མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆིག་སྒྲིལ་གྱི་སེམས་པ་དང་གཅིག་གྱུར་གྱི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཆིག་སྒྲིལ་གྱི་སེམས་པ། གཅིག་གྱུར་གྱི་ངོ་རྒོལ། བདེན་དོན་གྱི་གཟི་བརྗིད། རྒྱལ་ཁ་ཡི་རེ་བ།

ཆབ་བྲག་ཕོ་ཉ།

ལོ་རྒྱུས་ཀྱི་གོད་ཆག་ཅི་འདྲ་ཞིག་བྱུང་བ་ལ་མ་ལྟོས་པར་མགོ་ནག་རྩམ་གཟན་ནམ་གདོང་དམར་བོད་པ་ཚང་གི་བུ་རབས་ཚ་རྒྱུད་དག་གིས་མི་རིགས་ཤིག་གི་ལར་ཞེན་དང་རིག་གཞུང་ཞིག་གི་སྤོབས་པ། བདེན་དོན་ཞིག་གི་སྙིང་སྟོབས་དང། ཡིད་ཆེས་ཤིག་གི་རེ་སྨོན་བཅས་ལ་བརྟེན་ནས་འཕག་འཚག་རྒྱུན་མར་བྱས་ཏེ་འགྱེལ་ས་ནས་ལངས་པར་ལན་དགུ་ཆད་དུ་འབད་ཡོད་ལ་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད། མ་མཐར་ཡང་ངས་བལྟས་ན་གཉིད་ལས་སད་དང་སད་བཞིན་པ་རེད། ད་དུང་མང་པོ་ཞིག་གིས་རེ་བ་ཆེ་ས་ཞིག་ལ་དམིགས་ཏེ་བློས་གཏོང་ཡང་ཆེན་པོ་ཞིག་གི་མགོ་ཚུགས་ཡོད།  འདི་ནི་ཚེ་སྲོག་ཅིག་གི་ངོས་ནས་བལྟས་ན་ཡ་ང་བ་དང་སྙིང་རྗེ་བ་ཕངས་སེམས་ཆེ་བ་ཞིག་ཡིན་པར་མ་ཟད། ཆེས་གཟི་བརྗིད་དང་རླབས་ཆེན་ཞིག་ཀྱང་ཅི་ལ་མིན། ལྷག་པར་དུ་རང་རིགས་ལ་མཚོན་ན་དྲན་སྐུལ་ཟབ་མོ་ཞིག་དང་དགྲ་ཕྱོགས་ལ་མཚོན་ན་ངོ་རྒོལ་མཐུ་ཆེན་ཞིག་ཡིན་ངེས་པས། གངས་ཅན་པ་ཞེས་པ་དང་གདོང་དམར་བོད་པ་ཞེས་པ། ཆོས་ལྡན་བོད་མི་ཞེས་པ། འཚེ་མེད་ཞི་བ། བདེན་པའི་ཨུ་ཚུགས་ཟེར་བའི་ཁྱད་ཆོས་ཚང་མ་ཕྱོགས་བསྡུས་ཀྱིས་མཚོན་པའི་རྒྱ་མཚོའི་རླབས་དང་རླུང་གི་ཤུགས་བཞིན་བཟློག་ཏུ་མེད་ལ་ཡལ་དུ་མེད་པའི་ལས་འགུལ་ཞིག་ཏུ་འགྱུར་བཞིན་ཡོད།

སྤྱིར་ཡིན་ན་དཔའ་རྟུལ་ཁོང་རྣམས་པས་ཀྱང་དྲག་པོའི་ཐབས་རྩལ་ཅི་རིགས་ལ་བརྟེན་ནས་དགྲ་ཕྱོགས་ལ་འཇིགས་སྣང་དང་ཆག་སྒོ་དུ་མ་ཞིག་འབྱུང་འཇུག་ཐུབ་རྒྱུར་ཐེ་ཚོམ་སྤུ་ཙམ་མེད་ན་ཡང། འདི་ལྟར་གཞན་ལ་འཚེ་བ་དོར་ནས་རང་ལ་འཚེ་བའི་སྤྱོད་ཚུལ་ཐུན་མོང་མ་ཡིན་པ་འདི་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་གང་གི་རླབས་ཆེའི་དགོངས་དོན་ལ་དད་འདུན་གུས་བརྩི་གནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་དང་བཅས་པའི་སླད་དུ་ཡིན་པར་ཐག་གཅོད་ཐུབ་པ་ཞིག་རེད།

བདེན་པའི་སྟོབས་དང་ཞི་བའི་ཐབས་ཀྱི་རྒྱལ་ཐབས་དེ་ཡང་ཆིག་སྒྲིལ་གྱི་བསམ་བློའི་ནུས་པ་ཞིག་གིས་རྨང་གཞི་བྱས་ཏེ་གཅིག་གྱུར་གྱི་ལས་འགུལ་ཞིག་གིས་གཡོ་འགུལ་བསླངས་ན། ད་གཟོད་བདེན་པའི་གཟི་བརྗིད་ཅིག་གིས་རྒྱལ་ཁའི་རེ་བ་ཞིག་མཐོང་བར་འགྱུར་རྒྱུར་བདག་ནི་ཡིད་ཆེས་ཟབ་མོ་ཡོད། དེ་ཡང་་རྒྱལ་སྤྱིའི་རྒྱབ་སྐྱོར་དང་རྒྱལ་ནང་གི་རུལ་སུངས་དང་ངོ་རྒོལ་ཅི་རིགས་ཀྱིས་པེ་ཅིང་གཞུང་གི་རྒྱལ་སྲིད་ནི་ཡུན་རིང་བརྟན་དཀའ་ལ་གུང་ཁྲན་ཏང་གི་ཚེ་སྲོག་ཀྱང་ལོ་བརྒྱ་ལས་གནས་དཀའ་བའི་གནས་སྟངས་ཤིག་ཆགས་ཀྱིན་ཡོད་པས། བོད་དང་ཡུ་གུར། སོག་པོ་དང་རྒྱ་ནག་དམངས་གཙོ་པ་བཅས་པས་རང་གི་མི་རིགས་ཀྱི་ཚེ་སྲོག་སྲུང་སྐྱོབ་ཀྱི་གོ་སྐབས་དམ་འཛིན་གྱིས་མཚམས་མི་འཆད་པའི་ལས་འགུལ་ཅི་རིགས་མཉམ་སྤེལ་གྱི་མཛུབ་མོ་ལྔ་བཅངས་ནི་་སྲིད་དོན་གྱི་དམག་འཐབ་གལ་ཆེན་ཞིག་ཏུ་ཚོར།

རྒྱུ་མཚན་དེས་ན་བདག་གིས་འདིར་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚབ་བྱས་ཏེ་བཀུར་འོས་དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་སྤྱི་དངབྱེ་བྲག་བོད་མི་ཡོངས་ལ་གཞེན་སྐུལ་འགའ་ཞིགཞུ་རྒྱུ་ལགས་ན་ཅིས་ཀྱང་དགོངས་བཞེས་གནང་རྒྱུ་མཁྱེན་མཁྱེན།

ཀ༽ ཡུ་གུར་དང་སོག་པོ། རྒྱ་རིགས་སོགས་དམངས་གཙོ་དོན་གཉེར་ཅན་ཚང་མར་འབོད་སྐུལ་གྱིས་རྒྱལ་ཁབ་གང་རུང་ཞིག་ཏུ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས་ནས་མི་རིགས་མནའ་འབྲེལ་གྱི་ཚོགས་པ་ཆེན་པོ་ཞིག་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཉམ་སྤེལ་གང་མང་བྱེད་རྒྱུ། (བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བློན་ཆེན་གྱིས་གཙོ་འགན་གནང་འོས་སྙམ)

ཁ༽ གཅིག་གྱུར་གྱི་ངོ་རྒོལ། འདི་ལ་གཅིག་ནས་གོང་གསལ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་མཉམ་འབྲེལ་ལས་གཞི་དག་གི་འཆར་གཞི་གཏན་འབེབས་བྱ་རྒྱུ་དང། གཉིས་ནས་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་སྐབས་བསྟུན་ངོ་རྒོལ་དུས་གཅིག་གམ་རྣམ་འགྱུར་ལྷན་སྤུངས་ཀྱི་ཐབས་ཚུལ་ཏེ། དཔེར་ན། ངོ་དེབ་དང་གནམ་ཡིག་སོགས་ཀྱི་པར་རིས་ལ་མཆོད་མེ་ལྟ་བུ་གཅིག་གྱུར་བཞག་ནས་མྱ་ངན་དང་གུས་འདུད་མཚོན་པ་དང། ཡང་ན་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་ཁ གཡང་གཅིག་གྱུར། སྦྱར་རྒྱུ་དང་འདོགས་རྒྱུ་ལ་སོགས་པ་བཟོ་བ། ཡང་ན་ཉིན་གཅིག་དུས་གཅིག་ལ་དཔའ་བོར་གུས་འདུད་དང་མྱ་ངན་གྱི་ངག་བཅད་ཞུ་བ་དང། ཉིན་གཅིག་ལ་སྙུང་གནས་སྲུང་བ། དུས་གཅིག་ལ་མཆོད་མེ་སྦོར་བ། གསོལ་བ་སྨོན་ལམ་འདེབས་པ་ལ་སོགས་པ། དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐུགས་འགན་བཞེས་ཏེ་དུས་ནས་དུས་སུ་གསར་འགོད་གསལ་བསྒྲགས་དང་བཅས་ཏེ་གསལ་བརྡ་གནང་ན་དོན་ཕན་འབྱུང་ངེས་སྙམ།

ག༽ ཡིད་བཞིན་ནོར་བུའི་ཐབས་མཁས་ཐུགས་རྗེའི་གཟིགས་སྐྱོང་འོག་བོད་ཆོལ་ཁ་གསུམ་པོའི་ཆིག་སྒྲིལ་གྱི་སེམས་པ་སྔར་བྱུང་མ་མྱོང་བ་ཞིག་འབྱུང་བཞིན་པ་འདི་ང་ཚོའི་རྒྱལ་ཁའི་གཞི་རྩ་ཡིན་པས། དམ་ཚིག་གཙང་མ་མི་ཉམས་གོང་སྤེལ་ཆེད་དུ་དུས་འཁོར་དབང་ཆེན་སྐབས་སུ་བོད་མི་ཡོངས་ཀྱིས་མནའ་གན་ཆེན་པོ་ཞིག་ངེས་པར་འཇོག་གལ་ཆེ་བར་མཐོང། དེ་ཡང་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་དང་ལྷན་མ་འོངས་རྗེས་རབས་རྣམས་ལ་དྲན་གསོའི་རྟེན་དུ་མནའ་གན་རྡོ་རིང་ཆེན་མོ་ཞིག་བཞེངས་ཐུབ་ན་ལེགས། (འདི་ལ་ཆོལ་གསུམ་དབུས་སྤྱི་ཁྱབ་ཁང་དང་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་རྣམ་པས་དབུ་ཁྲིད་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཆུང་ཚང་མ་མཉམ་འབྲེལ་གྱིས་ནུས་པ་འདོན་ཐབས་ཀྱི་ལས་འགུལ་སྤེལ་འོས)

ང༽ བོད་ཀྱི་ཆོས་ལུགས་དང་ཆོས་བརྒྱུད་ཁག་ཡོད་དོ་ཅོག་ལྷན་བཞུགས་ཀྱིས་ལོ་རེ་བཞིན་དུ་བོད་དོན་བདེན་མཐའ་མྱུར་གསལ་ལ་གསོལ་བ་སྨོན་ལམ་འདེབས་རྒྱུ། (ཆོས་དོན་ལས་ཁུངས་ཀྱིས་ཐུགས་འགན་རྐང་ལེན་གནང་འོས་སྙམ།)

ཅ༽ སྔོན་གཤེགས་དཔའ་བོ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིའི་འཚོ་སྣོན་སོགས་ཀྱི་ཆེད་དུ་ལོ་རེ་བཞིན་དུ་བཙན་བྱོལ་བོད་མི་ཡོད་དོ་ཅོག་ནས་དང་བླང་ཞལ་འདེབས་འབུལ་རྒྱུ། (བདེ་སྲུང་ལས་ཁུངས་ནས་ཐུགས་འགན་གནང་འོས་སྙམ)

ཞོར་དུ། ཁ་སང་ནས་ངོ་དེབ་དང་གནམ་ཡིག་དག་གི་ནང་ལ་མཆོད་མེའི་པར་རིས་བཞག་ནས་བོད་ནང་གི་རང་སྲོག་བློས་གཏོང་གི་རྒྱལ་གཅེས་པ་རྣམ་པར་གུས་འདུད་དང་མྱ་ངན་ཞུ་བའི་མཚོན་རྟགས་ཤིག་སྤེལ་བཞིན་པ་འདི་ངོ་དེབ་དང་གནམ་ཡིག་ཡོད་པའི་བོད་མི་ཡོད་དོ་ཅོག་ནས་ཁྱབ་སྤེལ་གནང་རྒྱུའི་རེ་སྐུལ་དང་བཅས།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཧྥ་རན་སིའི་རྒྱལ་ས་དཔལ་རིས་ནས་༢༠༡༡་༡༠་༩་ཞོགས་པའི་ཆུ་ཚོད་གཉིས་པར་གུས་ཕུལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣
His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

༢༠༢༣/༠༦/༠༢
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

༢༠༢༣/༠༦/༠༢
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

༢༠༢༣/༠༦/༠༢
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡

མཆན། 59

  1. ཨ་བཱེ་ར། says:
    ལོ་ 12 སྔོན།

    ཆབ་བྲག་གི་འཆར་གཞིའི་ནང་བཟང་སྣ་གཅིག་ཀྱང་མེད་པ་མིན་ཡང་། ངས་དེ་རིང་སྐྱོན་ཆ་དག་བཤད་རྒྱུ་ཡིན།
    (ཀ) དོན་ཚན་འདིའི་ཐད་ལ། སྤྱི་ཡོངས་ནས་ཆབ་སྲིད་ཀྱི་ཆུ་ཚད་སྐྱོ་བ་དང་། བྱེ་བྲག་གིས་མང་གཙོའི་སྲིད་ལུགས་ལ་གོམ་བྱང་མེད་པའི་ཆ་ཞིག་འདུག མི་རིགས་འདི་གསུམ་གྱིས་མནའ་འབྲེལ་ཚོགས་པ་འཛུགས་རྒྱུ་དེ་སོ་སོའི་མངོན་འདོད་གང་ཞིག་བསྒྲུབ་ཆེད་ཡིན་ན། ཐོག་མར་ཐུན་མོང་གི་ལྟ་གྲུབ་ཅིག་དགོས་པ་ཚོགས་པ་གང་ཞིག་འཛུགས་རྒྱུའི་ཆ་རྐྱེན་ཨང་དང་པོ་ཡིན། བོད་དང་སོག་པོ། ཡུ་གུར་གསུམ་རྒྱ་ནག་གི་གྲངས་ཉུང་མི་རིགས་གྲས་རེད། ད་སྔ་ཡོངས་ཁྱབ་ཐོག་བོད་མིས་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད། སོག་པོའི་དགོས་འདུན་ཅི་ཞིག་རེད། ཡུ་གུར་བས་ད་བར་གང་ཞིག་བརྩད་པ་རེད།
    རྒྱ་ནག་གཞུང་མགོ་རྟིང་སློག་རྒྱུ་དང་། ཡང་ན་རྒྱ་ནག་གཞུང་དམངས་གཙོར་འགྱུར་ཆེད་ཡིན་ན། ཕྱི་ཕྱོགས་ཀྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་རིགས་ཅིའི་ཕྱིར་མནའ་འབྲེལ་ཚོགས་པ་འདིའི་ནང་མ་ཚུད་པ་རེད།
    (ཁ) དོན་ཚན་འདིའི་ཐད་ལ། བོད་མི་ཡོངས་ཀྱིས་ངོ་དེབ་དང་གནམ་ཡིག་སོགས་ཀྱི་པར་རིས་ལ་མཆོད་མེ་འཇོག་པ་དང་། བདེན་པ་ཉིད་རྣམ་པར་རྒྱལ་གཅིག་ཅིག འདས་པར་ངག་བཅད་གུས་འདུད་དང་མཆོད་མེ་སྒྲོན་པ། གསོལ་བ་སྨོན་ལམ་འདེབས་པ། འདི་དག་ནི་བོད་པ་ནང་ཁུལ་ལ་ཁ་ཕྱོགས་པའི་ལས་འགུལ་ཞེ་གཅིག་རེད། བོད་དོན་ཕྱི་ལ་བསྒྲག་རྒྱུ་གལ་ཆེ་བ་ལས་བོད་པ་ནང་ཁུལ་ནས་མ་གོ་མ་ཐོས་པའི་དཀའ་ངལ་ད་བར་བྱུང་མྱོང་མེད།
    ( ག ) དོན་ཚན་འདིའི་ཐད་ལ། ད་ལྟའི་དུས་ཚོད་འདི་ལ་བོད་ཆོལ་ཁ་གསུམ་ཁ་མ་འཆམ་པ་དང་། བོད་ཕྱི་ནང་གཉིས་ཀྱི་མངོན་འདོད་མ་གཅིག་པ། རྒན་གཞོན་གྱི་ལྟ་བ་མ་མཐུན་པ། སྐྱ་སེར་གཉིས་ཀྱི་ལངས་ཕྱོགས་མ་འདྲ་བ། ཕོ་མོ་གཉིས་ཀྱི་ཐོབ་ཐང་མ་འདྲ་བ། དགེ་སློབ་གཉིས་ཀྱི་དམ་ཚིག་མ་གཙང་པ་སོགས་ཀྱི་དཀའ་ངལ་གང་ཡང་མེད་ལ། ལྷག་པར་དུ་ད་ལྟའི་ཛ་དྲག་གི་དུས་ཚོད་འདི་ལ་དོན་ཆེན་བཞག་སྟེ་དོན་ཆུང་ཐོག་དེ་འདྲའི་ཟང་ཟིང་བྱས་བསྡད་ན་འོས་འཚམ་མིན་ལ། ལྷག་པར་དུ་དུས་འཁོར་དབང་ཆེན་ཐོབ་བོད་ནང་ནས་མི་མང་པོ་ཕེབས་ཀྱི་ཡོད་སྟབས། དུས་ཚོད་འདི་འདྲ་ཞིག་ལ་དེ་ལྟ་བའི་ལས་ཀ་འདྲ་བྱས་བསྡད་ན་དགེ་དང་སྐྱོན་གང་གི་ངོ་བོར་འགྲོ་བ་བཤད་མ་ཐུབ་པ་ཞིག་རེད་ལ། ལྷག་པར་དུ་བོད་ནང་གི་བོད་མི་ཚོའི་ཞེ་ན་མེད་པའི་གནས་ཚུལ་ཞིག་ལ་དྲན་སྐུལ་ལྟ་བུ་བྱས་ན་གང་འདྲ་ཡིན་ནམ་དྲན་གྱི་འདུག
    (ང ) དོན་ཚན་འདིའི་ཐད་ལ་ངས་གང་ཡང་བཤད་ཤེས་མ་སོང་། བྱིས་པ་བསམ་མེད་ཅིག་གམ། ཕྱུགས་རྗེས་ནས་མི་ཚེ་བསྐྱལ་ཟིན་པའི་རྒན་འཁོགས་ཡིག་རྨོངས་པ་ཞིག་གི་སྐད་ཆ་ལས་མཐོང་མ་སོང་།
    ( ཅ ) ༢༠༡༠ ལོའི་ཟླ་ ༦ པར་རྒྱ་ནག་གཞུང་གི་གསལ་བསྒྲགས་ལྟར་ན། བོད་ནང་དུ་བོད་མི་ས་ཡ་ ༥།༧ འདུག ཉིད་ཀྱིས་སྔོན་གཤེགས་ཟེར་བ་དེ་མཚམས་གང་ཞིག་ཏུ་འཛིན་དགོས་ཤེས་མ་སོང་མོད། གལ་སྲིད་བཙན་བྱོལ་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཆ་གསུམ་དུ་དབྱེ་ཡོད་པ་ལྟར། ས་མཚམས་བར་མ་སྤྱི་ལོ་ ༡༩༧༨ ཚུན་ལ་ངོས་འཛིན་ཞུ་རྒྱུ་ཡིན་ན། ཉུང་མཐར་བོད་མི་རིགས་དང་རྒྱལ་ཁབ་ཆེད་སྐུ་གཤེགས་པ་ ༥༠༠༠ ལས་བརྒལ་ཡོད། ས་མཚམས་ཕྱི་མ་ལྟར་སྤྱི་ལོ་ ༢༠༠༢ ཚུན་ལ་ངོས་འཛིན་བྱས་ཀྱང་། སྐུ་གཤེགས་པ་ ༥༠༠ ལས་བརྒལ་ཡོད་ལ། ད་ཆར་བཙོན་འོག་ཏུ་ཡོད་པའང་ ༡༠༠ ལྷག་ཡོད་ངེས་ཡིན། བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་སུ་བོད་མི་ཆིག་འབུམ་གཞི་ཁྲི་ལྷག་ཡོད། བོད་ནང་དུ་ཞལ་འདེབས་ཕར་ཟད་དང་བླངས་དཔྱ་དངུལ་འབུལ་མཁན་ཡང་བརྒྱ་ཆ་ཅུང་ཉུང་ཉུང་རེད། བཙན་བྱོལ་བོད་མིའི་དཔལ་འབྱོར་གནས་བབ་སྤྱི་ཡོངས་ལ་བལྟས་ན་ལོ་རེར་དཔྱ་དངུལ་ཧིན་སྒོར་ 45 འབུལ་མ་ཐུབ་པ་མེད་ཀྱང་། གཞིས་ཆགས་རེ་ཟུང་ནང་ད་ལྟ་ཉིན་རེར་ཆ་སྙོམས་བྱས་ན་ཧིན་སྒོར་ 16 རེ་ལས་རེག་གི་མེད་ས་ཡོད་པ་ཐོས་ལ། བོད་ནས་གསར་པ་ཕེབས་མཁན་མང་པོ་ཞིག་ལའང་ལོ་གཉིས་གསུམ་བར་ཟླ་རེར་ཧིན་སྒོར་ 2000 ཙམ་ལས་མེད་པའི་གླ་བྱས་ཏེ་བསྡད་ཡོད། བཙན་བྱོལ་བོད་མི་ཆིག་འབུམ་བཞི་ཁྲི་མི་རེ་ངོ་རེ་ནས་བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་གྱི་སྒང་ལ་ལོ་རེར་ཧིན་སྒོར་ 45 རེ་བོད་ནང་ལ་ཞལ་འདེབས་སུ་སྤྲོད་རྒྱུ་བྱོས། སྡོམ་པའི་ཧིན་སྒོར་ 6300000 རེད། དེ་རྒྱ་ནག་གི་དམངས་སྒོར་ལ་གཞལ་ན། དམངས་སྒོར་འབུམ་ 9 ཙམ་ལས་མེད། དེ་བོད་ནང་གི་སྐུ་གཤེགས་པ 600 ལ་བགོས་ན། རྒྱ་སྒོར་ 1500 ཪེ་ལས་ཐོབ་ཀྱི་མེད། དངུལ་འདི་དག་དུས་ཐོག་ལ་ཁུངས་སོ་སོར་འཕྲོད་རྒྱུར་ཡང་དཀའ་ངལ་ཡོད། སྔར་ལོའི་ཡུལ་ཤུལ་ས་ཡོམ་སྐབས་སུ་ངྷ་རམ་ས་ལར་ཞལ་འདེབས་འབུམ་ཁ་ཤས་བསྡུས་པ་ད་དུང་ཡང་འཕྲོད་མེད་པའི་རྙོག་གླེང་ལྷག་ཡོད། སྤྱིར་བོད་ནང་བོད་མིའི་བདེ་རྩའི་ཆེད་ལས་འགུལ་སྤེལ་མཁན་ཚོར་དངོས་ཤུགས་བརྒྱུད་གསུམ་ནས་དངུལ་གྱི་རོགས་རམས་གནང་རྒྱུར་འདོད་པ་ཤིན་ཏུ་ཡོད། འོན་ཀྱང་། དེ་ནི་བཙན་བྱོལ་བོད་མི་ཚོར་ཞལ་འདེབས་བསྡུ་བ་ལས་བཙན་བྱོལ་བོད་མི་ཚོས་ཕྱི་རྒྱལ་ཁག་གི་གཞུང་དང་ཕྱུག་བདག་སྒེར་བ་རིགས་ཀྱི་ཁྲོད་ནས་སྦྱིན་བདག་འཚོལ་དགོས། འདི་ལྟར་བྱས་ན་བོད་ནང་གི་ཁུངས་སོ་སོར་སྤྲོད་རྒྱུར་ཡང་སྟབས་བདེ་ཡིན།

    Reply
  2. མང་ཐོས། says:
    ལོ་ 12 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་བཏོན་པའི་དགོངས་ཚུལ་ལ་མོས་མཐུན་བྱེད་རྒྱུ་ཡིན།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དུས་དེབ་ཚད་ལྡན་རིགས་སུ་རྩོམ་ཡིག་ཚད་ལྡན་བཅུ་གྲངས་རེ་བཀོད་ཡོད་དགོས་པ་འདི་མ་མཐའི་ཆ་རྐྱེན་རེད། ཁྱོད་ཅག་ལ་བཏོན་པ་ཡང་མ་མཐའི་ཆ་རྐྱེན་རང་ཡིན། ཁྱོད་དང་བཅས་པར་རྩོམ་གྲོགས་དེ་འདྲ་མང་པོ་ཞིག་ཡོད་ན་ཚོགས་ཞུགས་སྙན་ཞུ་སྐུར་རོགས།
    ང་ཚོའི་ཚོགས་མི་ཚང་མར་མ་མཐའི་ཆ་རྐྱེན་དེ་ཚང་ཡོད།་ས་དེའི་ཚོད་ཀྱི་ནགས་དང་ནགས་དེའི་ཚོད་ཀྱི་རི་དྭགས་འདྲ་བོ་ཆགས་ཡོད་པའི་ངོས་འཛིན་ཞུ་གིན་ཡོད།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མནའ་ཚིག་ལ་འཇིགས་པ་དང་རང་ཉིད་ལ་ཡིད་ཆེས་མེད་པ། བོད་མི་དམངས་ལ་ཡིད་ཆེས་མེད་པ། མཉམ་ཞུགས་ཀྱང་བྱེད་མི་ཐུབ་པ་ཚོས་ངོ་མ་མནའ་མ་བསྐྱལ་ན་བཟང།
    བོད་ཀྱ་པེན་ཚོགས་པ་འདི་ཕྱི་སྡོད་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་ཤིག་རེད། དེ་བས་བོད་ཁྱོན་ཡོངས་ཀྱི་རྩོམ་པ་པོ་ཞུགས་ཐབས་བྲལ་ཡོད། གནས་སྟངས་འདི་ཡང་ཤེས་མེད་པ་འདྲ།
    བདག་གིས་དེ་སྔ་ལས་ཆིག་སྒྲིལ་གྱི་བསམ་བློ་ཤུགས་ཆེ་ད་དུང་མ་ཉམས་པ་དག་སླར་གསོ་དང་མ་ཉམས་པ་དག་གོང་སྤེལ་ཕྱིར་མནའ་གན་རྡོ་རིང་བཞེངས་དགོས་ཚུལ་བརྗོད་ཀྱིན་ཡོད་པ་ཧ་གོ་བར་གྱིས།
    ཁས་ལེན་དམ་བཅའ་ནི་འགྲོ་བ་མིའི་རིགས་ཀྱི་ཐུན་མོང་ལུགས་སྲོལ་ཞིག་ཡིན་ལ་ཆོས་ལྡན་བོད་མི་རིགས་ལ་མཚོན་ན་དར་སྲོལ་དང་ནུས་པ་ཆེ་བ་ཞིག་ཀྱང་ཡིན། སྡོམ་པ་ལེན་པ་ཟེར་བ་དེ་ཡང་དོན་ལ་དམ་བཅའ་བ་ཞིག་རེད།
    བདག་གི་དམིགས་འབེན་ཆེ་ས་ནི་བོད་གཞིས་བྱེས་སེར་སྐྱ་མི་དམངས་སྤྱི་ཡིན་པ་ལས་བོད་མི་རྫུན་མ་དང་ཅོལ་ཆུང་ཁྲེལ་མེད་སོགས་མིན། བཅོས་སུ་མེད་པ་དག་ནི་བཅོས་སུ་མེད་པ་རེད། བཅོས་སུ་ཡོད་པ་དག་ནི་བཅོས་པར་རིགས་པས་སོ།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    མནའ་ནག་བཞགས་རྒྱུ་ལ་མོས་མཐུན་མེད་ཟེར་ནས་བཅོས་རོགས་ཡིག་ནོར་བྱུང་འདུག

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    ཆབ་བྲག་ལགས།
    ད་ལྟའི་བར་དུ་མནའ་གན་མང་པོ་བཞགས་མྱོང་ཡོད་སྤྱི་འཐུས་དང་བཀའ་བློན་བཀའ་བློན་ཁྲི་པ་རེ་འཕོ་འགྱུར་བྱ་དུས་དཀོན་མཆོག་དཔང་དུ་བཙུགས་ཕྱོགས་རེས་མི་བྱེད་པར་བོད་སྤྱི་བའི་མི་ཞིག་བྱ་གི་ཡིན་ཟེར་ནས་མནའ་བསྐྱལ་གི་ཡོད་ཀྱང་མནའ་ཚིག་གི་ནང་དོན་བཞིན་ལས་ཀ་བྱ་གི་ཡོད་མེད་ཤེས་གསལ་རེད།
    དཔེར་ན་སྤྱི་འཐུས་གྲོས་ཚོགས་ནང་དུ་གནས་ཚུལ་གང་འདྲ་བྱུང་སོང་ཁྱེད་ཀྱི་མཁྱེན་གསལ་རེད།
    དེ་དང་དེ་འདྲའི་གནས་ཚུལ་མང་པོ་ཡོད།

    མ་འོངས་པར་བོད་པའི་མི་ཚང་མ་མནའ་ཚིག་དང་འགལ་བའི་ལས་ཀ་བྱ་མཁན་རྐྱང་རྐྱང་ཆགས་ན་མི་གཞན་གྱི་མཐོང་ཕྱོགས་ཡང་ཡག་པོ་མེད་པར་ཆགས་ཀྱི་རེད།
    དོན་ངོ་མའི་ལས་ཀ་བྱ་མཁན་ཚོ་ལ་མནའ་བསྐྱལ་བཅུག་དགོས་བ་མ་རེད།
    ངོ་ལྐོག་རྒྱབ་མདུན་གྱི་ལས་ཀ་བྱ་མཁན་ཚོ་ལ་མནའ་བསྐྱལ་དུ་བཅུག་ཀྱང་མནའ་ཚིག་བཞིན་ལས་ཀ་བྱ་གི་མ་རེད་རྒྱུ་མཚན་དེས་མནའ་གན་ཟེར་བ་དེ་བཞགས་རྒྱུ་མ་ལ་མོས་མཐུན་མེད་ལ་གལ་སྲིད་བཞགས་སོང་ན་ང་རང་མནའ་གན་དེའི་ནང་དུ་འཛུལ་རྒྱུ་མིན།

    Reply
  7. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    ཆབ་བྲག་ལགས།
    ཁྱེད་ཀྱིས་རྩོམ་པ་པོ་མང་ཉུང་གི་ཆ་ནས་བོད་ཁྱོན་ཡོངས་ནས་ཚོགས་མི་མང་ཉུང་ཆགས་པ་རེད་གསུངས་འདུག་པེན་རྩོམ་པ་པོ་ཚོགས་པ་ལ་མི་བརྒྱ་ལྷག་ཡོད་གསུངས་འདུག་་་་་་ཚོ་མི་དེ་ཚོ་ཡོངས་རྫོགས་རྩོམ་པ་པོ་རྐྱ་རྐྱང་རེད་དམ།
    གལ་སྲིད་དེ་ཡིན་ན་རྩོམ་པོ་ཡིན་མིན་གྱི་ས་མཚམས་གང་ལ་བཞགས་དགོས་ལགས།
    ཁྱེད་ཀྱིས་ང་ལ་བཏོན་པའི་ཆ་རྐྱེན་བཞིན་དུས་དེབ་ཤས་ནང་དུ་རྩོམ་ཡིག་རེ་ཟུང་བྲིས་མྱོང་བ་རྩམ་གྱི་རྩོམ་པ་པོ་ཆགས་སོང་བ་རེད་དམ།
    དེ་འདྲ་ཡིན་ན་ང་དང་ངའི་གྲོགས་པོ་ཚང་མ་རྩོམ་པ་པོ་ཆགས་ཚར་སོང་་་་་་་་ང་ཚོ་ཚང་མ་ལ་རྩོམ་པོའི་ཆ་རྐྱེན་ཚང་འདུག་་་་་་་་་ཚོགས་མིའི་ཆ་རྐྱེན་ཡོངས་རྫོགས་ཚང་འདུག་་་་་་རྩོམ་ཡིག་རེ་ཟུང་བྲི་ཤེས་བའི་ང་ལྟ་བུ་ལ་རྩོམ་པ་པོའི་མིང་བྱང་རྫིག་པོ་དེ་གནང་བཞགས་ན་རྩོམ་པ་པོ་ཟེར་བ་དེ་ལ་རིན་ཐང་གང་ཡང་མེད་པར་ཆགས་སོང་བ་མ་རེད་དམ།
    འདི་ངོས་ལེན་ཞུ་ཐུབ་མ་སོང་།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མནའ་གན་རྡོ་རིང་གི་དམ་ཚིག་ནང་དོན་རགས་ཟིན།

    མནའ་གན་གྱི་དཔང་པོ། ༡།༸རྒྱལ་བ་ཡིད་བཞིན་ནོར་བུ། ༢། དམངས་གཙོའི་བཅའ་ཁྲིམས་རིན་པོ་ཆེ། སྔོན་གཤེགས་དཔའ་རྟུལ་རྣམ་པ།
    མནའ་ཚིག་གི་ནང་དོན། ༡༽ ༸གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་བཞིན་ནམ་ཡང་གང་གི་བཀའ་དགོངས་དང་འགལ་བར་མི་བྱ། ༢༽བཅའ་ཁྲིམས་ལ་བརྩི་སྲུང་གིས་དམངས་གཙོའི་ལམ་ལུགས་ལག་བསྟར་ཡོང་བར་འབད་བརྩོན་བྱ་རྒྱུ། ༣༽ཕ་སྤྲེའུ་དང་མ་བྲག་སྲིན་ལས་མཆེད་པའི་ཤ་ཁྲག་གདུང་རྒྱུད་གཅིག་པའི་ལོ་རྒྱུས་རྗེས་སུ་དྲན་བཞིན་བོད་ཆོལ་ཁ་གསུམ་པོ་ནམ་ཡང་ཁྱིམ་ཚང་གཅིག་གི་སྤུན་ཟླར་བརྩི་རྒྱུ། ༤༽ ཆོས་ལུགས་སམ་ཆོས་བརྒྱུད་དང་ཆབ་སྲིད་ཀྱི་ལྟ་ཚུལ་མི་འདྲ་བ་སོགས་ཀྱང་ནམ་ཡང་ཕན་ཚུན་དགྲ་ཟླར་མི་འཛིན་པར་འཆམ་མཐུན་ལ་འབད་རྒྱུ། ༥༽ བོད་ཀྱི་རྩ་དོན་ཐད་ལ་མངོན་ལྐོག་རྒྱབ་མདུན་མེད་པར་བསམ་པ་རྣམ་དག་གིས་རང་གི་ནུས་པ་གང་ཡོད་འདོན་རྒྱུ།
    མནའ་གན་འདི་ནི་རྒྱལ་གཅེས་དཔའ་རྒོད་རྣམ་པར་གུས་འདུད་རྗེས་དྲན་ཡིན་ལ་ད་ལྟའི་བོད་མིའི་སེམས་པ་པ་དང་ནུས་པ་ཆིག་སྒྲིལ་དང་མ་འོངས་རྗེས་རབས་རྣམས་ལ་དྲན་གསོའི་སྐུལ་ལྕག་བཅས་ཀྱི་ཆེད་དུ་ཡིན།
    ནང་དོན་གཙོ་བོ་འདི་འདྲ་ཞིག་བཀོད་ན་འགབ་མིན་ཐད་ལ་ལྷག་བསམ་དང་རྣམ་དཔྱོད་ལྡན་པ་རྣམས་ཀྱིས་བསམ་གཞིགས་གནང་བར་འཚལ།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    འགྱུར་མེད་བསྟན་འཛིན་སོགས་ང་ཚོའི་མཐུན་ཚོགས་ཞུགས་འདོད་ཡོད་ན་ཞུགས་ཆོག ཆ་རྐྱེན་གཅིག་ནི་དུས་དེབ་སོགས་སུ་རྩོམ་ཡིག་ཚད་ལྡན་བཅུ་གྲངས་ཤིག་སྤེལ་ཡོད་པ་དང། ཚོགས་པའི་སྒྲིག་གཞི་བརྩི་སྲུང་བྱེད་པ་གཉིས་ལས་ཅང་མེད། ཐ་ན་མང་པོ་ཞིག་གིས་པེན་ཨ་མ་ལ་ཚོགས་དངུལ་སྤྲོད་དགོས་པས་་ཚོགས་དངུལ་ལོ་གསུམ་རེར་མི་གནང་མཁན་མང་གི དེ་འདྲ་བྱུང་ན་པེན་ཨ་མས་ཚོགས་དངུལ་སྤྡད་མེད་པའི་མི་དེ་ཚོགས་ཁུངས་ནས་རང་བཞིན་ཕྱིར་འབུད་ལ་བརྩི་གི་རེད་ཡ་་་ང་ཚོ་ལ་ཐབས་ཤེས་ཅི་ཡོད། དང་པོ་ནས་ཚོགས་པར་ཞུགས་ན་ཚོགས་དངུལ་ཞིག་སྤྲོད་དགོས་པ་སུས་ཀྱང་ཧ་གོ་དོན་གསལ་རེད་པ།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མི་ཉག་བཙན་པོ་ལགས། ངས་འདི་ན་ང་ཚོའི་མཐུན་ཚོགས་ཀྱི་ཚབ་བྱས་ནས་་དམག་སྤྱི་ཞིག་གི་ཚུལ་དུ་ལས་བགོས་དང་འབོད་སྐུལ་ཞུ་བཞིན་པ་འདི་མཉམ་ཞུགས་དང་ལས་འགུལ་ཞིག་མ་རེད་དམ།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    འགྱུར་མེད་ལགས། ཁྱོད་ཀྱིས་ང་ཚོའི་ཚོགས་མིའི་ནང་ལ་ཆོལ་ཁ་གསུམ་གྱི་མི་མེད་པའི་རྒྱུ་མཚན་ཅི་རེད་ཅེས་དྲིས་སོང་ང། ངས་ཆོལ་ཁ་གསུམ་གྱི་མི་ཡོད། མང་ཉུང་ཆེན་པོ་ཡོད་ལབ་པ་ཡིན། མ་གཞི་རང་གིས་མགོ་ཚོས་ལ་མ་ཚོས་ལའི་སྐད་ཆ་བཤད་གི་ཡོད་ས་རེད། ཡིན་ན་ཡང་ང་འདིའི་འགོ་འཛིན་འདྲ་བོ་ཞིག་ཡིན་པའི་ཆ་ནས་གསལ་བཤད་བྱེད་དགོས་པ་ངའི་འོས་འགན་རེད།
    ད་བརྗོད་གཞི་དངོས་ཐོག་ལ་ཕན་པ་རེ་བཤད་རྒྱུ་མེད་དམ།

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    འདྲེ་མགོ་རྡོས་དབུས་གཙང་དང་ཁམས་ལ་ཡིག་གེ་བྲི་མཁན་དང་རྩོམ་ཡིག་བྲི་མཁན་མཛུབ་མོ་ཐོག་ལ་བརྩི་གི་ཡིན་ན་གཅིག་བརྩིས་དང་དྲ་གྲོགས་ཚོས་ཟུར་ནས་ལྟད་མོ་ལྟ་གི་རེད།

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    འདྲེ་མགོ་རྡོ་དང་ལྷ་མོ་སྐྱབས་གཉིས་ལ་ཞུ་རྒྱུ།
    པེན་རྩོམ་པོ་མཐུན་ཚོགས་དེ་ནུས་པ་དང་གྲུབ་འབྲས་མི་ཐོན་པ་ཞིག་རེད་བཤད་མེད་ལ་བཤད་འདོད་ཀྱང་མེད་གནས་ཚུལ་དེའི་ཐོག་ལ་རྒྱུས་ལོན་ཡང་གང་མེད།
    པེན་བོད་ཀྱི་རྩོམ་པ་པོ་ཟེར་བའི་མིང་འདི་ཁུར་བའི་རྒྱུ་མཚན་གྱིས་བོད་ཁྱོན་ཡོངས་ཀྱི་མི་ཡོད་ན་མཚམས་པོ་འདུག་ཞུ་གི་ཡོད།
    མང་ཉུང་ཀྱི་སྐད་ཆ་བཤད་བ་དེ་ཅུང་ཧམ་པ་ཆེ་བ་མིན་འགྲོ།

    Reply
  14. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    འགྱུར་མེད་ཟེར་བ་ལགས།
    མི་མེད་པ་མ་ཞུགས་པས་རེད། ལར་ནས་དབུས་གཙང་ལྟ་བུར་མཚོན་ན་ཡི་གེ་འབྲི་མཁན་ཉུང་ཉུང་རེད་ལ། ཁམས་པ་ཚོའང་དེ་བཞིན་ཞེ་དྲག་རང་རྩོམ་རིགས་རིག་པ་འདི་ལ་དགའ་བོ་མི་འདུག་བསམས་སོང་། བཙན་བྱོལ་ནང་དེ་བས་ཀྱང་ཉིན་སྐར་ལྟར་ཆགས་ཟིན་པ་མཛུབ་མོ་བཀུགས་ནས་རྩིས་ན་ལོས་ཤེས་བསམས།

    Reply
  15. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    ང་ཚོགས་མི་མིན་ལ། དེའི་ཁྱད་ནུས་ཀྱང་ཚང་མེད། འོན་ཀྱང་རྩོམ་པ་པོའི་དཔུང་ཁག་ཅིག་གིས་ཛ་དྲག་ངང་ཀླད་པ་བརྡར། སྒོར་སྒོར་བྱས་ཏེ་གྲོས་ལ་འདུས་ན། གཅིག་བྱས་ན་མ་འདྲ་བ་རེ་སྟོན་རྒྱུ་ཡོད་སྲིད་པ་རེད། ད་ཐེངས་མཐུན་ཚོགས་ཀྱིས་དབུ་བརྩམས་པ་ཡིན་ཙང་། ཡི་གེ་ཁ་ཤས་བྲིས་པ་ཙམ་མིན་པར་ཅིག་བྱེད་རྒྱུ་ཨེ་ཡོད་ལ་ལྟོས་ན་འདི་རབ་ཅིག་ཏུ་མཐོང་གི་ཡོད། དེ་མིན་ཤོག་ལྷེ་མང་རོགས་རེད།

    Reply
  16. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མི་ཉག་བཙན་པོ་ལགས། ཚོགས་པ་ཞིག་གི་རིན་ཐང་དེ་ཚོགས་པ་རང་ནས་བསྐྲུན་དགོས་ཟེར་བ་བདེན་པ་རེད། ངས་བལྟས་ན་ང་ཚོའི་ཚོགས་པ་ཡང་ཚོགས་པ་གཞན་ལ་འགྲན་དུ་མེད་པའི་གནས་སྟངས་ཤིག་མཐོང་གིན་མེད། དེ་བཞིན་ང་ཚོས་ཆབ་སྲིད་དང་འབྲེལ་བའི་ལས་དོན་ལ་ཁ བྲལ་ཡང་མེད། འོན་ཀྱང་རྩོམ་པ་པོ་རྣམ་པའི་ལས་ཀ་འདི་མིག་ཡོད་ཙམ་གྱིས་མཐོང་སླ་བ་ཞིག་མིན། ང་ཚོའི་ཚོགས་མི་ཚོས་རང་རང་ས་ན་རྩོམ་འབྲི་ཅི་རིགས་སྤེལ་གྱིན་ཡོད། གལ་ཏེ་ང་ཚོའི་ཚོགས་པོ་སྙུག་ཐོགས་པ་ཚོས་སྙུ་གུ་དོར་འདུག རྩོམ་པ་དང་ཁ་བྲལ་འདུག་ན་དེ་ང་ཚོའི་ལས་དོན་གཙོ་བོ་མ་འགྲུབ་པ་རེད། དེ་བས་ཁྱེད་ཅག་གིས་ང་ཚོའི་རྩོམ་པ་པོའི་ཚོགས་པ་དང་ཚོགས་པ་གཞན་དག་བར་ལ་ངོས་འཛིན་བྱེད་སྟངས་མ་ནོར་རོགས།

    Reply
  17. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་པེན་ཟེར་ན་རྒྱལ་ཁབ་བརྒྱ་ལྷག་གི་ཚོགས་སྡེ་ཆེ་ཆུང་འཛོམས་པའི་རླབས་ཆེན་དང་གཟི་བརྗིད་ཀྱི་རང་དབང་ཚོགས་པ་ཞིག་ཡིན། འདི་དག་གིས་ང་ཚོར་མཐོང་ཆུང་མ་བྱས་ད་་་ད་དུང་རྒྱབ་སྐྱོར་དང་མཐུན་འགྱུར་ཇེ་ལེགས་རེད། སྤྱི་ཚོགས་མེ་ལོང་ཚགས་པར་ཞིག་ཟླ་རེ་བཞིན་འདོན་གྱིན་ཡོད། བོད་ཡིག་དྲ་རྒྱ་ཞིག་ཀྱང་ཡོད། ཚོགས་མི་ཡང་བརྒྱ་ཁ ལོངས་ཙམ་ཡོད། ང་ཚོས་མི་འཇོན་ས་གཙོ་བོ་སྤྱི་ཚོགས་ཀྱི་གར་སྟེགས་སུ་འཁྲབ་སྟོན་བྱེད་མི་ཤེས་པ་དེ་རེད། འོན་ཀྱང་མཁས་དབང་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་བཀའ་ཟུར་སྐལ་བཟང་ཡེ་ཤེས་མཆོག་སོགས་ཀྱིས་ང་ཚོར་མཐུན་འགྱུར་དང་གདེང་འཇོག་གནང་གིན་ཡོད་པས། དེས་བདག་ཡིད་ཅུང་ཚིམ་ཡོད།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    འགྱུར་མེད་བསྟན་འཛིན་ལགས། པེན་བོད་ཀྱི་མཐུན་ཚོགས་སྔ་རྗེས་ཚང་མའི་ནང་ན་ཆོལ་ཁ་གསུམ་གྱི་མི་ཡོད། འོན་ཀྱང་དབུས་གཙང་པ་ཉུང་ལ་ཁམས་པ་དེ་བས་ཀྱང་ཉུང།

    Reply
  19. གྲྭ་རྒོད says:
    ལོ་ 12 སྔོན།

    ཐོག་མར་ཁ་བྱང་འདི་ལྟར་གྲུབ་དགོས་ན་ཆིག་སྒྲིལ་གྱི་སེམས་པ་དང་གཅིག་གྱུར་གྱི་ངོ་རྒོལ་ཟེར་བ་ལ་འོག་ཏུ་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་དང་ལྷན་མ་འོངས་རྗེས་རབས་རྣམས་ལ་དྲན་གསོའི་རྟེན་དུ་མནའ་གན་རྡོ་རིང་ཆེན་མོ་ཞིག་བཞེངས་ཐུབ་ན་ལེགས། (འདི་ལ་ཆོལ་གསུམ་དབུས་སྤྱི་ཁྱབ་ཁང་དང་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་རྣམ་པས་དབུ་ཁྲིད་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཆུང་ཚང་མ་མཉམ་འབྲེལ་གྱིས་ནུས་པ་འདོན་ཐབས་ཀྱི་ལས་འགུལ་སྤེལ་འོས་ཞེས་བགོད་འདུག་པས་བསམ་བློ་ཞིབ་ཏུ་གཏོང་རོགས་མི་མང་ནང་ཆིག་སྒྲིལ་མི་ཡོངས་རྐྱེན་གཙོ་བོ་དེ་འདི་དག་ཡིན།

    Reply
  20. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    ཆབ་བྲག་ལགས་པེན་གྱི་ཚོགས་པ་འདིའི་ནང་དུ་ཆོལ་ཁ་གསུམ་གྱི་མི་མེད་པའི་རྒྱུ་མཚན་གང་ལ་ཐུག་ཡོད།
    དྲི་བ་དེ་ལ་ལན་ཞིག་གནང་རོགས།

    Reply
  21. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    རྒན་ཆབ་བྲག་ལ་བསྐྱར་དུ་ཞུ་རྒྱུར།
    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་དབུ་འཛུགས་བྱས་ནས་ལོ་མང་སོང་ཡོད་ན་ཡང་ད་དུང་མི་དམངས་དང་
    དབུས་གཞུང་ནས་གདེང་འཇོག་སླེབས་མ་ཐུབ་པ་དང་ངོས་ལེན་མེད་པའི་རྒྱུ་མཚན་ནི་ཚོགས་པ་རང་ཉིད་ནས་
    ཚོགས་པ་དེ་ལ་གདེང་འཇོག་སླེབས་ཐུབ་པའི་ཕྱག་ལས་གནང་མེད་པ་དེ་ཉིད་དོན།

    Reply
  22. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    ལྷ་མོ་སྐྱབས་ལ་ཞུ་རྒྱུར།
    སྤྱིར་བཏང་རྒྱལ་ཁབ་ཁག་ཡོད་དོ་ཅོག་ལ་གཞུང་འབྲེལ་མིན་པའི་རང་སྐྱོང་གི་ཚོགས་པ་ཆེ་ཕྲ་ཆུང་གསུམ་མང་པོ་ཡོད་པ་དང་རང་སྐྱོང་གི་ཚོགས་པ་ཁག་ལ་དབུ་གཞུང་ངོས་ནས་དམིགས་བསལ་ལྟ་རྟགས་མི་འདྲ་བ་ཡོད་ཀྱང་རུང་མེད་ཀྱང་རུང་།རང་སྐྱོང་གི་ཚོགས་པ་ཁག་གི་རྐང་འཛིན་པ་འགོ་གཙོ་རྣམས་ནས་རང་སྐྱོང་ཚོགས་པ་དེའི་དམིགས་ཡུལ་དང་སྒྲུབ་བྱ་ལངས་ཕྱོགས་དང་མཚན་གནས་གཞི་བཟུང་གི་ཚོགས་པ་དེ་ལ་རང་ཆས་སུ་ཡོད་པའི་ནུས་པ་དང་ཐོ་ཐང་རང་དབང་རྣམས་བེད་སྤྱོད་གཏོང་ཐུབ་པ་དགོས་རྒྱུ་དེ་གཅིག་མཚུངས་རེད།ཚོགས་པ་དེ་ལ་མི་དམངས་དང་གཞུང་གིས་གདེང་འཇོག་དང་མཚན་ཐོག་སླེབས་མིན་ཚོགས་པ་རང་ཉིད་ལ་རག་ལས་པ་རེད།
    དབུ་གཞུང་ངོས་ནས་ཚོགས་པ་ཆེ་ཆུང་ཚང་མ་ལ་རང་དབང་དང་ཐོ་ཐང་འདྲ་མཉམ་སྤྲད་དགོས་པ་དེ་རྒྱལ་ཁབ་ཁག་གི་ལངས་ཕྱོགས་གཅིག་མཚུངས་རེད།
    བོད་མི་རྣམས་ལ་ལས་དབང་དེ་འདྲ་འཕྲད་བཞིན་པའི་སྐབས་ལ་གཞན་གྱི་གདེང་འཇོག་བྱེད་མིན་ལ་མ་སྙད་པར་ཚོགས་པ་ཡོད་དོ་ཅོག་ནས་ནུས་པ་འདོན་རྒྱུ་དང་ལེགས་སྐྱེས་གང་ལེགས་འབུལ་རྒྱུའི་དུས་ཚོད་སླེབས་ཡོད།
    སྲིད་དོན་གྱི་ལས་འགུལ་གཙོ་བོར་བྱས་པའི་ཚོགས་པ་ཤིག་མིན་ཀྱང་ལས་འགུལ་སྣ་མང་ཞིག་སྤེལ་རྒྱུ་ཡོད་།
    དཔེ་ན་གདན་ས་ཁག་གི་གྲྭ་པ་རྣམས་ཆབ་སྲད་པ་མིན་ལ་གདན་ས་ཁག་ཆབ་སྲིད་ཚོགས་པ་དེ་བས་མ་རེད།
    ལས་འགུལ་སྣ་ཚོགས་ཀྱི་གཙོ་འགན་བཞེས་བཞིན་པ་ནི་གུས་ཉིད་ནས་མི་མཐོང་པ་ག་ལ་སྲིད།
    ཡིན་ན་ཡང་དུས་སྐབས་ཀྱི་དབང་གིས་ཚོགས་པ་ཡོད་ཚད་དང་བོད་མི་རྩམ་ཟན་ཡོད་དོ་ཅོག་ཆབ་སྲིད་པ་དང་དེའི་ཚོགས་པ་ཡིན་མིན་ལ་མི་ལྟོས་པར་ལས་འགུལ་ནང་མཉམ་ཞུགས་དགོས་པ་དེ་བོད་ཀྱི་རྩ་དོན་མིན་ནམ།

    Reply
  23. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མི་ཉག་བཙན་པོའི་བཀའ་འདྲི་ཡང་ཚ་སེ་འདུག དགའ་བོ་བྱུང། གཞེན་སྐུལ་འདི་ཡང་ལས་འགུལ་ཞིག་ཡིན་སྙམ་ཡོད། འདི་མཐུན་ཚོགས་ཚབ་བྱས་ནས་ཚོགས་གཙོའི་མིང་ཐོག་ན་སྤེལ་གྱིན་ཡོད།
    གཞུང་གིས་ནམ་རྒྱུན་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེན་པོ་བརྒྱད་ཅེས་པ་ལས་་ཚོགས་སྡེ་གཞན་དག་གདེང་འཇོག་་མི་བྱེད་པ་རེད། དཔེར་ན་བོད་གཞུང་དམངས་ཚོགས་ཆེན་སྔ་ཕྱི་གང་ཡིན་ནང་ལ་ཡང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལྟ་བུ་ཡང་ངོས་ལེན་བྱེད་ཀྱིན་མེད།
    དེ་བས་འདིར་ཡང་ང་ཚོས་བློ་འདོན་འདྲ་བོ་བྱས་ནས་ཚོགས་པ་ཆེན་པོ་བརྒྱད་ཀྱིས་མཉམ་འབྲེལ་གྱིས་ཚོགས་སྡེ་གཞན་དག་ལ་མཐུན་ལམ་འཛིན་པའི་རེ་བ་ཞུ་གིན་ཡོད།
    མ་གཞི་ནས་ཚོགས་པ་འདི་སྲིད་དོན་གྱི་ལས་འགུལ་གཙོ་བོར་བྱས་པའི་ཚོགས་པ་ཞིག་མིན་པ་ཤེས་དགོས། གཙོ་བོ་ལོ་རེའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ནང་ལ་མཉམ་ཞུགས་ཀྱིས་བོད་དོན་གླེང་སློང་དང་ལྷག་པར་བོད་ཀྱི་བཙོན་ནང་གི་རྩོམ་པ་པོའི་གནས་སྟངས་ཡར་ཞུ་དང་གྲོས་ཆོད་འཇོག་ཐུབ་བྱུང་ཡོད། དེ་མིན་དཔྱད་རྩོམ་གྱིས་གཙོས་རྩོམ་འབྲིའི་ལམ་ནས་ལས་ཀ་བྱེད་བཞིན་པ་རེད།

    Reply
  24. མི་ཉག་བཙན་པོ says:
    ལོ་ 12 སྔོན།

    བཀུར་འོས་ལྷ་མོ་སྐྱབས་ལགས་ལ་ཞུ་རྒྱུར།
    གུས་ཉིན་ནས་སྤེལ་བའི་དགོངས་འཆར་དག་ལ་རྒྱབ་སྐྱོར་དང་མོས་འདུན་ཡོད།
    གུས་ཉིད་ཀྱི་དགོངས་འཆར་གྱི་ནང་ལས་དོན་ཁག་ལྔ་ནས་དང་པོ་(ཀ)དེ་ཕྱི་དྲིལ་བཀའ་བློན་ནས་གཙོ་འགན་བཞེས་རྒྱུ་དང་།
    ལས་དོན་གཉིས་པ་(ཁ)་དེ་སྤྱི་མཐུས་ལྷན་ཚོགས་ནས་གཙོ་འགན་བཞེས་རྒྱུ་དང་།
    ལས་དོན་གསུམ་པ་(ག)དེ་ཆོལ་གསུམ་དབུས་སྤྱི་ཁྱབ་ཁང་དང་གཞོན་ནུ་ཚོགས་པ་དང་བུད་མེད་ཚོགས་པ་རྣམ་པས་བཞེས་རྒྱུ་དང་།
    ལས་དོན་བཞི་པ་(ང)་དེ་ཆོས་དོན་ལས་ཁུངས་ཀྱིས་ཐུགས་འགན་རྐང་ལེན་གནང་འོས་སྙམ་ཞེས་དང་།
    ལས་དོན་ལྔ་པ་(ཅ)་དེ་བདེ་སྲུང་ལས་ཁུངས་ནས་ཐུགས་འགན་གནང་འོས་སྙམ་ཅེས་གསུངས་འདུག་ན་བདེན་པ་ལྟར་ངོས་འཛིན་བྱས་ཆོག།
    གུས་ཉིད་ནས་ཚོགས་པ་ཁག་ལ་ལས་དོན་རྣམས་ཆ་བགོས་གང་ལེགས་བྱས་འདུག་མོད། གུས་ཉིད་ལ་ཞུ་རྒྱུར།
    གུས་ཉིད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པས་རྩོམ་པ་པོ་མཐུན་ཚོགས་ནས་གཙོ་འགན་བཞེས་ནས་ལས་འགུལ་འདྲ་སྤེལ་འཆར་མེད་དམ་ཅེས་
    པའི་དྲི་གཅིག་དང།
    བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ནས་འགན་བཞེས་ནས་ལས་འགུལ་དེ་དག་དང་ཡང་ན་ལས་འགུལ་གཞན་ནང་མཉམ་ཞུགས་ཀྱིས་ལས་འགུལ་སྤེལ་འཆར་མེད་པ་ཨེ་ཡིན་ཅེས་པའི་དྲི་གཉིས་རེད།བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ངོས་ནས་འཆར་གཞི་དང་གོ་སྒྲིག་གང་གནང་འཆར་ཡོད་ཅེས་དྲི་བ་གསུམ་པ་དེ་རེད།
    གལ་སྲིད་མེད་ན་ཚོགས་གཙོའི་མཚན་སྙན་པོ་དེ་དང་ཚོགས་པ་དེ་རང་དོན་ཁོ་ནའི་ཆེད་དུ་བེད་སྤྱོད་གཏོང་རྒྱུ་ཡིན་ནམ་ཅེས་དྲི་བཞི་པ་དེ་རེད།
    འདས་པའི་ལོ་རབས་ནང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་ཆབ་སྲིད་ཀྱི་ལས་འགུལ་འདྲ་སྤེལ་མྱོང་ཡོད་དམ་ཅེས་དྲི་བ་ལྔ་པ་དེ་རེད།
    བཀུར་འོས་བོད་མི་ཞིག་ནས་འགན་ཁུར་མི་དགོས་པའི་དགོངས་འཆར་དང་མཉམ་ཞུགས་མི་དགོས་པའི་ལས་འཆར་དང་། ཟུར་བཞུགས་མི་མངོན་པའི་ཚོགས་གཙོ་ཞིག་གནང་ན་མི་འགྲིག་སྙམ།གཞན་ལ་བཤད་རྒྱུ་རྐྱང་རྐྱང་ཨེ་ཡིན།

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    བློ་མཐུན་འདྲེ་མགོ་རྡོ་ལ་སླར་ཡང། ཤེས་ཡོན་པ་དང་རྩོམ་པ་པོ་རྣམ་པས་གནད་དོན་ལ་བསམ་གཞིགས་ཀྱིས་ལེགས་ཉེས་དང་བྱེད་ཐབས་སོགས་ཡར་ལ་སྙན་ཞུ་དང་མར་ལ་སྣེ་ཁྲིད་ཀྱི་འགན་འཁུར་དགོས་པར་མཐོང། བསམ་ཚུལ་འདི་ཡང་མཐུན་ཚོགས་ཀྱི་ཚབ་བྱས་ནས་ཞུ་གིན་ཡོད།
    གཞན་དམིགས་བསལ་མི་རིགས་ཁག་གི་རང་དབང་རྩོམ་པ་པོ་རྣམ་པ་དང་མཉམ་འབྲེལ་དང་ཚོགས་འདུ་བསྡུ་སྐོང་བྱེད་འོས་པ་དང་དགོས་ངེས་སུ་མཐོང། ཁྱེད་རང་ཡང་ཚོགས་མི་ཞིག་ཡིན་ནམ།

    Reply
  26. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སྒྲོལ་མ་ལགས། ཁྱེད་དང་རོགས་པ་སྐོར་ཞིག་བགྲོ་གླེང་འདིའི་ཐོག་ལ་ཕེབས་པར་དགའ་སྤྲོ་ཆེ། དམིགས་བསལ་སྐུ་མགྲོན་ཡིན། གྲལ་མགོ་ལ་བཞུགས། དགོངས་འཆར་ལྷུག་བརྗོད་ཡོང་བའི་རེ་བ་ཡོད།

    Reply
  27. སྒྲོལ་མ། says:
    ལོ་ 12 སྔོན།

    དགེ་རྒན་ཆབ་བྲག་ལྷ་མོ་སྐྱབས་ལགས། གུས་མོས་སྤྱི་ལོ་ 2008 ཡས་མས་སུ་ནམ་རྒྱུན་བོད་ཀྱི་དུས་བབ་དྲ་ཚིགས་ནང་འཛུལ་ཏེ། ཕྱི་སྡོད་བོད་མི་ཚོ་དང་བསམ་ཚུལ་བརྗེ་རེས་དང་མཚམས་རེར་རྩོད་པ་ཡང་ཐེངས་མང་བྱས་མྱོང་ཡོད། བར་སྐབས་ཤིག་ལ་བདག་གི་ལས་གནས་ལ་འཕོ་འགྱུར་ཕྱིན་སོང་ལ། དུས་དེ་ནས་བཟུང་བརྡ་འཕྲིན་ལ་ཡང་ཁ་གྱེས་དགོས་བྱུང་སོང་བས་ཕྱི་ཕྱོགས་སུ་གླེང་མོལ་བྱ་རྒྱུར་ཡང་སྟབས་བདེ་མེད་པར་གྱུར་སོང་། འོན་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་གཟའ་འཁོར་རེའི་ནང་བོད་ཀྱི་དུས་བབ་དྲ་བའི་སྟེང་སྐོར་གཡེང་རེ་བྱ་རྒྱུ་ཆད་མྱོང་མེད་ལ། གསར་འགྱུར་དང་རྩོམ་ཡིག་གི་གཤམ་དུ་དྲ་དམངས་ཚོའི་དཔྱད་གཏམ་ལའང་བམ་ཀློག་རེ་བྱེད་ཀྱི་ཡོད།
    ད་ལྟ་གུས་མོ་སླར་ཡང་ཁུ་སིམ་ཁོད་ཡང་གི་ཁོར་ཡུག་ཅིག་དབང་སོང་བས་བྱེས་བཞུགས་སྤུན་ཟླ་ཚོ་དང་ལྷོད་ཀྱིས་བསམ་ཚུལ་རྗེས་རེས་བྱ་ཆོག་ལ། ང་དང་མཉམ་དུ་ཁྱེད་ཅག་ལ་སྙིང་གཏམ་གླེང་བར་སྒུག་ཡོད་པའི་གྲོགས་མོ་གཞན་སྐོར་ཞིག་དང་ཡོད།

    Reply
  28. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    འདྲེ་མགོ་རྡོ་ལགས། བདག་གི་རེ་བ་ནི་གཞུང་དང་ཚོགས་སྡེ་ཁག་གིས་དོན་འདིར་བགྲོ་གླེང་རེ་བྱས་ནས་མོས་མཐུན་བྱུང་ན་མཉམ་ལས་གནང་རྒྱུ་ལས་སླ་སྙམ། གལ་ཏེ་ཚོགས་སྡེ་ཁག་གིས་ཁ་མ་གྲགས་པར་བསྡད་ན་དོན་འདི་ང་ཚོའི་བོད་ཀྱི་པེན་ཁོ་ནས་སྒྲུབ་ཐུབ་པ་ཞིག་ག་ལ་ཡིན། བདག་ལ་མཚོན་ན་དྲ་ནང་གི་བགྲེ་གླེང་འདི་ཡང་དོན་གྱིས་ཚོགས་ཆེན་ཞིག་ལ་ངོས་འཛིན་གྱིན་ཡོད། དེ་བས་རང་ཉིད་ཀྱང་གཙོ་སྐྱོང་བའི་འགན་ཡོད་བསམས་ནས་ཧུར་ཐག་གིས་ཁྱེད་ཅག་ལ་ལན་འདེབས་བྱེད་ཀྱིན་ཡོད།

    Reply
  29. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    འགྱུར་མེད་བསྟན་འཛིན་ལགས། ངོ་་ལྐོག་རྒྱབ་མདུན་གྱི་ལས་ཀ་སོགས་སྔོན་འགོག་དང་མེད་པ་བཟོ་བར་ཡང་ལོས་ཕན། བདག་གི་བསམ་ཚུལ་ལ་བོད་མི་མཐོ་དམའ་བར་གསུམ་གང་མང་མཉམ་ཞུགས་དང་མཉམ་ཞུགས་དངོས་མ་ཐུབ་ཀྱང་དུས་ཚོད་དེ་ཡོངས་ཁྱབ་གསལ་བསྒྲགས་ཀྱིས་བོད་མི་སོ་སོ་གང་ན་ཡོད་པའི་གནས་དེ་ནས་མི་གཉིས་གསུམ་བརྒྱ་སྟོང་སོགས་ག་ཚོད་ཅིག་མཉམ་འཛོམས་ཐུབ་ན་ལྷན་འཛོམས་དང་མི་ཐུབ་པ་དག་གིས་སོ་སོའི་ཁྱིམ་ནས་ཀྱང་མནའ་གན་ནང་ལ་སེམས་པས་མཉམ་ཞུགས་གནང་ཐུབ་རྒྱུ་རེད།
    དེ་རྗེས་ལོ་རེ་བཞིན་དུ་ཉིན་མོ་དེར་དྲན་གསོ་དང་ཉིན་མོ་དེར་མཉམ་འབྲེལ་ཆེན་མོས་ལས་གཞི་སྤེལ་རྒྱུ་སོགས་བདག་ལ་འཆར་སྣང་གི་ས་ཁྲ་མང་ཡ།

    Reply
  30. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    གྲྭ་རྒོད་ལགས། བསམ་ཚུལ་དེ་ཡང་མ་རེད་ཟེར་རྒྱུ་མི་འདུག་མོད། གལ་ཏེ་ཐུན་མོང་གི་མོས་མཐུན་ཡོད་པ་ཞིག་ཡིན་ན་ཐུན་མོང་གིས་བྱེད་རྒྱུ་དང། གལ་ཏེ་ཐུན་མོང་གི་མོས་མཐུན་མི་ཡོང་བ་ཞིག་ཡིན་ན་ཐུན་མིན་གྱིས་ལས་ཀ་བྱེད་རྒྱུ་གཉིས་ཡོད་པས། དོན་ཆེན་འདི་འདྲར་ཐུན་མོང་གི་མོས་མཐུན་དང་མཉམ་ལས་མ་གནང་ཚེ་མནའ་གན་རྡོ་རིང་གི་དོན་སྙིང་ཡང་ཆུང་བར་གྱུར་བ་རེད།

    Reply
  31. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དྲག་པོའི་ངོ་རྒོལ་བྱེད་འདུན་ཡོད་པ་ཚོས་ཀྱང་དེ་འདྲ་བྱེད་རྒྱུར་ཐོབ་ཐང་ལོས་ཡོད། འཇིག་རྟེན་སྤྱི་སྲོལ་ལ་ཚུར་དམག་དྲངས་ན་ཕར་དམག་གིས་རྒོལ་བ། དྲག་པོ་ལ་དྲག་པོ་དང་ཞི་བ་ལ་ཞི་བ་ཟེར་བ་ཡང་ཡོད་པ་རེད། འོན་ཀྱང་བདག་གིས་ཡིད་བཞིན་ནོར་བུའི་ལམ་སྟོན་གྱི་འཚེ་མེད་ཞི་བའི་འཐབ་ཇུས་ལ་དོན་སྙིང་ཆེ་བར་ངོས་འཛིན་བྱེད་ཀྱིན་ཡོད།
    གལ་ཏེ་དྲག་པོ་རང་ལས་ཞི་བ་བྱེད་འདོད་མེད་མཁན་ཞིག་ཡིན་ན་དེ་ཡང་ལོགས་སུ་དྲག་རྒོལ་ཚོགས་པ་འཛུགས་མི་ཆོག་པ་ཅི་ལ་ཡོད།

    Reply
  32. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མི་ཉག་ལགས་ཀྱིས་མཐོང་སྣང་ངོ་མའི་བསམ་ཚུལ་གླེང་བར་དགའ་བོ་བྱུང། འདི་ན་ཡང་སོག་ལྡོམ་མི་ཉུང་བ་རེ་འདུག ང་ཚོའི་བོད་རྒྱ་ཚོགས་པའི་ནང་ལ་ཡང་ཞུགས་ཡོད། མི་གྲངས་ཀྱི་མང་ཉུང་གཙོ་བོ་མིན། མི་རིགས་ཁག་གི་སྐྱིད་སྡུག་མཉམ་མྱོང་གི་སྒྲིག་འཛུགས་གསར་བ་སྟོབས་དང་ལྡན་པ་ཞིག་འཛུགས་ཐུབ་ངེས་ཡིན། འདིའི་ཐད་ལ་མི་རིགས་གཞན་དག་གིས་ཏཱ་ལའི་བླ་མཆོག་གིས་དབུ་ཁྲིད་དམ་སློབ་སྟོན་པ་གནང་རོགས་ཞུ་མཁན་ཡང་ཡོང་ངེས། ཡིད་བཞིན་ནོར་བུས་ཀྱང་འཚེ་མེད་ཞི་བའི་ལམ་སྟོན་གནང་ངེས་རེད། དེའི་མཚུངས་མིང་དོན་གཉིས་ལྡན་གྱི་སྒྲིག་འཛུགས་ཆེ་ཞིག་ཆགས་རྒྱུ་རེད། ལས་ཀ་ཡང་མང་ཙམ་སྤེལ་ཐུབ་རྒྱུ་རེད། བདག་ལ་འདིའི་ཐད་ན་དེ་སྔ་ཞིག་ནས་ཚོར་སྣང་དང་སེམས་ཤུགས་སྐྱེས་མྱོང།

    Reply
  33. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མཛའ་བརྩེ་ལྡན་པའི་ཀློག་པ་པོ་རྣམ་པ་དང་ལྷག་པར་བསམ་ཚུལ་མཆན་འགོད་པ་རྣམ་པར་དགའ་བསུ་ཞུ། ངས་བསམ་ཚུལ་ཚང་མའི་ནང་དོན་ཟིན་བྲིས་འདེབས་ཀྱིན་ཡོད། ཁ་བརྡ་ནང་ལ་བདག་གིས་བསམ་ཚུལ་མི་མཐུན་པའི་རིགས་ལ་གསལ་བཤད་མང་ཙམ་རེ་བྲིས་ཡོད་པས་དེར་གཟིགས་རོགས། འདིར་བསྐྱར་འབྲི་མི་བྱེད།

    Reply
  34. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    ཆབ་བྲག་གིས་མཐུན་འབྲེལ་གྱི་མནའ་གན་བཞགས་དགོས་ཟེར་བའི་ནང་དུ་བཙན་བྱོལ་ནང་གི་ཁྱིམ་ཚང་གསུམ་དེ་ངེས་པར་དུ་ཚུད་དགོས།
    ཁོང་ཚོ་གསུམ་གྱི་རྒྱབ་ལོགས་སུ་ཆོས་ལུགས་ལུང་ཚན་གྱི་ལག་པ་སྦྲེལ་ནས་བཙན་བྱོལ་སྤྱི་ཚོགས་དེ་གོང་བུ་ནུས་པ་ཆིག་སྒྲིལ་མེད་བ་ཆགས་ཡོད།
    མི་ཚང་གསུམ་དེས་མཐུན་འབྲེལ་བྱ་བའི་མནའ་གན་བཞགས་ན་གཞན་ཚོ་རང་བཞིན་དུ་མཐུན་འབྲེལ་ཤུགས་ཀྱིས་ཆགས་རྒྱུ་རེད།

    Reply
  35. མི་ཉག་སྐལ་བཟང་། says:
    ལོ་ 12 སྔོན།

    དགེན་ལྷ་མོ་ལགས་ཀྱི་ལས་འཆར་དང་བསམ་ཚུལ་དེར་ཡིག་ངག་གཉིས་ཐོག་ནས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་ཡོད། ལྷག་པར་དུ་ང་ཚོས་ཡུ་གུར་དང་སོག་པོའི་མང་གཙོ་དོན་གཉེར་བ་ཚོ་དང་ལྷན་དུ་མཉམ་འབྲེལ་ཀྱིས་ནུས་པ་ཆེ་རུ་གཏོང་དགོས་པའི་དུས་ལ་བབ་འདུག ང་རང་ཕྱིར་སོག་ཏུ་ཡོད་སྐབས་ཕྱིར་སོག་དང་ནང་སོག་གི་མང་གཙོ་དོན་གཉེར་བ་མི་ཉུང་བ་ཞིག་གིས་མངོན་ལྐོག་རྒྱབ་མདུན་གཉིས་ནས་རྒྱབ་སྐྱོར་དང་སྐུལ་མ་ཡང་ཡང་བྱས་མྱོང་། འོན་ཀྱང་ད་ནི་ང་རང་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ཁོ་ནའི་ལམ་དུ་ནམ་ཡང་བསྐྱོད་འདོད་མེད་ལ། ངའི་འདི་ལྟར་གྲོགས་པོ་གྲོགས་མོ་མང་པོ་དང་ལྷན་དུ་སྐད་ཆ་ཞིག་བཤད་མྱོང་། རྒྱ་གཞུང་ལ་དྲག་པོའི་གཏོར་རྒོལ་གཏོང་དགོས་པ་ནི་སྨོས་མེད་རེད། གལ་ཏེ་ནམ་ཞིག་ཡུ་གུར་དང་སོག་པོའི་མང་གཙོ་དོན་གཉེར་བ་ཚོ་དང་ལྷན་དུ་ཕྱི་སོག་གི་རྒྱལ་སར་ཨུ་ལན་པྰ་ཐར་ནང་ཆེ་གསང་བའི་སྒོ་ནས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས་ནས་རྒྱ་ནག་གཞུང་ལ་དྲག་པོའི་གཏོར་བཅོམ་གྱིས་ལས་འགུལ་ཞིག་སྤེལ་དགོས་ཀྱིན་འདུག

    Reply
  36. བཀྲ་ཤིས་ཉི་མ། says:
    ལོ་ 12 སྔོན།

    ཆབ་བྲག་ལགས། ལས་འཆར་ཐོག་མ་(ཀ) དང་། མཐའ་མ་(ཅ)གཉིས་ལ་མོས་མཐུན་ཡོད། དེ་ཡང་མོས་མཐུན་ཡོད་པ་ཙམ་ཡིན། ལག་ལེན་དངོས་འབེབས་བྱེད་པར་བར་ཐག་གིས་ཆོད་པའི་ཕུགས་བསམ་ལེགས་པོ་ཙམ་ཞིག་རེད། གང་ཡིན་ཟེར་ན་འདས་ཟིན་པའི་ལོ་རྒྱུས་ཀྱི་ཉམས་མྱོང་གཞི་ལ་བཞག་ཅིང་། མདུན་དུ་ལྷགས་པའི་དངོས་ཡོད་གནས་བབ་དཀྱིལ་སྙིང་དུ་བླངས་ཏེ་རགས་ཙམ་དཔྱད་ན། ( ཀ ) “ ཡུ་གུར་དང་སོག་པོ། རྒྱ་རིགས་སོགས་དམངས་གཙོ་དོན་གཉེར་ཅན་ཚང་མར་འབོད་སྐུལ་གྱིས་རྒྱལ་ཁབ་གང་རུང་ཞིག་ཏུ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས”ཞེས་པ་འདིའི་ཐད། ཡུ་གུར་ལ་མཚོན་ན་ཕྱི་ཕྱོགས་སུ་སྟོབས་ཤུགས་གང་ལ་གང་འཚམ་ཡོད་ལ། སྒྲིག་འཛུགས་དང་མགོ་ཁྲིད་མཁན། རྒྱབ་སྐྱོར་བ། སྤྱི་འབྲེལ་སོགས་འགྲིག་ཙམ་ཡོད། འོན་ཀྱང་སོག་པོར་མཚོན་ན་ད་ལྟའི་ཆ་ལ་ཕྱི་ཕྱོགས་སུ་སྟོབས་ཤུགས་གང་ཡང་མེད་ལ། ཐ་ན་ཡུ་རོབ་ཤར་མ་དང་ཨེ་ཤ་ཡའི་རྒྱལ་ཁབ་རེ་ཟུང་ནང་ཆོས་ཚོགས་དང་ཚོང་པ་སྒེར་པ་རེ་ཟུང་གིས་གྲུབ་པའི་ཚོགས་པ་ཆུང་ཙག་རེ་ལས་འཐུས་སྒོ་ཚང་བའི་སྒྲིག་འཛུགས་དང་། ཡོངས་ཁྱབ་དང་མང་མོས་རྒྱབ་སྐྱོར་ཡོད་པའི་མགོ་ཁྲིད་དེ་འདྲ་གང་ཡང་མེད། ཨ་རི་དང་ཡུ་རོབ། དབྱིན་ཡུལ་བཅས་སུ་སོག་རིགས་ཕྱི་གྱར་བ་དག་ཀྱང་ཐོག་མ་ཆབ་སྲིད་དང་ཉེས་ཁྲིམས་དེ་འདྲའི་འོག་ནས་ཕྱི་གྱར་གནང་དགོས་བྱུང་ཡོད་ཀྱང་། ཕྱི་ཕྱོགས་སུ་རྟིང་སྐུལ་དང་རྒྱབ་རྟེན་སྣེ་ཁྲིད་གང་ཡང་མེད་སྟབས་རིམ་གྱིས་སེམས་ཤུགས་ཉམས་ཏེ། དེང་སྐབས་ཆབ་སྲིད་ལ་དོ་སྣང་མེད་པར་ཚོང་པ་དང་རྒྱལ་ཁབ་དེ་དང་དེའི་སྤྱི་དམངས་ལས་འཚོལ་བ་དཀྱུས་མ་ཆགས་འདུག

    ( ཅ ) “ སྔོན་གཤེགས་དཔའ་བོ་རྣམས་ལ་བསྔོ་སྨོན་དང་ཤུལ་ལུས་ནང་མིའི་འཚོ་སྣོན་སོགས་ཀྱི་ཆེད་དུ་ལོ་རེ་བཞིན་དུ་བཙན་བྱོལ་བོད་མི་ཡོད་དོ་ཅོག་ནས་དང་བླང་ཞལ་འདེབས་འབུལ་རྒྱུ ” ཞེས་པ་འདིའི་ཐད། ཉིས་སྟོང་བརྒྱད་ལོར་ས་བྱི་ཞི་རྒོལ་བྱུང་བ་རེད། མདོ་དབུས་ཁམས་གསུམ་གྱི་བོད་མི་ཉིས་བརྒྱ་དྲུག་ཅུ་བརྒལ་ཙམ་རྒྱ་དམར་གྱིས་བཀྲོངས་སོང་། སྐོར་ཞིག་རྒྱ་ནག་གིས་འཛིན་བཟུང་བྱས་ཏེ་སྲོག་ཁྲིམས་བཅད་སོང་། ཡོངས་ཁྱབ་ཐོག་བསད་སོང་། དེ་ལས་མང་བ་ད་ལྟའང་ཞིག་བཙོན་ཁང་དུ་ཡོད་པ་ཚང་མས་མཁྱེན་གྱི་ཡོད། ཞི་རྒོལ་སྐབས་ལྷ་སའི་ཁྲོམ་ནས་བསད་ཟིན་པ་མང་པོ་ཞིག་ངོ་རྟགས་ཆོད་དཀའ་ཡང་། རྔ་པ་དང་དཀར་མཛེས་ཕྱོགས་ནས་བསད་པ་མང་ཆེ་བའི་ཕ་མ་ནང་མི་གཉེན་ཉེ་དང་བཅས་པ་གསལ་བོར་ཤེས་ཀྱི་ཡོད། སྐབས་དེར་བཙན་བྱོལ་བོད་གཞུང་གིས་མཚོན་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སུ་གང་གིས་ཀྱང་ཁ་ཡོད་ལག་ཡོད་ཀྱིས་འདས་པོ་དེ་དག་དང་མནར་སྡུག་མྱོང་བཞིན་པ་དེ་དག་ལ་དངུལ་དངོས་ཀྱིས་རྒྱབ་སྐྱོར་བྱས་པ་གོ་མ་སོང་། མི་སྒེར་རེ་ཟུང་གིས་དངུལ་ཕུལ་བ་གསལ་ཆ་ཡོད། ཕྱི་ཕྱོགས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རེ་ཟུང་གིས་དེ་དག་ལ་བསྔོ་སྨོན་གྱི་ཆེད་དུ་ཞལ་འདེབས་ཕྲན་བུ་རེ་བསྡུས་ཀྱང་། དེ་ཡང་མི་སྒེར་དང་ཚོགས་པའི་གཞུང་དངུལ་ནང་ཉར་གྱི་ཡོད་པ་གོ་ཐོས་བྱུང་། ཡུལ་ཤུལ་ས་ཡོམ་དང་འབྲུག་ཆུའི་རི་སྙིལ་འདམ་ཟེགས་ཀྱི་སྐབས་སུ་བསྔོ་སྨོན་གསུངས་སོང་། ཞལ་འདེབས་བསྡུས་སོང་།

    ལྷག་པར་དུ་ཉིས་སྟོང་བརྒྱུད་ཚུན་དུ་བོད་ནང་གི་རྩོམ་པ་པོ་དང་སྒྱུ་རྩལ་པ་མང་པོ་ཞིག་སྔ་རྗེས་སུ་རྒྱ་ནག་གི་ཉེས་ཅན་ཆགས་སོང་། ལས་ཀ་ཤོར་སོང་། འཚོ་བ་ཚུན་ལ་དཀའ་ངལ་འཕྲད་སོང་། ཕྱི་ཕྱོགས་ནས་སྦྱིན་བདག་མི་གཅིག་འཐོན་མ་སོང་། ཞལ་འདེབས་ཐེངས་གཅིག་བསྡུས་མ་སོང་། ཁོང་ཅག་གི་དེབ་རེ་ཟུང་བསྐྱར་དཔར་བྱས་པ་ཙམ་ལས། ཁ་ཡོད་ལག་ཡོད་ཀྱིས་རོགས་རམ་ཐུབ་མ་སོང་། ཐ་ན་ཁོང་རྣམ་པས་ཁྲག་གིས་བྲིས་པའི་བརྩམས་ཆོས་དཔར་སྐྲུན་གྲོན་དངུལ་ཆེད་ཕྱི་ཕྱོགས་སུ་འབོད་སྐུལ་གནང་བར་ཡང་ངོས་ལེན་ཡག་པ་མ་བྱས་པ་དང་། ངོས་ལེན་ཙམ་བྱུང་ཡང་ལབ་རྒྱུ་གླེང་རྒྱུ་མང་པོ་ལྷག་པ་སོགས་བྱུང་ཡོད། རྩོམ་རིག་དང་སྐད་ཡིག་གི་ཐད་ནས་ཕྱི་ཕྱོགས་ནས་བོད་ནང་གཟིགས་རྟོགས་ཐུབ་ས་མང་པོ་ཞིག་ཡོད་ཀྱང་། ད་བར་འབུར་དུ་ཐོན་པའི་ལས་དོན་སྣ་གཅིག་ཀྱང་བྱ་ཐུབ་མ་སོང་། འདིའི་ནང་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱང་ཚུད་ཡོད།

    Reply
  37. འདྲེ་མགོ་རྡོ། says:
    ལོ་ 12 སྔོན།

    དབུ་མའི་ལམ་གྱི་བློ་མཐུན་ཆབ་བྲག་ལགས་སུ་ཁ་སང་ཁ་བརྡར་ཞུས་ཡོད། ཁྱེད་ནས་ངའི་བསམ་ཚུལ་གོ་མི་འདུག གོང་གི་འདི་ལས་རྩོམ་པ་པོ་རྣམས་ཀྱིས་ཅིག་བྱེད་རྒྱུ་ཡོད་ཀ་མེད་ཀ། ལྷག་པར་ཏུ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་ཀླད་པ་དཀྲུག་ནས་ཛ་དྲག་གི་ཚོགས་འདུ་ཞིག་བསྡུས་ན། དེ་ཡག་གི་རེད།
    དེ་མིན་ཁྱེད་རང་ལོ་གཞོན་གཞོན་ཆགས་གྲབས་འདུག

    Reply
  38. འཇམ་བཟང་། says:
    ལོ་ 12 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱི་དགོངས་འཆར་ལ་མོས་མཐུན་ཡོད། རྒན་ཁྱེད་ཀྱི་འགྱུར་མེད་ཀྱི་རང་གཤིས་དང་ལྷག་བསམ། ཤེས་ཡོན་བཅས་ནི་རི་རབ་བཞིན་ལྗིད་ཁོག་ཆེ། རྒྱ་མཚོ་བཞིན་གཏིང་ཟབ། མ་ཚད་ཁྱེད་ཀྱིས་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་ཤོག།
    ེད་དུང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཡང་གང་གི་གསུང་འདི་དག་ལ་སྣང་མེད་དུ་མི་བཏང་བར་ཅི་ནས་ཀྱང་ཐུགས་བསམ་བཞེངས་རོགས།

    Reply
  39. འགྱུར་མེད་བསྟན་འཛིན། says:
    ལོ་ 12 སྔོན།

    ཆབ་བྲག་ཕོ་ཉའི་སྐད་ཆ་འདི་ཚོས་ཅི་ཞིག་བཤད་ཀྱི་ཡོད

    ནམ་རྒྱུན་དུ་ཆོས་ལུགས་ལུང་ཚན་བར་དུ་སྐྱེ་བོ་སྒེར་སོ་སོའི་ངོས་ནས་དམ་ཚིག་གཙང་མ་ཉིན་རྒྱུ་འཚོ་བའི་ཁྲོད་ནས་ངོ་ལྐོག་མེད་པའི་ལས་ཀ་བྱ་ཐུབ་ན་མནའ་གན་ཞིག་བཞགས་དགོས་བ་བསམ་གྱི་མེད།
    ངོ་ལྐོག་དང་དམ་ཚིག་གཙང་མའི་ལས་ཀ་མ་བྱས་ན་མནའ་གན་གྱི་རྡོ་རིང་གིས་གོ་ཆོད་ཀྱི་མ་རེད།
    ཡུལ་ཤོར་བ་ཚོས་མཉམ་དུ་རྒྱ་ནག་དམར་པོ་ལ་ཁ་གཏད་བྱ་ཆེད་དུ་མནའ་གན་ཞིག་བཞགས་ན་ནུས་པ་འདོན་ཐུབ་ཀྱི་རེད།

    ་

    Reply
  40. གྲྭ་རྒོད says:
    ལོ་ 12 སྔོན།

    སྤྱིའི་ཆ་ལ་འཆར་འགོད་ཡག་པོ་གནང་འདུག་མོས་མཐུན་ཡོད། འོན་ཀྱང་རྡོ་རིང་འཛུག་རྒྱུ་ཟེར་བ་དེ་སྤྱིར་ཡག་པོ་རེད་ཡིན་ནའང་གཞོན་ནུ་དང་བུ་མེད་གཞུང་འབྲེལ་མིན་པའི་ཚོགས་པ་དག་གི་སྣེ་ཁྲིད་ཟེར་བ་དེ་མོས་མཐུན་མེད་གང་ཡིན་ཟེར་ན་འདི་འདྲ་བྱས་ན་བོད་མི་དམངས་གྱི་ཁ་ཕྱོགས་གཅིག་གྱུར་ལ་གནོད་སྐྱོན་ཆེན་པོར་མཐོང་བས་ཡིན། ལས་འགལ་གང་ཡིན་སྤེལ་སྐབས་ལངས་ཕྱོགས་མཐུན་པའི་ཚོགས་པ་ཁ་གཙང་རེ་ཉམས་ཏུ་ལས་འགལ་སྤེལ་རྒྱུ་ལས་ལངས་ཕྱོགས་མི་མཐུན་པའི་ཚོགས་པ་ཁག་དང་ཉམས་ཏུ་ལས་དོན་སྤེལ་བ་ཡིན་ཆིག་སྒྲིལ་ལ་སྐྱོན་ཏུ་མཐོང།

    Reply
  41. བརྩོན་རྒྱམ། says:
    ལོ་ 12 སྔོན།

    མོས་མཐུན་ཡོད་ངོ་མ་དེ་འདྲ་ཞིག་གནང་ཐུབ་ན་དགེ་མཚན་ཆེན་པོ་རེད།   མདོ་དབུས་ཁམས་གསུམ་གྱི་སྐྱིད་སྡུབ་མཉམ་མྱོང་གནང་བཞིན་པ་འདི་ནི་དགའ་འོས་པ་ཞིག་ལ་གནང་དགོས་པ་ཞིག་འང་རེད།  ཚང་མས་བསམ་ཚུལ་གསུང་རོགས་གནང་།

    Reply
  42. རྒྱང་ལྟ། says:
    ལོ་ 12 སྔོན།

    དགོངས་དག བོད་སོག་ཡུ་གུར་དབྱིན་གསུམ་གྱི་ཞེས་པ་དེ་བོད་སོག་ཡུ་གུར་དབྱིན་བཞིའི་སྐད་
    བཞི་ཤན་སྦྱར་ཞེས་གོ་བ་ལེན་རྒྱུ།

    Reply
  43. རྒྱང་ལྟ། says:
    ལོ་ 12 སྔོན།

    ཀ༽ ཡུ་གུར་དང་སོག་པོ། རྒྱ་རིགས་སོགས་དམངས་གཙོ་དོན་གཉེར་ཅན་ཚང་མར་འབོད་སྐུལ་གྱིས་རྒྱལ་ཁབ་གང་རུང་ཞིག་ཏུ་མི་རིགས་སྐྱིད་སྡུག་མཉམ་མྱོང་གི་ཚོགས་ཆེན་ཞིག་བསྐོངས་ནས་མི་རིགས་མནའ་འབྲེལ་གྱི་ཚོགས་པ་ཆེན་པོ་ཞིག་བཙུགས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཉམ་སྤེལ་གང་མང་བྱེད་རྒྱུ། (བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བློན་ཆེན་གྱིས་གཙོ་འགན་གནང་འོས་སྙམ)

    ལས་འགུལ་འདིའི་ནང་བོད་ཀྱི་རང་དབང་གི་རྩོམ་པ་པོ་མང་བོས་རྒྱ་ནག་སྲིད་གཞུང་གིས་བོད་གཙོས་གྲངས་ཉུང་མི་རིགས་ལ་འཛིན་པའི་བྱུས་ཡང་དག་མིན་སྐོར་གྱི་རྩོམ་ཡིག་ཚད་ལྡན་གང་མང་སྤེལ་ནས།དེ་དག་རྒྱལ་སྤྱི་དང་ལྷག་པར་གྲངས་ཉུང་མི་རིགས་དེ་དག་གི་བསམ་བློའི་ནང་འཛུལ་ཐབས་བྱ་དགོས།རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་ཕན་ཚུན་བསམ་ཚུལ་རྒྱུས་ལོན་ཡོང་
    ཐབས་སུ།བོད་སོག་ཡུ་གུར་དབྱིན་གསུམ་གྱི་སྐད་བཞི་ཤན་སྦྱར་ཐོག་ཟླ་གསུམ་མམ་ཡང་ན་ཟླ་དྲུགདེ་མིན་ལོ་དེབ་སོགས་གང་རུང་གི་ཆབ་སྲིད་དུས་དེབ་ཅིག་གྲངས་ཉུང་མི་རིགས་དེ་དག་གི་ངོ་ཚབ་ཡོད་པའི་རྩོམ་སྒྲིག་ཚོགས་ཆུང་ཞིག་གི་ངོས་ནས་འདོན་སྤེལ་ཐུབ་ན།དེས་གྲངས་ཉུང་མི་རིགས་དེ་རྣམས་ཆིག་སྒྲིལ་ཡོང་རྒྱུའི་ཟམ་ཆེན་ཞིག་ཏུ་གྱུར་ནས་རིམ་བཞིན་གྲངས་ཉུང་མི་རིགས་བར་གྱི་མཛའ་འབྲེལ་ཇེ་རྒྱས་དང་།རྒྱལ་སྤྱིའི་ཐོག་ཏུའང་གནད་དོན་འདི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་པ་ཡིན།

    Reply
  44. ཕྱུགས་རྫི says:
    ལོ་ 12 སྔོན།

    ཡག་པོ་གནང་འདུག་ཐུགས་རྗེ་ཆེ།

    Reply
  45. ཀུན་དགའ། says:
    ལོ་ 12 སྔོན།

    རྩོམ་པ་པོ་དང་བསམ་བློ་བ་སྤྱི་ཟུར་ཆབ་བྲག་ལགས་ཀྱིས་ཡང་དག་པའི་དགོངས་འཆར་ཞིག་བཏོན་པར་རྒྱབ་སྐྱོར་དང་ཡི་རང་མོས་མཐུན་ཡོད། བཙན་བྱོལ་སྒྲིག་འཛུགས་དང་ཚོགས་པ་ཁག་ནས་ཀྱང་དགོངས་ཚུལ་དེར་སྣང་མེད་མི་གནང་པར་ལག་ལེན་གང་ཐུབ་གནང་རྒྱུར་འབོད་སྐུལ་ཞུ།།

    Reply
  46. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    མཆན་འགོད་ཀློག་མཁན་ཐོག་མ་བོན་རྒྱ་ལགས་དང། རཱ་རྒྱ་བློ་དབང་ལགས། རྒྱང་ལྟ་ལགས་གསུམ་གྱིས་མོས་མཐུན་རྒྱབ་སྐྱོར་གནང་བ་འདི་དམག་སྤྱི་ཞིག་ལ་མཚོན་ན་སྐུ་སྲུང་བ་ཡག་ཤོས་འགའ་རྙེད་པ་དང་མི་འདྲའམ། དགའ་བོ་བྱུང།
    ལས་གཞི་འཚམས་ན་ཡང་ལས་དོན་བྱེད་ཕྱོགས་ཐད་གནད་འགགས་ཤིག་ཡིན་པས་དེའི་ཐད་ནས་ཀྱང་བསམ་འཆར་འདོན་རྒྱུ་གལ་ཆེ།

    Reply
  47. རྒྱང་ལྟ། says:
    ལོ་ 12 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱི་དགོངས་འཆར་ལ་མོས་མཐུན་ཡོད། རིམ་བཞིན་བསམ་ཚུལ་འབུལ་རྒྱུ་ཡིན།རྒན་ཁྱེད་ཀྱི་འགྱུར་མེད་ཀྱི་རང་གཤིས་དང་ལྷག་བསམ། ཤེས་ཡོན་བཅས་ནི་རི་རབ་བཞིན་ལྗིད་ཁོག་ཆེ། སྐུ་ཚེ་རིང་བར་ཤོག

    Reply
  48. རྭ་རྒྱ་བློ་དབང་། says:
    ལོ་ 12 སྔོན།

    མོས་མཐུན་ཡོད། མར་མེའི་ལས་འགུལ་མགོ་བརྩམས་ནས་ཉིན་གསུམ་འགྲོ་གི་འདུག འོན་ཀྱང་། ཚང་མ་རྡོག་ལ་འགྲིལ་རྒྱུ་གལ་ཆེན་པོ་འདུག

    Reply
  49. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    རྒྱ་ཆེའི་ཀློག་མཁན་རྣམ་པས་དགོངས་ཚུལ་འདོན་པའི་རེ་བ་ཞུ། མ་མཐར་ཡང་མོས་མཐུན་ཡོད་དང་མེད་ཙམ་ཞིག་གི་ལན་རེ་འཇོག་རོགས།
    ནང་དོན་ཐད་ནས་གསལ་བཤད་དགོས་རིགས་ལ་ཡང་ལན་འདེབས་འབད་བརྩོན་ཞུ་གི་ཡིན།

    Reply
  50. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 12 སྔོན།

    འཆར་འགོད་ཡག་པོ་གནང་འདུག ཐུགས་རྗེ་ཆེ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist