མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པར་རམ་འདེགས་མཛོད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་དབང་།

 ཐོག་མར་བོད་མི་རིགས་ཀྱི་སླད་དུ་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏང་བའི་རྒྱལ་སྲས་དཔའ་བོ་དག་ལ་སྒོ་གསུམ་གུས་པའི་ངང་ནས་མྱ་ངན་ཞུ།

ལོ་རྒྱུས་ཐོག་ཕྱི་ལྟས་ཤིག་སློག་ན། བཙན་པོའི་རྒྱལ་རབས་སིལ་བུར་འཐོར་བ་ནས་བཟུང་སྟེ་རང་རེའི་མི་རིགས་ལ་ཕངས་སེམས་འཆོར་འོས་ཀྱི་གོད་ཆག་ཆེན་པོ་ཞིག་བྱུང་བ་ནི། ཆིག་སྒྲིལ་གྱི་བསམ་བློ་སྟོར་སོང་བ་དེ་ཡིན་ལ། བོད་མིའི་ཆིག་སྒྲིལ་གྱི་བསམ་བློ་རིམ་གྱིས་ཡལ་བའི་ངལ་ཚུལ་དེ་མཐོང་ནས་ཕྱི་མི་བཙན་འཛུལ་བ་རབ་དང་རིམ་པས་གདུག་རྩུབ་ཀྱི་ལས་སྣ་ཚོགས་སྤྱད་ནས་རང་རེའི་མཐའ་མཚམས་ཁག་དབང་དུ་བསྡུས་པ་དང་། ཐ་ན་བོད་ཡུལ་ཧྲིལ་བོ་ཁམ་དུ་ཟ་བའི་སྦྱོར་བ་མང་དུ་བརྩམས་མྱོང་བ་རེད། དེ་དག་གི་ནང་ནས། སོག་པོ་དང་། མན་ཇུ། གོར་ཁ། དབྱིན་ཇི། རྒྱ་མི་བཅས་རིམ་བསྟུད་དུ་འོང་བའི་ནང་སྔ་མ་རྣམས་ལ་གང་ལ་ཇི་འོས་ཀྱི་ཐབས་ཤེས་སྣ་ཚོགས་སྤྱད་པ་དང་། དུས་དང་གནས་ཀྱི་ཆ་རྐྱེན་ལ་བརྟེན་པའི་ཁ་གཏད་བཅལ་སྟབས་ང་ཚོ་ཧ་ཅང་ཉམ་ང་དགོས་པའི་གནས་སུ་ལྷུང་མ་མྱོང་། འོན་ཏེ་བཙན་འཛུལ་བ་སྔོན་མའི་ཤུགས་རྐྱེན་གྱི་ལྷག་མ་ཇི་སྲིད་དུ་གནས་བཞིན་པའི་ཁར། རྒྱ་མིའི་ཕྱོགས་ཡོངས་ནས་བསྐོར་བའི་སྲིད་ཇུས་སྐྱི་གཡའ་བ་འདིའི་འོག་ནས་རང་ཅག་ལ་ཐར་བའི་གོ་སྐབས་གཏན་ནས་བྲལ་བའི་གནས་སུ་སྐྱེལ་གྱི་འདུག་ནའང་།  ཅི་བྱ་གཏོད་བྲལ་གྱི་གནས་སྟངས་འདིའི་འོག་ནས་ཉི་མ་འཆར་ངེས་ཀྱི་རེ་བའི་སྐྱ་རེངས་གསལ་བོ་ཞིག་འཕྲོས་ཏེ་འོང་བཞིན་པ་ནི། ལོ་ངོ་བརྒྱད་བརྒྱ་ལྷག་ལ་བྱུང་མ་མྱོང་བའི་ཆིག་སྒྲིལ་གྱི་འདུ་ཤེས་དེ་རེད། 

སྤྱི་ལོ་ ༡༩༨༠ ཡས་མས་ནས་བྱུང་བའི་རྒྱ་གཞུང་གིས་སྲིད་ཇུས་ལྷུག་གཏོང་ངམ་ཕྱི་ཕྱོགས་སྒོ་འབྱེད་ཀྱི་ལམ་ལུགས་བྱུང་ནས་ལོ་ཤས་མ་འགོར་བར་ང་ཚོའི་འཐབ་རྩོད་ཀྱི་མི་རབས་གསར་པ་བྱུང་ཞིང་། སྐབས་དེ་དག་ཏུ་སྟོད་ནས་ཟིང་ལངས་བྱུང་ངམ། ཡང་ན། ལྷ་སའི་ཟིང་འཁྲུགས་སོགས་ཀྱི་མིང་སྐོར་ཞིག་ནས་རིམ་གྱིས་མཆེད་དེ་སྤྱི་ལོ་ ༢༠༠༨ ལོར་གངས་ལྗོངས་ཁྱོན་ཡོངས་སུ་བཙན་འཛུལ་བར་རྒོལ་བའི་ངོ་རྒོལ་གྱི་འདུ་ཤེས་གཏིང་ཟབ་ཏུ་སྨིན་པ་ཕྱིར་མངོན་པར་གྱུར་ལ། དེའི་སྔོན་ནས་བཟུང་བོད་མི་རྣམས་ལ་བོད་ཡིག་གི་དགོས་མཁོ་ཇེ་དྲག་ཏུ་གྱུར་ཅིང་། བོད་སྐད་ཀྱི་བརྗོད་པ་རྣམ་དག་ཅིག་དགོས་པའི་ངེས་ཟིན་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན། དགུང་ལོ་བརྒྱད་ཅུར་སོན་པའི་རྒན་པོ་ནས་སེའུ་བརྗེ་མ་ཁད་ཀྱི་བྱིས་པ་ཡན་ཆོད་བོད་སྐད་གཙང་མ་དང་། བོད་ལུགས་དངོས་མ་དགོས་པའི་འདུ་ཤེས་ཇེ་དྲག་ཏུ་སོང་བ་འདིའི་འབྱུང་རྐྱེན་ནི་བཙན་འཛུལ་བས་བསམ་བཞིན་དུ་བསྐུལ་བའི་འཇིགས་སྣང་ལས་བྱུང་བ་ཞིག་ཡིན་ནའང་། མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་ཁེ་དབང་དང། ཡོད་འོས་པའི་བདེན་པ་རྩ་བར་བཟུང་བའི་འདུ་ཤེས་དེ་ནི་ཆུ་བོ་རགས་ཀྱིས་ཁོག་དཀའ་བ་ལྟར། རིག་གནས་ཀྱི་དཔལ་ཡོན་དར་སྔ་ཞིང་། ལོ་རྒྱུས་དང་། རིགས་རྒྱུད། ས་ཁོངས་དང་བཅས་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་མི་རིགས་ལྟ་བུར་མཚོན་ན་ཅེས་ཀྱང་འབྱུང་ངེས་པའི་དོན་དག་ཅིག་ཀྱང་རེད།

འོན་ཀྱང་། བཙན་པོའི་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་རྒྱུ་རྐྱེན་སྣ་མང་ལ་བརྟེན་བོད་མི་རིགས་དང་། བོད་རྒྱལ་ཁབ་ཅེས་པའི་ལྟ་ཚུལ་འདི་ལ་ཉམ་ཆག་རིམ་བསྟུད་དུ་བྱུང་སྟེ་གསོ་དཀའ་བའི་ཚོད་དུ་ལྷུང་མོད།  སྟེས་དབང་སྟབས་འགྲིག་གམ་བོད་མི་རིགས་བསོད་ནམས་ཀྱི་མཐུ་མ་ཟད་པ་གང་ཡིན་ཀྱང་ཆོག་སྟེ། སྤྱི་ནོར་༸གོང་ས་ཐམས་ཅད་མཁྱེན་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་གི་མཁའ་ལས་ཡངས་པའི་ཐུགས་དགོངས་དང་། ཕུགས་རྒྱང་རིང་བའི་བླ་མེད་མཛད་པའི་བྱིན་མཐུ་ཉག་གཅིག་ལ་བརྟེན།  རང་རེའི་བོད་མི་རྣམས་ཀྱིས་ཀྱང་ད་གཟོད་མི་རིགས་ཀྱི་མ་འོངས་པ་མཐོང་ཞིང་། རིག་གནས་ཀྱི་རིན་ཐང་ལ་ཡང་ངེས་པ་བརྟན་པོ་རྙེད་པར་གྱུར།  མདོར་དེད་ན།  བོད་ས་བོད་ཀྱི་ཡིན་པ་དང་། བོད་མི་བོད་ཡིན་པ།  བོད་བོད་ཡིན་བཞིན་དུ་འཕེལ་རྒྱས་སུ་འགྲོ་དགོས་པ་དང་། བོད་ནམ་ཡང་བོད་མིན་པ་ཞིག་ཏུ་འགྱུར་མི་རུང་བའི་ངེས་ཟིན་རྒྱ་ཁྱབ་ཏུ་འཕེལ་དང་འཕེལ་བཞིན་ཡོད་ལ། 

མི་རིགས་གཞན་གྱི་བཙན་གནོན་བརྙས་བཅོས་རིམ་བསྟུད་དུ་མྱོང་ཞིང་། གཅིག་སྒྲིལ་གྱི་སྟོབས་ཤུགས་འཛད་ལ་ཉེ་བའི་མི་རིགས་ཤིག་གི་འདུ་ཤེས་ཁྲོད་སླར་ཡང་ཁྱོན་ཡོངས་ནས་ཆིག་སྒྲིལ་གྱི་འདུ་ཤེས་སྐྱེད་བསྲིང་བྱ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན་ཏེ། ལོ་ངོ་འདི་སྙེད་རིང་གི་༸གོང་ས་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་ཀྱིས་ཁྱད་དུ་བསད་ཅིང་། གང་ལ་ཡང་ལྟོས་པ་མེད་པར་མི་རིགས་འདིའི་དོན་དུ་མྱོང་བའི་སྐུ་ངལ་ནི་དཔག་དཀའ་བ་ཞིག་ཡིན། ལོ་ངོ་དྲུག་ཅུའི་དཀའ་སྡུག་གི་བྱུང་བའི་ཁྲོད་ཆོས་སྲིད་ཀྱི་མངའ་ཐང་བླ་ན་མཐོ་བའི་བོད་ཀྱི་ཆེན་པོ་དག་གི་ཁྲོད་༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་དང་། མཁན་ཆེན་འཇིགས་མེད་ཕུན་ཚོགས། གུང་ཐང་བསྟན་པའི་དབང་ཕྱུག་སོགས་༸གོང་ས་ཐམས་ཅད་མཁྱེན་པའི་དབུ་འོག་དཔུང་འདེགས་ཀྱི་མཛད་བཟང་རྒྱུན་མུར་སྐྱོང་མཁན་མང་ཙམ་བྱུང་ན་ཡང་། རྟ་འཛོམས་ན་སྒ་མི་རྙེད་པའི་གནས་སྟངས་ཀྱང་མུ་མཐུད་དུ་གནས་ཡོད་ལ། དེ་ལ་བརྟེན་ནས་སྤྱི་ལོ་༢༠༠༨ ལོ་མཚོན་དཔེར་གྱུར་པའི་ད་ལྟའི་བར་གྱི་ང་ཚོའི་རང་དབང་འཐབ་རྩོད་ལ་བསུབ་དཀའ་བའི་སྟོང་ཆ་ཆེན་པོ་ཞིག་བཞག་ཡོད་མོད།

ཐེངས་འདིར་དཔལ་༸རྒྱལ་པ་ཀརྨ་པ་མཆོག་གིས་ད་ལྟའི་མི་རིགས་ཀྱི་བདག་དབང་འཐབ་རྩོད་དམ། བོད་རྒྱའི་དཀའ་རྙོག་ལ་ཐད་ཀར་རེ་འབོད་གནང་བ་དེས་བོད་མི་རིགས་ལ་བླ་ན་མཐོ་བའི་སྟོབས་ཤུགས་གསར་པ་ཞིག་སྣོན་པའི་མངོན་རྟགས་དང་བོད་མི་རབས་གསར་བའི་དམ་ཚིག་ཆིག་སྒྲིལ་གྱི་ལར་ཞེན་སྔར་ལས་ཀྱང་བརྟན་པའི་རྒྱུ་ཚོགས་འགྲུབ་པའི་རྟེན་འབྲེལ་དུ་སེམས་བཞིན་ཡོད།

 སྤྱིའི་ཆ་ནས་བཤད་ན། བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་ཁྲོད་༸གོང་ས་ཐམས་ཅད་མཁྱེན་པས་ལམ་སྟོན་སྐུལ་ལྕགས་ཆད་མེད་བསྩལ་བར་བརྟེན་སྒྲིག་འཛུགས་ཀྱི་དབུ་ཁྲིད་ནས་བཟུང་སྟེ་ལས་ཁུངས་ཆེ་ཕྲ་དག་གི་འཛིན་སྐྱོང་དང་བཅས་པར་དམངས་གཙོའི་ལམ་སྲོལ་རྒྱུན་དུ་ཆགས་པ་དང་། མི་རབས་གསར་བའི་ཤེས་རིག་གི་བྱང་ཚད་ལྟོས་འཇོག་གིས་མཐོ་ཚད་དུ་སླེབས་པ། འཛམ་གླིང་སྟེང་བོད་མི་རིགས་ཀྱི་ཉམ་ངའི་གནས་སྟངས་དང་ལོ་རྒྱུས་ཀྱི་བབ་ཇེ་གསལ་དུ་སོང་བ་སོགས་སྔར་རྗེས་དང་བསྡུར་ན་ཡག་ཐོག་ཡག་བརྩེགས་ཀྱི་གནས་སྟངས་རེ་ཡང་མངོན་གྱི་འདུག་མོད། ད་ལྟའི་གནས་བབ་ནས་མ་འོངས་པར་བལྟས་ན། སྐད་ཡིག་རིག་གནས་དང་། རང་བྱུང་ཁོར་ཡུག དཔལ་འབྱོར་གྱི་ཤུགས་རྐྱེན་གང་ལ་བསམ་ཀྱང་བོད་མི་རིགས་ལ་འཇིགས་སྣང་ཞིག་ལས་མཐོང་དཀོན་པའི་ཚོད་དུ་ལྷུང་ཡོད།

སྐབས་འདི་འདྲ་ལ། བོད་མི་སྤྱི་དང་ལྷག་པར་དུ་ནང་པ་སངས་རྒྱས་པའི་ཆོས་ཚུལ་གྱི་འཕེལ་རྒྱས་འགན་དུ་བབས་པའི་དབུ་ཁྲིད་དག་ནི་བོད་མིའི་བདག་དབང་འཐབ་རྩོད་ཀྱི་སྣེ་ཁྲིད་དུ་མི་བཞེངས་ཀ་མེད་ལགས་ཏེ། གཅིག་ན་རང་ཉིད་ཆེན་པོར་འོས་པའི་ཡོན་ཏན་མཐའ་དག་པ་རིག་གནས་འདི་དང་མི་རིགས་འདིའི་ཁྲོད་ནས་འོང་ཞིང་། གཉིས་ན་ད་ལྟའི་འཛམ་གླིང་ཡུལ་གྲུ་ཕལ་མོའི་ཆེའི་ནང་པའི་བསྟན་པ་ནི་གཟུགས་བརྙན་ཙམ་དུ་གནས་སྟབས།  ༸གོང་ས་ཐམས་ཅད་མཁྱེན་པས་ཡང་ཡང་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་གནས་མིན་ནི་ཐད་ཀར་བོད་མི་རིགས་དང་བོད་ཀྱི་རིག་གནས་གནས་མིན་ལ་ཐུག་འདུག་པས་སོ། །སྐད་ཆ་འདི་ལ་གཡོ་སྐོར་བསླུ་བྲིད་ཀྱི་ཆ་ཕྲ་མོ་ཙམ་ཡང་མ་མཆིས་ཏེ། ཇི་སྐད་དུ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཞེས་པ་ལྟར། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་ཟེར་བ་ཞིག་ཡོད་དགོས་ན་ནང་པའི་རྒྱལ་ཁབ་ཏུ་གྲགས་པའི་ཡུལ་གཞན་དག་ན་དམིགས་སུ་མ་མཆིས་སོ། །འདི་ནི་ཡུལ་དམ་པར་བརྙེས་པའི་ཁ་སྡིག་བསགས་པ་ཡང་མ་ལགས་ཏེ་མངོན་སུམ་དབང་པོའི་ཡུལ་དུ་ཤར་བའི་གནས་སྟངས་དངོས་ནི་དེ་འདྲ་ཞིག་རེད།   ད་ལྟ་བོད་མིའི་འདུ་ཤེས་ཁྲོད་ཀྱང་རྒྱ་ནག་དམར་ཕྱོགས་ཀྱི་རིག་གནས་གསར་གནས་བརྗེའི་ལྷག་རོ་དང་། ལོ་ངོ་དྲུག་ཅུའི་རིང་རྒྱ་གཞུང་གིས་བསམ་བཞིན་དུ་སྤེལ་བའི་མི་རིགས་གཞན་བསྒྱུར་གྱི་ཤུགས་རྐྱེན་གཏིང་ཟབ་ཏུ་འགྲོ་བཞིན་པས་མི་ཚད། གྲངས་སྤུས་གཉིས་ཀའི་ཐད་ནས་མེ་ལྕེ་མཆེད་པའི་ཚོད་དུ་གནས་ཤིང་། མི་རབས་ཕྱི་མའི་སྨྲ་སྒོ་ནས་བོད་ཡིག་བོད་སྐད་ཙམ་ཡང་མིག་ནང་གི་ཚེར་མ་ལྟར་མྱུར་བ་ཉིད་དུ་དགོག་པའི་སྲིད་ཇུས་རྒྱུན་མཐུད་བཞིན་པ་དང་། བོད་ཀྱི་ས་རྡོ་རི་བྲག  ཆུ་བོ་ནགས་ཚལ། སྤང་ལྗོངས་དང་བཅས་པ་རྒྱ་མི་ཁེ་ལས་པ་ཚོའི་ཧམ་སེམས་ཀྱིས་གཏོར་ཅིང་བསྔོགས་ཏེ་གངས་རིའི་ཞིང་ཁམས་བྱེ་མར་བསྒྱུར་བཞིན་འདུག་པ་ནི་མཁྱེན་གསལ་ལྟར་ལགས་པས།  ད་ལྟ་མི་རིགས་འདིའི་མ་འོངས་པར་སྙིང་ནས་བཟོད་དཀའ་བའི་འབངས་མི་སྤྱི་དང་། ལྷག་པར་དུ་གཞིས་ཀྱི་ཨ་མདོ་རྔ་བ་དང་ཁམས་ཀྱི་དཔའ་བོ་ཚོས། བོད་ལ་རང་དབང་དགོས་པ་དང་། ༸གོང་ས་ཐམས་ཅད་མཁྱེན་པ་བོད་དུ་ཕེབས་དགོས་པ་སོགས་ཀྱི་འབོད་སྒྲའི་ཁྲོད་ལུས་སྲོག་མེ་ལ་སྒྲོན་པ་དང་ཆུ་ལ་སྐུར་བ་སོགས་ཀྱི་ངོ་རྒོལ་འདི་དག་འབྱུང་གི་ཡོད་སྟབས། གངས་ཅན་ཁ་བ་རི་བའི་ཡ་ཐོད་ཀྱི་མིག་ལྟར་གཅེས་པའི་སྐྱེས་མཆོག་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་༸གོང་ས་ཐམས་ཅད་མཁྱེན་པའི་རླབས་ཆེན་མཛད་པའི་གདུགས་དཀར་སྲིད་མཐོར་འདེགས་པ་དང་། བོད་མི་རིགས་ཀྱི་འཕྲལ་ཕུགས་རེ་བའི་མངོན་འདོད་བསྒྲུབ་པར་སྐུ་དངོས་མ་དང་གསུང་དག་མའི་ཞལ་རླངས་རྗེན་པ་ཕྱུངས་ཏེ། གངས་ལྗོངས་ཁ་བའི་ཞིང་གི་དད་ལྡན་པ་ས་ཡ་དྲུག་པོའི་རེ་འདོད་དང་། སངས་རྒྱས་ཀྱི་བསྟན་པའི་མ་འོངས་པའི་སླད་དུ་༸གོང་ས་ཐམས་ཅད་མཁྱེན་པ་བོད་དུ་ཕེབས་པར་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཡོལ་བ་མེད་པར་སྐྱོང་བའི་དུས་ལ་བབས་འདུག་པར་སྙམས་ཏེ། བགྲང་བྱ་དྲུག་ཅུའི་རིང་བརྒྱུད་པའི་ཁ་འཐོར་དང་གཉའ་གནོན་གྱི་སྡུག་བསྔལ་ཡ་ང་བ་དེ་དག་ད་དུང་ཡང་མཐོང་བ་མིག་གི་ཡུལ་ན་གསལ་གསལ་ཐང་ཐིང་དུ་གནས་ལ། གལ་ཏེ་འདི་མུས་ཀྱི་ངང་ལ་གནས་ཚེ། སླར་ཡང་མགོ་མཇུག་བྲལ་བའི་གནས་སྟངས་བསམ་མི་བཟོད་པ་ཞིག་ཀྱང་ང་ཚོའི་ཉེ་སར་བཅར་ཚར་འདུག་པས་རྒྱལ་བའི་བསྟན་པ་ཁུར་དུ་བཞེས་ཤིང་། དབང་དང་ཐོབ་ཀྱིས་མཐོ་བ་དག་གིས་མི་རིགས་འདིའི་ལས་དབང་གི་སྐྱི་གཡའ་ས་རུ་གཟིགས་ཏེ་ཅེས་ཀྱང་གཞིས་བྱེས་ལྷན་འཛོམས་ཀྱི་རེ་བ་མངོན་དུ་འགྱུར་བའི་འཕྲིན་ལས་སྐྱོང་བར་མཛོད་ཅིག་ཅེས་གསོལ་བ་འདེབས་པ་དང་། གཞིས་ནས་རང་ལུས་མེ་ལ་བསྒྲོན་པའི་དཔའ་བོ་ཚོའི་རེ་འབོད་ལྟར་འཛམ་གླིང་བོད་མི་ཡོད་དོ་ཅོག་གི་ལས་འགུལ་གྱི་ཁ་གཏོད་ས་དེ་ཡང་༸གོང་ས་ཐམས་མཁྱེན་པ་བོད་དུ་ཕེབས་དགོས་པའི་རེ་འདོད་འདི་ལ་བྱེད་དགོས་པར་འདོད་དོ། །

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 16

  1. རིག་འཛིན། says:
    ལོ་ 14 སྔོན།

    སྤྱི་གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ངེས་རེད།
    ཡིན་ཡང་འདི་ནི་ང་ཚོའི་ཟུར་དུ་ཡོད་པའི་ལས་འགན་ཞིག་ལས་རྩ་དོན་ལ་ནམ་ཡང་སེམས་ཀྱིན་མེད།
    ཅི་ཕྱིར་ཞེ་ན།
    ང་ཚོའི་རྩ་བའི་ལས་འགན་ནི་རྒྱལ་ཁབ་སླར་གསོ་དགོས་པ་དེར་རེད།
    ད་དུང་ད་ལྟའི་ཆར་མྱུར་དུ་བསྒྲུབ་དགོས་པའི་བྱ་བ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་སྐད་དང་ཡི་གེ་ཆོས་དང་རིག་གཞུང་ཡུལ་སྲོལ་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་དང་དར་རྒྱས་གོང་འཕེལ་གནང་དགོས་པ་དེ་རེད།
    གོང་ས་མཆོག་བོད་དུ་ཕེབས་ཐུབ་པ་ཙམ་གྱིས་བོད་མིའི་འདོད་བློ་མི་ཚིམས་
    དེང་སང་གཅིག་རྗེས་གཉིས་མཐུད་ཀྱི་རང་ལུས་མེར་སྲེག་གཏོང་མཁན་དེ་ཚོའི་དམིགས་འདུན་ཡང་གཙོ་བོ་བོད་ལ་རང་དབང་དང་འདྲ་མཉམ་རང་ཉིད་ཀྱི་རྒྱལ་ཁབ་འདི་རང་གིས་བདག་དབང་བཟུང་ཐུབ་པའི་རེ་བ་བཅངས་ཡོད།
    མ་གཏོགས་གོང་ས་མཆོག་གཅིག་པོ་དོན་དུ་ཡིན་མི་སྲིད།།

    Reply
  2. གདོང་མཁན་ཀཿབྲག says:
    ལོ་ 14 སྔོན།

    ༧གོང་ས་མཆོག་བོད་ལ་ཕེབས་པར་དེ་བོད་ཕྱི་ནང་གཉིས་ཀྱིས་མཐའ་དོན་དམིགས་ཡུལ་གཙོ་བོ་ཡིན་པར་འདོད་།

    Reply
  3. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    སྤྱིར་གུས་པས་བསམ་ཚོད་ལ་རྒྱ་མི་གུང་བྲན་འདི་གཡོ་ཆེ་བས་རྒྱལ་བ་དོན་གྱི་བདག་པོ་གང་ཉིད་བོད་གངས་ཅན་གྱི་ལྗོངས་སུ་ཞབས་སོར་འཁོད་པ་ཙམ་ལ་དཀའ་ལས་དེ་ཙམ་འཛིན་པར་མི་སེམས། འོན་ཀྱང་། གཞིས་བྱེས་གཉིས་ལ་ཉེན་ཁ་ཆེན་པོ་གསུམ་མཐོང་གི་ཡོད། (༡)༧གོང་ས་མཆོག་ཕེབས་པ་ཙམ་གྱིས་མི་ཕན་པར་བོད་མི་མང་ལ་བཀའ་སློབ་ཞལ་མཇལ་ལྷུག་པོར་ཞིག་རག་ཐབས་བྱེད་དགོས་རྒྱུ་ལ་དེ་རྒྱ་མིས་སྤྲད་མི་སྲིད་པ་དང་། (༢)དུས་ཡུན་རིང་ཙམ་དགོས་རྒྱུ་ལ་དེ་རྒྱ་མིས་ཐུང་ངུ་ལས་རིང་པོ་སྤྲད་མི་སྲིད་པ་དང་། (༣)དེ་ནས་བཟུང་འདིར་བཙན་བྱོལ་བ་དང་གཞིས་བོད་ཡོངས་ལ་ཕྱིས་ནས་བོད་དོན་རྩོད་གླེང་ལ་བདེན་འབྲས་གཏན་ནས་འཆའ་ས་ཞིག་མེད་པར་འགྱུར་བའི་ཉན་ཁ་བཅས་རྩ་བའི་ཉན་ཁ་ཆེ་ཤོས་དེ་གསུམ་མཐོང་གི་ཡོད། གང་ཡིན་ཞུ་ན། ཕྱི་ཡི་རྒྱལ་ཁབ་རྣམས་ཀྱི་གནོན་ཤུག་འོག་ངེས་པར་དུ་གོང་ས་མཆོག་བོད་ལ་ཕེབས་ཐུབ་པ་མ་ཚད་རྒྱ་མིས་ངེས་པར་གདན་འདྲེན་ཞུ་གི་རེད། རེད་ཏེ། རྒྱ་མི་འདི་རྒྱལ་ཁབ་གཞན་དང་གཏན་ནས་མི་འདྲ་བར་ཚག་ཚུད་པོ་རུ་འགྲིག་པོ་འགག་དོག་པོ་འདི་དང་ཐོག་ནས་ཡིན་ཙང་། སྐུ་མདུན་ཕེབས་པའི་ཉིན་མོ་དེ་ནས་ཡང་བསྐྱར་འགག་དོག་པོ་ཞིག་མ་བཟོ་རང་བཟོ་ལ་ཁེལ་བ་ཡིན་དུས། རྒྱ་མིའི་མགོ་དཔོན་ཚོ་རེ་བ་རྣམས་ལས་མི་སེར་དཀྱུས་ལ་ཞལ་མཇལ་གསུང་ཐོས་སུ་ལ་བྱེད་ཐབས་གཏན་ནས་མེད། རྒྱལ་ཁབ་གཞན་གྱི་གནོན་ཤུག་འོག་དང་ཁོ་རང་ཚང་གི་བྱས་རྗེས་འཛམ་གླིང་ལ་གསལ་བསྒྲག་བྱེད་ཆེད་ལས། བོད་མི་རིགས་ལ་ཤ་ཚ་དང་སྙིང་ཉེ་ཡོད་དྲག་ནས་སྐུ་མདུན་གདན་འདྲེན་ཞུ་མི་སྲིད་པ་ཡིན་ཙང་། འཛམ་གླིང་སྤྱི་འགྲོ་བཞིན་དུས་ཡུན་ཐུང་ངུ་ལས་ཆོག་མཆན་དུས་ཚོད་རིང་པོ་གཏན་ནས་སྤྲད་མི་སྲིད། དུས་དེ་ནས་བཟུང་གཞིས་བྱེས་གཉིས་ཁ་གནམ་དུ་གདང་ནས་ལྟ་རྒྱུ་ཞིག་ལས་གཞན་པ་ལ་ཤོད་རྒྱུ་དང་རྩོད་རྒྱུ་ཞིག་ཤུལ་དུ་རྩ་ནས་ལྷག་མེད། རྒྱ་དམར་པོ་ནི་ངོ་སོ་མཐོ། བོད་མི་རིགས་ནི་དཔལ་འབྱོར་ཞན་ཁར་རྒྱབ་གནོན་དང་བདེན་དཔང་སུས་ཀྱང་མི་བྱེད་ལ་བྱ་ཐབས་བྲལ་བ་རེད། བོད་པས་དེ་དུས་གང་ཤོད་དགོས་སམ་ཞེས་པའི་དྲི་བ་འདི་རེད། སྤྱིར་དེང་གི་དུས་འདིར་ཉམ་ཆུང་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཉིན་སྐར་ལས་དཀོན་པ་སྤྱི་བྱེ་ཡོངས་སུ་གསལ་གསལ་ཐིང་ཐིང་ལ། ང་ཚོ་ཧོ་བུའི་འཁར་རྒྱུག་འཕྱར་རྒྱུ་ལས་ཞུ་རྒྱུ་ཞིག་གཏན་ནས་མ་རེད་སྙམས། དེ་མིན་གོང་ས་མཆོག་བོད་དུ་ཕེབས་ན། ཅོ་རི་པའི་གསུང་དྲིས་འདི་ཚོ་གུས་པས་བསམ་ན། ༡་་་ཆབ་སྲིད་ཀྱི་ཐོག་ནས་མཇུག་འབྲས་ག་གེ་ཞིག་ཡོང་གི་མ་རེད་ལ། ༢་་་དེ་བཞིན་དཔལ་འབྱོར་གྱི་ཐོག་གི་མཇུག་འབྲས་དང་འབྲེལ་བ་དེ་ཙམ་མེད་ལ།༣་་་ཆོས་ལུགས་ཀྱི་ཐོག་ནས་མཇུག་འབྲས་དེ་བས་གང་ཡང་ཡོང་གི་མ་རེད་ལ། ༤་་་སྤྱི་ཚོགས་འཆམ་མཐུན་གྱི་ཐོག་ཏུ་ཤུགས་རྐྱེན་ཡང་ག་གེ་ཞིག་ཡོང་གི་རེད་བསམ་གི་མི་འདུག་ལགས།།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    སྤྱི་འཐུས་གྲོས་འཚོགས་ནང་དུ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་ཁྲི་བློ་བཟང་སེང་གེ་ལགས་སུ་ཞུས་ཡོད་པ་ནི་༧གོང་ས་མཆོག་བོད་ཏུ་ཕེབས་ན་མཇུག་འབྲས་ག་རེ་ཡོང་གི་རེད་ཞེས་པ་འདི་རེད། གནད་འགག་ཆེན་པོ་རེད་འདོད།

    བོད་མི་བསམ་ཡོད་ཚང་མས་གནད་དོན་འདིའི་ཐོག་ཏུ་ཐུགས་བསམ་རྒྱ་ཆེ་ཙམ་བཞེས་དགོས་པ་འདོད། གལ་སྲིད་༧གོང་ས་མཆོག་བོད་ཏུ་ཕེབས་ཐུབ་པའི་དབང་དུ་བཏང་ན།་་་་་
    ༡་་་ཆབ་སྲིད་ཀྱི་ཐོག་ནས་མཇུག་འབྲས་ག་རེ་ཡོང་གི་རེད་དམ།
    ༢་་་དཔལ་འབྱོར་གྱི་ཐོག་ནས་མཇུག་འབྲས་ག་རེ་ཡོང་གི་རེད་དམ།
    ༣་་་ཆོས་ལུགས་ཀྱི་ཐོག་ནས་མཇུག་འབྲས་ག་རེ་ཡོང་གི་རེད་དམ།
    ༤་་་སྤྱི་ཚོགས་འཆམ་མཐུན་གྱི་ཐོག་ཏུ་ཤུགས་རྐྱེན་ག་རེ་ཡོང་གི་རེད་དམ།
    ཞེས་པའི་དྲི་བ་འདིའི་ཐོག་ཏུ་ཡག་ཉེས་ཅི་ཡོང་གི་ལན་རེ་སོ་སོར་སོ་སོས་གྲལ་སྒྲིག་ཡོད་ན་ཡག་པོ་རེད་འདོད།
    བོད་མི་ཚོའི་མིག་གི་མདུན་དུ་མཐོང་མྱངས་ཡོད་པ་ནི་་་བཙན་བྱོལ་སྤྱི་ཚོགས་ནང་གི་བླ་མ་དང་སྤྲུལ་སྐུ་་་་་དཔོན་མིང་ཡོད་པའི་བོད་རིགས་སྤུན་ཟླ་མང་པོ་བོད་ནང་དུ་ཕེབས་མྱངས་ཡོད་པའི་མཇུག་འབྲས་རེད།
    དཔེར་ན་་་བཙན་བྱོལ་བའི་བླ་སྤྲུལ་ཚོ་་་་སྔོན་མ་བོད་དུ་ཕེབས་དུས་སུ་བོད་མི་དད་ལྡན་ཚོའི་མིག་ནས་མཆི་མ་ཤོར་སོང་ལ་ལག་ནས་སྒོར་མོ་ཕུལ་སོང་། འབྲོག་པས་རྟ་ནོར་ཕུལ་སོང་ལ་རོང་བས་འབྲུ་རིགས་ཕུལ་སོང་།་་་མཇུག་འབྲས་འདིར་མཐོང་བདེ་པོ་ཞིག་རེད།་་་་་་མུ་མཐུད་ནས་བཤད་མཁན་ལྷ་མོ་སྐྱབས་ཡིན་ད་་།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མིང་ནད་པ་ཅན་འདིའི་སྐད་ཆར་ནད་རྟགས་ཅི་ཡང་མི་འདུག
    གཅིག་གི་བཤད་སྟངས་ལྟར་ན། ཡིད་བཞིན་ནོར་བུ་བོད་ཕེབས་རྒྱུ་གཞིས་བྱེས་བོད་མིའི་སྟོང་བསམ་ཡིན་པ་དང་སྟོང་བསམ་དེས་ཁོང་ཚོའི་ལུས་སྲོག་ཀྱང་འཕྲོ་བརླག་གཏོང་གི་འདུག་ཟེར་བ་ཡིན་ནམ་ཅི། གང་ལྟར་སྐད་ཆ་འདིར་ནད་རྟགས་ཤིག་འདུག

    Reply
  6. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཉིད་ཀྱིས་རྩོམ་ཡིག་འདིའི་ནང་འདས་དོན་ལ་ཕྱོགས་བསྡོམས་ལེགས་པོ་གནང་འདུག་པས་བཀའ་དྲིན་ཆེ། འོན་ཀྱང་མ་འ྄ོངས་པར་༧གོང་ས་མཆོག་བོད་ལ་འདན་འདྲེན་ཞུ་དགོས་ཚུལ་ཙམ་ལས་ཆ་རྐྱེན་྄དང་དགོས་འདུན་ཅི་འདྲ་ཞིག་གི་འོག་ནས་འདན་འདྲེན་ཞུ་དགོས་མིན་གསུངས་མི་འདུག་པས་བློ་སྐྱེད་གསར་པ་ཅང་ཐོབ་མ་སོང་། རྒྱ་དམར་པོ་སྲིད་གཞུང་གིས་དེ་སྔོན་ནས་༧བོད་ཀྱི་གནད་དོན་འདི་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ལ་རྩིས་ཏེ་༧གོང་ས་མཆོག་རྒྱ་ནག་ཕེབས་འཐུས་ཆོག་པ་མ་ཟད་པེ་ཅིང་དུ་གོ་གནས་ཀྱང་འབུལ་རྒྱུ་ཡིན་ལུགས་བརྗོད་མྱོང་ཡོད། དེ་ཙམ་དུ་མ་ཟད་ང་ཚོའི་སྐུ་ཚབ་རྣམས་རྒྱ་དམར་གྱིས་༧གོང་ས་མཆོག་སྐུ་སྒེར་གྱི་སྐུ་ཚབ་ཁོ་ན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ད་ལྟ་ང་ཚོས་ཕྱོགས་གཞན་ཞིག་ལ་བསམ་གཞིགས་བྱ་རྒྱུ་ཡོད་པ་གཅིག་ནི་༧གོང་མཆོག་གིས་བོད་ཀྱི་སྲིད་ཀྱི་མཛད་འཁུར་བཞག་གནང་མཛད་པར་བརྟེན་གྲོས་མོལ་གྱི་ལམ་བུ་ཞིག་ཡོད་ངེས། དེ་ནི་ཕྲན་གྱི་རྨོངས་འཆར་ཙམ་མོ།

    Reply
  7. ནད་པ says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས། ཁྱེད་རང་གིས་གསུང་པ་ལྟར་རྒྱལ་བ་སྐུ་འཕྲེང་བཅུ་བཞི་པ་ནམ་ཡང་བོད་དང་རྒྱ་ནག་ལ་ཕེབས་པའི་ལམ་ཁ་མེད་ཅེས་པའི་ཚིག་ཐག་བཅད་པ་དེ་ཏོག་ཙམ་ཐལ་དྲགས་འདུག

    ཁྱེད་རང་གིས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་མཆོག་བོད་དང་རྒྱ་ནག་ལ་ནམ་ཡང་ཕེབས་པའི་ལམ་ཁ་མེད་པ་ཚུལ་ཇི་ལྟར་བྱས་ནས་ཤེས་སམ། འཛམ་གླིང་གི་འགྱུར་བ་དང་། རྒྱ་ནག་གི་འགྱུར་བ། རྒྱ་བོད་ཀྱི་མ་འོངས་པའི་འགྱུར་བ་སོགས་ཆ་ཚང་ཁྱེད་རང་གིས་སངས་རྒྱས་ལྟར་མངོན་མཁྱེན་གྱིས་གཟིགས་ཐུབ་བམ།

    ༸གོང་ས་མཆོག་བོད་དང་རྒྱ་ནག་ཕེབས་ཐུབ་པའི་ཆེད་ང་ཚོ་སྟེ་རྒྱ་བོད་མི་རིགས་ཚང་མར་འཁྲི་བའི་འོས་འགན་གལ་ཆེ་ཞིག་རེད། བྱས་ཙང་ད་ལྟའི་འཆར་རྒྱ་ནག་གཞུང་དང་བཙན་བྱོལ་སྒྲིག་འཛུགས་གཉིས་ཀྱི་ངོས་ནས་རྒྱ་བོད་མཐུན་བསྒྲིལ་གྱི་ཁོར་ཡུག་གཅིག་བསྐྲུན་ཐབས་གནང་དགོས་པ་རེད།

    རྒྱ་ནག་ནི་ལོ་ངོ་སྟོང་ཕྲག་མང་པོའི་ཆོས་དང་། རིག་གཞུང་། སྐད་ཡིག ཆབ་སྲིད། སྤྱི་ཚོགས་སོགས་ཕྱོགས་གང་ས་ལོ་རྒྱུས་ཡུན་རིང་ལྡན་པའི་རླབས་ཆེན་རྒྱལ་ཁབ་དང་མི་རིགས་ཞིག་རེད། ང་ཚོས་རྒྱ་ནག་གི་མ་འོངས་པའི་རེ་བ་ལ་མངོན་བསུ་རྗེས་དཔག་བྱེད་ཆོག་པ་ཞིག་རེད།

    ང་རང་ཚོ་བོད་རིགས་སུ་ཞིག་ཡིན་ན་ཡང་ཚང་མས་རེ་བ་བཟང་སར་རྒྱག་ཐུབ་པ་ཅི་ནས་ཀྱང་བྱེད་དགོས།

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྤྱི་ཡོངས་ཀྱི་ཆ་ནས་རྩོམ་ཡིག་ཡག་པོ་བྲིས་འདུག་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འོན་ཀྱང་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ནམ་ཡང་བོད་དང་རྒྱ་ནག་ལ་ཕེབས་པའི་ལམ་ཁ་མེད་པ་དེ་མ་ཤེས་ན་ཁྱོད་རང་གི་རྒྱ་བོད་བར་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ཙམ་ཡང་མ་ཤེས་པ་རེད་་་་་་་་་་་དེང་སང་མི་མང་པོ་ཞིག་རེ་བ་སྟོང་བ་དེས་ཚེ་སྲོག་ཡང་མེ་ལ་སྒྲོན་གྱིན་པ་རེད་་་་་་་་་་་་་གནས་ཚུལ་དེ་མ་ཤེས་པའི་རྐྱེན་གྱིས་ཁོང་ཚོའི་ཚེ་སྲོག་འཕྲོག་བརླགས་ཕྱིན་པ་རེད།

    Reply
  9. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    མིག་བཤེར་ཙམ་བྱས་ན་ཅུང་ཟད་ཉོག་དྲགས་པའི་ཚོར་བ་ཅིག་སྟེར་མོད། ལྷོད་ཀྱིས་བལྟས་ཤིང་ཡུན་གྱིས་ཀློག་ན་གནད་ཀྱི་འབེན་ལ་གཟིར་བའི་མདའ་མོ་ཞིག་སྟེ། འགོག་མེད་དཀན་གཟར་གྱི་རྦབ་རྡོ་ལྟར་འདྲིལ་བའི་ལར་ཞེན་དང་། མཐུར་མེད་རྒོད་པོ་འདུལ་བའི་ལྩག་ཚན་ལྟར་རྐྱེན་པའི་སྐུལ་འདེད་སོགས་ཡིད་དབང་འཕྲོག་པའི་ནུས་པ་ཆེན་པོ་འདུག་ན། སྐུ་ཞབས་རྭ་རྒྱ་བློ་དབང་ལ་སྙིང་ནས་བཀའ་དྲིན་ལར་བརྒྱར་ཞུ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག །

    རྒྱ་གཞུང་གིས།
    རྒྱ་གར་མོན་དང་ཧོར་སོག་ཡུལ་ལ་བཀག་ཐབས་བྲལ། །
    ད་ནི་བལ་ཡུལ་ཧོང་ཀོང་བཅས་ལ་གདན་འདྲེན་དགོས། །
    བོད་རིགས་ཚོས།
    དེ་ནས་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་རྗེས། །
    བོད་ས་ཡོངས་ལ་ཕེབས་ཕྱིར་བརྩོན་པ་མ་ལྷོད་ཅིག །

    Reply
  11. རང་དབང་རྒྱལ། says:
    ལོ་ 14 སྔོན།

    རྩོམ་པ་པོ་ལ་བཀའ་དྲིན་ཆེ།
    གནད་འགག་ཅིག་གསེད་བཀྲོལ་བགྱིས་པར་ཡི་རངས་ཞུའོ།།

    Reply
  12. ནད་པ says:
    ལོ་ 14 སྔོན།

    ཆབ་བྲག་གིས་གསུང་པ་དེར་རྒྱུ་མཚན་འདུག གང་ཡིན་ཟེར་ན་༸ གོང་ས་མཆོག་ད་ལྟའི་ཆར་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་སྤང་ཟིན་སྟབས། མགོན་པོ་གང་ཉིད་ལ་ཆབ་སྲིད་ཀྱི་འབྲེལ་བ་རྩ་བ་ནས་མེད།

    བོད་ཀྱི་རྩ་དོན་དེ་བོད་མི་དམངས་ཀྱི་རྩོད་དགོས། བཀའ་སྤྱི་གཉིས་ཀྱིས་རྒྱ་ནག་ནག་གཞུང་དང་མཐུན་བསྒྲིལ་སྐྲུན་ཐབས་བགནང་དགོས།

    དེ་ལྟར་བྱུང་ཚེ་༸ གོང་ས་རྒྱ་ནག་ཏུ་ཆིབས་བསྒྱུར་གནང་ཐུབ་རྒྱུའི་རེ་བ་ཡོད་པ་རེད། དེ་ནས་རིམ་པས་བོད་དུ་ཡང་ཕེབས་རྒྱུའི་རེ་བ་དང་འབད་བརྩོན་རྒྱུན་འཁྱོངས་བྱེད་དགོས།

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་ལགས་ཀྱིས་སྐུ་ཚེགས་ལ་མི་འཛེམས་པར་ཁ་ཡིག་གི་་་་་རམས་དེ་་་་རམ་ལ་བརྗེ་རོགས་གནང་།

    Reply
  14. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    ཨོ། དགོངས་དག རམ་འདེགས་མཛོད་ཟེར་དགོས་ས་རེད།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གོམ་པ་དང་པོ་ཕྱི་གླིང་གི་རྒྱ་རིགས་གང་མང་གིས་ཡིད་བཞིན་ནོར་བུར་དགའ་དད་བཀུར་སྟི་ཐོབ་དགོས་པ་དང་གཉིས་པ་ཐེ་ཝན་མི་དམངས་ཀྱིས་སྔར་ལྷག་གིས་དད་བཀུར་རྒྱབ་སྐྱོར་ཡོང་རྒྱུ། གསུམ་པ་ཧོང་ཀོང་དུ་ཆིབས་སྒྱུར་ཐུབ་རྒྱུ།་དེ་ནས་རྒྱ་ནག་སྐམ་ས་ཆེན་པོར་ཞབས་སོར་འཁོད་རྒྱུའི་རྟེན་འབྲེལ་གྱི་དབུ་ཁྱུད་བྲིས་ཚར་ཡོད་པས། ང་ཚོས་མཐུན་རྐྱེན་གཞོགས་འདེགས་མ་ཐུབ་ཀྱང་འགལ་རྐྱེན་དུ་མི་འགྱུར་བའི་ལས་འགུལ་སྤེལ་དགོས། དཔེར་ན། ད་ལྟ་ང་ཚོས་བོད་དོན་ཆབ་སྲིད་ཀྱི་ལས་འགུལ་སྤེལ་དུས་ཡིད་བཞིན་ནོར་བུ་ཚང་མཉམ་དུ་འཁྱེར་ཆོག་ཆོག་དང་གླེང་ཆོག་ཆོག་ཅིག་མིན་པར་འདོད། ཡག་ཤོས་དེ་༸གོང་ས་མཆོག་གོང་དུ་ཕུད་ནས་ང་ཚོས་མི་རིགས་ཀྱི་བདེན་དོན་འཐབ་རྩོད་གནད་ཆེར་འཛིན་དགོས། རྒྱ་གཞུང་གིས་ད་དུང་ཀྱང་ཏཱ་ལའི་དང་ཏཱ་ལའི་རུ་ཚོགས་ཟེར་བའི་ཁག་དཀྲི་བྱེད་ས་མེད་པ་བཟོ་ཐབས་ལ་བསམ་བློ་གཏོང་དགོས། ལྷག་པར་བཀའ་སྤྱི་གཉིས་ངོས་ནས་གཏམ་བཤད་གནང་དུས་གཟབ་དགོས།

    Reply
  16. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    ཆེ་ས་འཛམ་གླིང་དང་རྒྱ་ནག་མི་རིགས་ལ་མཚོན་ན་ཡང་ཁོང་བོད་དུ་ཕེབས་ན་ལེགས། དེ་བས་ཀྱང་བོད་མི་རིགས་ཡོངས་ཀྱིས་ཁོང་བོད་དུ་གདན་འདྲེན་ཞུ་ཨེ་ཐུབ་དང་། རང་ལུས་མེ་ལ་བསྲེགས་པའི་སྐབས་སུ་ཡང་ཁོང་བོད་དུ་ཕེབས་རོགས་ཞུ་ཟེར་བཞིན་ཕྱི་མའི་འཕྲེང་ལམ་དུ་བཞུད་སོང་ལ། བཙོན་འོག་ན་གཅར་རྡུང་མྱོང་མཁན་ཚོས་ཀྱང་ཁོང་བོད་དུ་གདན་འདྲེན་ཞུ་དགོས། སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་གཞིས་བྱེས་གཉི་ག་ལ་འབོད་ཀྱིན་ཡོད། བོད་མི་བརྒྱ་ཆའི་དགུ་བཅུའི་བསམ་དོན་དེ་ཡིན་པས། དེའི་ཐད་ནས་ཉིད་ཀྱིས་དགོངས་འཆར་གནང་བ་དང་། མ་འོངས་པ་ན་དེའི་སླད་དུ་བཀའ་ཁྲི་མཆོག་གིས་ལས་འགུལ་སྤེལ་རྒྱུ་ཡིན་གསུང་ནས་མི་འདུག་པར་ཇེ་དགའ་གང་དྲག་བྱེད་རྒྱུ་གལ་ཆེ།

    འདི་ལག་ཟུང་ཐལ་མོ་སྦྱར་ཏེ་མིག་ཟུང་མཆི་མས་བསྐོར་བའི་ལོ་ལོན་རྒས་གཉེར་ཅན་་དག་གི་ཚེ་མཇུག་གི་རེ་བ་ཉག་ཅིག་ཡིན་པས་ན་བོད་མི་ཡོད་དོ་ཅོག་གིས་དེ་ལུགས་ཡིད་ལ་འཛིན་པར་མཛོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese