མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་ཉི་ཤུའི་ཚོཊ་འདུར་ངོ་རྒོལ་བྱས་པ་དེ་གཟི་བརྗིད་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཚོགས་གཙོ་མཆོག་སུད་སི་ཁུལ་དུ་ཕྱོགས་སྐྱོད་ཀྱིས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་ཏུ་བོད་ནང་གི་གནས་སྟངས་ཞུ་གཏུག་གནང་ཡོད་པ་དང་། ཁོང་གིས་ཉིན་འདི་གའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཐོག་ཏུ་བོད་དོན་གླེང་སློང་ཡོང་དཀའ་ཡང་། བོད་པ་ཚོས་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པ་དེ་གཟི་བརྗིད་ཅིག་ཆགས་ཡོད་གསུངས་བྱུང་།

ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་སིད་སིར་བོད་མི་ ༡༠༠༠ ལྷག་གིས་འཇེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་མདུན་ཐང་དུ། གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་མང་ཚོགས་ལ་གཏམ་བཤད་དང་། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་ཁུངས་སུ་བཅར་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་བྱས་ཡོད་འདུག

 

གནས་སྟངས་དེའི་སྐོར་ལ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། ཐེངས་འདིར་ཁོང་སུད་སིར་འགྲོ་དགོས་དོན་ནི་སུད་བོད་མཛད་འབྲེལ་ཚོགས་པའི་གདན་ཞུས་ལྟར། ཐོག་མར་ཡུལ་དེའི་མང་ཚོགས་ལ་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་རྗེས་གོ་སྐབས་དང་གདོང་ལེན་བྱ་དགོས་པ་གང་དག་ཡོད་མེད་ཐོག་གཏམ་བཤད་སྤེལ་དུ་ཕྱིན་ཡང་། ཕར་བསླེབས་རྗེས་བོད་ནང་གི་གནས་སྟངས་ཛ་དྲག་གི་ངོ་བོར་འགྱུར་སྟབས། ཁོང་དང་སུད་སི་སྐུ་ཚབ་དོན་གཅོད། རྒྱལ་སྤྱིའི་འབྲེལ་མཐུད་པ་བསམ་འཕེལ་བཅས་མཉམ་འབྲེལ་རྒྱལ་ཚོགས་ཆོས་དད་རང་མོས་སྡེ་ཚན་དང་། འདུ་འཛོམས་རང་དབང་སྡེ་ཚན། གཏམ་བརྗོད་རང་དབང་སྡེ་ཚན། བཙན་ཁྲིད་བོར་བརླག་སྡེ་ཚན། ཉེས་མེད་བཙོན་འཇུག་སྡེ་ཚན། གྲངས་ཉུང་མི་རིགས་སྡེ་ཚན་བཅས་སུ་ཕྱིན་ཏེ། ལས་ཁུངས་ཁག་གི་མགོ་ཁྲིད་ཚོར་ཐུག་འཕྲད་ཀྱིས། ད་ལྟའི་རྔ་པ་ཀིརྟི་དགོན་པ་གཙོས་པའི་ཁམས་དཀར་མཛེས་དང་རྟའུ་ཁུལ་གྱི་ཛ་དྲག་གནས་སྟངས་གསལ་བཤད་དང་། མི་འགྱངས་བར་བོད་ནང་རང་དབང་རྟོག་ཞིབ་ཚོགས་ཆུང་ཞིག་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག་ལ། རྒྱལ་ཚོགས་འབྲེལ་ཡོད་ལས་དོན་ཚན་པ་ཁག་གིས་ཀྱང་བོད་ནང་གི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། མ་འོངས་པར་བོད་ནང་རྟོག་ཞིབ་ཚོགས་ཆུང་ཆེད་གཏོང་ཐུབ་མིན་ལ་མ་ལྟོས་པར། དངོས་ཤུགས་བརྒྱུད་གསུམ་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཤུགས་སྣོན་རྒྱག་རྒྱུའི་ཁས་ལེན་གནང་ཡོད་སྐོར་གསུངས་སོང་།

 

གསར་འགོད་པས་ཐེངས་འདིའི་གཞུང་དམངས་ལས་འགུལ་ལ་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཅི་ཙམ་ཐེབས་ཡོད་མེད་དྲིས་པར།  “ བཙན་བྱོལ་བོད་མི་ཚོས་བོད་ནང་གི་གནས་སྟངས་ལ་སེམས་འཚབ་བྱེད་བཞིན་པ་ཧ་ཅང་གསལ་པོ་རེད། ལྡི་ལིར་མི་མང་ལས་འགུལ་སྤེལ་སྐབས། ས་ཐག་རིང་ཐུང་ལ་མ་ལྟོས་པར་རྒྱ་བལ་འབྲུག་གསུམ་ནས་མི་མང་ ༣༠༠༠ ལྷག་འཛོམས་པ་རེད། རྒྱ་གར་ནས་གཞིས་ཆགས་ཁག་དང་དགོན་སྡེ་ཁག སིལ་འཚོང་བ་བཅས་དང་། ཕྱི་རྒྱལ་ཨ་རི་དང་ཡུ་རོབ། ཐེ་ཝན། ཉི་ཧོང་། ཨོ་སི་ཊོ་ལི་ཡ་སོགས་ནས་ཀྱང་ལས་འགུལ་ཤུགས་ཆེན་སྤེལ་སྟབས། གོ་སྒྲིག་ཚོགས་པའི་ངོས་ནས་ལས་འགུལ་ལ་འདོད་པ་ཁེངས་ཡོད། ང་ཚོ་ཕྱི་ཚེས་ ༡༧ དང་ ༡༨ ཉིན་བར་གཞུང་ཚབ་ཁག་ ༡༨ ཙམ་ལ་ཕྱིན་ཏེ། སྐུ་ཚབ་ཚོར་བོད་ནང་གི་གནས་སྟངས་སྐོར་གསལ་བཤད་བྱས་པ་ཡིན་ལ། ཉེ་ཆར་བོད་ནང་དུ་གནས་ཚུལ་བྱུང་མ་ཐག་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་འཇར་མན། ཌན་མག་ཕྱི་སྲིད་ལས་ཁུངས་བཅས་ཀྱིས། རྒྱ་གཞུང་ལ་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་པའི་འབོད་སྐུལ། འཇར་མན་གྲོས་ཚོགས་འཐུས་མི་ ༣  གྱིས་འཇར་མན་སྲིད་འཛིན་གྱིས་སྟོབས་ཆེན་ཉི་ཤུའི་ཚོང་དོན་ལྷན་ཚོགས་ཐོག་ཧུའུ་ཅིན་ཐའོ་ལ་བོད་ཀྱི་གནས་སྟངས་གླེང་སློང་དགོས་པ་དང་། འཇར་མན་ཆབ་སྲིད་ཚོགས་པ་ཁག་གིས་བོད་ནང་གི་གནས་སྟངས་སྐོར་ཤུགས་ཆེའི་གླེང་སློང་བྱུང་བ། དེ་བཞིན། རྒྱལ་ཁབ་ཁག་ཅིག་གིས་མངོན་གསལ་མ་ཡིན་པར་རྒྱ་གཞུང་ལ་འབོད་སྐུལ་ཞུས་པ་བཅས་ཀྱིས། རྒྱ་ནག་ལ་གནོན་ཤུགས་ཐེབས་ཡོད་པ་རེད། སྤྱིར་བཏང་ཨ་རི་དང་དབྱིན་ཇི། འཇར་མན། ཧྥ་རན་སི་བཅས་ཀྱིས་དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་གནང་གི་ཡོད་ ” ཅེས་གསུངས།

 

 ཐེངས་འདིའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་སྐབས་བོད་ཀྱི་གནད་དོན་གླེང་སློང་ཡོང་མིན་དྲིས་པར།  “ སྟོབས་ཆེན་ ༢༠ ཚོགས་ཆེན་དེ་གཙོ་བོ་ཚོང་དོན་སྐོར་ཆགས་ཡོད་སྟབས། ཚོགས་འདུ་དངོས་གཞིའི་སྐབས་བོད་དོན་གླེང་ཡོང་རྒྱུ་ཁག་པོ་ཡིན་ཀྱང་། བགྲོ་གླེང་བར་གསེང་སྐབས་མགོ་ཁྲིད་ཁག་བར་བོད་དོན་གླེང་སློང་ཡོང་རྒྱུའི་རེ་བ་ཡོད་པ་རེད། ད་ཐེངས་བགྲོ་གླེང་འདི་དཔལ་འབྱོར་དང་ཁོར་ཡུག་སོགས་གནད་དོན་མང་པོ་ཞིག་ལ་འབྲེལ་བ་ཆགས་ཡོད་དུས། ངོ་རྒོལ་བྱེད་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད། བོད་པ་ཚོས་ཀྱང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་པ་དེ་གཟི་བརྗིད་ཆགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་སྐབས་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ལས་འགུལ་སྤེལ་འདྲ་མིན་སྤེལ་བཞིན་པའི་སྐབས་དང་བསྟུན་ཏེ། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཀྱང་ལས་འགུལ་དེར་མཉམ་ཞུགས་གནང་གི་ཡོད།  སྐབས་དེར་གནད་ཡོད་མི་སྣ་ཁག་ལ་མཇལ་འཕྲད་ཀྱི་ལས་རིམ་སོགས་གོ་སྒྲིག་བྱས་ཡོད། མ་གཞི་རྒྱལ་སྤྱིའི་དོ་སྣང་དེ་ཨ་ཧྥི་རི་ཁ་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཕྱོགས་ཡོད་ཀྱང་། ང་ཚོས་འབད་བརྩོན་བྱས་ཏེ་བོད་ནང་དོ་སྣང་ཡོང་བ་ཞིག་བཟོ་དགོས་པ་རེད ” ཅེས་གསུངས་བྱུང་།  

 

བོད་ནང་གི་ཛ་དྲག་གནས་སྟངས་ཐོག་མ་འོངས་པར་ལས་འགུལ་སྤེལ་འཆར་ཡོད་མེད་དྲིས་སྐབས།  “ སྤྱི་ཡོངས་ཀྱི་སྲིད་བྱུས་དེ་བཀའ་སྤྱི་ཐུན་མོང་ནས་བཏོན་ཟིན་པ་རེད། ད་ལྟ་སྤེལ་དགོས་པའི་ལས་འགུལ་ཁག་ཅིག་སྤེལ་ཚར་བ་རེད། མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་ཐོག་གནས་སྐབས་རིང་བཀའ་སྤྱི་གཉིས་ལྷན་འཛོམས་ཐུབ་ཀྱི་མེད་ཀྱང་། སྤྱི་འཐུས་རྒྱུན་ལས་ནང་ལས་འགུལ་སྤེལ་ཕྱོགས་ཐོག་གོ་བསྡུར་ཞུ་རྒྱུའི་ལས་རིམ་ཞིག་བང་སྒྲིག་ཡོད། སྤྱི་ཡོངས་ཀྱི་ཛ་དྲག་གནས་སྟངས་དེ་ད་ལྟ་གནས་ཡོད་པ་རེད། ལས་འགུལ་སྤེལ་ཕྱོགས་དེའི་ཐོག་ཕྱི་ཟླ་ ༡༡ པའི་ནང་སྤྱི་འཐུས་ ༢༤ ཙམ་ཞིག་ལྡི་ལིར་འཛོམས་ཏེ། ཉིན་གསུམ་རིང་ཚོགས་འདུ་འཚོགས་འཆར་ཡོད། བཀའ་བློན་ཁྲི་པ་མཆོག་དེང་སྐབས་ཨ་རིིར་ཕེབས་ཏེ་གཞུང་འཛིན་མི་སྣ་དང་གྲོས་ཚོགས་འཐུས་མི། མཁས་དབང་དང་གསར་འགོད་པ་བཅས་ལ་མཇལ་འཕྲད་གནང་བཞིན་པ་རེད། ཟླ་འདིའི་ཚེས་མགོ་ནས་དབྱིན་ཇི་དང་སྦེལ་ཇེམ། ཧྥ་རན་སི། སུད་སི། འཇར་མན། ཨི་ཊ་ལི་བཅས་རྒྱལ་ཁབ་ཁག་ ༡༠ ཙམ་ལ་ཕེབས་ཏེ། མཐོ་རིམ་དཔོན་རིགས་ཚོར་མཇལ་འཕྲད་དང་མང་ཚོགས་ལ་གཏམ་བཤད་གནང་རྒྱུ་རེད། ཚོགས་གཙོ་ལ་ཆ་བཞག་ན། ཕྱི་ཟླ་ ༡༡ ནང་ཨི་ཊ་ལི་དང་ཨོ་སི་ཊི་རི་ཡ། སྦེལ་ཇེམ་བཅས་ལ་ཕྱིན་ཏེ་གཞུང་དང་གྲོས་ཚོགས་མི་སྣར་ཐུག་འཕྲད་ལས་རིམ་གོ་སྒྲིག་བྱས་ཡོད ” ཅེས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༥ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༧ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༨ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 8

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ང་ཚོས་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་ངོ་རྒོལ་བྱས་པ་རེད་དམ། ང་ཚོས་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ལ་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་གིན་ཡོད་པ་རེད།
    འདི་གཉིས་མཉམ་བསྲེས་བྱས་ན་ཁྱད་མཚར་ཞིག་མ་རེད་དམ།

    Reply
  2. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་ཐུགས་རྗེ་ཆེ། རེ་བ་དང་ཡིད་ཆེས་བྱས་པ་ནང་བཞིན་ལས་འགུལ་སྤེལ་འདུག

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    བོད་ནང་གི་ལས་འགུལ་ལ་མིག་དཔེ་བལྟས་ཏེ། ད་ནི་དོན་དག་དངོས་ཤིག་སྒྲུབ་ན་མ་རེད་དམ།

    Reply
  4. གཉའ་འབྲོང་ཐུ་བུ། says:
    ལོ་ 14 སྔོན།

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བདག་གིས་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ཚོ་ནི་འཚེ་མེད་ཞི་བ་དང་། བདེན་པ་བདེན་དྲང་གི་ཐོག་ནས་སྨྲ་བརྗོད་རང་དབང་། འགྲོ་བ་མིའི་ཐོབ་ཐང་། ཡུལ་སྲོལ་གོམས་གཤིས། སྐད་ཡིག་དང་རིག་གཞུང་གི་རང་དབང་རྩོད་མི་ཡིན་ལ། མཐར་གཏུགས་ན༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རེ་བཞིན་འཛམ་གླིང་ཞི་བདེའི་རང་དབང་རྩོད་མི་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། འཛམ་གླིང་གི་རང་དབང་མེད་པའི་མི་སེར་ཚོའི་རང་དབང་གི་འཐབ་རྩོད་བྱེད་པའི་མིག་དཔེ་ཞིག་ཏུ་ད་ཡན་ཆད་༧གོང་ས་མཆོག་གིས་ཁྲིད་ཡོད་ལ། ད་ནས་ཀྱང་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གན་ངྷི་དང་། ཨ་རིའི་མི་རིགས་ནག་པོའི་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་མར་ཊིན་ལི་ཐར་ཀིང་གི་ལྟ་བ་གཞིར་བཞག་ཏེ་ཤེས་ཡོན་དང་ཆིག་སྒྲིལ་གྱི་ནུས་པ་སྲོག་ཏུ་བྱས་ནས་འཆར་གཞི་དང་། སྒྲིག་འཛུགས། དམིགས་ཡུལ་དང་གོ་རིམ་ཡོད་པའི་ལམ་ལ་མདུན་སྐྱོད་བྱེད་རྒྱུ་གལ་ཆེ་སྙམ། དེ་ལྟར་ང་ཚོ་འཚེ་མེད་ཞི་བ་རང་གི་སྟེང་ནས་ལམ་ལ་ཆས་ན་༧གོང་ས་མཆོག་གི་འཛམ་གླིང་སྟེང་བཞག་པའི་རིན་ཐང་ཅན་གྱི་རང་དབང་རྩོད་ཚུལ་འདི་བརླག་མི་སྲིད་ལ། ཞི་བདེའི་དེད་དཔོན་གྱི་མཚན་མཐོང་ཡང་ཆེ་ནས་ཆེ་རུ་འགྲོ་བ་ཞིག་ཏུ་མཐོང་། དེ་མ་ཡིན་པར་སྡུག་གི་ཁུར་བོ་མ་ཆགས་པར་གཏོར་བཅོམ་དང་། སྡང་སྡིགས་སོགས་འཚེ་བའི་ལམ་ཁར་སོང་ན་སེམས་ཅན་སྤྱིའི་བདེ་སྐྱིད་དང་། མི་མང་ལ་སྡུག་བསྔལ་སྣོན་མ་ཡོང་རྒྱུ་ཡིན་ལ། རང་དབང་བརྩད་པའི་དགོས་དོན་ཡང་མ་འགྲུབ་པ་དང་། རྒྱ་ནག་དམར་པོའི་གཞུང་གི་མངོན་འདོད་བསྒྲུབས་པ། རྐང་རྗེས་ལག་སུབ་ལྟ་བུར་ཡང་འགྲོ་ཉེན་ཆེ་བས།
    ད་རེས་མི་མང་སྣེ་ཁྲིད་ཀྱི་ལས་འགུལ་སྤེལ་སྟངས་དང་། རྒྱལ་སྤྱི་དང་ཕྱིའི་རྒྱལ་ཁབ་ཁག་གི་ཚོགས་པ་དང་གནད་ཡོད་ཀྱི་མི་སྣར་རེ་སྐུལ་ཞུ་སྟངས་དག་ནི་འཚེ་མེད་ཞི་བའི་འཐབ་རྩོད་སྤེལ་སྟངས་ཀྱི་རྒྱ་ལས་ནམ་ཡང་འགོངས་མེད་པས་རེ་བ་དང་གསོན་ཤུགས་གསར་བ་ཞིག་གིས་བདག་གི་ལུས་སེམས་ཡོངས་སུ་ཁྱབ་ཡོད། མ་འོངས་པར་ཡང་ཆགས་སྒོ་ཅི་ཞིག་བྱུང་ཡང་འཚེ་བ་མེད་པ་གཞི་ལ་བཞག་ནས་ཐབས་ལམ་སྣ་ཚོགས་ཀྱིས་གོམ་གང་ཕྱི་ནུར་མི་བྱེད་པར་ལས་འགུལ་སྤེལ་རྒྱུ་གནད་ཀྱི་དོན་པོ་ཞིག་ཏུ་མཐོང་སོང་ལ། དེ་ལྟར་བྱས་ཚེ་མི་མང་མཉམ་ཞུགས་བྱེད་དགོས་སར་ག་དུས་བརྡ་བཏང་ན་ཞུགས་འདོད་ཀྱང་ཡོད། ཉེ་ལམ་གྱི་ལྡི་ལིའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྐབས་ཀྱི་གཏམ་བཤད་དེས་ཀྱང་བདག་གི་འདོད་པ་ཁེངས་ཡོད། ཁྱེད་ལྟ་བུའི་ལྷག་བསམ་དང་ཤེས་འཇོན་ལྡན་པའི་དབུ་ཁྲིད་ལ་ནམ་ཡང་བརྩི་བཀུར་ཡོད། འདི་ནི་བདག་གི་ཁ་མིན་དོན་གྱིས་བཤད་པ་ལས་ཕྱོགས་ལྷུང་དང་རྒྱ་ཆད་ཀྱི་སྐད་ཆ་བཤད་དོན་ཡང་མེད་ལ་བཤད་ཀྱང་ཅི་ཕན། ཆབ་སྲིད་ནི་བདག་གི་མི་ཤེས་མོད་དྲན་ཚུལ་ནི་བདག་ལའང་ཡོད་པས་བསམ་ཚུལ་ཙམ་བརྗོད་པ་ཡིན། ཁྱེད་རང་མི་རིགས་ནག་པའི་འཐབ་རྩོད་པ་སྐད་གྲགས་ཅན་སྐུ་ཞབས་ མར་ཊིན་ལི་ཐར་ཀིང་དང་འདྲ་བོ་ཡང་འདུག་པས་མི་ལ་སེམས་འགུལ་ཐེབས་པའི་ཀི་བཞེངས་རེ་བྱེད་རོགས། ཀུ་རེ་ཡིན། དགོངས་དག
    མར་ཊིན་ལི་ཐར་ཀིང་དང་འདྲ་བར་ཁྱེད་ལ་ཡང་རྨི་ལམ་ཞིག་ཡོད་ཆོག་ལ། རྨི་ལམ་དེ་ནི་བོད་རྒྱལ་ཁབ་ཀྱི་རྨི་ལམ་དང་ངོ་བོ་དབྱེར་མེད་དུ་འདྲེས་ནས་ཡོད་ཆོག ནམ་ཞིག་བོད་མི་རིགས་འདི་རྨོངས་གཉིད་ལས་སད་ཅིང་ཡར་ལངས་དུས་དཀོན་མཆོག་གིས་འགྲོ་བ་མི་རྣམས་འདྲ་མཉམ་གྱི་ངོ་བོར་བསྐྲུན་པའི་བདེན་ལུགས་ལ་ཡིད་ཆེས་ཀྱང་ཡོད་ཆོག་ལ། དེའི་ཚེ་ང་ཚོ་ཚང་མས་ཆོས་དང་མཐུན་པའི་འཚོ་བ་བསྐྱལ་ཆོག་པའི་རྨི་ལམ་ཡང་ཡོད་པར་འདོད།

    Reply
  5. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་ལ་གུས་འདུད་དང་། ཁ་སང་དེ་རིང་གི་ལས་འགུལ་དག་ནི་དངོས་གནས་ཕྱོགས་གང་ནས་བལྟས་ཀྱང་ཧ་ཅང་གི་ལས་འགུལ་རླབས་ཆེན་ཞིག་ཏུ་མཐོང་བས། ལས་འགུལ་མཉམ་ཞུགས་པ་ཡོངས་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།

    Reply
  6. རྐྱང་ཕྲུག ཁེར་རྐྱང་གི་ཆིག་ལབ། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་གི་ཕྱོགས་ཕེབས་ལམ་ཡོང་བར་ཤོག
    རྒྱལ་ཁབ་ཉི་ཤུ་ལྷག་གི་ཚོང་དོན་འཚོགས་འདུའི་ཐོག་བོད་དོན་གླེང་སློང་དང་། བོད་ནང་རང་ལུས་མེ་སྲེག་བཏང་ནས་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་བྱུང་དང་འབྱུང་བཞིན་པ་དང་། ལྷག་པར་དུ་དེ་རིང་གི་ཁམས་རྟའུ་ནས་བཙུན་མ་དཔའ་ལྡན་ཆོས་འཚོས་སྐུ་ལུས་མེར་སྒྲོན་པའི་གནས་ཚུལ་དེ་སྟོབས་ཆེན་རྒྱལ་ཁབ་ཚོའི་དབུ་ཁྲིད་ཁག་ཡོད་སར་ཧུའུ་ཅིང་ཐོའུ་ལ་གོ་ཐུབ་པ་བཟོ་རོགས་གནང་།

    Reply
  7. གངས་སྨྱུག says:
    ལོ་ 14 སྔོན།

    རྟ་བདུན་དབང་པོའི་ལང་ཚོ་ངོམ་པ་ཚེ། །བློ་ངན་ལག་འགྲོའི་ཚོགས་རྣམས་སྐྱུམ་བཅུགས་ཤིག །འདི་ནི་གཟི་བརྗིད་མིན་ནམ་གང་རེད། འདི་ནི་འཇོན་ཐང་མིན་གང་རེད། དེང་བར་གྲགས་མྱོང་མེད་པའི་བཀའ་སྤྱིའི་ལས་དོན་དག་ངོ་མཚར་ཆེ།

    Reply
  8. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ངོ་ནས་ཡིད་སྨོན་ཤོར་གི. མི་རབས་གསར་བའི་དབུ་འཁྲིད་གཉིས་ཀ. ཤུགས་རྒྱོབས་དང་བོད་མི་མང་རྒྱག་གཅིག་མཆོང་གཅིག་ཡིན་ནི་རེད་དོ
    ལྷག་པར་ད་ཆ་རྒྱལ་སྤྱིའི་རྒྱབ་སྐྱོར་འཚོལ་ནས་དམར་སྲིན་ལ་འགྲན་རྒྱུའི་དུས་ལ་བབ་པ་རེད. རྒྱ་དམར་གཞུང་གིས སྡུག་ཐང་གི་ལང་ནས་ཐོད་པ་རེད་. སེམས་ནས་གྲོས་མོལ་བྱེད་དུས་མགོ་བདེ་ཁྲབ་ན་དེ་ལས་ཡོང་རྒྱུ་གང་ཡོད་. ད་རུང་རང་བཙན་ཡང་སྲིད.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese