན་བྱུང་མྱོང་ལ། རྗེ་མི་ལ་རས་པ་སོགས་དམ་པ་གོང་མ་རྣམས་ཀྱིས་སྒྲུབ་སྦྱོང་གནང་བའི་རྣམ་ཐར་ཀློག་རྒྱུར་ཤིན་ཏུ་དགའ། དེ་བས། ཕྱི་ལོ་ ༢༠༠༢ ལོི་ནས་མགོ་བརྩམས་ཏེ་རྩ་རླུང་སྒོམ་སྒྲུབ་ལ་སྦྱོང་བ་བྱེད་ཀྱིན་ཡོད།

ངས་བོད་ཀྱི་རྒྱ་མིའི་གནས་བབ་ཐད་བསམ་བློ་གཏོང་མྱོང་མེད་ལ་བསམ་ཚུལ་འདྲ་ཞུ་རྒྱུའང་མེད། ཡིན་ནའང་། ངས་འཇར་མན་དུ་གུང་ཁྲན་དབང་ཆ་གཅིག་སྡུད་ལམ་ལུགས་ལ་ཞིབ་འཇུག་བྱས་མྱོང་བས། ནམ་རྒྱུན་བོད་མི་ཚོར་ཁྱེད་རང་ཚོས་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་བསམ་ཚུལ་ཞུས་དང་ཞུ་བཞིན་ཡོད།

 

གནམ་ལོ། ཨོ། ཁྱེད་རང་གིས་རྒྱ་ཡིག་གི“ཡཱ་ཨན”ཞེས་པའི་གོ་དོན་ལ་བསམ་བློ་གཏོང་ཨེ་མྱོང་། དོན་ལ“ཡཱ་ཨན”ཞེས་པ་ནི་བོད་སྐད་རེད་ལ།  “གཡག་རྔ”ཞེས་པའི་དོན་རེད།  སྔོིན་ཆད་གནས་དེ་ནི་བོད་རྒྱའི་བར་ཇ་དང་རྟ་བརྗེ་རེས་གནང་སའི་ཚོང་ར་གལ་ཆེན་གྲས་ཀྱི་གཅིག་ཡིན་པར་མ་ཟད། རྒྱ་ནག་སྲིད་གཞུང་རིམ་པས་དམག་འཐབ་ཆེད་ཇ་བཀོལ་ནས་རྟ་ཉོས་པའི་གྲངས་འབོར་དང་དུས་ཡུན་ལས་རྒྱ་ནག་མང་ཚོགས་ཀྱིས་སྦྲང་ནག་བསྐྲད་སླད་ཇ་དང་གཡག་རྔ་བརྗེ་རེས་གནང་བའི་གྲངས་འབོར་དང་དུས་ཡུན་རིང་སྟབས། གནས་དེར“གཡག་རྔ”ཞེས་ཐོགས་པ་རེད་ལ། བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཡོད་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་མུ་ཕྱི་རྒྱལ་བོའི་མངའ་ཁོངས་ཡིན། ཞིབ་ཕྲའི་ལོ་རྒྱུས་དྲ་རྒྱའི་ནང་བརྙེད་ཐུབ་པས་དེར་གཟིགས་རོགས། ད་ལྟ་ཁྱེད་རང་གིས་ད་དུང་རང་ཉིད་བོད་ཀྱི་རྒྱ་མི་ཞིག་མིན་ཞེས་བོད་ཀྱི་རྒྱ་མིས་བོད་ཀྱི་གནད་དོན་སེལ་བར་ནུས་པ་ག་རེ་འདོན་ཐུབ་མིན་དང་རང་ཉིད་ལ་ཐོབ་ཐང་ག་རེ་དགོས་མིན་གྱི་གནད་དོན་ཐད་བསམ་བློ་གཏོང་རྩིས་མེད་དམ།

ཞུའུ་ཕེ། ཁྱོད་ཀྱི་སར་ནས“ཡཱ་ཨན”བོད་སྐད་ཡིན་པའི་ཁར་གཡག་གི་རྔ་མའི་དོན་ཡིན་པ་ཤེས་པར་ཤིན་ཏུ་དགའ་བོ་བྱུང་།  ངས་དེ་ནི་རྒྱ་ནག་དམར་ཤོག་དབང་བསྒྱུར་འོག་གི་ས་ཁུལ་ཞིག་གི་མིང་ཡིན་པ་མ་གཏོགས་ཤེས་ཀྱི་མེད་ལ། ས་རྒྱ་ཤིན་ཏུ་ཆེ། ང་རང་གིས་གཡག་རྔ་གྲོང་ཁྱེར་ནང་ཕྱི་ལོ་ ༡༩༧༤ ལོ་ནས་ཕྱི་ལོ་ ༡༩༨༣ ལོ་བར་འཚོ་བ་རོལ་བ་ཡིན། ཡིན་ནའང་། ང་རང་གནས་དེར་ཡོད་སྐབས་བོད་མི་མཐོང་མ་མྱོང་མོད། གཡག་རྔར་གཏོགས་པའི་ས་ཁུལ་གཞན་ཞིག་བོད་ཀྱི་ལོ་རྒྱུས་སྟེང་སྐད་གྲགས་ཡོད་པའི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ལས་མུ་ཕྱི་རྒྱལ་བོའི་མངའ་ཁོངས་ཡིན་པར་ངོས་འཛིན་རུང་བ་ཞིག་རེད།

ང་རང་གིས་འཇར་མན་ནས་འཚོ་བ་རོལ་བའི་དུས་ཡུན་སྐམ་ས་ཆེན་པོ་ནས་འཚོ་བ་རོལ་བ་ལས་རིང་ཞིང་། དར་རྩེ་མདོ་དང་གཡག་རྔ་གཉིས་ཀ་བསྡོམས་པ་ལས་ཀྱང་བརྒལ་ཡོད། དེང་སྐབས་ང་རང་རྒྱ་ནག་གི་ཁྲག་རྒྱུད་ཡོད་པ་དང་བོད་རྒྱའི་སྒོམ་སྒྲུབ་རིག་གནས་ངོས་ལེན་ཡོད་པའི་འཇར་མན་མི་སེར་ཞིག་ཡིན་པས། ཁྱོད་ཀྱིས་བཤད་ཀྱིན་པའི་བོད་ཀྱི་རྒྱ་མིའི་གྲས་སུ་འགྲོ་ཐུབ་རྒྱུ་མ་རེད། ང་རང་གིས་ཤེས་གསལ་ལྟར་ན། བོད་ཀྱི་རྒྱ་མི་ཤིན་ཏུ་མང་མོད། ང་རང་ལ་ཁོ་ཚོའི་ཆེད་དུ་སྐད་ཆ་བཤད་པའི་ཐོབ་ཐང་མི་འདུག

 

གནམ་ལོ། རྒྱ་ནག་དམར་ཤོག་གི་སྐད་ཆ་ལྟར་བཤད་ན། ཁྱེད་རང་ནི་གསར་བརྗེ་ཁྱིམ་རྒྱུད་ནས་འཁྲུངས་པའི་བརྒྱུད་འཛིན་པ་དངོས་མ་ཞིག་རེད་ལ། ད་དུང་ང་རང་དང་འདྲ་བར“ང་ཚོ་ཚང་མ་གུང་ཁྲན་རིང་ལུགས་ཀྱི་བརྒྱུད་འཛིན་པ་ཡིན”ཞེས་པའི་གླུ་སྒྲའི་ཁྲོད་དུ་འཚར་ལོངས་བྱུང་མཁན་ཞིག་ཀྱང་རེད། དེ་བས། ངའི་ཀློག་པ་པོ་རྣམས་ལ་ཁྱེད་རང་གིས་ནམ་རྒྱུན་བོད་མི་ཚོར་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་བསམ་ཚུལ་ཞུས་དང་ཞུ་བཞིན་ཡོད་པའི་གཞི་འཛིན་ས་གང་ཡིན་པ་གསུང་ཐུབ་ཀྱི་ཡོད་དམ།

ཞུའུ་ཕེ། ང་རང་གིས་དྲུག་བཞིའི་དམར་གསོད་དོན་རྐྱེན་གྱི་རྗེས་ནས་གུང་ཁྲན་ཏང་གི་གནད་དོན་ལ་བསམ་བློ་གཏོང་མགོ་ཚུགས་པ་ཡིན་ལ། གུང་ཁྲན་ཏང་གི་འབྱུང་རྐྱེན་དང་ཕྱོགས་གང་ཅིའི་ཐད་ཤེས་རྟོགས་བྱ་རྒྱུར་དམིགས་ནས་ཆེད་དུ་མཚན་ཉིད་རིག་པའི་སློབ་ཚན་འདེམས་ནས་སློབ་སྦྱོང་ཡང་བྱས་མྱོང་། དྲ་རྒྱར་འཛུལ་ཞུགས་བྱས་པ་ནས་བཟུང་། ངས་འདིའི་ཐད་རྩོམ་ཡིག་མང་བོ་སྤེལ་མྱོང་བར་མ་ཟད། ད་དུང“རྨེག་མེད་དུ་གཏོང་མཁན་མར་ཁེ་སི”ཞེས་པའི་བརྗོད་གཞིའི་འོག་གི་སློབ་དཔོན་ཆེན་མོ་ལེའུ་ཁུང་ལ་ཏིའི་བཅར་འདྲི་ཡང་རྒྱ་བསྒྱུར་བྱས་མྱོང་ཡོད། དམིགས་ཡུལ་ནི་ང་རང་གིས་འཇར་མན་གྱི་སྐད་ཡིག་ནང་སློབ་སྦྱོང་བྱས་པའི་ཤེས་བྱ་དག་གོ་སླ་བའི་ལམ་ནས་རྒྱ་མི་རྣམས་ལ་བཤད་འདོད་པ་དེ་ཡིན། བཅར་འདྲི་འདིའི་ནང་ནས་བརྗོད་ཀྱིན་པའི<<རྒྱབ་ཤ་ནག་པོའི་དེབ>>དང<<རྒྱབ་ཤ་དམར་པོའི་དེབ>>གཉིས་ཀྱི་ནང་དུ་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ལས་འགུལ་གྱི་ཁྲག་དྲི་བྲོ་བའི་གདུག་རྩུབ་ཟིན་ཐོར་བཀོད་འདུག  <<གུང་ཁྲན་ཏང་ལ་དཔྱད་པ་དགུ་བསྐོར་མ>>ནང་དུའང་གུང་ཁྲན་ལས་འགུལ་གྱིས་རྒྱ་ནག་ནང་བཟོས་པའི་ཁྲག་ཞག་འཁྱིལ་བའི་ལོ་རྒྱུས་བཀོད་ཡོད། དེ་བས། ང་རང་ལ་མཚོན་ན། ཏཱ་ལའི་བླ་མ་མཆོག་གིས་ནམ་རྒྱུན་ང་རང་མར་ཁེ་སི་རིང་ལུགས་པ་ཕྱེད་ཀ་ཞིག་ཡིན་གསུང་བཞིན་པར་དོ་སྣང་སྤྲད་འདུན་སྐྱེས་མ་སོང་། བོད་མི་རྣམས་ཀྱིས་གུང་ཁྲན་གཅིག་སྡུད་ལམ་ལུགས་ཀྱི་འོག་ཏུ་གོད་ཆག་མྱངས་ཡོད་པས། རྒྱ་མི་རྣམས་དང་འདྲ་བར་གུང་ཁྲན་ཏང་རྒྱང་འཕུད་གཏོང་འོས་པར་མ་ཟད། ཐོག་མར་བསམ་བློའི་ནང་ནས་དོར་འོས་པ་ཞིག་རེད། དཔེར་ན། དམར་ཤོག་ཚོགས་མི་དང་གུང་གཞོན་ཚོགས་མི།  ན་ཆུང་གདོང་ལེན་རུ་ཁག་སོགས་ལས་ཕྱིར་འབུད་གནང་དགོས་ཀྱི་ཡོད་པ་རེད། འཚེ་མེད་ཞི་བ་ནི་ཐབས་ལམ་ཡག་ཤོས་ཤིག་རེད་མོད། དེའི་ཁར་མཉམ་འབྲེལ་མི་བྱེད་པ་གནང་ཐུབ་མིན་ནི་ནུས་པ་ཐོན་མིན་ལ་ཐུག་ཡོད།

གུང་ཁྲན་ཏང་ལ་བློ་གཏད་བྱེད་ས་མེད་ལ། དམར་ཤོག་དྲག་གཞུང་ལ་ཞི་མོལ་ཡོང་ཐབས་གནང་བཞིན་པ་ནི“སྟག་ལ་སྟག་ལྤགས་སློང་བ”དང་གཅིག་མཚུངས་ཡིན་སྟབས། རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་བཏང་བ་ལས་གཞན་མེད། ང་རང་གིས་སྔར་པེ་ཅིན་དུ་བསྐངས་པའི་ཨོ་ལིམ་ལུས་རྩལ་འགྲན་ཚོགས་ལམ་འགྲོ་མི་ཡོང་བའི་ཆེད་དུ་ཏཱ་ལའི་བླ་མ་མཆོག་ལ་ཡོངས་གྲགས་ཀྱི་ལམ་ནས་འཕྲིན་ཡིག་ཅིག་བྲིས་ཡོད་ཅིང་། ཞིབ་ཕྲ་དྲ་ཐག་ལས་ཀློག་ཐུབ་ཀྱི་ཡོད། http://blog.boxun.com/hero/200806/xupei/3_1.shtml པེ་ཅིན་ཨོ་ལིམ་ལུས་རྩལ་འགྲན་ཚོགས་ནི་རྒྱལ་ཁབ་ཕྱི་ནང་གི་གནོན་ཤུགས་གཅིག་ཏུ་བསྒྲིལ་ཏེ་གུང་ཁྲན་ཏང་ལ་སྔར་གྱི་རཱ་ཤི་ཡ་དང་ཡུ་རོབ་ཤར་མ་ནང་བཞིན་འགྱུར་བ་གཏོང་བའི་གོ་སྐབས་ཡག་ཤོས་ཤིག་ཡིན། གོ་སྐབས་དེ་ཤོར་བའི་དབང་གིས་དེང་སྐབས་རྒྱ་ནག་སྐམ་ས་ཆེན་མོ་ནས་མི་རིགས་མང་བོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཤུགས་ཇེ་ཆེར་སོང་ཡོད།

ངས་བཙན་བྱོལ་བོད་གཞུང་གིས་གསར་དུ་འདེམས་ཐོན་གནང་བའི་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེངྒེ་ལགས་ཀྱི་ཁྲི་འདོན་མཛད་སྒོའི་གསུང་བཤད་བཀླགས་ཏེ། ཀུན་དགའ་བཀྲ་ཤིས་ལགས་ཀྱི་ཁྲའེ་ཁྲི་ @kungat:སྟེང་ཚིག་ཁ་ཤས་བྲིས་ཡོད། གལ་ཏེ་སྲིད་པ་ཞིག་ཡིན་ན། ལྟ་ཚུལ་གསུམ་བརྒྱུད་སྤྲོད་གནང་རོགས། དང་པོ། བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད། གཉིས་པ། པེ་ཅིན་གྱིས་བོད་ལ་དབང་བསྒྱུར་ནི་དྲང་བདེན་མིན་པ་དང་མདུན་ལམ་མེད་པ་བཞིན་དུ་རྒྱ་ནག་ལ་དབང་བསྒྱུར་བྱེད་ཀྱིན་པའང་དེ་ག་རང་ཡིན། གསུམ་པ། “ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པ”ཞེས་པ་འདི་ནི“སྟག་ལ་སྟག་སྤགས་སློང”བཞིན་པ་ལས་གཉིས་སུ་མེད་པས། འགྲུབ་མི་སྲིད་པ་ཞིག་རེད། མདོར་བསྡུས་ནས་བཤད་ན། ང་རང་གིས་བོད་མི་ཚོར་ནམ་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་པར་གནས་ལུགས་དང་རྒྱབ་རྟེན་འཐུས་ཚང་ཞིག་ཡོད།

 

གནམ་ལོ། ཁྱེད་རང་གིས་བོད་ཀྱི་གནད་དོན་ལ་དོ་སྣང་གནང་བཞིན་པའི་ཚད་གཞི་བོད་མི་དང་དོ་མཉམ་ཡོད་པར་མ་ཟད། བོད་མི་སྤྱི་བྱིངས་ལས་ཀྱང་ཧུར་བརྩོན་དང་ནན་ཏན་གྱི་ཆ་མངོན་འདུག ངས་བསམ་བློ་བཏང་ན་བོད་རིགས་ཀློག་པ་པོ་རྣམས་ཀྱིས་འདིའི་ཐད་ཁྱེད་རང་ལ་བཀའ་དྲིན་ཞུ་འོས་ཀྱི་སེམས་ཚོར་ཉར་སྲིད་པར་མ་ཟད། བཀའ་ཁྲིའི་དམ་འབུལ་གསུང་བཤད་ཁྲོད་ཀྱི་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་ཐད་ལ་དགོངས་ཚུལ་ག་རེ་གནང་གི་ཡོད་མེད་ཀྱང་ཤེས་འདོད་ཡོད་ངེས་པས། གལ་སྲིད་རྒྱལ་བ་རིན་པོ་ཆེ་ཕ་ཡུལ་དུ་གདན་འདྲེན་ཞུ་ཐུབ་པར་ཆ་བཞག་ན། བོད་རྒྱ་གཉིས་ལ་ཕན་ཐོགས་ཡོད་པའི་ཕེབས་སྟངས་གང་འདྲ་ཞིག་ལེགས་སམ། འདིར་བཤད་ཀྱིན་པ་ནི་བོད་རྒྱའི་མང་ཚོགས་ཀྱི་བདེ་སྡུག་ལས་དཔོན་རིགས་ཀྱི་སྐོར་བཤད་ཀྱི་མེད་པས། མཉམ་འཇོག་གནང་ས་གང་དག་ཅིག་འདུག་གམ།

ཞུའུ་ཕེ། ང་རང་གི་ལྟ་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་གཞུང་འཐོར་ཞིག་ཏུ་སོང་རྗེས། ད་གཟོད་ཏཱ་ལའི་བླ་མ་མཆོག་ཕ་ཡུལ་དུ་ཆིབས་བསྒྱུར་གནང་ཐུབ་སྲིད་པ་ཞིག་རེད།  དེའང་དམར་ཤོག་གཞུང་གདོན་གྱིས་བརླམ་པའི་ངོ་བོས་རང་ཉིད་དང་མཉམ་འབྲེལ་མི་བྱེད་པའི་མི་སྒེར་རམ་མང་ཚོགས་ལ་ཞི་བདེ་མཉམ་གནས་བྱེད་མི་སྲིད་པས་ཐག་བཅད་ཡོད་པ་ཞིག་ཡིན། ཐ་ན་ང་རང་ལྟ་བུའི་དབང་དང་སྟོབས་ཤུགས་ཅི་ཡང་མེད་པའི་སྒེར་ཚུགས་ཅན་གྱི་ཤེས་ཡོན་པ་ཞིག་ཀྱང་ཕ་ཡུལ་ལ་ལོག་ཐུབ་ཀྱི་མེད་པས། ཏཱ་ལའི་བླ་མ་མཆོག་ཇི་ལྟར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ནམ། དེ་མིན་རང་ཉིད་མགོ་བསྐོར་འོག་ཚུད་བསམ་གྱི་ཡོད་ན་དོན་དག་གཞན་པ་རེད།

 

གནམ་ལོ།  ཨོ། “དེ་མིན་རང་ཉིད་མགོ་བསྐོར་འོག་ཚུད་བསམ་གྱི་ཡོད་ན་དོན་དག་གཞན་པ་རེད། ”སྐད་ཆ་འདི་ཧ་ཅང་གི་ནང་དོན་ཅན་ཞིག་རེད་ལ། དངངས་སྐྲག་སློང་ཡོང་བ་ཞིག་ཀྱང་རེད། ང་རང་གིས་གོ་ཐོས་ལྟར་ན། རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་སུ་རྒྱ་ནག་ཕྱི་ནང་དུ་སྡོད་པའི་རྒྱ་མིར་འབྲེལ་གཏུགས་དང་དྲ་རྒྱ་བརྒྱུད་ནས་གླེང་མོལ་སོགས་ལ་ཞུགས་ཡོད་པས། མི་ལ་ལས་ཁོང་ལ་“ད་ལྟ་རྒྱ་ནག་སྐམ་སའི་མི་འབོར་གྱི་བརྒྱ་ཆའི་ལྔ་བཅུས་ཁྱེད་ལ་རྒྱབ་བསྐྱོར་གནང་གི་འདུག”ཅེས་སྙན་བསྒྲོན་ཞུས་ཡོད་ཚོད་འདུག་པས། ཁྱེད་རང་གི་ངོས་ནས་དོན་དག་འདིར་ལྟ་སྟངས་ག་རེ་འདུག་གམ།

ཞུའུ་ཕེ།  ང་རང་ཚུད་པའི་རྒྱ་ནག་སྐམ་སར་འཚར་ལོངས་བྱུང་མཁན་ཚང་མ་རྒྱ་དམར་གཞུང་གི་བླུན་བསྒྱུར་སློབ་གསོའི་འོག་ནས་ཡོང་བ་རེད་ལ། བླུན་བསྒྱུར་སློབ་གསོའི་ཁྲོད་དུ་གོ་མིན་ཏང་དང་བོད་གཉིས་ཀྱི་བཙོག་བསྒྱུར་དྲིལ་བསྒྲགས་འདུས་ཡོད། ཏཱ་ལའི་བླ་མའང་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་གཙོ་འཛིན་ཅང་ཀེ་ཤི་དང་མཚུངས་པར་ནག་པོ་ནག་རྐྱང་བཟོས་ཡོད་པ་རེད།  དེ་ལས་ཀྱང་ཏཱ་ལའི་བླ་མ་མཆོག་ནག་བསྒྱུར་དྲིལ་བསྒྲགས་དེང་གི་ཆར་ཡང་རྒྱུན་མཐུད་བཞིན་པས། རྒྱ་ནག་སྐམ་སའི་མི་ཚོ་ཕྱི་རྒྱལ་དུ་ཡོང་བར་ཆ་བཞག་ནའང་། མང་ཆེ་བ་རྒྱ་དམར་གཞུང་གི་དྲིལ་བསྒྲགས་ཀྱི་གྲིབ་ཡོལ་འོག་ཐར་ཐུབ་ཀྱི་ཡོད་པ་མ་རེད། དཔེར་ན། ཝན་ཁའོ་ཝིར(ཁ་ནཱ་ཊ)རྒྱ་བོད་གླེང་སྟེགས་གཙོ་སྐྱོང་གནང་མཁན་ཧོང་ཧུག་པེན་ལགས་ལ་མ་ཉེས་ཁ་གཡོགས་ཕོག་རྗེས་སྤེལ་བའི《དྲང་གཏམ་སྙན་བསྒྲོན》ནང་དུ་བཀོད་དོན་གཤམ་གསལ། 

“དྲང་མོར་བཤད་ན། ཀྲུའུ་རེའུ་ལགས་ཀྱིས་བཤད་པ་ལྟར། ང་རང་གི་གོ་རྟོགས་དམའ་བ་དང་དངུལ་དངོས་ལྟ་སྟངས་མ་འགྲིག་པས། དོན་དངོས་སུ‘ཏཱ་ལའི་བླ་མའི་མཚན་བཀོལ་ནས་དངུལ་བསྡུ་རུབ’ཀྱི་བསམ་བློ་འཁོར་མྱོང་མོད།  ང་རང་གིས་དངོས་སུ་ཚོད་ལྟ་ཞིག་བྱེད་སྐབས། ཝན་ཁའོ་ཝིར་ནས་ཏཱ་ལའི་བླ་མའི་མཚན་གཡར་ནས་དངུལ་བསྡུ་རུབ་བྱེད་དུས། སྐར་མ་གང་ཡང་རེག་མི་སྲིད་པའི་ཁར། ལྐོག་ནས་རྒྱབ་བཤད་སྙན་ཞུ་རྒྱག་མཁན་ཡང་ཁེངས་འདུག འདི་རུ་བོད་རང་བཙན་ལ་རྒོལ་བའི་ཕྱི་སྡོད་རྒྱ་མིའི་ཚོགས་པས་ལོ་མང་རིང་འབད་བརྩོན་བརྒྱུད་ནས་ངོ་རྒོལ་གྱི་རྣམ་པ་རླུང་འཚུབ་ལྟར་གྲུབ་ཟིན་པར་མ་ཟད།  ང་ཚོའི་དྲིལ་བསྒྲགས་སྦྱར་ཡིག་ཁག་ཀྱང་ཡང་དང་བསྐྱར་དུ་བཀོག་ཡོང་གི་འདུག  གནས་སྟངས་འདིའི་འོག་ནས་སུ་ཞིག་གིས་ང་ཚོར་པེ་ཤག་སྤྲད་ཐུབ་ཀྱི་རེད་དམ།  ཞལ་ལག་ཙམ་ལ་སྦྱིན་བདག་གནང་མཁན་ཚོས་ཀྱང་མིང་མ་བཤད་རོགས་ཞེས་ཡང་ཡང་ནན་བརྗོད་བྱས་ཡོང་བས། ས་འོག་ནས་ལས་ཀ་སྒྲུབ་ཀྱིན་པ་དང་གཉིས་སུ་མེད་པའི་ཚོར་བ་སྤྲད་ཡོང་བ་ཞིག་རེད། ”

ད་དུང་ཕྱི་སྡོད་རྒྱ་མི་དམངས་གཙོ་ལས་འགུལ་བའི་མཛངས་མ་ཧྲིན་ཞའོ་ལགས་ཀྱིས་ཐེངས་འགར་རྒྱ་བོད་ཕན་ཚུན་འབྲེལ་གཏུགས་ཀྱི་ལས་འགུལ་ལའང་དེ་གར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། འདི་ནི་ད་ལྟ་ང་ཚོའི་མདུན་དུ་ལྷགས་པའི་དངོས་ཡོད་གནས་སྟངས་རེད། དེ་བས། སུ་ཞིག་གིས་རྒྱ་ནག་སྐམ་སའི་མི་འབོར་གྱི་ཕྱེད་ཀ་ལྷག་གིས་ཏཱ་ལའི་བླ་མར་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་བཤད་པ་རེད་དམ། མི་དེས་གཞི་འཛིན་ས་ཅི་ཞིག་རེད། རང་འདོད་ལྟར་བཤད་པ་ཞིག་གིས་ཕན་ཐོགས་སྲིད་ཀྱི་མ་རེད། རྒྱ་དམར་གཞུང་གིས་ང་རང་ལྟ་བུའི་ཕྱི་སྡོད་རྒྱ་མི་ཤེས་ཡོན་པ་ཞིག་ལའང་ཕ་ཡུལ་དུ་ལོག་པའི་དབང་ཆ་འཕྲོག་ཟིན་པའི་ཁར། ང་རང་ལ་རོགས་པ་གནང་ནས་དྲ་རྒྱ་ཞིག་ཇུས་འགོད་གནང་མཁན་ལའང་ཁོང་གི་བཟའ་ཟླའི་ལྷན་དུ་ཕ་ཡུལ་དུ་ལོག་བཅུག་ཡོད་པ་མ་རེད། འདི་ནི་རྒྱ་དམར་གཞུང་གི་ངོ་གདོང་ངོ་མ་དེ་རེད། གལ་སྲིད་དགོས་མཁོ་ཡོད་ན། ངས་ད་དུང་དཔེ་བརྗོད་མང་བོ་བཞག་ཆོག

 

གནམ་ལོ། ཁྱེད་རང་གིས་གོང་དུ་གསུངས་པ་ལྟར་ན།  བཙན་བྱོལ་བོད་གཞུང་གིས་གསར་དུ་འདེམས་ཐོན་གནང་བའི་བཀའ་ཁྲི་འབུམ་རམས་པ་བློ་བཟང་སེངྒེ་ལགས་ཀྱི་ཁྲི་འདོན་མཛད་སྒོའི་གསུང་བཤད་བཀླགས་རྗེས། སྐུ་ཞབས་ཀུན་དགའ་བཀྲ་ཤིས་ལགས་ཀྱི་ཁྲའེ་ཁྲི@kungat:སྟེང་ཚིག་ཁ་ཤས་བྲིས་ཡོད་ཅིང་། དེའི་ཁྲོད་དུ“བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད”བཀོད་འདུག དེ་བས། ཁྱེད་ཀྱིས་ཀློག་པ་པོ་རྣམས་ལ“རྒྱ་མི”དང“དམར་ཤོག་ཚོགས་པའི”དབྱེ་བ་གསལ་བོ་ཞིག་གསུང་ཐུབ་ཀྱི་འདུག་གམ།

ཞུའུ་ཕེ། རྒྱ་མི་ནི་བོད་མི་དང་འདྲ་བར་རང་ཉིད་ལ་སྐད་ཡིག དད་མོས། དུས་ཆེན་དང་གོམས་སྲོལ་སོགས་ཡོད་མཁན་ཞིག་ཡིན་ལ། དེ་ཡིས་རྒྱ་ནག་གི་ཤེས་རིག་གྲུབ་ཡོད་པ་དང་། ཆོས་དཔེ་ལྔ་དང་དེབ་ཆེན་བཞི་ནི་རྒྱའི་ཤེས་རིག་གི་གཞུང་ལུགས་ཡིན། “བཟོད་བསྲན། ཕྱི་ཐག གུས་བརྩི། སྤྱང་གྲུང་། ཡིད་ཆེས”སོགས་ནི་མི་ཚེ་རིན་ཐང་ལེན་ཕྱོགས་ལ་ལྟ་ཞིང་། “སྐྱེ་འཆི་ལས་ལ་ཐུག  དར་རྒུད་གནམ་གྱི་ལག”ཞེས་པའི་ལས་དབང་དང་གནམ་རྒན་མ་སྨྲ་བ་སོགས་ནི་རྒྱའི་ཤེས་རིག་གི་ལྟེ་བ་ཆགས་ཡོད། དམར་ཤོག་ཚོགས་པ་ནི་གུང་ཁྲན་རིང་ལུགས་དད་མོས་སུ་བཟུང་བའི་རྒྱལ་སྤྱིའི་དྲག་སྤྱོད་ཚོགས་ཁག་ཅིག་ཡིན་ཞིང་། ཕྱི་ལོ་ ༡༨༤༨ ལོར་ལུང་ཊོན་ནས་དམར་ཤོག་ཚོགས་པའི་བསྒྲགས་གཏམ་སྤེལ་རྗེས། དྲག་པོའི་ལམ་ནས་སྤྱི་ཚོགས་ལམ་ལུགས་ཐ་དག་མགོ་རྟིང་སློག་འདུན་འཆིང་བའི་དམར་ཤོག་ཚོགས་མིས་ཕྱི་ལོ་ ༡༩༡༧ ལོར་ད་གཟོད་འཛམ་གླིང་འཁྲུག་ཆེན་དང་པོའི་གོ་སྐབས་གཡར་ནས་རཱ་ཤི་ཡའི་སྲིད་དབང་འཕྲོགས་པ་དང་། དམར་ཤོག་ཚོགས་པའི་སྲིད་གཞུང་ཐོག་མ་བཙུགས་པ་རེད། དེ་ནས་བཟུང་རྒྱལ་ཁབ་གཞན་ལ་སིམ་འཛུལ་དང་སྲིད་དབང་འཕྲོག་པའི་ལྐོག་གཡོ་བཤམས་ཡོད་ལ། རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱལ་སྤྱིའི་གུང་ཁྲན་རིང་ལུགས་ཀྱི་ཐོན་རྫས་ཡིན་པར་མ་ཟད། རཱ་ཤི་ཡ་དམར་གཞུང་གིས་བསྐྱེད་བསྲིངས་བྱས་པ་རེད།  གལ་སྲིད་རྒྱལ་ཁབ་ཁག་གི་གསང་ཉུལ་བ་སི་མེས་ཊི་ལའེ(Agnes Smedley)ལྟ་བུའི་སིམ་འཛུལ་དང་རཱ་ཤི་ཡའི་རོགས་སྐྱོར་མེད་པ་ཡིན་ན། དམངས་གསུམ་རིང་ལུགས་གཙུག་ཏུ་བཀུར་ཞིང་། མི་རིགས་ལྔའི་སྤྱི་མཐུན་རྩ་བར་བཟུང་བའི་རྒྱ་ནག་མི་སེར་རྒྱལ་ཁབ་མགོ་རྟིང་སློག་ཐུབ་མི་སྲིད་པ་ཞིག་རེད།

རྒྱ་ནག་དམར་ཤོག་གིས་སྲིད་དབང་ཕྲོགས་རྗེས་རྒྱ་མི་དང་བོད་མི་ཐེ་བའི་མི་རིགས་ཁག་དམར་བསྒྱུར་བྱས་ཡོད་ལ། རྒྱ་མི་ཡིན་ནའང་འདྲ། བོད་མིའམ་མི་རིགས་གཞན་པ་ཡིན་ནའང་ཆོག དམར་ཤོག་ཚོགས་པར་འཛུལ་ཞུགས་བྱས་ཡོད་མཁན་ཐ་དག་མར་ཁི་སེ་ལའེ་ཉིན་རིང་ལུགས་ཀྱི་བུ་རབས་ཚ་རྒྱུད་རེད། རྒྱུ་མཚན་ནི་མི་དེ་དག་གིས་རང་གི་མི་རིགས་ཀྱི་ཆོས་དད་དང་རིན་ཐང་ལེན་སྟངས་སོགས་བརྒྱུད་འཛིན་བྱས་ཡོད་པ་མ་རེད། རྒྱ་ནག་དམར་ཤོག་གིས་སྲིད་དབང་ཕྲོགས་རྗེས། རྒྱ་ནག་གི་ཤེས་རིག་ལ་གཏོར་སྐྱོན་བཏང་བ་ནི་བོད་ཀྱི་ཤེས་རིག་ལས་ཀྱང་ཚབས་ཆེན་ཡིན་ཞིང་། སྐད་ཡིག་ནས་ནང་དོན་ཆ་ཚང་དམར་བསྒྱུར་བྱས་ཡོད། ཡིག་གཟུགས་ལའང་བཅོས་བསྒྱུར་གྱིས་ངོ་རྟགས་མི་ཆོད་པ་ཞིག་ཏུ་གྱུར་ཡོད། མཁྱེན་འདོད་ཡོད་ན་དྲ་ཐག་འདི་ལ་གཟིགས་རོགས། http://www.360doc.com/content/08/0323/22/25069_1140017.shtml

 

གནམ་ལོ། ཁྱེད་ཀྱིས་དེང་སྐབས་ཀྱི་བོད་རྒྱའི་འབྲེལ་གཏུག་ལ་ལྟ་ཚུལ་ག་རེ་འཛིན་གྱི་ཡོད། དེ་མཚུངས་སུ་བོད་མིས་མཉམ་འཇོག་གནང་དགོས་ས་གང་དག་གཟིགས་ཀྱི་ཡོད་དམ།

ཞུའུ་ཕེ། ང་རང་གིས་བོད་རྒྱའི་འབྲེལ་གཏུག་ལ་དགའ་བོ་བྱེད་ཀྱི་ཡོད་ཅིང་། རྣམ་པ་མ་འདྲ་བ་གང་གི་ལམ་ནས་ཡོང་ནའང་འདྲ། ག་ཚད་མང་ན་དེ་མཚུངས་ཀྱིས་ཕན་ཐོགས་ཆེན་པོ་ཡོད་ངེས་རེད།

བོད་མི་ཚོས་མཉམ་འཇོག་གནང་དགོས་ས་གཙོ་བོ་ནི་དམར་ཤོག་གཞུང་གིས་བོད་དང་རྒྱ་མིའི་ཁྲོད་དུ་པཎ་ཆེན་རྫུན་མ་ལྟ་བུའི་མི་མང་བོ་ཞིག་སྐྱེད་སྲིང་བྱས་ཡོད་པ་རེད་ལ།  ཁོང་ཚོ་ནི་པཎ་ཆེན་རྫུན་མ་དང་མཚུངས་པར་ཆུང་ངུའི་དུས་ནས་དམར་ཤོག་གཞུང་གི་སྐྱེད་སྲིང་བྱས་ཡོད་པས། དམར་ཤོག་གཞུང་གིས་བསྐྲུན་པའི་འབུམ་རམས་པ་དང་རབ་འབྱམས་པ། རྩོམ་པ་པོ་སོགས་སུ་གྱུར་ཡོད། ལ་ལས་ཡེ་ཤུའི་ཆོས་ལུགས་པ་ཡིན་ཟེར་སྲིད་ལ། ལ་ལས་ཏཱ་ལའི་བླ་མར་དད་མོས་ཡོད་མཁན་དུའང་སྨྲ་སྲིད་པའི་ཁར། ཐ་ན“ང་ལ་དགྲ་བོ་མེད”ཟེར་མཁན་ཡང་ཡོད། བོད་མིས་ངེས་པར་དུ་ཁོ་རང་ཚོའི་བཤད་སྤྱོད་གཅིག་གྱུར་ཡིན་མིན་ལ་བརྟག་འོས་པ་ཞིག་ཡིན། གལ་སྲིད་མི་ཞིག་གིས་རྒྱ་དམར་ཁྲིམས་སྟེགས་སུ“ང་ལ་དགྲ་བོ་མེད”ཅེས་བཤད་མོད། དེའི་ཡར་སྔོན་དུ་དམར་རྒོལ་མི་སྣ་དག་དགྲ་རུ་བཟུང་ཡོད་པས། མི་འདིའི་རིགས་ལ་བོད་མིས་རྒྱབ་སྐྱོར་བྱེད་པའི་རིན་ཐང་མེད། དེ་མཚུངས་སུ་མི་ཞིག་གིས་རང་ཉིད་བོད་མིའི་གྲོགས་པོ་དང་ནང་པ་ཡིན་ཚུལ་ལབ་བཞིན་དུ་ཕོགས་མེད་རྒྱ་བོད་འབྲེལ་གཏུག་གནང་མཁན་ཚོར་མ་ཉེས་ཁ་གཡོག་བྱས་པ་ཡིན་ན། མི་འདི་རིགས་ལ་བོད་མིས་ཡིད་ཆེས་བྱེད་རིན་མེད་པའི་གྲས་ཡིན།

མདོར་བསྡུས་ནས་བཤད་ན། དམར་ཤོག་གཞུང་གིས་ཐའེ་ཝན་མ་འདུས་པའི་རྒྱ་ཡུལ་དང་བོད་ཡུལ་ཆ་ཚང་བཙན་བཟུང་བྱས་ཡོད་པར་མ་ཟད། ཕྱི་སྡོད་རྒྱ་མིའི་ཁྲོད་དུའང་སིམ་འཛུལ་བྱས་ཡོད་ལ། ཐ་ན་རྩ་རླུང་སྒོམ་སྒྲུབ་པའི་ཁྲོད་དུའང་དམར་ཤོག་གཞུང་གི་གསང་ཉུལ་བ་བཞག་ཡོད། ངའི་བསམ་བློ་བཏང་ན་བོད་མིའི་ཁྲོད་དུའང་པཎ་ཆེན་རྫུན་མ་གཅིག་པུ་ཡིན་སྲིད་ཀྱི་མ་རེད།

 

གནམ་ལོ། ཁྱེད་ནི་འཇར་མན་ཤར་ནུབ་གཅིག་གྱུར་བྱས་པའི་ལོ་རྒྱུས་མཐོང་མཁན་གྱི་དཔང་མི་གཅིག་ཡིན་པར་མ་ཟད། ཡུ་རོབ་གཅིག་གྱུར་གྱི་ལོ་རྒྱུས་ནང་དུ་བརྒྱུད་ཀྱིན་པས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་འདིས་བོད་རྒྱ་གཉིས་གཙོས་ཡུ་གུར་དང་རྒྱ་མི་གཉིས་འབྲེལ་གཏུག་ཐད་བློ་སྒོ་ག་རེ་འབྱེད་ཐུབ་ཀྱི་འདུག་གམ།

ཞུའུ་ཕེ།  ཕྱི་ལོ་ ༡༩༨༩ ལོ་ནི་བོད་དང་རྒྱ་ནག་གཉིས་ལ་ལོ་རྒྱུས་ཀྱི་རྨ་ཁ་འཇོག་མཁན་དུ་གྱུར་ཡོད་ལ། རྒྱ་ནག་པ་མི་ཉུང་བ་ཞིག་སྟེ། ང་རང་ལྟ་བུར་མཚོན་ན་དྲུག་བཞིའི་དམར་གསོད་ཀྱིས་དམར་ཤོག་གཞུང་གི་གདུག་རྩུབ་ཤེས་རྟོགས་ཐུབ་མགོ་ཚུགས་ཡོད། དེ་མཚུངས་སུ་ཕྱི་སྡོད་རྒྱ་མིའི་དམངས་གཙོའི་ལས་འགུལ་རྔམ་བརྗིད་ཀྱིས་ལམ་ལ་ཆས་པ་རེད། ང་རང་འཇར་མན་དུ་ཡོད་དུས་ཀྱི་ཕྱི་ལོ་  ༡༩༨༩ ལོར་པའོ་ལིན་རྩིག་གྱང་རྨང་ནས་འགྱེལ་བ་དང་འཇར་མན་ཤར་ནུབ་གཅིག་གྱུར་ཡོང་བ་དངོས་སུ་མཐོང་བས་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྤྲད་མྱོང་། འདས་པའི་དུས་ཡུན་ནང་དུ་ངས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དམངས་གཙོ་ཡང་འཇར་མན་ནུབ་མ་ནང་བཞིན་རྒྱ་ནག་སྐམ་ས་ནས་དམར་ཤོག་གཅིག་སྡུད་གཞུང་ལས་རྒྱལ་རྒྱུ་རེད་སྙམ་ཡོད། ཡིན་ནའང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་དེང་སྐབས་རང་ཉིད་ཀྱང་སྲུང་ཐུབ་ཀྱི་མི་འདུག 

དམར་ཤོག་གཞུང་ནི་ཐའེ་ཝན་གནད་དོན། བོད་ཀྱི་གནད་དོན། ཡུ་གུར་གནད་དོན། རྩ་རླུང་སྒོམ་སྒྲུབ་གནད་དོན་སོགས་བསྐྱེད་པའི་རྩ་བ་ཆགས་ཡོད་སྟབས། དམར་ཤོག་ཚོགས་པ་ཚར་གཅོད་བྱས་རྗེས་ད་གཟོད་གནད་དོན་ཐ་དག་སེལ་ཐུབ་ངེས་རེད། དེ་མཚུངས་སུ་ཡུ་རོབ་གཅིག་གྱུར་ལས་ཀྱང་མཐོང་ཐུབ་པ་ནི་རྒྱ་ནག་སྐམ་སར་ཐའེ་ཝན་ནང་བཞིན་དམངས་གཙོ་དར་སྤེལ་བྱུང་བ་ཡིན་ན། རང་བཙན་ཡང་གདམ་ག་ཡག་ཤོས་དེ་ཡིན་པའི་མ་ཁྱབ་པར་འདོད། ཡང་ཅིག་བཤད་ན། ད་ལྟ་གཅིག་གྱུར་རམ་རང་བཙན་གང་གླེང་ཡང་དོན་སྙིང་ཅི་ཡང་མེད།

དེ་ལས་ཚང་མས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམར་ཤོག་ཚོགས་པ་མགོ་རྟིང་སློག་རྒྱུ་དེ་ཡིན། གལ་སྲིད་བོད་མི་ས་ཡ་དྲུག་གིས་དམར་ཤོག་ཚོགས་པར་ཁ་བྲལ་བའི་གསལ་བསྒྲགས་སྤེལ་ནས་རྩ་རླུང་སྒོམ་ཚོགས་པས་སྤེལ་བཞིན་པའི་དམར་ཤོག་ཚོགས་མི་ལས་ཕྱིར་ཐོན་པ། གུང་གཞོན་ཚོགས་མི་ལས་ཕྱིར་ཐོན་པ། ན་ཆུང་གདོང་ལེན་རུ་ཁག་ལས་ཕྱིར་ཐོན་པའི་ལས་འགུལ་ནང་མཉམ་ཞུགས་གནང་བ་ཡིན་ན། དམར་ཤོག་ཚོགས་པ་ལམ་སང་མགོ་རྟིང་སློག་ཐུབ་པ་ཞིག་ལ་མཐོང་གི་ཡོད།

 

གནམ་ལོ། རྒྱལ་བ་རིན་པོ་ཆེ་མཆོག་གིས་ངྷ་རམ་སཱ་ལར་སྐོང་འཚོགས་གནང་བཞིན་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་དབུ་ཁྲིད་ཚོགས་འདུའི་སྐབས་དང་བསྟུན་ནས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་གསལ་བསྒྲགས་ཤིག་སྤེལ་སོང་།  ཁོང་གི་གནང་སྟངས་འདིས་ད་ལྟའི་རྒྱ་ནག་ལ་ཤུགས་རྐྱེན་ག་རེ་ཐེབས་པ་དང་རྒྱ་མིའི་ཐད་ནས་ངོས་ལེན་བྱེད་སྲིད་དམ།

ཞུའུ་ཕེ། ངས་བསམ་བློ་བཏང་ན། འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ མཆོག་པཎ་ཆེན་སྐུ་ཕྲེང་ ༡༠ ལས་རྟོག་པ་མཐོ་བའི་རྟགས་གཅིག་རེད། ཁོང་གིས་གོ་སྐབས་འདི་བཟུང་ནས་སྐྱ་སེར་གཉིས་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱུན་ཤེས་ངོ་སྤྲོད་གནང་ཡོད་ཅིང་། ཀློག་མཁན་རྣམས་ཀྱིས་ཀྱང་ནང་བསྟན་དང་དམར་ཤོག་ཚོགས་པ་ངོ་བོའི་ཆ་ནས་འགལ་ཟླ་ཡིན་པ་རྟོགས་ཐུབ་པ་ཞིག་དང་། དེར་བསྟུན་ནས་དམར་ཤོག་གཞུང་གི་འབྲེལ་ཡོད་སྲིད་ཇུས་ཐལ་མཐའ་ལྷུང་ཟིན་པའང་ཤེས་ཡོང་གི་འདུག  རྒྱ་མི་ངོ་མ་ཞིག་ཡིན་ན་ཁོང་གི་གསལ་བསྒྲགས་འདིར་ངོས་ལེན་བྱེད་ཐུབ་པ་ཞིག་རེད། དམར་ཤོག་གཞུང་གིས་པཎ་ཆེན་རྫུན་མ་ཞིག་བཟོས་རྗེས། ཡང་བསྐྱར་ཏཱ་ལའི་རྫུན་མ་ཞིག་བཟོ་འདུན་འཆིང་བཞིན་པའང་རེ་སྟོང་དུ་གྱུར་བ་རེད། བློ་ཕངས་དགོས་པ་གཅིག་ནི་ཏཱ་ལའི་བླ་མས་ང་ཕོད་ངག་དབང་འཇིགས་མེད་ལ་བཟུང་བའི་རྣམ་འགྱུར་རེད། ཁོང་གིས་ང་ཕོད་ཀྱི་དམར་ཤོག་དཔོན་གནས་གླེང་ཡོད་པར་མ་ཟད། ང་ཕོད་ཀྱི་འཆལ་གཏམ་བཀོལ་ནས་གོ་མིན་ཏང་གིས་མ་གཏོགས་གུང་ཁྲན་ཏང་གིས་རྫུན་མི་བཤད་པ་ལྟ་བུའི་ཚོར་བ་ཞིག་སྤྲད་ཡོང་གི་འདུག དོན་ལ་མི་སེར་དོན་གསུམ་རིང་ལུགས་ལངས་ཕྱོགས་སུ་བཟུང་བའི་གོ་མིན་ཏང་དང་གུང་ཁྲན་ཏང་ལ་གནམ་སའི་བར་ཁྱད་ཡོད་ལ། ཕྱི་ལོ་ ༡༩༤༩ ལོའི་རྗེས་ཀྱི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པ་ཞིག་རེད།

གསལ་བསྒྲགས་འདིའི་ནང་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཁོང་ངོས་འཛིན་གནང་སྐབས་ཐེ་གཏོགས་བྱས་མེད་པ་གསལ་བོར་བཀོད་འདུག ཡིན་ནའང་། ང་ཕོད་ལྟ་བུའི་བོད་ཀྱི་བླ་བཙོང་མཁན་ཞིག་གི་སྐད་ཆ་ལུང་འདྲེན་གནང་བ་ཡིན་ན། མི་སེམས་སྒུལ་མི་ཐུབ་པའི་ཁར་གནོད་པ་ཐེབས་མི་སྲིད་པའང་མ་རེད། ངས་བསམ་བློ་བཏང་ན། ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་མི་སེར་རྒྱལ་ཁབ་དང་རྒྱ་ནག་དམར་ཤོག་རྒྱལ་ཁབ་གཉིས་ཀྱི་ངོ་བོའི་དབྱེ་བ་ཆེར་ཤེས་ཐུབ་མེད་པར་སྣང་ཞིང་། གཅིག་བྱས་ན་དམར་ཤོག་གཞུང་གི་ཤུགས་རྐྱེན་ཐེབས་ཡོད་སྲིད་པ་ཞིག་རེད། རྒྱུ་མཚན་ནི་ཏཱ་ལའི་བླ་མས་ནམ་རྒྱུན་དམར་ཤོག་མགོ་གཙོ་མའོ་ཙེ་ཏུང་ལ་དགའ་བོ་ཡོད་ཚུལ་གསུང་གི་འདུག ཡིན་ནའང་། ཏཱ་ལའི་བླ་མས་མའོ་ཙེ་ཏུང་དང་སི་ཏ་ལིན། ཧའེ་ཐི་ལི་གསུམ་དུས་རབས་ཉི་ཤུ་བའི་མི་གསོད་ལག་དམར་ཆེན་པོ་གསུམ་ཡིན་པ་ཤེས་མེད་པ་ཞིག་ཡིན་སྲིད་ཀྱི་མ་རེད།

 

གནམ་ལོ། ཁྱེད་ཀྱིས་རྩ་ཆེའི་དུས་ཚོད་གང་མང་ཞིག་བཀོལ་ནས་དྲི་བར་ལན་བསྐྱོན་པར་ཐུགས་རྗེ་ཆེ། མཇུག་མཐར་ཁྱེད་རང་ལ་ངའི་ཀློག་པ་པོར་བཤད་འདོད་པའི་སྐད་ཆ་འདྲ་ཡོད་དམ།

ཞུའུ་ཕེ།  ངས་ཁྱོད་དང་མཉམ་དུ་བགྲོ་གླེང་བརྒྱུད་ནས་བོད་མི་རྣམས་ལ་སེམས་གཏམ་དང་ལྟ་ཚུལ་བརྗོད་རྒྱུ་བྱུང་བར་ཤིན་ཏུ་དགའ་སོང་། ང་རང་ལ་མཚོན་ན། འཇིག་རྟེན་འདིར་བོད་མི། རྒྱ་མི། ཡང་ན་མི་རིགས་གཞན་པ་གང་གི་མི་ཡིན་ཡང་ཐམས་ཅད་ལས་རྒྱུ་འབྲས་ཀྱི་འབྲས་བུ་ཡིན་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། ང་རང་རྒྱ་མི་བྱེད་པར་དགའ་བོ་ཡོད་ནའང་། མི་རིགས་ཀྱི་རྒྱ་ལས་བརྒལ་ནས་དྲང་བདེན། བྱམས་བརྩེ། བཟོད་བསྲན་བརྒྱུད་བསྒྲགས་ཀྱིས་འཐབ་རྩོད་པ་རྫུན་མ་ཚོར་ཁ་གཏད་གཅོག་གི་ཡོད།

རྒྱ་དམར་གཞུང་གིས་ཏཱ་ལའི་བླ་མ་གདོན་འདྲེ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། དོན་ལ་རྒྱ་དམར་གཞུང་ནི་གདོན་འདྲེ་ངོ་མ་དེ་རེད། ཏཱ་ལའི་བླ་མས་ཀྱང་། “ རྒྱ་དམར་གཞུང་གིས་ཐོག་མར་མའོ་ཙེ་ཏུང་དང་ཏིན་ཞའོ་ཕེན་ལ་ཡང་སྲིད་བཙལ་རྗེས། ད་གཟོད་ཁོང་གི་ཡང་སྲིད་ལ་ཐེ་གཏོགས་བྱས་ཆོག ” ཞེས་གསུངས་འདུག ཡིན་ནའང་། ངས་བསམ་བློ་བཏང་ན། མའོ་དང་ཏིང་ལྟ་བུའི་མི་གསོད་ལག་དམར་གཉིས་སྔ་མོ་ནས་དམྱལ་བར་ལྷུང་ཚར་བ་རེད། གང་ཞིག་ནས་མི་རུ་སྐྱེ་བའི་གོ་སྐབས་ཡོད་དམ། ནང་བསྟན་ནི་བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཅན་ཞིག་ཡིན་མོད། ཟིལ་ཤུགས་ཀྱང་ཡོད་པས། རེ་བ་ཡིན་ན་བོད་མི་ཚོས་ཡིན་མིན་དབྱེ་འབྱེད་དང་བཟང་ངན་གོ་འབྱེད་ཀྱིས་དམར་ཤོག་ཚོགས་པར་མཉམ་འབྲེལ་མི་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད།

གནམ་ལོ། ཡང་བསྐྱར་འབུམ་རམས་པ་ཞུའུ་ཕེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་ནི་བདེན་དོན་འཚོལ་བའི་མི་རབས་ཤིག་ཡིན་པས།  བོད་རྒྱ་གཉིས་རང་ལྟ་མཆོག་འཛིན་ལས་བརྒལ་འོས་པར་རེ་བ་ཤིན་ཏུ་ཆེ།

ཕྱི་ལོ ༢༠༡༡ལོའི་ཟླ ༩ཚེས ༢༨ཉིན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 16

  1. དུག་མདའ། says:
    ལོ་ 14 སྔོན།

    མོས་རང་ལུགས་མང་པོ་ཞིག་བཤད་འདུག ང་འབྲོག་པས་བསམ་ཚུལ་ལ། བོད་ནས་དགྱ་རྒན་འདི་ཚོ་གར་སོང་འདིར་སོང་མེད་པ་ཞིག་ཆགས་ན་འགྲིག་གི་ཡོད། ཡང་མོས་རང་མི་རིགས་ཀྱི་གཞུང་ལ་ངན་བཤད་བྱེད་ཀྱིན་འདུག དགྱ་ཚང་མ་ལྷམ་ཚོང་བརྒྱབ་ནས་ནི་འདུག་མི་སྲིད་པས་འདི་ཡང་མོའི་མི་ཚེའི་འཚོ་ལམ་ཞིག་ཡིན་རྒྱུ་རེད། དེ་མ་གཏོགས་རྒྱ་མི་ཞིག་ཡིན་པས་ཆ་ནས་རང་མི་རིགས་ཀྱི་ད་ལྟའི་བྱས་རྗེས་ལ་འདོད་པ་མ་ཁེངས་བ་ག་ལ་ཡོང་སྲིད།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཇོ་ཚེ་ལགས།
    གཅིག་ ངའི་སྐད་ཆའི་དོན་གོ་བར་གྱིས། མར་ལེ་རིང་ལུགས་པས། མར་ཁེ་རིང་ལུགས་པ་ཞིག་ཡིན་ན་དམངས་གཙོ་རིང་ལུགས་པ་ཞིག་ལས་ལྷག་དགོས་ཞེས་གསུངས་ཡོད། འོན་ཀྱང་ད་ལྟའི་གུང་ཁྲན་ཏང་མི་རྣམས་དམངས་གཙོ་རིང་ལུགས་པ་ཞིག་ཕར་ཞོག་སྤྱིར་བཏང་གི་མི་ཡག་ཙམ་ཞིག་གི་ལྟ་སྤྱོད་ཀྱང་མེད་པ་རེད།
    གཉིས། ངས་མར་ཁེ་སིའི་གཞི་རྩའི་ལྟ་བ་ཚན་རིག་དང་མཐུན་པ་བཤད་ཡོད་མ་གཏོགས་ཡོད་ཚད་ཡང་དག་ཡིན་ཚུལ་བཤད་མེད་ལ་་གུང་ཁྲན་རིང་ལུགས་ཟེར་བ་དེ་མངོན་འགྱུར་ཐུབ་ཚུལ་ཞིག་དེ་བས་ཀྱང་བཤད་མེད།
    གཞན་གྱི་ལྟ་ཚུལ་དགག་ན་གཞན་གྱི་བསམ་ཚུལ་ཡག་པོ་ཤེས་དགོས།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ཐུན་མོང་ཐོན་སྐྱེད་རང་ལུགས་(གུང་བྲན་རང་ལུགས)་་་་ཅི་འདྲའི་ཡ་མཚར་བ་ཞིག་རེད་ཨང་། འགྲོ་བ་མི་ཚང་མའི་ཁམས་དང་མོས་པ། བསམ་བློ་དང་རིན་ཐང་ལྟ་བ་མཐའ་དག་གཅིག་སྡུད་དབང་སྒྱུར་བྱས་ཏེ་ཚང་མ་ཟ་ཟུར་ཁ་དོག་མེད་པར་ལེབ་ལེབ་ཅིག་ཏུ་བཏང་སྟེ། འཕྲུལ་འཁོར་ལྟ་བུ་ཞིག་ཏུ་གྱུར་རྗེས་ད་གཟོད་་་ཐུན་མོང་ཐོན་སྐྱེད་རང་ལུགས་ཟེར་བ་ཞིག་འབྱུང་ཐུབ་ན་ཐང་།

    Reply
  4. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    ཆབ་བྲག་གིས་ཀྱང་བཤད་ཀྱིན་བཤད་ཀྱིན་འུད་བཤད་ཉོག་གཏམ་རང་བཤད་ཀྱིན་འདུག གུང་བྲན་རང་ལུགས་ཟེར་བ་དེ་དངོས་པོའི་གཤིས་ལུགས་དང་མཐུན་པ་ཞིག་རེད་དམ། དོན་དངོས་ལག་ལེན་རུང་བ་ཞིག་རེད་དམ། གུང་བྲན་རང་ལུགས་མངོན་འགྱུར་གྱི་ལམ་དང་ལུགས་སྲོལ་གང་འདྲ་ཞིག་ཡིན་ནི་རེད། ཁྱེད་ཀྱིས་འགྲེལ་བཤད་ཅིག་སྐྱོན་དང་། ཁྱོད་ཀྱིས་བཤད་པ་ལྟར་གུང་བྲན་རང་ལུགས་ནི་དམངས་གཙོའི་རང་ལུགས་ལས་ཀྱང་ལྷག་པ་ཞིག་ཡིན་པ་དངོས་དཔང་ར་སྤྲོད་བྱུང་བ་ཡིན་ན། འོ་ན། འཛམ་གླིང་མི་མང་ཡོངས་ཀྱིས་དམངས་གཙོའི་རང་ལུགས་མགོ་རྟིང་སློག་ཏེ་གུང་བྲན་རང་ལུགས་སུ་བསྐྱོད་དགོས་པ་མ་ཡིན་ནམ། རྒྱུ་མཚན་དང་གནས་ལུགས་ཅི་ཞིག་ལ་བརྟེན་ནས་ད་དུང་དམངས་གཙོ་བརྩོན་ལེན་བྱས་འདུག་དགོས་པ་རེད། གུང་བྲན་རང་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་དངོས་ཡོད་འཚོ་བར་འབྱུང་ཐབས་མེད་པའི་སྟོང་བསམ་རང་ལུགས་པ་ཞིག་རེད། གུང་བྲན་རང་ལུགས་མ་ཤེས་པར་གུང་བྲན་ལ་རྨོངས་དད་བྱས་ན་དེར་ཁྱོན་མི་འདུག

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ༼ང་རང་ད་དུང་བོད་ཀྱི་རྒྱ་མི་ཞིག་ལ་བརྩི་ཐུབ་རྒྱུ་མ་རེད།༽ཐོས་རྒྱ་ཆུང་སོང་བས་ཡིན་ནམ་་་་གང་ལྟར་གཏམ་འདི་རྣ་བར་མི་མཛའ་ནི་ཞིག་རེད གནམ་ལོ་ལགས་ཀྱི་འདིའི་ཐོག་སྐད་ཆ་དྲིས་མེད་པ་འདི་་་མོའི་བསམ་ཚུལ་དང་མཐུན་པས་ཡིན་ནམ་ཡང་ན་གཞན་ཞིག་་་་་་་་ངའི་འདི་མ་གཏོགས་གསར་བ་ཅི་ཡང་མ་གོ་ཐ

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་པའི་མིང་ཅན་ལགས།
    མར་ཁེའི་ལྟ་བ་དེ་རྩོད་སྒྲུབ་དངོས་གཙོ་སྨྲ་བ་རེད། གཞི་རྩའི་ཆ་ནས་ཡང་དག་པ་ཡིན། སྐད་ཆ་གཞན་ཞིག་ནས་བཤད་ན་ཚན་རིག་གི་ལྟ་བའི་རྨང་གཞི་བྱས་ཡོད།
    ཐམས་ཅད་མཁྱེན་པ་ཚང་ནོར་ཡོད་མེད་དེ་ཁྱེད་ཀྱིས་མཁྱེན་སྲིད་ན་མ་གཏོགས་ངས་མི་ཤེས།
    ཆབ་སྲིད་ཀྱི་ཐད་ནས་་སྐབས་དེར་སྤྱི་ཚོགས་ལམ་ལུགས་གསར་བརྗེ་བྱེད་དགོས་པ་དང། འབྱོར་མེད་གྲལ་རིམ་ཡར་ལ་ལངས་དགོས་པ། མི་རིགས་ཚང་མ་འདྲ་མཉམ་དང་མི་རིགས་རང་བཙན་གྱི་ཐོབ་ཐང་ཡང་ཡོད་པ་ནས་གྲལ་རིམ་དང་མི་རིགས་་རྒྱལ་མཚམས་མེད་པའི་ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ལ་བློ་ཁ་ཕྱོགས་དགོས་ཚུལ། དཔལ་འབྱོར་ཐད་ནས་ཀྱང་མ་ལས་ན་མི་ཐོབ་པ་དང་་རྩོལ་བསྟུན་མཁོ་སྤྲོད་སོགས་ཀྱི་ལྟ་བ་དེ་དག་ཡག་པོ་མིན་པའི་རྒྱུ་མཚན་བཤད་དཀའ། མདོར་ན་གུང་ཁྲན་རིང་ལུགས་པ་ངོ་མ་ཞིག་ཡིན་ན་དམངས་གཙོ་རིང་ལུགས་པ་ཞིག་ལས་ལྷག་དགོས་པའི་ཚད་གཞི་དེ་དག་ཡག་པོ་མིན་པ་དང་ཡང་དག་མ་ཞིག་མིན་པར་ལག་ལག་བསྟར་མཁན་རྒྱ་དམར་གཞུང་སོགས་ཀྱིས་མར་ལེའི་དར་ཆ་ཕྱར་ནས་མར་ལེ་རྫུན་མ་སྤེལ་བས་ད་ལྟའི་གནས་བབ་འདི་འདྲར་ལྷུང་བཞིན་པ་རེད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བོད་པ་ལགས། “གོ་མིན་ཏང་གིས་མ་གཏོགས་གུང་ཁྲན་ཏང་གིས་རྫུན་མི་བཤད་པ་ལྟ་བུའི་ཚོར་བ་ཞིག་སྤྲད་ཡོང་གི་འདུག”ཅེས་པ་ཁོ་མོའི་སྐད་ཆ་རེད། ང་ཕོད་ཀྱི་སྐད་ཆ་དེས་གུང་ཁྲན་ཏང་གིས་རྪུན་བཤད་ཀྱིན་ཡོད་པར་སྐྱོན་བརྗོད་བྱས་ཡོད། འདས་གུང་ཁྲན་ཏང་རྫུན་མི་བཤད་མཁན་ཞིག་ཡིན་པར་ཐེ་ཚོམ་སྐྱེ་དགོས་དོན་མེད། ལུང་འདི་དྲངས་དོན་ཡང་གོ་གུང་གཉིས་ནས་ཆབ་སྲིད་ཀྱི་སྒྲོག་གཏམ་སྤེལ་གྱིན་པ་གསལ་བོར་བསྟན་ཡོད།
    ཅིང་ཅེ་ཧྲི་རྗེས་འབྲེལ་བའི་གོ་མིན་ཏང་གིས་ཀྱང་བོད་ལ་ཁ་ཡག་དང་རྫུན་གཏམ་ཅི་ཙམ་བཤད་ཡོད་པ་འབུམ་རམས་མ་དང་ཁྱེད་རང་གཉིས་ཀས་ད་དུང་མི་ཤེས་ན་ཁག་མི་འདུག ཡིག་ཆ་ཀློགས།

    Reply
  8. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བོད་མི་ཆོས་ལྡན་ཚོས་གུང་ཁྲན་ཏང་གི་གཅིག་སྡུད་མགོ་ཁྲིད་ངོས་ལེན་པའི་ཐོག་ནས། ཏང་གི་ཁྲིམས་འོག་ནས་རང་སྐྱོང་འཚོལ་རྒྱུ་ཡིན་ཟེར་བ་འདི་ཚད་ག་འདྲ་ཞིག་ནས་གོ་བ་ལེན་དགོས་མིན་དངོས་གནས་ཤེས་ཁག་པོ་འདུག ཏང་གི་མགོ་ཁྲིད་ཡིན་པའི་རང་སྐྱོང་ཞེས་པ་འདི་མཚན་ཉིད་ལྟ་གྲུབ་ཀྱི་ཐད་ནས་ག་འདྲ་ཞིག་ཆགས་ཀྱི་ཡོད་ན། དེང་སྐབས་རྒྱ་དམར་གཞུང་གིས་སྒྲོགས་བཞིན་པའི། གུང་བྲན་རིང་ལུགས་ཀྱི་གཅིག་སྡུད་དམངས་གཙོ་དང་། ཏང་ནང་གི་དམངས་གཙོ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ལམ་ལུགས། ཀྲུང་གོའི་གཞི་རྩའི་ཁེ་ཕན་སྲུང་སྐྱོང་གི་ཕྱི་འབྲེལ་ལམ་ལུགས་ཟེར་བ་འདིའི་རིགས་ནི། སྨུག་ལ་ལུང་ནང་གི་རི་དྭགས་ལྟ་བུ་རེད། གཞན་འཁྲུལ་བྱེད་དང་ཁ་གཡར་ས་ཙམ་ལས་རིག་པས་དཔྱད་དེ་ལེགས་ཉེས་བགར་སའི་གཞི་ཞིག་རྙེད་ས་ཡོད་པ་མ་རེད།

    Reply
  9. བོད་པ་ says:
    ལོ་ 14 སྔོན།

    ཆབ་བྲག་གིས་་་་་གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་ཟེར་བ་གོ་མི་འདུག ཁོ་མོས་གོང་མིན་ཏང་སྐྱག་རྫུན་བཤད་ཅིག་མཁན་མ་རེད། བདེན་པ་བཤད་མཁན་ཅིག་རེད་ཟེར་གི་ཡོད་པ་རེད། དེིའ་ཕྱིར་ང་ཕོད་ཀྱིས་གོང་མིན་ཏང་སྐྱག་རྫུན་བཤད་མཁན་ཡིན་ཤག་ཤག་བྱས་པ་ནོར་བ་རེད་ཟེར་གི་ཡོད་པ་རེད།

    Reply
  10. བོད་པ་ says:
    ལོ་ 14 སྔོན།

    རྒྱ་མོའི་་བཤད་པ་འདི་གསར་བ་གང་ཡང་མ་རེད། ནམ་རྒྱུན་ཧྥ་ལོང་གོང་གི་བཤད་བཞིན་པའི་སྐད་ཆ་དེ་དག་རེད། བརྒྱ་ཆའི་གོ་ལྔ་བདེན་པ་རེད། རྒྱབ་སྐྱོར་ཡོད། ང་ཚོ་བོད་ཚོས་ལས་བརྒྱ་འགྱུར་སྟོང་འགྱུར་གི་ཧྥ་ལོང་གོང་གི་དམར་ཕྱོགས་ལ་འཚང་འབྱིན་བྱེད་ཐུབ་གི་འདུག དེ་ཕྱིར་ཁོ་བོའི་གྲོགས་པོ་ཁ་ཤས་ལ་གུང་ཁྲན་ཏང་གི་དཔྱད་པ་དགུ་སྐོར་མ་དང་་རྒྱབ་ཤ་དམར་པོའི་དེབ་སོགས་བོད་ཡིག་ཐོག་བསྒྱུར་བར་སྐུལ་མ་བྱས་པ་ཡིན་མོད་བསྒྱུར་མཁན་བྱུང་མ་སོང་། འདི་ནས་ཡང་གནམ་ལོ་ཡག་སོགས་ལ་དེབ་དེ་དག་བསྒྱུར་ཐུབ་པའི་སྐུལ་མ་བྱེད་གི་ཡོད།
    བོད་པའི་ནང་གུང་ཁྲན་གི་ལྟ་བ་ལ་སྐྱོན་ཡོད་པར་ཤེས་མཁན་གཅིག་ཀྱང་མཐོང་མ་སོང་། གུང་ཁྲན་གི་ལྟ་བ་ལ་སྐྱོན་ཆེན་པོ་ཡོད་པ་རེད། ནུབ་ཕྱོགས་ཀྱི་མཁས་པ་དང་ཆབ་སྲིད་པ་ཚོས་གུང་ཁྲན་གི་ལྟ་བ་ལ་སྐྱོན་བརྒྱག་གི་ཡོད་པ་རེད། ལྟ་བ་སྐྱོན་ཡོད་ན་དེ་སྒྲུབ་མཁན་ལ་སྐྱོན་པ་ཡོད་པ་བཤད་མ་དགོས་པ་རེད།
    ༧་གོང་ས་མཆོག་གི་ཁོང་མར་ཁེ་སི་ཕྱེད་ཀ་ཡིན་གསུངས་པ་དང་་མར་ལེའི་ལྟ་གྲུབ་ཡག་པོར་གསུངས་པ་ལ་དགེ་དབང་གཞན་པ་ཞིག་གཟིགས་པ་མིན་ན་ཁོང་ནོར་བ་རེད། མདོར་བསྡུས་ནས་བཤད་ན་གུང་ཁྲན་གི་ལྟ་བ་རང་བྱུང་གི་ཆོས་ཉིད་དང་འགལ་ནས་བསྡད་ཡོད་པ་རེད།

    Reply
  11. བོད་པ་ says:
    ལོ་ 14 སྔོན།

    ༡ གནམ་ལོས་ཁུར་བླངས་བ་ཡག་པོ་རེད། ཡིན་ན་ཡང་བོད་ནས་སྐྱེས་བའི་རྒྱ་མི་ལ་བོད་ཀྱི་རྒྱ་མི་བཏགས་ན་ཉེན་ཚབ་ཆེནཔོ་་རེད། དེ་ལྟར་ན་མང་མོའིའོས་བསྡུ་བྱེད་དགོས་བྱུང་ན་རྒྱ་མི་ས་ཡ་བདུན་བོད་ན་ཡོད་པས་བོད་ས་ཡ་དྲུག་ཙམ་གི་རླགས་མི་ཁེལ།

    Reply
  12. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གཅིག“གོང་མིན་ཏང་གིས་སྐྱག་རྫུན་བཤད་པ་དེ་ལྟར་ང་ཚོ་གུང་ཁྲན་ཏང་གིས་དེའི་རྗེས་སུ་རྒྱུགས་ནས་མུ་མཐུད་སྐྱག་རྫུན་བཤད་དགོས་དོན་ག་རེ་ཡོད་དམ།”ཞེས་པའི་ལུང་འདྲེན་འདིའི་གོ་དོན་འབུམ་རམས་མས་མ་གོ་བ་འདྲ་བོ་ཞིག་འདུག ལུང་དེས་གོ་མིན་ཏང་མ་ཟད་གུང་ཁྲན་ཏང་གིས་ཀྱང་སྐྱག་རྫུན་བཤད་ཀྱིན་ཡོད་པ་བདེན་དཔང་བྱས་ཡོད། དེ་ཡང་སྤྱིར་བཏང་གི་མི་ཞིག་མིན་པར་ཏང་གིས་གསོ་སྐྱོང་དང་རེ་བ་བཅོལ་སའི་ང་ཕོད་ཀྱིས་གསུངས་པ་དྲངས་པར་དོན་སྙིང་ཆེ།
    གཉིས། ཡིད་བཞིན་ནོར་བུས་ཁོང་མར་ཁེ་སི་ཕྱེད་ཀ་ལྟ་བུ་ཡིན་གསུངས་པ་དེ་ཡང་མར་ལེའི་ལྟ་གྲུབ་ཀྱི་ཆ་ནས་ཡག་པོར་གཟིགས་ནས་གསུངས་པ་ཞིག་རེད། ལྟ་གྲུབ་དང་དེ་ལག་བསྟར་བྱེད་གཉིས་གཅིག་པ་མིན། ནང་ཆོས་ལ་མཚོན་ཡང་ནང་ཆོས་ཁ་ལ་ཁྱེར་བའི་ཞབས་འདྲེན་པ་ཧ་ཅང་མང།
    ལྷ་སྡེ་གནམ་ལོ་ཡག་གིས་བོད་དོན་ལ་ཚོར་ཤེས་རྣོ་བའི་རྒྱ་མོ་ཞིག་བཙལ་ནས་བཅར་འདྲི་རྒྱས་པ་ཞིག་གནང་བས་རྣམ་པ་གཉིས་ལ་བཀའ་དྲིནཆེ་ཞུ་བ་དང་ལྷན་དུ་དོན་དག་དེ་གཉིས་ཀྱང་མོའི་རྣ་སྒོར་འཇོག་རོགས་ཞུ།
    ད་ལྟ་རྒྱ་མི་ཤེས་ཡོན་ཅན་ཚོའི་བསམ་ཚུལ་ཅི་རིགས་ཚུར་བསྡུ་བྱ་རྒྱུ་འདི་ང་རང་ཚོས་ནང་ཁུལ་གླེང་མོལ་ལས་གལ་ཆེ་བས་མུ་མཐུད་འདི་རིགས་ཇེ་མང་ལ་གཏོང་རོགས་ཀྱི་འབོད་སྐུལ་འབྲེལ་ཡོད་ཚང་མར་ཞུ་འདོད་བྱུང།

    Reply
  13. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    རྒྱའི་འབུམ་རམས་པ་ཞུའུ་ཕའེ་ཟེར་བ་མོ་རྒྱའི་སྐད་ཡིག་རང་ལ་བྱང་ཆུབ་པ་ཞིག་ཡིན་ཚོད་འདུག ང་ཚོའི་འབུམ་རམས་པ་ཁོང་རང་གི་སྐད་ཡིད་ཀློག་ཤེས་ཙམ་གྱི་འབུམ་རམས་པ་ཞིག་ཡིན། ཡིན་ནའང་ས་ཆའི་ཚོད་ཀྱི་རི་དྭགས་ཡིན་པས་བཤད་རྒྱུ་ཅང་མེད། ཞུའུ་ཕའེ་ཡི་སྐད་ཆ་བློ་ལ་འཐད་ཤོས་དེ་གཅིག་གྱུར་དང་རང་བཙན་གང་ཡིན་ཀྱང་སྟག་ལ་སྟག་སྤགས་སློང་བ་འདྲ་ཚུལ་དང་། དེ་ལས་སྔོན་ལ་དམར་གཞུང་མགོ་རྟིང་སློག་དགོས་ཚུལ་སོགས་རེད།

    Reply
  14. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    སྐད་ཆ་རྣ་བར་ལྷུངས་འགྲོ་བ་ཞིག་ནི། ༧རྒྱལ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་ཀྱི་རེད་མ་རེད། ཕེབས་འཇུག་གི་རེད་མ་རེད། ག་དུས་ཕེབས་ཐུབ་ཀྱི་ཡིན་སྐོར་གསལ་བ་འདི་རེད། འདི་སྙིང་རྗེ་བོ་དང་བསམ་བློ་གཏོང་དགོས་ས་ཞིག་མིན་འགྲོ ཁོ་མོ་ལྟ་བུའི་རྒྱ་ནག་པ་དག་ཀྱང་སྤྱི་མཚུགས་དམར་ཤོག་ཚོགས་པས་ཕ་ཡུལ་དུ་ཕེབས་རྒྱུར་འགོག་གི་ཡོད་ན། རང་རེའི་བོད་མི་ཚོས་བསམ་བློ་ཞིག་གཏོང་དགོས་རྒྱུ་རེད། ལྷག་པར་ཏུ་མགོ་འཚོས་མཁན་ཚོས་བསམ་བློ་ཞིག་བཏང་ན་དགའ་ས་རེད། གནད་དོན་འདི་དང་འབྲེལ་ནས་ཁ་སང་བོད་ནས་ཡོང་མཁན་ཞིག་གིས་བརྗོད་གསལ་ལ། འདི་གར་ལས་ཀ་བྱེད་མཁན་ཁ་ཤས་ཀྱི་མིང་དང་པར་བསྟན་ཏེ། ཕ་ཡུལ་དུ་ཡོང་འདོད་ཡོད་ན་བྱེད་བཞིན་པའི་ལས་ཀ་མཚམས་འཇོག་བྱས་ན་དགའ་བའི་ཉེན་བརྡ་སྣང་མེད་ཐོག་བཏང་འདུག དེ་ནི་མི་དཀྱུས་མ་ཞིག་བོད་དུ་ལོག་ཆོག་མིན་གྱི་སྐོར་རེད། དེ་ནས་ང་ཚོར་མགོ་བསྐོར་ཐེབས་མིན་ཡང་ཤེས་གསལ་ཐོག སྐད་ཆ་འདི་བཀའ་ཁྲིའི་དམ་བཅའ་ལས་འཕྲོས་པ་དེ་དེ་བས་ཀྱང་ཡག་པོ་འདུག

    གཉིས་ནས་སྐད་ཆ་རྩ་ཆེན་པོ་ཞིག་ལ། དམར་ཤོག་ཚོགས་པ་དང་རྒྱ་མི་གཉིས་ལ་བཤིབ་བསྡུར་ཞིག་བྱས་བཞག་པ་དེ་རེད། བཙན་བྱོལ་ནས་རྒྱ་ནག་མི་མང་ལ་དམར་ཤོག་ཚོགས་པས་བོད་དང་སྤྱི་མཚུངས་ཀྱི་གཉའ་གནོན། གསོད་གཏུབ། གསར་བརྗེ་བྱས་པ་ཕལ་ཆེར་ཤེས་ཡོད་ཀྱི་རེད་འདོད་མོད། འོན་ཀྱང་འདི་གའི་བུ་བཅོལ་ཁང་ཞིག་ཏུའང་བྱིས་པ་ཚོས་འཁོན་རེས་བྱེད་དུས་ལམ་སེང་༼ རྒྱ་མི་ ༽ཟེར་བའི་ཚིག་དེ་ཐོན་ཡིང་གི་འདུག བྱིས་པ་ཆུང་ཆུང་དེ་ཚོར་རྒྱ་མི་ཟེར་དུས་འཇིགས་སུ་རུང་བ་མཚོན་ཆ་ཐོགས་མཁན་འདྲ་བོ་ཞིག་གི་སྣང་བརྙན་བསྐྲུན་འདུག དེ་བཞིན་སློབ་མཐར་ཕྱིན་ནས་ལས་བྱེད་པའི་ནང་དུའང་རྒྱ་མི་ཟེར་ན་ཚོར་བ་ཡ་མཚན་ཞིག་ཡོད་པ་རེད། དེ་ཚང་མར་གསལ་བོ་རེད། ཡིན་ནའང་ཚོར་བ་སྤྲད་བཞག་པའི་སློབ་གསོ་འདི་འགྲིག་མིན་ངས་གླེང་མི་ཐུབ་ཀྱང་། སློབ་གསོ་དེ་སྤྲོད་དགོས་དོན་༼ རྒྱ་མི་༽ཤེས་ནས་སྤྲད་པ་ཡིན་མིན་ང་ལ་དོགས་པ་རེད། རྒྱུ་མཚན་དེ་འདྲས་ང་ཚོས་རྒྱ་མི་གཅིག་དང་། ཡང་ན་རྒྱ་ནག་མི་མང་། དེ་བཞིན་དམར་ཤོག་ཚོགས་པ་ཟེར་བའི་འགག་སྒོ་ཡོད་ཚད་ཀྱི་གནས་སྟངས་ཤེས་རྟོགས་ཐུབ་མིན་དང་། ཤེས་ཡོད་མེད་སུས་ཀྱང་ཚིག་ཐག་ཆོད་པོས་ཞུ་ཐུབ་རྒྱུ་མ་རེད་འདོད།

    Reply
  15. གནས་ཚང་། says:
    ལོ་ 14 སྔོན།

    འ་ལེ། ཐེ་ཝན་ལ་འབུམ་རམས་པ་དེ་འདྲ་མང་པོ་རེད་པས། བོད་ལ་འབུམ་རམས་པ་ག་ཚད་ཡོད་དམ། སྐད་གཉིས་སྐད་གསུམ་རྩོམ་པ་པོ་ག་ཚད་ཡོད་དམ། ལོང་བའི་སྐད་ཆ་རང་རེད།

    Reply
  16. ཟིལ་ཁྲོམ། says:
    ལོ་ 14 སྔོན།

    འབུམ་རམས་པའི་མིང་དང་ལག་ཁྱེར་ཡོད་ཙམ་ལ་ཧ་ལས་རྒྱུ་མི་འདུག དཔེར་ན་ཐེ་ཝན་གཅིག་པུ་ལ་མཚོན་ན། ལོ་རེ་རེ་ལ་སློབ་ཕྲུག་འབུམ་རམས་པའི་ལག་ཁྱེར་ཐོབ་མཁན་ཁྲི་གཉིས་ཡར་མར་རེད་འདུག །འོན་ཀྱང་ལས་ཀ་མེད་མཁན་གྱི་འབུམ་རམས་པ་མང་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese