མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་འབོད་དང་པོ་དེ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་སུ། ཉིན་འདི་འགར་བོད་ནང་གཅིག་འཕྲོར་གཅིག་བསྟུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དག་དང་འབྲེལ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

    དྲི་བ། སྐུ་ཉིད་ཀྱིས་དེང་སྐབས་བོད་ནང་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་དག་གི་མངོན་འདོད་དང་རེ་བ་གཙོ་བོ་གང་ཞིག་ལ་ངོས་འཛིན་གནང་གི་ཡོད།

    ལན། མི་ཟེར་བ་འདི་འུ་ཐུག་ཐབས་ཟད་ཆགས་ན། ཡང་ན། གཞན་གྱི་སྲོག་ལ་བསྙབ་རྒྱུ་རེད། ཡང་ན་རང་གི་སྲོག་ལ་རྒོལ་རྒྱུ་རེད། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་འགའ་རེས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་དང་། འགའ་རེས་བོད་མིར་རང་དབང་དགོས་ཟེར་བ། ཡང་རེ་ཟུང་གིས་བོད་རང་བཙན་ཡིན་ཟེར་ནས་སྐད་རྒྱབ་པ་སོགས་ཐུག་ས་གཅིག་ལ་ཐུག་ཡོད་པ་རེད། རྒྱ་ནག་གི་གདུག་རྩུབ་འོག་སྡོད་ཐུབ་ཀྱི་མི་འདུག ང་ཚོར་རང་བཙན་དགོས་ཟེར་བ་འདི་རེད། རེ་བ་འདི་ལ་ང་ཚོ་བྱེས་བཞུགས་མི་མང་ཚོས་བདག་པོ་རྒྱག་དགོས་ཀྱི་འདུག ལྷག་པར་དུ་བཙན་བྱོལ་བོད་གཞུང་གིས་ངོས་ལེན་གནང་དགོས་ཀྱི་འདུག ཚེ་སྲོག་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཕུལ་ཟིན་པ་དག་ལ་བརྩི་བཀུར་ཞུ་དགོས་ཀྱི་འདུག

 

    དྲི་བ། རང་ལུས་མེར་བསྲེགས་བཏང་བ་དེས་བོད་པའི་རྩ་དོན་ཐོག་འཕྲལ་ཕུགས་ཀྱི་ཕན་གནོད་གང་འདྲ་འབྱུང་བར་ངོས་འཛིན་གནང་གི་ཡོད་པ་དང་། ལས་འགུལ་གྱོ་ངོ་བོའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ། 

    ལན། རང་སྲོང་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་དང་། ཤུལ་ལུས་ནང་མི་གཉེན་འབྲེལ་སྒེར་ངོས་ནས་བཤད་ན་ཕལ་ཆེར་གྱོང་ཡིན་རྒྱུ་རེད། མི་ཚེའི་སྒྲུང་རྫོགས་ཚར་བ་རེད། འོན་ཀྱང་། རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་མིན་བོད་རྒྱ་ཆེའི་མི་མང་ལ་རག་ལས་ཡོད། མཛུབ་མོ་གཅིག་གིས་ཕར་ཕྱོགས་ལ་གཞུས་ན་གྱོང་རང་ལ་རག་གི་རེད། མཛུབ་མོ་ལྔ་འཆང་ཁུ་ཚུར་གྱིས་གཞུས་ན་གྱོང་ཕར་ཕྱོགས་ལ་སྤྲོད་ཐུབ་པ་རེད། སྤྱི་ཚོགས་ནང་ཐོབ་དང་གོ་ས་ཡོད་མཁན་རེ་ཟུང་གིས་ལས་འགུལ་དེ་འཚེ་བ་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་ཡོད་པ་གོ་སོང་། ང་ཡིད་ཆད་ཀྱི་འདུག སེམས་སྐྱོ་ཡི་འདུག ལྷ་རྟེན་གཙུག་ལག་ཁང་སོགས་ལ་སྐོར་བར་འགྲོ་མཁན་ཚོས་ལམ་ན་འབུ་གསོད་ཀྱི་ཡོད་པ་རེད། དེ་ཡང་འཚེ་བ་རེད་དམ། ཁོང་ཚོའི་དམིགས་ཡུལ་ཆོས་རེད། རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རང་སྲོག་བཏང་ན་འཚེ་བ་མ་རེད། འཚེ་བ་བྱེད་མཁན་ངོ་མ་དེ་ཕར་ཕྱོགས་བཙན་གནོན་བྱེད་མཁན་ཚོ་རེད། སུ་ཞིག་ལས་འགན་འདི་ལ་གཡོལ་བ་ཡིན་ན། དེ་ནི་རྩ་དོན་གྱི་ཐོག་ནས་འཚེ་བ་རེད། བྱ་བའི་ཐོག་ནས་གཡོ་སྒྱུ་རེད།

 

    དྲི་བ། ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་གནས་ཚད་དེ་གང་འདྲ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ།

    ལན། གཞིས་བཞུགས་མི་མང་གི་ངོས་ནས་འཐབ་རྩོད་ཀྱི་གནས་ཚད་ཧ་ཅང་མཐོ་བོ་རེད། འོན་ཀྱང་ང་ཚོའི་གཞུང་གི་ངོས་ནས་འཐབ་རྩོད་རླུང་ལ་བསྐུར་བཞག་ཡོད་པ་རེད། མི་སྒེར་ཞིག་ཡིན་ན་འདྲ་ལ། མི་ཚང་གཅིག་ཡིན་ནའང་འདྲ། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་རྩ་དོན་ཞིག་བསྒྲུབ་ན། དེ་ལ་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དང་པོ། རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་གསལ་བོ། གཉིས་པ། དམིགས་ཡུལ་དེ་འགྲུབ་པའི་གདེང་ཚོད་ཆེན་པོ། གསུམ་པ། དམིགས་ཡུལ་ཐོག་ཐབས་ཇུས་ཡག་པོ་དགོས། ད་ལྟ་ང་ཚོའི་ལམ་དབུ་མར་བོད་རྒྱ་གཉིས་ཕན་ཟེར་བ་ཙམ་ལས་དམིགས་ཡུལ་གསལ་བོ་ཡོད་པ་མ་རེད། རྒྱ་ནག་སྟོབས་ཆེན་པོ་རེད་ཟེར་ནས་འཐབ་རྩོད་ལ་གདེང་ཚོད་ཡོད་པ་མ་རེད། ཁ་ནས་རྩ་དོན་ཟེར་བ་ལས་དོན་ལ་འཐབ་རྩོད་ཐོག་བསམ་བློ་གཏོང་མཁན་ཡོད་པ་མ་རེད།   

 

    དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་སྤྱི་གཉིས་ཀྱིས་གཞུང་འབྲེལ་ཐོག་ལས་འགུལ་སྤེལ་ཕྱོགས་ལ་འདོད་པ་ཁེངས་ཀྱི་ཡོད་དམ།

    ལན། ངས་གོང་དུ་བཤད་པ་ལྟར་བཀའ་ཤག་གིས་མི་མང་གི་ཁ་གཅོད་ཐབས་ཙམ་ལས་རྩ་དོན་ཐོག་ལས་ཀ་གང་ཡང་བྱེད་ཀྱི་མེད་དུས་ང་ལ་འདོད་པ་ཁེངས་དང་མི་ཁེངས་ཀྱི་སྐད་ཆ་ལྷག་གི་ཡོད་པ་མ་རེད། ང་འདི་ལ་བློ་ཕམ་ནས་བསྡད་ཡོད། འུ་ཐུག་ནས་བསྡད་ཡོད། གཞུང་ཟེར་བ་དེ་མི་མང་གི་དབུ་འཁྲིད་རེད། དབུ་གང་དུ་འཁྲིད་དགོས་པ་རེད་ཟེར་ན་རྩ་དོན་འཐབ་རྩོད་ཐོག་འཁྲིད་དགོས་པ་རེད། ངྷ་རམ་ས་ལའི་བཙན་བྱོལ་བོད་གཞུང་འདིས་རྩ་དོན་བརྗེད་དེ་གཞུང་ངོ་མ་ཞིག་འཛིན་སྐྱོང་བྱེད་པའི་འདུ་ཤེས་འཁྱེར་གྱི་ཡོད་པ་འདྲ། དེ་ནོར་བ་རེད། ཁྱེད་ཅག་གི་རྐང་འོག་གི་ས་དང་མགོ་ཐོག་གི་ཁང་པ་གཞན་གྱི་རེད། ང་ཚོའི་མི་མང་གི་ངོས་ནས་ཀྱང་རྒྱ་ནག་དང་ཕན་ཚུན་གཉིས་མོས་ཀྱི་ཞི་མོལ་ཞིག་ཡོང་ཐབས་མེད་པ་ཧ་གོ་དགོས་ཀྱི་འདུག གལ་སྲིད་ཡོད་པའི་དབང་དུ་བྱས་ཀྱང་ང་ཚོར་སྒུག་ལོངས་མེད་པ་ཤེས་དགོས་པ་རེད། ངེད་གཉིས་ད་ལྟ་སྐད་ཆ་ཤོད་བཞིན་པའི་སྐད་ཅིག་མ་འདི་ལའང་རྒྱ་མི་སྟོང་ཕྲག་མང་པོ་བོད་ནང་འབྱོར་བཞིན་ཡོད།

 

    དྲི་བ། བོད་ནང་གི་གནས་བབ་ལ་གཞིགས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་མི་རེ་ངོ་རེས་འགན་འཁུར་དང་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད།

    ལན། བོད་ཕྱི་ལོགས་ནས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་མང་ཚོས་གང་ཐུབ་ཐུབ་གནང་གི་ཡོད་ཀྱང་། དེ་ལ་ཞེ་དྲག་ས་ཆོད་ཡོད་པ་མ་རེད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་རྒྱུ་ཁག་པོ་རེད། མགོ་འཁྲིད་མཁན་དང་ལྡོག་རྩ་གཅིག་བསྒྲིལ་བཟོ་མཁན་མེད་ན། ས་སྟོང་ལུང་སྟོང་ཞིག་ཏུ་སོ་ཕག་ས་ཡ་གཅིག་བླུགས་བཞག་ན། དེས་ཁང་པ་ཡོང་གི་མ་རེད། མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་ཡག་པོ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ། དམངས་གཙོ་གལ་ཆེན་ཡིན་ཡང་དེ་རྒྱལ་ཁབ་ནང་ཁུལ་གྱི་དོན་དག་རེད། རྐང་པ་འཛུགས་སའི་ས་ཆ་མ་རག་གོང་ལ། ཁང་པའི་བཟོ་ལྟ་གང་འདྲ་བཟོ་མིན་དང་། མཚོན་མདོག་གང་འདྲ་བྱུག་མིན་ཐོག་ལ་བརྩད་བརྒྱབ་ནས་བསྡད་ན་དེ་ལ་དགོས་པ་འདུག་གམ།

 

    དྲི་བ། བོད་ནང་རང་སྲོག་གཏོང་མཁན་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་། བོད་པའི་རྩ་དོན་འཐབ་རྩོད་ཀྱང་ཆོས་རིག་ལ་ཐུག་ཡོད་སྐོར་བཤད་ཀྱི་ཡོད་དུས། བཙན་བྱོལ་ནང་གི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཚོར་ལས་འགན་གང་འདྲ་ཡོད་པར་གཟིགས་ཀྱི་ཡོད་དམ།

    ལན། བོད་ནང་ལ་ངས་བཤད་ཤེས་ཀྱི་མེད། བཙན་བྱོལ་ནང་མི་ཚང་མར་འདིའི་ཐད་བསམ་ཚུལ་ཏན་ཏན་ཡོད་པ་རེད། མི་ཁ་ཤས་ཀྱིས་དད་པ་དག་སྣང་གིས་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཡང་ཁ་ཤས་ཀྱིས་སོ་སོས་ལས་འགུལ་སྤེལ་ཐུབ་དང་མ་ཐུབ་ཐོག་ནས་ཤོད་ཐུབ་ཀྱི་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན། སྔོན་མ་གཞོན་ནུའི་ནང་ཡོད་སྐབས་ལས་འགུལ་སྤེལ་བ་དང་མགོ་ཁྲིད་པ་སོགས་གང་ཐུབ་བྱས་ཡོད་བསམ་པ་ཞིག་ཡོད། ངས་བཤད་འདོད་པ་དེ་གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་ཀྱི་བདེ་བ་སྡུག་བསྔལ་ལས་ལྷག་པའི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། སྐུ་མཁྱེན། བོད་པའི་སྤྱི་ཚོགས་ནང་མ་བཞུགས་རོགས། སྤྱི་ཚོགས་ཀྱི་ཁེ་ཕན་མ་བཞེས་རོགས་ཞུ་རྒྱུ་ཡིན། རྒྱལ་ཁབ་དང་མི་རིགས་སྤངས་ཏེ་སོ་སོ་གཅིག་པུ་སངས་རྒྱས་རྒྱུ་དང་། སྐྱེ་བ་ཕྱི་མ་དང་ཕུགས་ཀྱི་དོན་དག་འདྲ་སྒྲུབ་ནས་སྡོད་མཁན་གྱི་ཆོས་པ་ཞིག་ངས་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག དེ་འདྲའི་ཆོས་པ་ཞིག་ད་ལྟའི་དུས་ཚོད་འདི་ལ་བོད་མི་མང་ལའང་དགོས་མཁོ་མི་འདུག

           

    དྲི་བ། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་རྗེས། བོད་པས་ལས་འགུལ་སྤེལ་སྟངས་དང་ངོ་བོའི་ཐོག་ཁྱད་པར་འགྲོ་སྲིད་དམ། 

    ལན། ༧རྒྱལ་བ་རིན་པོ་ཆེ་བོད་པའི་ཆོས་སྲིད་ཀྱི་དབུ་འཁྲིད་ཟེར་བ་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་སྐད་ཆ་ཞིག་རེད། ཉི་མ་གཅིག་གཉིས་ནང་ལ་འགྱུར་བ་གཏོང་རྒྱུ་ཕར་ཞོག མི་རབས་ཁ་ཤས་ནང་དུ་ཡང་འགྱུར་བ་གཏོང་ཐུབ་མིན་ངས་བཤད་ཤེས་ཀྱི་མེད། ཤོག་བུའི་སྟེང་ལ་༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་བ་ཡིན་ཞེས་བཀོད་ཡོད་ཀྱང་། བོད་མིའི་སེམས་པའི་ནང་ལ་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དེ་༧རྒྱལ་བ་རིན་པོ་ཆེ་ཁོ་ན་ཆགས་ཡོད། ངའི་ལུས་སེམས་གཉིས་ཀ་ཁ་ཁ་བྱས་ཤིང་། ཤ་ཁྲག་གཉིས་ཀ་སོ་སོར་འཐོར་ནས་འགྲོ་དུས་ཀྱང་རྣམ་ཤེས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དབུ་འཁྲིད་དུ་ཉར་ནས་འགྲོ་རྒྱུ་རེད། ( སྐབས་འདིར་རྒན་ལགས་ཀྱི་བཀའ་མོལ་མཚམས་ཆད་དེ་མིག་ཆུ་ཤར་ཤར་དུ་བཞུར་བྱུང་ ) ངས་༧རྒྱལ་བ་རིན་པོ་ཆེ་ལ་བསྐྱར་དུ་སྐྱབས་འཇུག་ཞུ་རྒྱུ་ལ།  ད་ལྟ་ང་ཚོའི་འཐབ་རྩོད་དེ་ཤི་དང་གསོན་གྱི་མཚམས་ལ་བསླེབས་ཡོད་དུས་སྐུ་དབང་མཚམས་འཇོག་མ་གནང་རོགས། བོད་མི་མང་གིས་གྱོན་པ་བརྗེ་བོ་རྒྱག་རྒྱུ་ཡོད་པ་རེད་དེ། ཁོག་པའི་ནང་གི་སྙིང་ཇི་ལྟར་བརྗེ་བོ་རྒྱག་དགོས་པ་རེད།

 

    དྲི་བ། བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལངས་ཕྱོགས་དེ་རིམ་གྱིས་རང་བཙན་ཐོག་བསྐྱོད་རྒྱུར་རེ་བ་མཐོང་གི་ཡོད་དམ།

    ལན། ང་ནམ་རྒྱུན་རེ་བ་སྟོང་པ་རྒྱག་མཁན་ཞིག་མིན། དངོས་ཡོད་གནས་ཚུལ་ཐོག་ལ་བསམ་ཚུལ་ཡོད་དམ་ཟེར་ན་ཡོད། ཐོག་མ་ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡༥ ཉིན་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་བཀའ་གནང་སྐབས་འགྲིག་གི་མི་འདུག་ཟེར་མཁན་དང་ཤོས་དེ་ང་ཡིན། སྐབས་དེར་ང་གསོད་རྒྱུ་ཡིན་ཟེར་མཁན་བྱུང་ལ། ངའི་ཕྲུ་གུར་སློབ་གྲྭ་ནས་གནོན་ཤུགས་དང་དཀའ་ངལ་སྣ་ཚོགས་འཕྲད་སོང་། ང་ད་ལྟ་ད་དུང་ཡང་འགྱུར་བ་སྤུ་ཙམ་མེད། ང་དངོས་ཡོད་གནས་ཚུལ་དང་བདེན་པ་ཁས་ལེན་བྱེད་མཁན་ཞིག་ཡིན་མ་གཏོགས། རང་གི་ཁེ་ཕན་ཐོག་ལ་བསམ་བློ་གཏོང་མཁན་ཞིག་མིན། བཙན་བྱོལ་བོད་གཞུང་གི་ལམ་ཁ་ཐོག་མ་ནས་ནོར་བསྡད་ཡོད་པ་རེད། ལམ་ཁ་ནོར་བའི་སྒང་ལ་འགྲོ་བཞིན་པའི་རླངས་འཁོར་དེའི་ཁ་ལོ་བ་ཅི་ཙམ་བརྗེ་བོ་བརྒྱབ་ཀྱང་ཕན་ཐོགས་ཡོད་པ་མ་རེད། ཨང་དང་པོ་ལམ་ཁ་བརྗེ་བོ་རྒྱག་དགོས་པ་རེད།

 

    དྲི་བ། གལ་སྲིད་བོད་པས་རང་བཙན་བརྩད་པ་ཡིན་ན་རྒྱ་ནག་དང་འབྲེལ་ལམ་མཐུད་ཐུབ་རྒྱུ་ཁག་པོ་རེད་ལ། རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་རག་གི་མ་རེད་ཟེར་མཁན་ཡོད་པའི་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

    ལན། དེ་ལྐུག་པའི་སྐད་ཆ་རེད། ཆབ་སྲིད་ཀྱི་གནས་ཚུལ་མ་མཁྱེན་པ་རེད། རྒྱལ་ཁབ་ཀྱི་ཆབ་སྲིད་ཟེར་བ་དེ་སོ་སོའི་ཁེ་ཕན་གྱི་ཐོག་ནས་སྒྲུབ་ཀྱི་ཡོད་པ་རེད་མ་གཏོགས། གཞན་གྱི་ཁེ་ཕན་ཆེད་རང་གི་ཁེ་ཕན་བློས་བཏང་བའི་ཕྱི་འབྲེལ་སྲིད་བྱུས་འཛིན་མཁན་ཞིག་ཡོད་པ་མ་རེད། ང་དགུ་ལོ་ནས་དྲུག་ཅུ་རེ་གྲངས་དང་། རེ་ལྔ་སོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་པར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་བཞག་པ་དེ་རང་བཙན་རྩོད་ཀྱིན་པའི་སྐབས་སུ་བྱུང་བ་རེད། འོན་ཀྱང་སྐབས་དེར་ཨུ་རུ་སུ་སོགས་སུ་དམར་པོའི་རིང་ལུགས་ཤུགས་ཆེན་པོ་ཆགས་ཏེ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམར་པོའི་རིང་ལུགས་ཁ་གཏོར་གཏོང་རྒྱུར་ཤུགས་བརྒྱབ་སྟེ། ང་ཚོའི་གནས་ཚུལ་དེ་ཆུང་ཆུང་ཆགས་པ་རེད་མ་གཏོགས། ང་ཚོས་རང་བཙན་བློས་བཏང་རྗེས་ཡིག་ཐོག་ནས་དོན་དག་ཡོད་པའི་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་ཡོད་པ་མ་རེད། ད་ཆར་རྒྱ་ནག་སྟོབས་ཆེན་པོ་ཆགས་ཀྱི་ཡོད་དུས། རྒྱལ་ཁབ་མང་པོ་ཞིག་གི་ཁེ་ཕན་ལ་གནོད་ཀྱི་ཡོད་པ་རེད། བོད་པར་དགའ་དྲགས་པ་མ་རེད་དེ། ཁོ་ཚོའི་ཁེ་ཕན་ཆེད་ང་ཚོས་འགུལ་དཀྱོག་ཅིག་རྒྱག་ཐུབ་པ་ཡིན་ན། བོད་པར་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོང་གི་རེད། སོ་སོའི་ཕྲུ་གུ་སློབ་གྲྭར་མ་བཏང་བར། ངའི་ཕྲུ་གུ་ལ་སྦྱིན་བདག་རག་ས་མ་རེད་ལབ་ན་དེ་ལྐུག་པ་རེད།

 

    དྲི་བ། རྒན་ལགས་ཀྱིས་བོད་ནང་གི་བོད་མི་ཚོ་དང་། ལྷག་པར་དུ་རང་སྲོག་བློས་གཏོང་བྱེད་བཞིན་པ་དག་ལ་འབོད་སྐུལ་དང་རེ་བ་གང་འདྲ་ཞུ་རྒྱུ་ཡོད།

    ལན། ངས་ཐོག་མ། པུས་མོ་ས་ལ་བཙུགས་ཏེ་དཔའ་བོ་དཔའ་མོ་དེ་དག་ལ་ཕྱག་འཚལ་རྒྱུ་ཡིན། ད་ལྟའི་ཛ་དྲག་གཉན་འཕྲང་གི་དུས་ཚོད་འདི་ལ། མུ་མཐུད་དུ་ཨུ་ཐུག་ཐབས་ཟད་ཀྱི་གྲ་སྒྲིག་ཅིག་དགོས་ཀྱི་འདུག རྒན་འཁོགས་ང་ལ་མཚོན་ན་ཡང་སྔོན་མ་ནས་གྲ་སྒྲིག་ཡོད། ང་ཚོ་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱ་དགོས། ངའི་དཔེ་ཁང་ཐབས་ཆག་འདི་དང་དངུལ་བྱང་སོགས་སྐྱེས་དམན་གྱི་མིང་ཐོག་ན་ཡོད། འོན་ཀྱང་། ཚེ་སྲོག་གཅིག་རེ་གཅིག་རེ་ཤོར་ན་ཕན་ཐོགས་དང་མ་ཐོགས་ཟེར་བ་དེ་བཙན་བྱོལ་བོད་གཞུང་དང་བྱེས་འཁོད་ལས་ཀྱི་སྣེ་མོ་བ་ཚོར་ཐུག་ཡོད། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་མཐོང་གི་ཡོད་པ་ངོ་མ་ཡིན་ན། རང་ལུས་མཆོད་འབུལ་བྱས་ཟིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པ་བདེན་པ་ཡིན་ན། དམིགས་ཡུལ་དང་འཆར་གཞི་ལྡན་པའི་འཐབ་རྩོད་ཅིག་དབུ་འཛུགས་གནང་རོགས་ཟེར་ནས་ཞུ་བ་བྱེད་བཞིན་ཡོད། གལ་སྲིད་གཞུང་གིས་འགུལ་དཀྱོག་རྒྱག་རྒྱུ་མིན་ན། མང་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་བརྒྱབ་པས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། སྐད་འབོད་དང་པོ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༢༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 111

  1. tenzinpasang says:
    ལོ་ 13 སྔོན།

    རྒན་ལྷ་བཟང་ཚེ་རིང་ལགས་ཀྱི་དྲི་བ་དྲིས་ལན་འདི་ཅིག་བཀླགས་ཏེ་སེམས་པ་སྐྱོ་ལྷང་ལྷང་ཞིག་བཟོས་སོང་། ངོ་མ་ཡག་པོ་འདུག ང་རྣམ་རྒྱུན་དབྱིན་ཇུའི་གསར་ལམ་རིགས་ཉུལ་ནས་སྡོད་མཁན་ཞིག་ཡིན། དབྱིན་ཇུ་ཡག་པོ་ཤེས་མདོག་མ་རེད་དེ་གནས་ཚུལ་གསར་པ་རྟོགས་པའི་ཞོར་དུ་སློབ་སྦྱོང་ཡང་ཕན་གྱི་འདུག བོད་པའི་གསར་བརྒྱུད་ལམ་ཁག་ཀྱང་མཚམས་རེར་ལྟ་ཉན་བྱེད་ཀྱི་ཡོད། བོད་པའི་བརྒྱུད་ལམ་ཁག་ནས་ང་རང་དགའ་ཤོས་དེ། ༡ བོད་ཀྱི་དུས་བབ་སྟེང་གི་བཀྲ་ཤིས་དོན་གྲུབ་ཀྱི་བཅར་འདྲི་དང་། ༢ ཨཻ་ཤཱ་ཡ་རང་དབང་རླུང་འཕྲིན་ཁང་གི་དགའ་ལྡན་བློ་གྲོས་ཀྱི་བགྲོ་གླེང་ལས་ཚན། ༣ ཨ་རི་རླུང་འཕྲིན་ཁང་ཀུན་གླེང་ལས་ཚན་གྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱི་དཔྱད་ཞིབ་སོགས་ཡིན།

    Reply
  2. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    རྒན་པོ་མགོ་དཀར་འདིའི་སྐད་ཆ་མཐོ་དྲག་ནས་མར་ས་ལ་འབབ་ཐུབ་ཀྱི་མི་འདུག རང་གི་གཞུང་ལ་རང་གིས་ངོ་རྒོལ་བྱོས་དང་རྒྱ་ནག་དམར་ཕྱོགས་པ་ཚོ་དང་ལྷག་པར་དུ་བོད་དོན་རྒྱལ་སྐྱོར་བྱེད་མཁན་ཚོས་ངོས་ནས་བགད་མོ་ཤོར་དགོས་པའི་གནས་ཚུལ་ཞིག་མ་རེད་དམ།
    དོན་ལ་འདིའི་རྒྱལ་རིན་པོ་ཆེ་ལ་ངོ་རྒོལ་གྱི་རྣམ་པ་མཚོན་པ་ལས་གཞན་སྟོང་བཤད་རང་རེད། ཁས་ལེན་ཐུབ་རྩ་བ་ཉིད་ནས་མེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལྷ་འདྲེ་མི་འདོད་མཁན་རྒྱ་མི་དང་། ལྷ་འདྲེ་མི་འདོད་མཁན་འཇམ་ནོར་དང་ལྷག་བསམ་གསུམ་༸རྒྱལ་བ་རིན་པོ་ཆེ་སྐུ་དབང་བཞག་ཆོག་གི་མ་རེད་ཤོད་མཁན་ཚོར། ལྷ་འདྲེས་སེམས་འཚོ་མ་སེམས་པའི་སྨྱོན་པ་བཟོས་ཟིན་པ་འདྲ། ད་ལྷ་འདྲེ་མི་འདོད་མཁན་ཁ་བརྡའི་དྲ་བདག་ཚོ་ལ་ཡང་རྟགས་སམ་མཚན་མ་ཅིག་བསྒུགས་ནས་བསྡད་ཡོད་ལགས།

    Reply
  4. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    ལམ་དབུ་མ་གསལ་ཁ་འཕྲོད་པ་ཧ་ལམ་མི་འབུམ་གཅིག་ཡོད་མེད་ཐེ་ཚོམ་རེད་འདུག ཉིས་སྟོང་བརྒྱད་ཙམ་ནས་ང་རང་དྲྭ་ཐོག་གི་གླེང་མོལ་ལ་ཞུགས་པའི་བརྒྱུད་རིམ་ནང་། ཕལ་ཆེ་བ་བོད་རྒྱའི་ཆབ་སྲིད་ཀྱི་སྐོར་ལ་གླེང་གང་ཐུབ་བྱེད་གིན་ཡིན། དེ་དག་གི་ཁྲོད་རྒྱ་ནག་ནང་གི་སློབ་མ་ལས་བྱེད་དགེ་རྒན། བོད་ནང་གི་དགེ་སློབ་ལས་བྱེད་སོགས་ཚུད་པའི་མི་སྟོང་ཕྲག་གཉིས་ཙམ་ལ་གླེང་མོལ་བྱེད་མྱོང་ཡོད་ལ་མཚམས་རེ་ལྟ་བ་མི་མཐུན་སརརྩོད་པ་ཤུགས་ཆེན་པ་འདྲ་ཡང་ཤོར་མྱོང་། ཧང་སངས་དགོས་པ་ཞིག་ལ་དེའི་དབུ་མའི་ལམ་ལ་ཤེས་རྟོགས་ཡོད་མཁན་ནི་པེ་ཅིང་ཡིན་པའི་རྒྱ་རྒན་ཞིག་ལས་ཐུག་མ་མྱོང་། མཐའ་ན་ཁོ་པའང་དབུ་མའི་ལངས་ཕྱོགས་ནི་ཆབ་སྲིད་ཀྱི་གཡོ་བྱུས་ཙམ་ལ་ངོས་འཛིན་བྱེད་མཁན་ཞིག་རེད་འདུག བོད་མི་མང་པོ་ཞིག་གིས་ཆ་རྐྱེན་གཞན་མེད་པར་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུའི་འདོད་ཕྱོགས་འཛིན་མཁན་དང་། རང་བཙན་གླེང་མཁན་ཡང་མི་ཉུང་བ་ཞིག་འདུག དབུ་མའི་ལམ་ཟེར་དུས་ཧ་ལམ་ཤེས་མཁན་ཞིག་མིན་འདུག བཙན་བྱོལ་ནང་དུ་ཆ་བཞག་ན་མང་པོ་ཞིག་དབུ་མའི་ལམ་གྱི་རྗེས་སུ་འབྲངས་བཞིན་པ་རེད། འོན་ཀྱང་དབུ་མའི་ལམ་གྱི་དགོངས་དོན་རྟོགས་མཁན་ཧ་ཅང་དཀོན། 

    Reply
  5. ནད་པ says:
    ལོ་ 13 སྔོན།

    སྟོང་གསུམ་གསེར་གྱིས་བཀང་སྟེ་ཕུལ་ཡང་ནམ་ཡང་བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་བོད་མིའི་བླ་ན་མེད་པའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་༸ གོང་ས་ཡིད་བཞིན་ནོར་བུའི་རླབས་ཆེན་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཐ་དག་ལ་ལུག་རྫི་རྒན་པོས་ལུག་བྱེ་ཐང་དུ་འཇོག་བཞིན་པའི་དཔེར་བཀོད་ཕོད་པ་དེ་ནི་ཆེས་ཡ་མཚན་དང་བློ་ཕམ་སྐྱེ་གཞིའི་སྐད་ཆ་ཐབས་སྡུག་གཅིག་ཡིན།

    ད་དུང་སྐད་འབོད་དང་པོ་དེ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་ཟེར་བའི་སྐད་ཆ་དེ་ནི་དགྲ་དགའ་གཉེན་སྡུག་གི་སྐད་ཆ་ཞིག་རེད། རྡོ་ཡར་བཀྱག་སྟེ་རང་ཉིད་ཀྱི་རང་གི་རྐང་པའི་སྟེང་དུ་བཞུས་པ་དེ་ནི་ཆེས་བླུན་པོའི་ནང་གི་བླུན་རྨོངས་ཅན་ཞིག་ཡིན།

    བཞུགས་སྒར་དུ་༸ རྒྱལ་བའི་སྐུ་ཡི་མཚན་དཔེའི་དཀྱིལ་འཁོར་གྱི་ཉ་རྒྱས་ཟླ་བ་རྒྱས་བཞིན་པའི་ཞི་བདེའི་བལྟི་གནས་སུ་གྲོགས་མེད་ཡ་ང་གཅིག་པུར་སྡོད་བཞིན་ཁེ་རྐྱང་དུ་ལུས་པའི་རྒན་རབས་པ་ལྷག་བསམ་མིང་ཅན་འདི་སྙིང་རྗེ་སྐྱེ་དགོས་པའི་གནས་སུ་གྱར་འདུག

    སྨོན་ལམ་ལོག་པའི་དམ་སྲི་དང་། སྨོན་ལམ་ལོག་པའི་ནག་ཕྱོགས་ཅན། སྨོན་ལམ་ལོག་པའི་གཟུགས་ཅན་དང་གཟུགས་མེད་ཀྱི་སྡེར་སྐྱེས་པ་ལས་བོད་གངས་ཅན་ལྗོངས་སུ་རྩ་ཐང་སྟེང་གི་གཡང་དཀར་ལུག་གུ་ཞིག་སྐྱེ་བ་བླངས་ན་དེ་ནི་དེ་བས་ཆེས་དགའ་བ་ལགས་ཨང་། །ཞེས་འབོད་འདོད་བྱུང་། །

    Reply
  6. ལྷག་པ་ཚེ་རིང་། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་ཚང་གིས་དེང་སྐབས་ལྕག་ཚ་ཐོག་ལ་རྡུང་གི་འདུག གསར་འགོད་པ་རྣམ་པར་བསྔགས་བརྗོད་ཞུ་བཞིན་ཡོད། དམངས་གཙོའི་ལུང་པ་ཞིག་ལ་མཚོན་ན་གསར་འགྱུར་བརྒྱུད་ལམ་གྱིས་གཞུང་ལ་གཡོ་འགུལ་སློང་བ་དང་། མི་དམངས་ལ་རྟོག་སད་ཀྱིས་དྲང་ཕྱོགས་སུ་འཁྲིད་པ། སྤྱི་ཚོགས་ནང་གི་ངན་གཡོ་རིལ་སུངས་རིགས་ལ་ཐེར་འདོན་བྱེད་པ་སོགས་ཡོང་གི་རེད། དེང་སིང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཐབས་ཐེབ་ཚོས་ལས་འགུལ་མགོ་མེད་མཇུག་མེད་རེ་སྤེལ་བ་ལས་གསར་འགྱུར་བརྒྱུད་ལམ་ཁག་གིས་བོད་པའི་འཐབ་རྩོད་ཐོག་ནུས་པ་འཐོན་བཞིན་ཡོད་པའི་རྣམ་པ་མཐོང་སོང་། ལྷན་རྒྱས་ཀྱིས་མུ་མཐུད་དུ་ཤུགས་བརྒྱག་རོགས།

    Reply
  7. བློ་བཟང་། says:
    ལོ་ 13 སྔོན།

    རྣམ་དཔྱོད་བློ་གྲོས་མཆོག་ཏུ་ཡངས་པའི་རྒན་ལྷ་བཟང་ལགས་ཀྱི་སྐད་ཆ་གནས་ལུགས་གསོན་པས་བཤད་འདུག་པས་དགའ་བསུ་ཡོད། འཐབ་རྩོད་བྱེད་པའི་དཔའ་ངར་སྦྱིན་གི། ཆབ་བྲག་སོགས་ཀྱིས་ཉ་ཉོག་སྐྱག་དྲི་ཁ་བའི་ཁ་གདུགས་དེར་སུན་གི།

    Reply
  8. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    རང་བཙན་གཙང་མའི་དགོས་འདོད་ནི་བོད་མི་ཐུན་མོང་གི་དགོས་འདོད་ཅིག་ཡིན་ལ་ཁུག་རྟའི་བླུན་བཤད་ནི་ཁུངས་མེད་ལུགས་མེད་ཅིགརེད།

    Reply
  9. འབའ་ཐང་ཆོས་དཔལ། says:
    ལོ་ 13 སྔོན།

    དེང་སྐབས་དུས་བབ་དྲ་བའི་སྟེང་གི་བཅར་འདྲི་དག་ལ་རིན་ཐང་ཆེན་པོ་འདུག བཅར་འདྲི་བཀླགས་ཀྱིན་བཀླགས་ཀྱིན་མིག་ཆུ་ཤར་ཤར་བཞུར་བྱུང་། ང་ཚོའི་སྤྱི་ཚོགས་ནང་མི་འདི་ལྟ་བུའི་སྐད་ཆ་དྲང་མོ་བཤད་མཁན་དང་། ལངས་ཕྱོགས་བརྟན་པོ་འཛིན་མཁན། ཆོད་སེམས་འགྱུར་བ་མེད་པ་མང་པོ་ཞིག་ཡོད་པ་ཡིན་ན། འཐབ་རྩོད་ལས་དུས་ཡུན་རིང་པོ་མི་འགྱང་པར་རྒྱལ་ཁ་ཐོབ་རྒྱུར་རེ་བ་ཆེན་པོ་འདུག སྤྱི་ཚོགས་ནང་གི་ད་དུང་འདི་འདྲ་བའི་བསམ་ཚུལ་དང་ལམ་སྟོན་ཡོད་པའི་མི་ལ་བཅར་འདྲི་དང་བསམ་ཚུལ་ལེན་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན། དོན་གྲུབ་བཀྲ་ཤེས་ལགས་ལ་ཡི་རངས་སྔགས་བརྗོད་ཞུ་རྒྱུ་ཡིན། ཆབ་སྲིད་ཀྱི་གཏིང་ཟབ་མོ་མགོ་འཚོས་པོ་དང་། སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མཁྱེན་པ། གནས་ཚུལ་ཕྱོགས་ཡོངས་ནས་གླེང་སློང་བྱས་ཡོད་པ་འདི་རྩ་ཆེན་པོ་ཞེ་དྲག་རེད།

    Reply
  10. མྱི་ནག་ཚང་། says:
    ལོ་ 13 སྔོན།

    གཞིས་ལུས་བོད་མི་ཚོ་རྒྱ་ནག་མཉམ་དུ་འདུག་འདོད་མེད་པ་གསལ་བོ་རེད། དེ་ཡོད་ན་མ་མཐར་ཡང་སྐུ་ལུས་མེ་ལ་སྒྲོན་པ་དང་། ཆོལ་ཁ་གསུམ་ནས་དར་ཕྱར་ནས་རྒྱུག་དགོས་དོན་ཡོད་པ་མ་རེད། ང་རང་གིས་ཤེས་ཚོད་ལ་ཕྱི་ལོག་ན་ཡོད་པའི་བོད་པའི་ཤེས་ཡོན་པ་ཕལ་ཆེ་བ་རང་བཙན་ལ་ཕྱོགས་འདུག ཡིན་ཡང་། ༧སྐུ་མདུན་གྱི་དགོངས་པ་འདིར་རྒྱབ་ཀྱིས་ཕྱོགས་མ་ཐུབ་པར་བསྡད་འདུག དེ་ནས་ཕྱི་གླིང་བ་བོད་དོན་ལ་ཞིབ་འཇུག་བྱེད་མཁན་དང་། བོད་དོན་ཆེད་མཁས་པ། བོད་དོན་རྒྱབ་སྐྱོར་བ་ཕལ་ཆེ་བ་རང་བཙན་ལ་ཕྱོགས་འདུག འདི་ཡང་ཡིད་མི་ཆེས་ན་ང་ཚོས་བསམ་ཤོག་འདྲ་བོ་ཞིག་བསྡུས་ནས་ལས་སླ་བོར་ཐག་གཅོད་ཐུབ་གི་རེད་འདོད།

    གཙོ་བོ་ཞིག་ནི། བོད་ནང་དུ་རྒྱ་གཞུང་གི་ཕོག་ཟས་ནས་བསྡད་མཁན་དེ་ཚོ་་རེད། ཁོང་ཚོའི་འགའ་རེ་ཡོང་ནས་སྐྱབས་མགོན་རིན་པོ་ཆེར་ཡར་སྙན་སེང་ཡང་ཞུས་ཡོད་ས་རེད། དེ་ཁོང་རིགས་ཀྱི་ཞལ་ནས་ཐོས་མྱོང་། (༢༠༡༠ ལོར། བདེན་དཔང་མི་ ༢༠ ལྷག་ཡོད) ད་ནི་རྒྱ་ནག་མཉམ་དུ་བསྡད་ན་ཡག་རབས་དང་སྐྱིད་རབས། ཁེ་ཕན་ཡོད་རབས་སོགས་བཤད་འདུག ཤེས་ཡོན་པ་དེ་དག་གིས་བཤད་པ་བདེན་ན་ཁ་སང་དེ་རིང་མདོ་སྟོད་སྨད་ན་མི་ག་ཚོད་ཤི་བཞིན་པའི་གྲངས་ཀ་ཕར་ཞོག སྐད་ཡིག་རྩ་མེད་ཀྱི་སྲིད་བྱུས་འདིར་ལྟོས་དང་། སྐྱབས་མགོན་རིན་པོ་ཆེ་ནི་ཐུགས་དྲང་པོ་ཡིན་སྟབས་མི་འདི་དག་གི་སྐད་ཆ་བདེན་པ་རེད་དགོངས་ཡོད་པ་འདྲ།

    Reply
  11. མྱི་ནག་ཚང་། says:
    ལོ་ 13 སྔོན།

    ངས་ནི་སྔོན་ཆད་ནས་གསལ་བོར་བཤད་མྱོང་། བོད་ཀྱི་དོན་དག་འདི་ཐག་གཅོད་པར་ཡིན་གཅིག་མིན་གཅིག་རང་ཐག་རང་གཅོད་ཀྱི་ལམ་ལ་འཁྲིད་མཁན་ཞིག་དགོས་པར་འདོད་ཡོད། འདས་པའི་ལོ་ཉི་ཤུ་ཙམ་གྱི་རང་རྒྱལ་ཁབ་གསར་པ་འགའ་རེ་བྱུང་ལ། དེ་དག་ཚང་མ་མཐར་གཏུགས་ན་རང་ཐག་རང་གཅོད་ཀྱི་རྩ་འཛིན་ཐོག་ནས་ཐག་གཅོད་བྱས་པ་རེད། ལམ་ཁ་དེ་མ་བརྒྱུད་པར་ང་ཚོ་འགྲོ་ས་ཞིག་ཡོད་པ་མ་རེད་འདོད། དེ་ཡིན་དུས་ང་ཚོར་སེམས་ན་གྲ་སྒྲིག་དགོས་པ་རེད་ལ། ང་ཚོའི་དབུ་ཁྲིད་ལ་ཡང་གྲ་སྒྲིག་དགོས་པ་རེད་འདོད། མ་མཐར་ཡང་ང་ཚོས་མཐའ་གཅིག་ཏུ་རང་བཙན་དགོས་དང་། མཐའ་གཅིག་ཏུ་རང་སྐྱོང་དགོས་ཞེས་བཤད་དགོས་དོན་མི་འདུག ང་ཚོར་རང་ཐག་རང་གཅོད་ཅེས་པའི་ཐོབ་ཐང་འདི་དགོས་པ་རེད་འདོད། དེ་རྩོད་མཁན་དགོས་པ་རེད་འདོད། རང་བཙན་དང་རང་སྐྱོང་རྩོད་མཁན་གཉིས་ཀྱིས་ཀྱང་མཐའ་མ་དེར་ང་ཚོར་རང་ཐག་རང་གཅོད་ལ་མ་ཕྱིན་པར་ཐག་ཆོད་པ་མེད་བསམ་པ་ཞིག་སེམས་ལ་ཤར་རྒྱུ་གལ་ཆེན་པོ་རེད་འདོད།

    Reply
  12. མྱི་ནག་ཚང་། says:
    ལོ་ 13 སྔོན།

    ལྷ་བཟང་ཚེ་རིང་ལགས་ཀྱིས་དངོས་གནས་སྐད་ཆ་དྲང་པོ་དང་། བློར་འབབ་པ། ཡིད་ཆེས་རྙེད་པ། རྒྱུ་མཚན་དང་ལྡན་པ་ཞིག་བཤད་འདུག

    མི་རེ་ཟུང་གིས། ཁོང་གི་སྐད་ཆར་ནང་འགལ་འདུག་ཟེར་གི་འདུག བསམ་བློའི་ནང་འགལ་ཟེར་བ་འདི་མི་སུ་ལ་ཡིན་ཡང་ཡོད་པ་རེད། ལྷག་པར་དུ་དོན་དག་ཆེ་ཕྲ་ཆུང་གསུམ་གང་སར་འཕྲད་དུས་ནང་འགལ་གྱི་བློ་ཤར་གི་རེད་ལ། དེ་དུས་མི་དྲང་པོ་དྲང་བཞག་དེ་དག་གིས་ཁ་རུ་ཁ་ཐུག་ལ་སྐབས་ཐོག་གི་འཆར་སྣང་དེ་བཤད་གི་རེད།

    ལྷ་བཟང་ཚེ་རིང་ལགས་གཅིག་པུ་མ་རེད། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཚོན་ན་ཡང་སྔོན་ཆད་བཀའ་མོལ་འདྲ་མི་འདྲ་གནང་མྱོང་ཡོད་པ་རེད། དཔེར་ན། བདུན་ཕྲག་གཅིག་གི་ནང་ལ་རང་བཙན་ལེན་ཐུབ་གི་རེད་ཅེས་པ་དང་། བདེན་པའི་ཨུ་ཚུགས་ཀྱི་དགོངས་པ་སོགས་གསུངས་པ་རེད། རྗེས་སུ་གངས་སྐྱིད་དུ་ཕེབས་དུས་བདེན་པའི་ཨུ་ཚུགས་དང་དབུ་མའི་ལམ་གཉིས་གཅིག་པ་ཡིན་ཅེས་གསུངས་པ་རེད། འདི་དག་ལས་ང་ཚོས་དོན་དག་མང་པོ་ཞིག་བསམ་ཐུབ་ན་འགྲིག་གི་འདོད།

    ད་ནི། དོན་དག་གཞན་ཞིག་བཤད་ན། ལྷ་བཟང་ཚེ་རིང་ལགས་ཀྱིས་ཁོང་གི་མགོ་ལ་རྡོ་ཕོག་གྲབ་བྱས་ཚུལ་གསུངས་སོང་། བདེན་པ་རེད། ཁོང་གཅིག་པུ་མ་རེད། ཟླ་བ་ནོར་བུ། འཇམ་དབྱངས་ནོར་བུ། ཀླུ་མཁར་བྱམས་སོགས་རང་བཙན་གྱི་ལྟ་བ་འཛིན་མཁན་དག་གི་མགོར་རྡོ་དང་དབུག་པ་ཕོག་གྲབ་བྱས་པ་རེད། དེ་ནི་དབུ་མའི་ལམ་པ་ལ་རྒྱབ་སྐྱོར་ཡོད་ཟེར་མཁན་དེ་དག་གི་བྱ་སྟངས་ལས་སྟངས་རེད། རང་བཙན་རྩོད་མཁན་ཞིག་གིས་ད་བར་དུ་དབུ་མའི་ལམ་རྩོད་མཁན་ཞིག་ལ་དེ་འདྲའི་རྡོ་དང་དབྱུག་པ། མཐའ་ན་སྡིག་མཛུབ་དང་མཆིལ་མ་ཙམ་ཡང་འཕེན་མྱོང་ཡོད་པ་མ་རེད། འདི་ཡང་གསལ་བོ་ཤེས་རྒྱུ་གལ་ཆེན་པོ་རེད།

    དེ་ནས་རང་རང་ལ་ལྟ་ཚུལ་དེར་འདོད་པ་མེད་ན། ཁུངས་ལུང་གསལ་བོ་བྱས་ནས། བོད་མི་ནང་ཁུལ་ལ་ཡ་རབས་ཀྱི་ལུགས་དང་བཅས་བཤད་ན་ཡག་གི་རེད་འདོད། དེ་ནས་ཕར་བཤད་ཚུར་བཤད་དང་བཅས་བློ་སྐྱེད་དང་མཐའ་མའི་ཁ་ཕྱོགས་གཏན་འབེབས་བྱེད་ས་ཞིག་རག་རྒྱུ་རེད་འདོད།

    Reply
  13. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ལྷ་བཟང་གི་སྙིང་སྟོབས་དང་སྤོ་པ་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུའོ།

    Reply
  14. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ངས་ཀྱང་དཔེ་ཞིག་འཇོག ཕ་མ་རྒས་ནས་བུ་བུ་མོ་ནར་སོན་རྗེས་ནང་གི་དབང་ཚད་དང་འགན་ཁུར་ཚང་མ་ཁོ་ཚོར་གནང་ནས་ཟུར་ནས་ཁ་ཏ་ལྟ་སྐྱོང་གནང་ཚུལ་དེ་ཕ་མ་བཟང་པོར་བརྩི་འོས་སམ།
    ལུག་རྫི་ཞིག་རྒས་ནས་རང་གི་བུ་ཚ་ཚོར་ལུག་འཚོ་སྐྱོང་གི་གདམས་ངག་གནང་ནས་བདག་སྐྱོང་བྱེད་བཅུག་པ་དེ་ལུག་རྫི་རྒད་པོས་ལུག་ཁྱུ་དོར་བ་ཡིན་ནམ།
    ཆོས་བརྒྱུད་ཅིག་དང་གང་ཟག་སྒེར་བ་ཞིག་གི་མཚན་གནས་དང་འབྲེལ་བའི་གནའ་སྲོལ་རང་བཞིན་གྱི་ཆབ་སྲིད་འཛིན་སྐྱོང་དེ་ལུགས་དུས་རབས་འདིར་མི་འཚམ་པར་གཟིགས་ཏེ་ལམ་ལུགས་ལེགས་བཅོས་གནང་བ་འདི་གོང་གི་ལུག་རྫི་ཨ་མྱེས་དེ་དང་ཕ་རྒན་བྱམས་ལྡན་དེ་གཉིས་དང་ཡོངས་སུ་མི་འདྲའམ། དོན་དངོས་དང་གནས་ལུགས་ལ་བསམ་བློ་གཏོང་ཤེས་པར་གྱིས།
    མ་གཞི་ནས་ཁ གཅིག་གི་ནང་ནས་ལྕེ་གཉིས་གཡུག་མཁན་རིགས་ལ་དོགས་ཟོན་བྱས་ན་དགའ། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། སྲོག་ལ་བབས་ཀྱང་འབད་པས་སྲུང་བར་རིགས”། ཞེས་པ་བཞིན་བདག་ནི་ཐམས་ཅད་མཁྱེན་པའི་སྐུ་རྗེས་སུ་མིག་བཙུམ་སྟེ་ཞུགས་ཀྱང་ནོར་འཁྲུལ་ཅི་ཡང་མེད་པར་འདོད་དོ།

    Reply
  15. གནས་ཚང་། says:
    ལོ་ 13 སྔོན།

    རྒན་ལྷ་བཟང་ལགས་ཀྱིས་གནག་ཐོག་གཙག་འཁེལ་གྱི་དོན་དག་ཁག་ཅིག་གསུངས་ཤག ཡིན་ནའི། ༼ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ ༽ལ་མཚོན་ན། འགན་འཁུར་གྱི་ཆ་ནས་དེ་འདྲ་ཡིན་སྲིད་དེ། ལུག་རྫིའི་ལོ་ནའི་ཆ་ནས་དེ་ལྟར་མ་གནང་བ་ཡིན་ན། ནམ་ཞིག་ལུག་རྫི་མ་བཞུགས་པའི་ཉིན་མོར་ཅི་ཞིག་བྱེད་དགོས་སམ། སྐབས་དེར་ལུག་རྣམས་ལ་ལྟོགས་ཤི་ཐེབས་རྒྱུ་ཉག་གཅིག་མ་ཡིན་ནམ།

    གཞན་ཤར་ཕྱོགས་ཁུག་རྟ་ཟེར་བ་ཞིག་གིས་གོང་ས་མཆོག་ཨ་མདོའི་དགེ་སློང་ཞིག་ལ་སྒྲུབ་ཀྱིན་འདུག དེ་ལ་བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས་སྨད་མཁན་ཞིག་གིས་སྨད་ལེགས་ཞེས་པའི་རྗེས་སུ་སོང་འདུག གོང་ས་མཆོག་འཛམ་གླིང་ཅན་དུ་གྱུར་ཟིན་པའི་དེ་རིང་། ཨ་མདོ་ཅན་ལ་བསྒྱུར་ཨེ་ཐུབ་ལ་དམིགས། དེ་ནས་སྟག་འཚེར་ཅན་ལའང་བསྒྱུར་ཨེ་ཐུབ་ལྟ་མཁན་བྱུང་སྲིད་པས། ལྷ་རབ་བྱུང་ན་བཤད་མི་ཤེས་སར་འཚང་ཁ་མ་རྒྱག་ཞུ་རྒྱུ་ཡིན།

    Reply
  16. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    བཙན་བྱོལ་བ་ལགས། ཁྱེད་ཀྱིས་གནད་འགག་གཅིག་ཤེས་ཀྱི་ཡོད་ས་མ་རེད། གཅར་འདྲི་འདིའི་ནང་དོན་བོད་ཀྱི་རྩ་དོན་དང་བདེ་སྡུག་གི་གནད་ལ་རེད། དེ་ཡིན་ན། ད་ལྟ་ས་མཚམས་ན་བོད་མིད་མང་བོ་སྡུག་ལ་ཐུག་བཞིན་འདུག འདིའི་སྐོར་གླེང་ན་འབྲེལ་མེད་ཡིན་སྟངས་ཅི་འདྲ་རེད། མིག་གི་མདུན་ས་བསྐྱུར་ནས་རྒྱ་མཚོའི་ཕ་རོལ་ལ་གནང་སྦྱིན་བྱེད་རྒྱུ་ཟེར་བ་ནི་གླེན་པ་ལུག་འདྲ་ཞིག་མིན་ན་དགོད་འཆོར་བའི་དོན་ཞིག་རེད།
    ཡང་གཅིག་བཤད་ན། དོན་དག་ཚབས་ཆེན་བྱུང་ཚེ་དྲ་ངོས་ཀྱི་་གཙོ་གནད་སྟེང་བཞག་ན་ཚང་མས་མཐོང་གི་རེད། དེ་ཡང་མི་ཤེས་སམ། ད་དུང་དྲ་བདག་ལ་ཅིག་བཤད་ཁུལ་བྱེད་པ་ནི། རང་གི་ངོ་ལ་སྣབས་ལུད་འབྱར་ཡོད་པ་མ་ཤེས་པར་གཞན་གྱི་ངོ་ལ་བ་སྤུ་སྐྱེས་འདུག་ཟེར་བ་དང་མཚུངས་འདུག

    Reply
  17. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    རེད། བཤད་རྒྱུ་ཞིག་མི་འདུག ཐོག་མར་རྒན་ལགས་ཀྱིས་སྣེ་ཁྲིད་དེ་ལམ་ལ་ཆས་དང་། རྒྱབ་སྐྱོར་བྱེད་མཁན་ཡོད་ཡོད་པ་རེད། ག་དུས་ཡིན་རུང་གཞུང་དང་གཞུང་ཟེར་ནས་འདུག་པ་ལས་རང་ཉིད་དངོས་སུ་ལམ་ལ་ཆས་ན་ཡག་པ་ཡོད་རེད། མ་ཟད་བོད་ནང་གི་མི་དག་ནི་ལག་ཆ་འདྲ་ཞིག་གི་ཚད་དུ་བཟུང་འདུག དེ་ལ་ཡང་སྐྱོན་མ་འདུག ཐོག་མར་སྐུ་ཉིད་ཀྱིས་སྣེ་ཞིག་ཁྲིད་དང་། དེ་ནས་ཁོང་ཚོའི་ཚེ་སྲོག་ལ་ཚེ་སྲོག་ཏུ་མི་ལྟ་ཞིང་ཅ་ལག་ཅིག་གི་ཚད་དུ་བཟུང་ན་ཡང་སྡིག་ཐུག་རེད།
    ད་ལྟ་ཧ་ཅང་དགོས་མཁོ་ཆེ་བ་དང་། ཉིད་ཀྱིས་འཇོན་ཐག་ཆོད་ཀྱི་ལས་དོན་གཅིག་རང་འདུག དེ་ནི་མཉམ་འབྲེལ་རྒྱལ་ཚོགས་སྒོ་མདུན་ནས་འཛམ་གླིང་མི་མང་ལ་དངོས་སུ་རང་ལུས་མེར་སྲེག་བཏང་སྟེ་བོད་ཀྱི་མངོན་འདོད་སྟོན་དགོས་པ་དེ་རེད། སྐུ་ཉིད་ལ་གྲ་སྒྲིག་ཡོད་ཅིང་གེགས་རྐྱེན་ཅི་ཡང་མེད་པས། དོན་དག་འདི་ངེས་པར་དུ་དོན་ཐོག་ལ་འགེལ་དགོས་པ་རེད། དེ་ཨེ་རེད་རྒན་ལག།ས། ང་ཚོ་ཚང་མས་ཡིད་ཆེས་ཀྱིས་སྐུ་ཉིད་ལ་བལྟས་བསྡད་ཡོད།

    Reply
  18. ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    རྒན་ལྷ་བཟང་ཚེ་ལགས་ཀྱི་སྐུ་ཚེ་ཁྲི་ལོར་ཤོགས། མི་རིགས་ཞེ་འཁོན་སྙིང་ལ་བརྣག་པའི་མི་བུ་གྲུང་པོ་ཞིག་རེད། ཆབ་སྲིད་ཟེར་བའི་སྐྱག་རྫུན་གྱིས་མ་སྦགས་པར་ཡིད་ཀྱི་སྨྲེང་བ་ཐོལ་ཐོལ་དུ་འཕྱུར་བའི་སྐད་ཆ་སེམས་ལ་རན་པ་ཞིག་འདུག་ཨང་། ལྷ་མོ་སྐྱབས་དང་ཆོས་འབྱོར་གཉིས་ལྟ་བུའི་མང་ཚོགས་ཟིང་སློང་གི་ཁ་ཏ་ནག་རིལ་མ་བུ་གཉིས་ཀྱིས་དྲ་ལམ་དུ་སྐྱག་པ་ནང་བཞིན་གྱི་ཡིག་ནོར་འབྲི་བ་ལས་ཅི་གང་མི་ཤེས་མི་འབྱོན་པ་ཀུན་ལ་གསལ་བོ་དག་པོ་རེད། དེ་ལས་མི་བུ་ཁྱེད་འདྲ་བོ་དག་གི་ཟོལ་གྱིས་མ་བཅོས་པའི་སེམས་གཏམ་རེ་ཕྱི་རུ་སྒྲོག་ཐུབ་ན་དེའང་རླབས་ཆེན་ཞིག་ཅི་ལ་མིན། དེའི་ཞོར་དུ་དུས་བབ་ཚང་གི་རྩོམ་སྒྲིག་པ་བཀྲ་ཤིས་དོན་གྲུབ་གྱིས་བཅར་འདྲི་ངར་བ་ཞིག་གནང་འདུག་པར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  19. ཤྰ་རིའི་བུ། says:
    ལོ་ 13 སྔོན།

    ཡག་པོ་གསུང་འདུག་པའི་ཐུགས་རྗེ་ཆེ།

    Reply
  20. འཁྱམས་པོ། says:
    ལོ་ 13 སྔོན།

    འདིར་མི་མང་པོ་ཞིག་གིས་བསམ་ཚུལ་གང་བྱུང་སྤུངས་འདུག ཡིན་དོན་དངོས་སུ་གནད་ལ་ཁེལ་པས་སྐད་ཆ་ཞིག་ཤོད་མཁན་གཅིག་ཀྱང་མི་འདུག
    སྤྱིར་རྒན་པོ་ཁོས་བཤད་པ་དྲང་པོ་འདུག་མ་ཟད་སེམས་རྩ་ནས་བཞུར་ཡོང་པའི་སྐད་ཆ་གསོན་པོ་ཞིག་ཡིན་པ་འདྲ།
    འོན་ཀྱང་། དེ་ལ་དྲང་ལྡོག་གི་བསམ་ཚུལ་འགའ།
    ༡གོང་ས་མཆོག་གིས་སྐུ་དབང་མི་མང་ལ་གནང་པ་དེ་ངས་བསམ་ན། རྒྱ་ནག་གུང་ཁྲན་ཏང་གི་གཡོ་ཇུས་འཁྱོགས་བརྗོད་དང་།བསམ་ངན་ལ་ལྡོག་ཕྱོགས་ནས་གྲ་སྒྲིག་གི་བརྡ་ལན་ཞིག་བསྐྲད་པ་རེད།
    ༢ཡིན་ཡང་ཁོས་བཤད་པ་བཞིན་རྩ་དོན་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་ནི་བདེན་པ་རེད་འདོད།

    Reply
  21. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    བསྟན་འཛིན་ཤེས་རབ་ཁྱོད་རང་གི་མཆན་འདི་བྲིས་ས་འདི་རུ་མ་རེད། འབྲེལ་མེད་རིགས་མ་བཀོད་རོགས། སྟངས་འཛིན་མེད་པ་གང་འདྲ་རེད། མཆན་ཟེར་བ་འགོད་སྐབས་རྩོམ་གྱི་ནང་དོན་དང་འབྲེལ་བ་ཡོད་པ་ཞིག་དགོས་པ་ལས་འབྲི་ས་ཡོད་ཚད་ལ་འབྲི་ན་མི་འགྲིག་སྙམ། རྩོམ་སྒྲིག་པ་རྣམས་མཆན་གྱི་སྐོར་ལ་ཤེས་འདོད་ན། ཕྱི་རྒྱལ་གྱི་གསར་འགྱུར་གྲགས་ཅན་སྦི་སྦི་སི་སོགས་ཀྱི་མཆན་འབྲི་ས་རུ་གཅིག་ལྟོས་དང་། ཆ་རྐྱེན་ག་རེ་བཀོད་འདུག

    Reply
  22. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    ཁྱེད་ཀྱི་གསུངས་ལན་ཁྲོད་ནས་རིན་བྲལ་ངོ་མ་དེ་འདི་གསུམ་རེད་འདུག ༡༽ རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་རྩ་དོན་ཞིག་བསྒྲུབ་ན། དེ་ལ་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དང་པོ། རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་གསལ་བོ། གཉིས་པ། དམིགས་ཡུལ་དེ་འགྲུབ་པའི་གདེང་ཚོད་ཆེན་པོ། གསུམ་པ། དམིགས་ཡུལ་ཐོག་ཐབས་ཇུས་ཡག་པོ་དགོས། ད་ལྟ་ང་ཚོའི་ལམ་དབུ་མར་བོད་རྒྱ་གཉིས་ཕན་ཟེར་བ་ཙམ་ལས་དམིགས་ཡུལ་གསལ་བོ་ཡོད་པ་མ་རེད། རྒྱ་ནག་སྟོབས་ཆེན་པོ་རེད་ཟེར་ནས་འཐབ་རྩོད་ལ་གདེང་ཚོད་ཡོད་པ་མ་རེད། ཁ་ནས་རྩ་དོན་ཟེར་བ་ལས་དོན་ལ་འཐབ་རྩོད་ཐོག་བསམ་བློ་གཏོང་མཁན་ཡོད་པ་མ་རེད།
    ༢༽ ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ།
    ༣༽ ངའི་ལུས་སེམས་གཉིས་ཀ་ཁ་ཁ་བྱས་ཤིང་། ཤ་ཁྲག་གཉིས་ཀ་སོ་སོར་འཐོར་ནས་འགྲོ་དུས་ཀྱང་རྣམ་ཤེས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དབུ་འཁྲིད་དུ་ཉར་ནས་འགྲོ་རྒྱུ་རེད།

    Reply
  23. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    འཐབ་རྩོད་པ་ལྷ་བཟང་ལགས་ཀྱི་སྐད་ཆ་ལ་ངོས་རང་སྔ་མོ་ནས་ཡིད་ཆེས་དང་དགའ་མོས་བྱེད་མཁན་ཞིག་ཡིན། ད་རེས་ཀྱི་མི་འཇིགས་པའི་གསུངས་ལན་འདིས་ངོས་རང་སླར་ཡང་ཁྱེད་ལ་དགའ་མོས་ཇེ་ཆེར་གྱུར་སོང་། ཁྱེད་ཀྱི་རིན་བྲལ་གྱི་སྐད་ཆ་འདི་ནི་དེང་དུས་ཀྱི་ཆབ་སྲིད་པའི་གཏམ་བཤད་ཆོ་མེད་དང་བསྡུར་ན་གནམ་ས་ཁྱད་པར་ཤོར་འདུག བྱས་ཙང་། ཁྱེད་ཀྱི་སེང་གེའི་རང་སྒྲ་དེ་མུ་མཐུད་སྒྲོག་ན་དགྲ་བོ་རྒྱ་དམར་རིང་པོ་མོ་ཐོགས་པར་གཉའ་བྷག་རྒྱུ་སྨོས་མེད་རེད། སྐུ་ཚེ་རིང་།

    Reply
  24. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ཡང་ན་གཞུང་འབྲེལ་དང་ཚོགས་པ་གང་རུང་གིས་རྒྱ་གར་གཞུང་ལ་བོད་ནས་ཕེབས་མཁན་ཚོའི་ཆེད་དུ་དམིགས་བསལ་གྱི་ཆོག་མཆན་གང་ཡང་རུང་བ་ཞིག་ཞུ་དགོས་པ་རེད། གང་ལྟར་བོད་ནས་ཕེབས་མཁན་ཚོར་ཡིད་ཆད་དུ་མ་འཇུག

    Reply
  25. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ངོ་མ་གནས་ཚུལ་ཚབས་ཆེན་རེད། འདི་ལ་ཐབས་ཤེས་མེད་པ་མ་རེད། ཐབས་ཤེས་ཡོད་པ་རེད། ཐབས་ཤེས་གཅིག་ནི། རྒྱ་གར་ནས་བོད་དང་བལ་ཡུལ་ལ་དངུལ་བསྐུར་མཁན་དེ་འདྲར་འབྲེལ་བ་བྱས་ཏེ་ཕར་ཕྱོགས་ཀྱི་ལག་ལ་དངུལ་བཞག་ཅིང་ཚུར་ཕྱོགས་རྒྱ་གར་དུ་སླེབས་འཕྲལ་ཐད་ཀར་དངུལ་ལེན་རྒྱུ་དེ་རེད། གཅིག་ནི་བོད་དང་བལ་ཡུལ་ནས་རྒྱ་གར་དུ་ཡོད་པའི་ངོ་ཤེས་ཅི་རིགས་ལ་དངུལ་ཁང་དུ་west uni བརྒྱུད་ནས་བསྐུར་རྒྱུ་དེ་རེད། ཡང་ཐབས་ཤེས་གཞན་གཅིག་ནི། བོད་དང་བལ་ཡུལ། རྒྱ་གར་བཅས་ཀྱི་བར་ན་དངུལ་བརྒྱུད་བསྐུར་བྱེད་མཁན་གྱི་ཚོང་བའམ་ཚོགས་པ་དེ་འདྲ་ཡོད་པ་རེད། དེ་ཚོ་བརྒྱུད་རྒྱུ་རེད། གནད་དོན་འདི་དག་གི་ཐད་ལ་བལ་ཡུལ་གྱི་སྣེ་ལེན་ཁང་གིས་གསལ་བཤད་ཡག་པོ་བརྒྱབ་ན་ཡག་པོ་འདུག འདི་ཡང་བོད་གཞུང་གིས་རང་གི་མི་དམངས་ལ་འགན་འཁུར་སྟངས་ཤིག་རེད་འདོད།

    Reply
  26. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ནི་བོད་ཕེབས་མཁན་རྣམ་པས་གཅིག་ནས་སྐད་མ་གོ གཉིས་ནས་ས་མཚམས་ཁག་ཏུ་དངུལ་ཁྱེར་སྟངས་སོགས་མ་མཁྱེན་པའི་དབང་གིས་ཁ་ཤས་ཀྱིས་རྒྱ་གར་གྱི་ཤོག་དངུལ་ལྔ་བརྒྱ་དང་སྟོང་ལོ་མང་པོ་ཁྱེར་ནས་ས་མཚམས་ནས་རྒྱ་བལ་གྱི་ཉེན་རྟོགས་པས་འཕྲོག་བཅོམ་བྱེད་པ་དང་། ཁག་ཅིག་གིས་བལ་ཡུལ་ནང་ནས་དངུལ་བརྗེས་རྒྱུ་མ་རགས་པར་རྒྱ་བལ་གྱི་ས་མཚམས་སུ་སླེབས་སྐབས་བལ་ཡུལ་གྱི་མི་རྣམས་ཀྱི་ལག་ནས་དངུལ་བརྗེས་ནའང་། ཚུར་ལྔ་བརྒྱ་དང་སྟོང་ལོ་སྤྲད། དེ་ཁྱེར་ནས་ས་མཚམས་ཀྱི་འགག་སྒོར་སླེབས་སྐབས། ཉེན་རྟོག་པས་བསྔོགས་གཤེར་བྱས་ནས་མཐོང་ན་འཕྲོག་བཅོམ་བྱས། དེ་ཡང་དངུལ་བརྗེས་ས་དང་ས་མཚམས་ཀྱི་ཉེན་རྟོག་པ་ཁོག་སྡོངས་ནས་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཐབས་སྡུག་དེ་འདྲའང་འབྱུང་བཞིན་པ་རེད། ཡང་བོད་ནས་ཕེབས་མཁན་ཁག་ཅིག་གིས་བོད་ནས་ཕེབས་སྐབས་འབྲེལ་ཡོད་སོ་སོས་༧གོང་ས་༧སྐྱབས་མགོན་རིན་པོ་ཆེར་བསྔོ་རྟེན་དང་སྐྱབས་རྟེན་བསྐུར་བཞག་པ་དེ་ཚོ་རྒྱ་ནག་གི་དངུལ་རང་བརྗེས་བོ་མ་རྒྱབ་པར་ཁྱེར་ནས་དེ་ཡང་ས་མཚམས་ནས་ཉེན་རྟོག་པས་འཕྲོག་བཅོམ་བྱས་བཞག་པ་དེ་འདྲ་འདུག གོ་ཐོས་ལྟར་ན་ཉེ་ཆར་རང་ཕ་ཡུལ་མདོ་སྨད་ཕྱོགས་ནས་ཡིན་པའི་ཨ་མ་ཞིག་གི་ལག་ནས་རྒྱ་མིའི་སྒོར་མོ་ཁྲི་གཅིག་ས་མཚམས་ནས་ཉེན་རྟོག་པས་བཅོམ་འདུག་ཟེར་པ་སོགས་ཐབས་སྐྱོ་བོའི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་རེད། དེས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སམ་ཡང་ན་ཚོགས་པ་སྤྱི་སྡུག་གང་རུང་གིས་འདི་ཚོའི་ཐོག་ཐུགས་འགན་བཞེས་ནས་བོད་ནས་ཕེབས་མཁན་རྣམ་པའི་དཀའ་ངལ་སེལ་བའི་ཐབས་ཤེས་རེ་ཡོད་ན་འདོན་རན་པའི་དུས་ལ་སླེབས་འདུག

    རྐྱང་ཕྲུག་གི་ཟིན་བྲིས་ལས་བཤུས།

    Reply
  27. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    འོག་གི་ཟུར་མཆན་ཡིག་ནོར་ཅན་དེ་དག་ལ་ལྟོས་དང་། སྙིང་མི་འཕར་རམ། ཀའི་མགོ་ལ་རྐང་པ་བཞག་སྟེ་ཁའི་ནང་ལ་སྐྱག་པ་གཏོང་བཞིན་ཀ་ཁའི་སྐྱིད་སྡུག་གླེང་སྟངས་ཤིག་གང་ན་ཡོད་དམ། ད་དུང་ཆབ་སྲིད་བཤད་ཀི་ཡིན་ཟེར། དང་པོ་རང་གི་ཁ་ལ་ལྟོས་དང་། དེ་ནས་ཁ་ནང་གི་ལྕེ་ལ་ལྟོས་དང་།  ཡིག་ནོར་གྱི་ཁ་གྲངས་ལ་ལྟོས་དང་། ཆབ་སྲིད་ཅན་གོ་ཨེ་རེད། ད་མི་བཤད། ད་མི་བཤད།

    Reply
  28. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    ཡིག་ནོར་ཅན་ཀྱི་ཟུར་མཆན་དག་དེ་རིང་ནས་བཟུང་དུས་བབ་ཀྱི་མདུན་ངོས་སུ་བཞག་ན་མི་ཆོག གང་ལྟར་རྩོམ་སྒྲིག་པས་ཟུར་མཆན་དག་ཐད་ཀར་གཏོང་དུ་མི་འཇུག་པས་ཞིབ་གཤེར་བྱེད་སྐབས་ཡིག་ནོར་དེ་དག་ལོས་རིག ཡིག་ནོར་དེ་དག་འགོག་རྐྱེན་ཨང་དང་པོར་བརྩིས་ནས་ཟུར་མཆན་ཡིག་ནོར་ཅན་མདུན་ངོས་སུ་མ་གཏོང་རོགས། སྐུ་མཁྱེན། འདི་ནི་ཡར་རྒྱས་ཀྱི་གོམ་པ་དང་པོ་ཆགས་སྲིད། རིམ་བཞིན་གང་ས་གང་ནས་ཡིག་ནོར་ལ་ཀླད་རྡོ་སྤྲད་ཆོག དང་པོ་མདུན་ངོས་སུ་ཡིག་ནོར་བཀག་ཚེ་ཁ་ལག་འདུག་བཟོད་མི་ཐུབ་མཁན་ཚོས་ཡིག་ནོར་ལ་དོ་སྣང་བྱེད་པ་མ་ཟད་དུས་བབ་ཇེ་གཙང་ལ་ཡོང་ངེས་རེད། དེ་དུས་རང་རང་གིས་ཅི་ཞིག་བཤད་འདོད་ན་གང་བྲིས་བ་དེར་ཞི་དག་བྱེད་དགོས་བ་ག་ལེར་ཤེས་ངེས་རེད། གཉའ་མ་མ་ཚ་བར་བུ་གང་ནས་སྐྱེས་ཐུབ། 

    Reply
  29. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    འོག་གི་མཆན་འདོག་པ་པོ་འདི་དག་གི་སེམས་སུ་གནས་ལུགས་ཤིག་བཤད་ཀྱིན་པའི་ཁུལ་ཡིན་ཡང་། སུས་གོ་བརྡ་འཕྲོད་ཀྱིན་འདུག ངས་མཆན་འདི་དག་ཀློག་སྐབས་དང་པོ་རང་གིས་ཞི་དག་བྱས་རྗེས་གཞི་ནས་ཁྱོད་ཚོས་རང་གི་ཤེས་ཚད་དང་བསྟུན་ནས་མི་བཤད་པར་ཁ་ནང་ལ་མི་ཤོང་བའི་སྐད་ཆ་ཆེན་པོ་རྐྱང་བཤད་བཞིན་པ་ཚོར། སྐྱག་ཁུག་མཐོ་གང་མེད་ཀྱང་མེད། སྐྱག་པ་འདོམ་གང་བཏང་ཞེས་བ་འདི་རེད།

    Reply
  30. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    མི་རྒན་དྲང་སྲོང་ཞིག་གི་དཔེ་ཁང་འགྲམ་ནས།
    བྱེའུ་ཁུག་རྟ་ཞིག་གིས་རྒྱ་སྐད་བརྒྱབས་ཀྱིན།
    དྲང་སྲོང་ལྷ་བཟང་ཚེ་རིང་ཐུགས་དམ་དཀྲོག་ན།
    བྱེའུ་རྒྱ་སྐད་མཁས་པ་རང་སྲོག་ཤོར་ཡོང་།

    བོད་མིའི་སྙིང་ལ་མནར་བའི་རང་བཙན་གཙང་མ།
    དྲང་སྲོང་རྒད་པོའི་སྐྲ་བཞིན་དཀར་པོ་ཆགས་ཀྱང་།
    མཛངས་མ་བོད་ཀྱི་བུ་མོས་སེམས་པ་ཤོར་སར།
    རང་བཙན་མགོ་དཀར་འདི་ལས་སུ་ཡང་མི་འདུག

    བརྩེ་སེམས་ཡིད་ཀྱི་མིག་ཆུ་ཤོར་ཐེངས་རེ་ལ།
    སྐབས་འཚོལ་རྒྱལ་ཚོང་བ་ཚོས་སྡང་མིག་རེ་རེ།
    བོད་ཞེན་སྙིང་གི་ཟུགས་ཁྲག་དྲོ་ཐེངས་རེ་ལ།
    བསམ་མེད་ལྟོ་འཚོལ་བ་ཚོས་ཆུ་འཁྱག་རེ་རེ།

    དྲང་སྲོང་རང་དབང་རང་བཙན་གླེང་ཐེངས་རེ་ལ།
    སྒེར་གཅོད་བསམ་མེད་འདི་ཚོས་འཇིགས་སྐུལ་རེ་རེ།
    ལྷ་བཟང་རང་བཙན་ཐོག་ཏུ་བཤད་ཐེངས་རེ་ལ།
    རྒྱ་ཁྱི་མཆུ་རིང་འདི་ཚོས་ཟུག་སྐད་རེ་རེ།

    Reply
  31. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    བོད་ཡིག་ལ་ཤ་ཚ་བ་བདེན་ན། མ་མཐར་ཡང་དུས་བབ་མདུན་ངོས་ཀྱི་བསམ་འཆར་འབྲི་ས་དེའི་ཟུར་མཆན་ཡིག་ནོར་ཅན་དག་འགོག་རོགས། ཁ་ནས་བོད་ཡིག་ལ་བདག་གཅེས་བྱེད་དགོས་རབས་བཤད་བཞིན་ཡིག་ནོར་འདི་ལྟར་བྲིས་དེ་ཨ་ཕ་ན་བཞིན་འདུག་ཅེས་གཅར་བ་དང་གཅིག་པ་རེད། སྐུ་མཁྱེན། རང་རང་གི་ཟིན་བྲིས་ནང་ལ་ཡིག་ནོར་འབྲི་ན་ཕྲིས། ཡིན་ཡང་མདུན་ངོས་འདི་རུ་ཡིག་ནོར་མ་སྤུངས། འོག་གི་ཡིག་ནོར་འདི་དག་ལ་ལྟོས་དང་། ངོ་མི་ཚའམ།

    Reply
  32. ཚེ་རིང་བཀྲིས། says:
    ལོ་ 13 སྔོན།

    དགེ་ལྷ་བཟང་ལགས་ད་ཡིན་ན་ཅི་གྲགས། གྲང་པོ་ཤད་ན་མི་མི་དགའ།། རྒྱུགས་པ་ཁྱེར་ན་ཁྱི་མི་དགའ་ཞེས་པ་ལྟར་རེད་མི་འདུག་གམ།

    Reply
  33. སྒྲོལ་མ། says:
    ལོ་ 13 སྔོན།

    ལོ་སྔོན་མ་དག་ལ་དུས་བབ་སྟེང་མཆན་རེ་ཟུང་འགོད་བཞིན་ཡོད་ཀྱང་། སྔར་ལོའི་ལོ་མཇུག་ཙམ་ལ་ཉེན་བརྡ་ཞིག་འབྱོར་སོང་བས། དེའི་རྗེས་ནས་བཟུང་མཆན་འདེབས་རྒྱུ་ཕལ་ཆེར་མཚམས་འཇོག་བྱས་པ་ཡིན། ཡིན་ནའང་དེ་རིང་རྒན་རབས་པ་འདིའི་དྲིས་ལན་ཀློག་སྐབས། སྙིང་རླུང་སྟོད་ལ་འཚང་ཡོང་ནས་གི་འདུག་ལ། མིག་ཆུ་ཡང་རང་དབང་མེད་པར་ཤོར་སོང་།

    Reply
  34. ལུང་རྟོགས། says:
    ལོ་ 13 སྔོན།

    རྒན་ལྷ་བཟང་ལགས་ཀྱི་སྐད་ཆ་ལ་སེམས་ཤུགས་དང་རྒྱུ་རྩལ་གྱིས་ཁྱབས་འདུག སེམས་ཤུགས་ཅན་གྱི་སྐད་ཆ་ཟེར་ན་འདི་འདྲ་དགོས། སྐད་ཆ་ཁ་ཤས་ཅུང་ཐལ་དྲག་འདུག་ན་ཡང་རང་གཞུང་དང་གཞུང་གི་དབུ་ཁྲིད་རྣམས་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་དེ་ཚོའི་སྐད་ཆ་དང་བསྡུར་ས་གཏན་ནས་མི་འདུག ངོ་མ་སྐད་ཆ་དེས་སེམས་འགུལ་ཐེབ་སོང་ལ་ལྷག་ཏུ་ “ངས་ཐོག་མ། པུས་མོ་ས་ལ་བཙུགས་ཏེ་དཔའ་བོ་དཔའ་མོ་དེ་དག་ལ་ཕྱག་འཚལ་རྒྱུ་ཡིན།”སྐད་ཆ་འདིའི་མིག་ཆུ་དབང་མེད་དུ་གཞུར་བཅུག་སོང་།

    Reply
  35. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    ཡིག་ཐོག་ནས་ཁ་བརྡ་བྱེད་རྒྱུ་དེ་ཡིག་མཁན་ཚོའི་འོས་སུ་བབས་པ་ལས་གཞན་གྱིས་མི་ནུས་པས། ཡི་གེ་འབྲི་མི་ཤེས་བའི་ཟིན་བྲིས་བ་ཚོས་རང་ཚོད་བཟུང་ན་མི་བཟང་ངམ། ཆབ་སྲིད་ཀྱང་དེ་བཞིན་རེད། ཆབ་སྲིད་པས་ནུས་ཀྱང་གཞན་གྱིས་ག་ལའོ།

    Reply
  36. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ངས་ད་ལྟའི་བར་དུ་དངོས་ཡོད་གནས་ཚུལ་ངོ་མ་བཤད་མན་རྒན་ལྷ་བཟང་ལས་སུ་གཅིག་བཙན་བྱོལ་ནང་ནས་མཐོང་མ་སོང་།
    སྐད་ཆ་ངོ་མ་ཤིག་འདི་ན་བཤད་ཀྱིན་འདུག
    སྐད་ཆ་དེ་ཚོ་ལ་དད་པ་སྐྱེས་སོང་།
    རྒྱལ་བ་རིན་པོ་ཆེ་ལུགས་རྫི་ཤིག་ཡིན་ན་ལུགས་ཚོ་བྱེ་ཐང་ལ་བཞགས་ནས་ལུགས་རྫི་དགོངས་པ་ཞུས་པ་རེད་ཟེར་།
    སྡ་ཆ་དེ་ངའི་སེམས་ནང་དུ་ཟུག་སོང་།

    Reply
  37. མིག་གསུམ་པ། says:
    ལོ་ 13 སྔོན།

    རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་གི་བཅར་འདྲི་འདི་ཐེངས་གཅིག་བཀླགས་པ་ཡིན། བདག་ལ་མཚོན་ན་ཆབ་སྲིད་ཀྱི་ངོས་ཐད་ནས་གང་ཡང་མི་ཤེས་མཁན་ཞིག་ཡིན་མོད། རྒན་ལྷ་བཟང་གི་དྲིས་ལན་འདི་ལས་ཁོང་གི་སེམས་ཤུགས་དང་དྲང་གཏམ་གཡོལ་བ་མེད་པར་བརྗོད་འདུག་པ་ཞིག་ཏུ་མཐོང་སོང་། དེ་ཡང་སྐབས་འདིའི་སྤྱིའི་བརྗོད་བབ་ནས་བཤད་པ་ཡིན་པས་རེ་རེ་བཞིན་ཚིག་ཕྲེང་ལ་འཇུས་པ་མིན། གང་ལྟར། རྒན་པོ་རང་ཚུགས་ཅན་ཞིག་རེད་འདོད་ཀི

    Reply
  38. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    ཐིག་ལགས། རང་གིས་བྲིས་བའི་བོད་ཡིག་དེའི་བཟོ་ལྟར་ལྟོས་དང་། མི་ལ་གན་བྱོས་དང་འདི་བྱོས་ཞེས་བཀའ་བཀོད་འཐེན་པའི་ཚད་རེད་དམ། ཨ། གནམ་ས།

    Reply
  39. ཐིག says:
    ལོ་ 13 སྔོན།

    ཐོག་མར་སྒོ་གསུམ་གུས་བཏུད་དང་བཅས་རྒན་ལྷ་བཟང་ཚེ་རིང་མཆོག་ལ་འཚམས་འདྲི་དང་ཁོང་གི་མི་འགྱུར་བྲག་ལྟར་བཟུང་བའི་ལྟ་བ་དང་ལམ་ཕྱོགས་ལ་ཡི་རངས་ཞུ་རྒྱུ་ཡིན། རེད་ཡྭ། ང་ཚོའི་སྤྱི་ཚོགས་ཁྲོད་གལ་སྲིད་བོད་པས་རང་བཙན་བརྩད་པ་ཡིན་ན་རྒྱ་ནག་དང་འབྲེལ་ལམ་མཐུད་ཐུབ་རྒྱུ་ཁག་པོ་ཡིན་པ་དང་ཕྱི་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་བྱེད་རྒྱུ་མ་རེད་ཅེས་རི་བོང་གནམ་ལྡིག་གི་སེམས་འཁྲལ་བྱེད་མཁན་མང་པོ་ཡོད་ལ། བྱེས་སྡོད་བོད་ཀྱི་སྒྲིག་འཛུག་གིས་ཀྱང་རྒྱུ་མཚན་དེ་གཙོ་བཟུང་གིས་ཆབ་སྲིད་ཀྱི་ལམ་ལུགས་དང་འཐབ་རྩོད་ཀྱི་ངོ་བོ་དེ་ཉིད་བསྒྱུར་བཅོས་བཏང་པ་རེད། འོན་ཀྱང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ལམ་ཕྱོགས་དང་སྲིད་བྱུས་ཐད་ཅུང་མྱོངས་བ་ཡོད་མཁན་ཞིག་ཡིན་ན། དེ་ནི་ནོར་འཁྲུལ་རེད། རྒྱལ་ཁབ་སུ་ཡིན་ཡང་རང་ཉིད་ཀྱི་ཁས་ཕན་གཙོ་བཟུང་གིས་ཕྱི་འབྲེལ་ཆབ་སྲིད་ལག་བསྟེར་བྱེད་ཀྱིན་ཡོད་ལ། སོ་སོས་ཁས་ཕན་ལྡན་པའི་གནས་དོན་ག་འདྲ་ཞིག་ཡིན་ནའང་རོགས་སྐྱོར་གང་ཐུབ་བྱེད་ཀྱིས་ཡོད། བོད་རང་བཙན་རྕོད་པ་དང་གཉིས་ཕན་དབུ་མིའི་ལམ་རྕོད་པ་གཉིས་ལ་ལྗིད་ཡང་ཞིག་ཚད་ན། དེ་ནི་རང་བཙན་གྱི་ལྗིད་ཁོག་དེ་ཆེ་བ་རེད། ལྗིད་ཁོག་ཇི་ཙམ་ཆེ་ན་དེ་ཙམ་གྱིས་ཕྱི་ཕྱོགས་རྒྱ་ནག་དང་ཁ་ཐད་ཡིན་པའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་ལ་ཁ་གཏད་བཅག་བྱེད་ཡག་ཤོས་དང་རྒྱ་ནག་གིས་རང་ཉིད་ལ་བསྟུན་གང་ཐུབ་བྱེད་པའི་མཚོན་ཆ་ཡག་ཤོས་དེ་འགྱུར་གྱི་ཡོད་དུས། དེ་ལ་ཕྱི་ཕྱོགས་རྒྱལ་ཁབ་རྣམས་ཀྱི་མངོན་ལྐོག་གང་གིས་ཐད་ནས་ཀྱང་རྒྱབ་སྐྱོར་ཡོང་ངེས་ཡིན་པ་ཁོ་ཐག་རེད།
    ཆབ་སྲིད་ཀྱི་ཁས་དབང་རྩོད་དུས་ཕྱེད་ཀ་བརྩོད་ཀྱི་ཡོད་ཅེས་བཤད་སྲོད་མེད་ལ། དེ་ཉིད་འགྲུབ་པའི་དབང་དུ་བཏང་ནའང་། རྙོག་དྲ་རྫོགས་པའི་དུས་ཤིག་ཡོང་ཐབས་མེད་པར་ཧོང་ཀོང་གི་ད་དེང་གནས་སྟངས་ལ་གཟིགས་ན་ཤེས་ཐུབ། ང་ཚོས་ཡང་ན་རང་བཙན་གཙང་མ་རྩོད་དགོས་པ་དང་ཡང་ན་ཅི་ཡང་མི་རྕོད་པར་རྒྱ་ནག་གི་མངའ་དབང་དུ་འགྲོ་དགོས་པ་རེད། འདི་ནི་ཆབ་སྲིད་འཐབ་རྩོད་ཀྱི་ལམ་ཀ་གཉིས་རང་གཉིས་དེ་རེད་དོ།

    Reply
  40. ཤག་སྒང་པ། says:
    ལོ་ 13 སྔོན།

    བཀུར་འོས་རྒན་ལྷ་བཟང་ལགས། བཀྲིས་བདེ་ལེགས། དེང་སྐབས་ཁྱེད་ཀྱི་གཅིན་པ་གང་དུ་འབོ་བཞིན་ཡོད། རྒྱ་གར་གྱི་ས་ཐོག་ཏུ་མུ་མཐུད་ནས༌༌༌༌༌༌ཕོ་དང་འབོ་བཞིན་ཡོད་དམ།
    ཡང་ན། གཏམ་བཤད་གསར་པ་ཞིག་གསུང་གིན་ཡོད་དམ། སྐུ་ཚེ་རིང་།

    Reply
  41. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    ཆོ་མེད་ན་གྲོད་ཁོག་སྦོས་ནས་ཤི་སྲོལ་ཞིག་དེ་དངོས་གནས་བདེན་བདེན་འདྲ་བྱུང་སོང་།  དབུས་ལམ་དང་མཐའ་ལམ་གང་ཡིན་ཡང་དམིག་ཡུལ་གསལ་པོ་ཡོད་མེད་མི་ཤེས་ཏེ། དེ་ལ་འབྲས་བུ་རྡོག་རྡོག་གཅིག་སྟོན་རྒྱུ་མེད་པ་བདེན་པ་རེད། བོད་ནང་ལོགས་ལ་ཆ་བཞག་ན་རྒྱལ་སྤྱིའི་འགྱུར་འགྲོས་རང་བཞིན་ཙམ་ལས། བོད་རྒྱ་འབྲེལ་མོལ་འགོ་བཙུགས་པ་ནས་རྒྱ་ནག་སྲིད་གཞུང་ནས་འདི་གན་གུ་ཡངས་བྱུང་བ་ཞིག་སྟོན་རྒྱུ་མེད། དེ་ལས་ལྡོག་ཏེ་འདེབས་གསོད་དང་། འུ་ཐུག་རང་སྲོག་གཅོད་པ་ཁག་བྱུང་དང་བྱུང་མུས་ཡིན། བཙན་བྱོལ་ནང་ལ་ཆ་བཞག་ནའང་དེ་ལྟར་རེད།

    Reply
  42. ཤར་མདའ། says:
    ལོ་ 13 སྔོན།

    རྒན་ལྷ་བཟང་ཚེ་རིང་ལགས་ཀྱི་བོད་མི་རིགས་ལ་བཅང་བའི་དུང་ཞེན་དེ་ངོ་དགའ་འོས་པ་ཞིག་རེད།  བོད་མིའི་ཐོབ་དང་དངོས་ཡོད་གནས་སྟངས་སོགས་གང་ལ་བལྟས་ན་བདེན་པ་རེད་མ་ཟད་ལོ་རྒྱུས་ཐོག་ནས་བོད་ཀྱི་ཆབ་སྲིད་ལ་ལྟ་སྟངས་ངོ་མ་དེ་འདྲ་ཞིག་ཡིན་རྒྱུ་རེད། རྒན་པོ་ཁོང་གི་མིག་ཆུ་གཏོང་བཞིན་སེམས་ཚོར་གླེང་པ་ནི་དེ་བས་རེན་ཐང་ཆེ།  འོན་ཀྱང་བཙན་བྱོལ་བོད་མིའི་ལམ་དབུ་མའི་ཐོག་ནས་བོད་དོན་ཐག་གཅོད་གནང་གི་ཡོད་པ་འདི་ད་སྐབས་ཀྱི་བོད་མིའི་དངོས་ཡོད་གནས་སྟངས་འདིའི་ཉེན་ཕྲེང་ལ་གཟིགས་ནས་མང་གཙོས་ལམ་ནས་ཐག་གཅོད་གནང་པ་ཞིག་རེད།  དེ་དམིགས་ཡུལ་མེད་པ་དང་ཁ་ཕྱོགས་མེད་པ་ཞིག་རེད་ཟེར་ན་ཁག་པོ་རེད།  ད་སྐབས་རང་ལུས་མེ་བསྲེགས་གནང་མཁན་ཚོས་དགོངས་གཞི་དང་དམིགས་ཡུལ་ནི་༧གོང་ས་མཆོག་བོད་དུ་གདན་འདྲེན་དགོས་པ་དང་བོད་ལ་རང་དབང་དགོས་ཟེར་གྱི་ཡོད་པ་མ་ཡིན་ནམ་དེ་ནི་དབུ་མའི་ལམ་དང་འགལ་མེད་པར་མ་ཟད་གཞིས་བྱེས་གཉིས་ཀྱི་དམིགས་ཡུལ་གཅིག་ཡིན་ཟེར་ན་འང་མི་ཆོག་པ་མེད་པ་འདྲ་བོ་ཞིག་རེད། 

    Reply
  43. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒན་པོ་སྲོག་རླུང་ཅན་གྱིས་ལམ་དབུ་མའི་ཁ་གཏད་དུ་གཟས་པའི་གཏམ་དེ་དག་ནི་རྒྱུན་གྱི་ལབ་གླེང་ཡིན་པས་དེ་ལ་ཚིག་གཅིག་གིས་འདི་ཡིན་དེ་མིན་གྱི་སྐད་ཆ་བཤད་འདོད་མེད་ལ། གང་འདོད་དུ་སྨྲས་ཤིག
    འོན་ཀྱང་དངོས་ཡོད་གནས་ཚུལ་ཤེས་བཞིན་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་རྩིས་སྤྲོད་ཟིན་པའི་ཐད་ལ་འཁྱོག་བརྗོད་བྱེད་པ་ནི་ཚིག་དམར་པོས་འགྲེལ་བརྗོད་བྱས་ན་གནས་དུས་ཚོད་རྩིས་ཟེར་བ་འདི་རེད། རྒན་ལྷ་བཟང་གི་མི་ཚེའི་འཐབ་རྩོད་ཀྱི་གནས་ཚུལ་ཚང་མས་ཤེས་གསལ་ལྟར། དུས་སྐབས་མི་འདྲ་བའི་ནང་དུ་སྐད་ཆ་མི་འདྲ་བ་བཤད་མཁན་དང་བཤད་མྱོང་བ་རང་བཙན་པ་གཞན་རེ་ཤོས་དང་སྤྱི་མཚུངས་ཡིན། ག་རེ་བྱས་ནས་དངོས་ཡོད་གནས་ཚུལ་ལས་གཞན་ཞིག་འཁྱོག་བརྗོད་བྱེད་འདོད་པ་རེད་དམ་ཅེ་ན། དེ་ནི་ཁོང་ཚོ་དག་གི་ཁ་ཁོ་ན་གང་སར་གཡུག་པའི་གཤིས་ཀ་རྒྱུན་འཇགས་སུ་སོང་བས་རེད་ལ། འགན་ཁུར་མི་དགོས་པར་ན་ཟུག་ཅི་སྙེད་ཅིག་ཡོད་རབ་ཀྱིས་གཏམ་ཚོད་མེད་བཤད་པ་རང་རེད། ངས་རྒན་རབས་པ་ལྷ་བཟང་ལགས་སུ་ནན་ཏན་གྱིས་རེ་སྐུལ་བྱེད་བཞིན་ཡོད། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་ཆོས་སྲིད་བསྐྱབས་དང་སྐྱོབ་པའི་གནས་སྟངས་ཡོད་ཚད་ལུག་རྫི་བསམ་མེད་ཀྱིས་ལུག་རྣམས་རི་འདེད་ལུང་འདེད་ཀྱིས་རྩ་འགོ་མ་ཐོན་པར་ཁ་བཀྲམས་ནས་གཡུག་བཞག་པའི་བྱ་སྤྱོད་དང་རྦད་དེ་མཚུངས་བསྡུར་བྱེད་ས་མི་འགྲོ ངས་བཤད་པའི་སྐད་ཆ་འདི་དད་པའི་ངོས་ནས་མིན་ལ། འདི་ནི་བླ་སློབ་བར་གྱི་དམ་ཚིག་གིས་ཀྱང་མིན། འདི་ནི་དོན་དངོས་པོར་ཨ་མདོའི་ཡུལ་གྱི་དགེ་སྦྱོང་ཉམས་ཆུང་ཞིག་གིས་བོད་ཀྱི་སྲོག་སྐྱོབ་བྱ་བའི་བྱས་རྗེས་མངོན་སུམ་མིག་ལ་མཐོང་རྒྱུ་ཡོད་པ་འདིའི་ཐོག་ནས་མཚུངས་བསྡུར་བྱེད་ས་མ་སོང་བས་ཡིན།
    ལར་ནས་ཁྱེད་ལ་༧གོང་ས་བཅུ་བཞི་པས་བོད་མི་ལུག་འདྲ་བ་རྣམས་རི་བརྒྱ་ལུང་བརྒྱར་དེད་དེ་རྩ་མགོ་མ་ཐོན་པར་གཡུག་བཞག་པའི་ར་སྤྲོད་བྱ་རྒྱུ་ཡོད་ན་ལས། འདི་ལྟར་ཟུར་ཟ་དང་སུན་འབྱིན་མི་བྱེད་རྒྱུ་རེ་སྐུལ་ཞུ་རྒྱུ་ཡིན་ལ། ཁྱེད་འདྲ་བ་དག་གིས་ད་བར་གནས་དུས་ཚོད་རྩིས་རབ་དང་རིམ་པར་བྱས་པས་ཡིད་ཚིམས་ན་འོས་པ་ལས། མུ་མཐུད་ཁ་སྐྱག་ལངས་ཀྱིས་ཚིག་འགན་མེད་བཤད་ན་ན་ཚ་འདི་དངོས་གནས་འཁྱོག་གི་མི་འདུག འདི་ནི་མིའི་རིགས་ཀྱི་ལོ་རྒྱུས་ལའང་མི་རུང་ལ། བོད་མིས་རྩ་ཆེར་བརྩི་བའི་རྒྱུ་འབྲས་ལའང་མི་འགྲོ
    ངས་གང་ཞུས་པ་རྣམས་ཆབ་སྲིད་དང་རིག་གནས། ཤེས་རིག་གི་སྐད་ཆས་མ་བཅངས་བར་ཐད་ཀར་ཞུས་པ་རང་ཡིན། མདོ་དོན་ད་མང་མེད་ན་ཉུང་མེད་ལ། མང་གཙོའི་རང་དབང་ལ་ཁྱད་གསོད་བྱེད་པ་དང་བོད་ཀྱི་རང་དབང་ལ་བྱས་རྗེས་ཆེ་བའི་ཕྱག་ལས་རྣམས་ནག་པོར་གཏོང་རྩིས་བྱེད་པ་ནི་རྒྱལ་ཁབ་ཀྱི་ཁྲིམས་དང་། སྨྲ་བརྗོད་རང་དབང་གི་ས་མཚམས་ལས་ཡོངས་སུ་བརྒལ་ཡོད་པས། ད་ནས་རྒན་ལགས་ཀྱི་གནས་དུས་ཚོད་བརྩིས་མ་བྱེད་རོགས།

    Reply
  44. ཀུན་རྟོགས་རི་མོ། says:
    ལོ་ 13 སྔོན།

    ཆབ་བྲག་ལགས།ཆོལ་གསུམ་རང་སྐྱོང་གཅིག་གྱུར་གྱི་དམིགས་ཡུལ་དེ་རྒྱ་ནག་དམར་པོའི་རྩ་ཁྲིམས་སྒྲོམས་གཞིའི་ནང་ནས་ཞེས་པ་དེ་མ་བརྗེད་པ་བྱེད་རོགས།།ངས་ཁྱེད་ལ་དྲི་བ་ཞིག་འདྲི།བོད་མི་དཔའ་བོ་དཔའ་མོ་ཚོས་བོད་ལ་རང་དབང་དགོས་གསུངས་ནས་སྐུ་ལུས་མེ་རུ་བསྒྲོན་བཞིན་ཡོད་རེད།བོད་གཞུང་གི་འདོད་པ་རྒྱ་ནག་གིས་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་ས་གནས་མི་རིགས་རང་སྐྱོང་རེད།ངའི་དྲི་བ་གཙོ་བོ་དེ་འདི་ཡིན།འཛམ་གླིང་ལོ་རྒྱུས་ཐོག་ན་དམར་པོའི་རིང་ལུགས་ཀྱི་ལམ་ཁ་ན་མཚན་ཉིད་ལྡན་པའི་རང་དབང་ཡོད་སྲིད་པ་རེད་དམ།གལ་ཏེ་མེད་ན་གཞུང་གི་གསུང་བཞིན་དེ་མི་མང་གི་འདོད་པ་དང་འགལ་བ་མ་རེད་དམ།
    མ་རྩ་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་འཐབ་རྩོད་པ་འདི་དག་གི་ཁ་གཏད་དུ་མི་ལངས་བར་རྒྱ་ནག་ཕྱོགས་ལ་ཅུང་ཙམ་དགགས་ལན་རེ་འབྲི་ཨེ་ཤེས་ལྟ་རོགས།

    Reply
  45. བསེ་རུ། says:
    ལོ་ 13 སྔོན།

    མི་རིགས་འདི་ཆབ་སྲིད་ལྟ་གྲུབ་དེ།།
    ཤར་ནུབ་འགལ་ཟླ་ལྟ་བུར་གནས་ཕྱིན་ཆད།།
    བདེན་མཐའ་བདེན་མཐའ་ཟེར་བཞིན་ད་དུང་ཡང་།།
    གཞིས་བྱེས་ལྷན་འཛོམས་རེ་ཐག་ཇེ་རིང་ཡིན།།

    Reply
  46. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཁྱེད་ཀྱིས་རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་རྩ་དོན་ཞིག་བསྒྲུབ་ན། དེ་ལ་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་ཟེར་བ་དེར་ངོས་ལེན་ཡོད། འོན་ཀྱང་དབུ་མའི་ལམ་ལ་དམིགས་ཡུལ་གསལ་བོ་མེད་ཟེར་བ་ཡ་མཚན་རེད། ཆོལ་གསུམ་རང་སྐྱོང་གཅིག་གྱུར་སྐོར་གྱི་ཡིག་ཆ་གཏན་འབེབས་ཁ་གསལ་ཡོད་པ་མ་གཟིགས་པ་ཡིན་ནམ།
    དེ་ནས་ད་བར་ལ་གཞོན་ནུ་ཚོགས་པ་དང་འབྲེལ་ནས་རང་བཙན་ཐོག་ཕྱག་ལས་གནང་བ་རེད། ཁྱེད་ཅག་རང་ལ་དོན་ཚན་གསུམ་པོ་ཚང་ཡོད་དམ། ངས་བལྟས་ན་ད་ལྟ་ད་དུང་ཡང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་ཡིན་པའི་བདེན་པ་ཁུངས་སྐྱེལ་འདྲ་བོ་བྱས་ནས་བསྡད་འདུག་པ་མ་གཏོགས། ད་ལྟ་རང་བཙན་ཅི་འདྲ་ཞིག་དགོས་པ་ཚུལ་ཇི་ལྟར་ལེན་དགོས་པ་སོགས་ཁ་གསལ་ཞིབ་རྒྱས་ཤིག་མི་འདུག་ག

    Reply
  47. ཨུ་ཚུགས་ཅན། says:
    ལོ་ 13 སྔོན།

    ཁྱེད་ལ་བསྟོད། ལྷ་བཟང་ཚེ་རིང་།

    Reply
  48. གདོང་གཡུ་ལོང་། says:
    ལོ་ 13 སྔོན།

    ལྷ་བཟང་ཚེ་རིང་གི་སྐད་ཆ་ནང་འགལ་བཤད་ཀྱིན་འདུག་ <<སྐབས་བཅུ་གསུམ་པའི་གཞོན་ནུའི་ཚོགས་ཆེན་སྟེང་ཁོང་ཟུར་ཉན་དུ་བསླེབས་ཤིང་། གདོང་ལ་སྐྱོ་ཉམས་ཤིག་མངོན་ནས་ལག་པ་གཉིས་ཐལ་མོ་སྦྱར་བའི་རྣམ་འགྱུར་དང་བཅས། ཁ་ནས་ད་ང་ཚོས་ྋགོང་ས་མཆོག་ལ་ལག་པ་གཉིས་ཀ་ཐལ་མོ་སྦྱར་ཏེ། ཐུགས་རྗེ་གཟིགས། ད་བར་ཁྱེད་ཚང་གིས་བོད་དོན་ཐོག་ཕྱག་ལས་གནང་བར་ཐུགས་རྗེ་ཆེ། དེ་རིང་ནས་བཟུང་ཁྱེད་ཀྱི་ཕྱག་ལས་མཚམས་འཇོག་གནང་རོགས་>> ཞེས་འབོད་སྐུལ་ཞུ་དགོས་རབས་བཤད་པ་རེད།་ཡང་ད་ཐེངས་དེ་ལས་ལྡོག་ཏེ ་<< ངས་༧རྒྱལ་བ་རིན་པོ་ཆེ་ལ་བསྐྱར་དུ་སྐྱབས་འཇུག་ཞུ་རྒྱུ་ལ། ད་ལྟ་ང་ཚོའི་འཐབ་རྩོད་དེ་ཤི་དང་གསོན་གྱི་མཚམས་ལ་བསླེབས་ཡོད་དུས་སྐུ་དབང་མཚམས་འཇོག་མ་གནང་རོགས། བོད་མི་མང་གིས་གྱོན་པ་བརྗེ་བོ་རྒྱག་རྒྱུ་ཡོད་པ་རེད་དེ། ཁོག་པའི་ནང་གི་སྙིང་ཇི་ལྟར་བརྗེ་བོ་རྒྱག་དགོས་པ་རེད།>> << མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་ཡག་པོ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། >> ཁོང་གིས་འདི་འདྲའི་སྐད་ཆ་ནང་འགལ་དང་ལྡོག་ཟླ་རྐྱང་རྐྱང་བཤད་དུས་་ཁོང་གི་སྐད་ཆ་དེ་དག་ལ་ཡིད་ཆེ་ས་ཞིག་གཏན་ནས་འགྲོ་ཀི
    ད་དུང་ཁོང་ངུ་བཞིན་དུ་བཤད་ཀྱིན་འདུག་་ང་ཡིད་ཆེ་གཏན་ནས་མེད།
    བཙན་བྱོལ་བོད་གཞུང་ལ་དམིགས་ཡུལ་ངེས་ཅན་ཞིག་མེད་རབས་དང་ཁ་ཕྱོགས་བརྟན་པོ་ཞིག་ཀྱང་འཛུགས་ཐུབ་ཚུལ་མེད་བཤད་ཀི་འདུག འོན་ཀྱང་སུ་ཡིད་ཆེ་ཀི་རེད། ༧་གོང་ས་མཆོག་གཙོས་བོད་གཞུང་དམངས་གཉིས་ལ་་ཁྱོད་ལྟ་བུའི་རྣམ་དཔྱོད་དང་བསམ་བློ་ཞིག་མེད་སོང་ཨེ་རེད། མི་ལོ་ལྔ་བཅུ་ལྷག་གི་རིང་ལ་༧གོང་ས་མཆོག་གཙོས་བཙན་བྱོལ་གཞུང་གི་འཛིན་སྐྱོང་བ་རྣམས་ཀྱིས་སྒྲིག་པའི་བཅའ་ཁྲིམས་དེ་དག་ཤོག་སྟོང་ངོས་ཀྱི་ཡིག་སྟོང་ཡིན་རྒྱུ་རེད། དེ་དག་དམིགས་ཡུལ་མེད་པའི་བཅའ་ཁྲིམས་དང་ཁ་ཕྱོགས་མེད་པའི་ཡིག་ཚགས་ཤིག་ཡིན་རྒྱུ་རེད།
    དམིགས་ཡུལ་མེད་པའི་བཅའ་ཁྲིམས་ཤིག་ཡིན་ན་རྒྱ་གཞུང་གིས་ཅི་ལ་ཁས་ལེན་བྱེད་མ་ནུས་བ་རེད། དངོས་གནས་ཁྱོད་ཀྱིས་གནས་ལུགས་དང་ཁུངས་ལྡན་མིན་པའི་སྐད་ཆ་རྐྱང་རྐྱང་གིས་མི་མང་ལ་སླུད་བྲིད་དང་མགོ་སྐོར་གཏོང་གིས་འདུག
    ངེད་སྐབས་ནི་དེ་འདྲ་ཞིག་བཤད་པའི་སྐབས་མ་རེད། ཁྱེད་ཀྱིས་ནམ་རྒྱུན་རྡོག་རྩ་གཅིག་སྒྲིལ་དགོས་རབས་ཡང་ཡང་བཤད་ཀི་འདུག འོ་ན་ཁྱེད་ལ་རྡོག་རྩ་གཅིག་སྒྲིལ་གྱི་དྲི་ཙམ་ཡང་མི་བྲོ་བ་ཅི་རེད། ལྷག་པར་ཏུ་གཞུང་དང་རྡོག་རྩ་གཅིག་ནམ་ཡང་མི་བྱེད་པ་ཅི་རེད། རྟག་ཏུ་དེའི་ཁ་སྟབས་དང་ལྡོག་ཟླ་རྐྱང་རྐྱང་ནས་ལངས་བ་ཅི་རེད། ང་ངོ་མ་ཁྱེད་ལ་ཡ་མཚར་ཀི་འདུག ཁྱེད་ལ་དམིགས་ཡུལ་དང་རྒྱབ་ལྗོངས་ཅི་ཞིག་ཡོད་པ་གསལ་བོ་ཞིག་ཤེས་ན་འདོད།

    Reply
  49. ཚེ་རིང་དགའ་བ། says:
    ལོ་ 13 སྔོན།

    ཇོ་རིན་པོ། བཅར་འདྲི་ཧ་ལས་པ་གནང་འདུག འདི་འདྲ་བྱས་ན་མི་དམངས་གི་གཉིད་དཀྲོག་གི་རེད། རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ལགས་ཐུགས་རྗེ་ཆེ།

    Reply
  50. ནགས་མཚོ says:
    ལོ་ 13 སྔོན།

    རྒན་ལྷ་བཟང་ཚེ་རིང་ལགས་ཀྱི་སེམས་ཤུགས་དང་བཀའ་སློབ་ལ་ཡིད་རང་དང་གུས་འདུས་ཞུ།།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese