བོད་
ལྡི་ལི་ནས་ལས་འགུལ་ཡ་མེད་ཅིག་སྤེལ་སོང་། ས་གནས་སུམ་ཅུ་ལྷག་གི་མི་མང་སུམ་སྟོང་ལྷག་འཛོམས་སོང་། ལས་འགུལ་བ་དག་གིས་ཀྱང་ཧ་ཅང་ཡིད་འཚིམ་པ་དང་། བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པར་དགའ་ཞིང་མགུ་བའི་རྣམ་འགྱུར་ཞིག་གང་སར་མཐོང་གི་འདུག འོན་ཀྱང་། ལས་འགུལ་འདི་ལ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ག་ཚོད་ཕྱིན་འདུག བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ག་རེ་བྱུང་འདུག རྒྱ་ནག་གི་སྲིད་བྱུས་ལ་སྒུལ་ཤུགས་ག་ཚད་ཐེབས་འདུག ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་དམིགས་འབེན་ཐོག་ནུས་པ་ག་ཚོད་ཐོན་འདུག འདི་ནི་ལས་འགུལ་བ་ཚང་མའི་སེམས་ཀྱི་དོགས་གཞི་རེད་ལ། བོད་དོན་ཉམས་ཞིབ་པ་དག་གིས་ཁ་སྐོང་བྱ་མ་ཐུབ་པའི་ཀོར་ཐིག་ཀྱང་འདི་རེད།
བཀའ་སྤྱི་གཉིས་ཀྱིས་ཕྱི་ཚེས་ ༡༣ ནས་ལས་འགུལ་མགོ་འཛུགས་བྱས་ཏེ་ཚེས་ ༢༡ ཉིན་ལས་འགུལ་མཚམས་འཇོག་གནང་སོང་། འོན་ཀྱང་ཚེས་ ༡༥ ཉིན་རྔ་པའི་ནོར་བུ་དགྲ་འདུལ་གྱིས་རང་ལུས་མཆོད་མེར་ཕུལ་སོང་། ཚེས་ ༡༧ ཉིན་བཙུན་མ་བསྟན་འཛིན་དབང་མོས་སྐུ་ལུས་མཆོད་འབུལ་བྱས་སོང་། འདི་དག་བཀའ་སྤྱི་གཉིས་ཀྱི་ལས་འགུལ་ལ་གཞིས་བཞུགས་སྤུན་ཟླའི་བློ་གཏད་རེ་བཅོལ་གྱི་སྐུལ་ལྕག་རེད། ཚེས་ ༡༤ ཉིན་དྷཱི་ཚ་དགོན་པའི་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་ཁྲི་ཀ་ནས་འཛིན་བཟུང་བྱས་སོང་། ཕྱི་ཚེས་ ༡༩ ཉིན་རྫོགས་ཆེན་སྟོབས་ལྡན་ལྷ་སར་འཛིན་བཟུང་དང་རྩོམ་པ་པོ་མེ་ལྕེ་ཟི་ལིང་ནས་འཛིན་བཟུང་བྱས་སོང་། འདི་ནི་བཀའ་སྤྱི་གཉིས་ཀྱི་ལས་འགུལ་འདི་ལ་རྒྱ་གཞུང་གིས་ཀྱག་ཀྱག་བྱས་པ་མིན་ན། ཧ་ཅང་རྒྱུན་ལྡན་ཞིག་ཏུ་བརྩིས་ཏེ་མ་མཐོང་མ་ཐོས་ཁུལ་བྱས་པ་ལོས་ཡིན།
བཀའ་སྤྱིའི་ལས་འགུལ་མཚམས་བཞག་རྗེས་ཀྱི་ཚེས་ ༢༥ ཉིན་སླར་ཡང་དཀར་མཛེས་དགོན་པའི་དགེ་འདུན་པ་ཞིག་གིས་རང་ལུས་མཆོད་འབུལ་བྱས་སོང་། ད་དུང་མདོ་དབུས་ཁམས་གསུམ་ནང་གཅིག་འཕྲོར་གཅིག་བསྟུད་ཀྱིས་དམར་པོ་མེ་རུ་མཆོད་ངེས་ཡིན་ལ། དམར་པོའི་བཙོན་དུ་འཚང་ངེས་ཡིན། དཔེ་མཚོན་གསལ་ཤོས་ཤིག་ནི་ཉེ་ལམ་གསེར་རྟ་རྫོང་དུ་སྦྱར་ཡིག་བཀྲམས་པའི་ནང་དོན་དང་སྙིང་དབྱིབས་ཀྱི་ལས་རྟགས་སོགས་ལས་རྟོགས་ཐུབ་ལ། ཚེས་ ༢༦ ཉིན་ཆབ་མདོའི་གཏོར་རྒོལ་དོན་རྐྱེན་དེས་ཨ་ཆད་འུ་ཐུག་གི་གནས་སུ་ལྷུང་ན། རང་སྲོག་གི་མཆོད་འབུལ་ནས་གཞན་སྲོག་ལ་འཚེ་བའི་ངོ་བོར་ཡང་འགྱུར་སྲིད་པའི་བརྡ་ལན་ཞིག་བསྟན་ཡོད།
“འཇགས་མི་ཐུབ་པ་རླབས་ཀྱི་ཆོས་ཉིད། འགྱུར་མི་སྲིད་པ་བྲག་རྡོའི་རང་བཞིན” ཞེས་གདམས་པ་ལྟར། གོ་ལ་ཧྲིལ་བོར་ཧམ་ཟ་བྱེད་འདོད་མཁན་རྒྱ་གཞུང་གིས་ཀྱང་བཙན་བྱོལ་བོད་མིའི་འུར་ལངས་ཧོལ་རྒྱུགས་གྱི་ལས་འགུལ་དམ་དུམ་འདི་རིགས་ལ་མགོ་བོ་བསྒུར་མི་སྲིད་ལ། རྒྱུ་སྟོབས་དང་དམག་ཤུགས། མི་འབོར་དང་རིགས་ཞེན་གྱིས་དཔུང་ཤུགས་ངོམས་ཏེ་མགོ་འབུར་ཚད་ལ་ལེབ་རྡུང་བྱ་འཆར་ཡོད་པ། ཉེ་ཆར་རྒྱ་ནག་མི་དམངས་འཐུས་མིའི་རྒྱུན་ལས་ཚོགས་འདུའི་ཐོག མི་དམངས་ཞིབ་བཤེར་ཁྲིམས་གཞི་དང་། དྲག་སྤྱོད་བཀག་སྡོམ་ཁྲིམས་གཞི་གཉིས་ཛ་དྲག་ཐོག་གཏན་འབེབས་བྱས་པ་འདིས་བསྟན་ཡོད།
བཀའ་སྤྱི་གཉིས་ཀྱི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ལས་འགུལ་མཇུག་བསྒྲིལ་ལ་ཉེ་སྐབས། ཕྱོགས་མཐའ་ཁག་ནས་བློས་གཏོང་དང་ཆོད་སེམས་ཀྱི་དམ་བཅའ་བསྣམས་ཡོང་མཁན་གྱི་ལས་འགུལ་བ་དག་གིས་ཆེས་ཕངས་སེམས་དང་བློ་འགྱོད་བྱེད་ས་ནི། བོད་ནང་གི་གནས་ཚུལ་ཉིན་རེ་བཞིན་ཛ་དྲག་གི་ངོ་བོར་འཕེལ་བཞིན་ཡོད་ཀྱང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ལ་ད་དུང་ཕྱི་བར་གྲགས་རྒྱུ་དང་བྱི་ལོང་ལ་འབུར་རྒྱུ་མེད་པ་དང་། བཀའ་སྤྱི་གཉིས་ཀྱི་ལས་འགུལ་ཡང་འདི་ལྟར་མཇུག་སྒྲིལ་གྱི་ཡོད་པ་དེ་རེད།