མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་འབོད་དང་པོ་དེ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བོད་རང་བཙན་འཐབ་རྩོད་པ་རྒན་ལྷ་བཟང་ཚེ་རིང་ལགས་སུ། ཉིན་འདི་འགར་བོད་ནང་གཅིག་འཕྲོར་གཅིག་བསྟུད་ཀྱིས་རང་ལུས་མེར་བསྲེགས་གཏོང་བཞིན་པ་དག་དང་འབྲེལ་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

    དྲི་བ། སྐུ་ཉིད་ཀྱིས་དེང་སྐབས་བོད་ནང་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་དག་གི་མངོན་འདོད་དང་རེ་བ་གཙོ་བོ་གང་ཞིག་ལ་ངོས་འཛིན་གནང་གི་ཡོད།

    ལན། མི་ཟེར་བ་འདི་འུ་ཐུག་ཐབས་ཟད་ཆགས་ན། ཡང་ན། གཞན་གྱི་སྲོག་ལ་བསྙབ་རྒྱུ་རེད། ཡང་ན་རང་གི་སྲོག་ལ་རྒོལ་རྒྱུ་རེད། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་འགའ་རེས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་དང་། འགའ་རེས་བོད་མིར་རང་དབང་དགོས་ཟེར་བ། ཡང་རེ་ཟུང་གིས་བོད་རང་བཙན་ཡིན་ཟེར་ནས་སྐད་རྒྱབ་པ་སོགས་ཐུག་ས་གཅིག་ལ་ཐུག་ཡོད་པ་རེད། རྒྱ་ནག་གི་གདུག་རྩུབ་འོག་སྡོད་ཐུབ་ཀྱི་མི་འདུག ང་ཚོར་རང་བཙན་དགོས་ཟེར་བ་འདི་རེད། རེ་བ་འདི་ལ་ང་ཚོ་བྱེས་བཞུགས་མི་མང་ཚོས་བདག་པོ་རྒྱག་དགོས་ཀྱི་འདུག ལྷག་པར་དུ་བཙན་བྱོལ་བོད་གཞུང་གིས་ངོས་ལེན་གནང་དགོས་ཀྱི་འདུག ཚེ་སྲོག་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཕུལ་ཟིན་པ་དག་ལ་བརྩི་བཀུར་ཞུ་དགོས་ཀྱི་འདུག

 

    དྲི་བ། རང་ལུས་མེར་བསྲེགས་བཏང་བ་དེས་བོད་པའི་རྩ་དོན་ཐོག་འཕྲལ་ཕུགས་ཀྱི་ཕན་གནོད་གང་འདྲ་འབྱུང་བར་ངོས་འཛིན་གནང་གི་ཡོད་པ་དང་། ལས་འགུལ་གྱོ་ངོ་བོའི་ཐོག་གཟིགས་ཚུལ་གང་འདྲ་ཡོད་དམ། 

    ལན། རང་སྲོང་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པ་དང་། ཤུལ་ལུས་ནང་མི་གཉེན་འབྲེལ་སྒེར་ངོས་ནས་བཤད་ན་ཕལ་ཆེར་གྱོང་ཡིན་རྒྱུ་རེད། མི་ཚེའི་སྒྲུང་རྫོགས་ཚར་བ་རེད། འོན་ཀྱང་། རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་བྱ་བ་ཞིག་ཏུ་ངོས་འཛིན་བྱེད་མིན་བོད་རྒྱ་ཆེའི་མི་མང་ལ་རག་ལས་ཡོད། མཛུབ་མོ་གཅིག་གིས་ཕར་ཕྱོགས་ལ་གཞུས་ན་གྱོང་རང་ལ་རག་གི་རེད། མཛུབ་མོ་ལྔ་འཆང་ཁུ་ཚུར་གྱིས་གཞུས་ན་གྱོང་ཕར་ཕྱོགས་ལ་སྤྲོད་ཐུབ་པ་རེད། སྤྱི་ཚོགས་ནང་ཐོབ་དང་གོ་ས་ཡོད་མཁན་རེ་ཟུང་གིས་ལས་འགུལ་དེ་འཚེ་བ་ཡིན་མིན་གྱི་སྐད་ཆ་བཤད་ཀྱི་ཡོད་པ་གོ་སོང་། ང་ཡིད་ཆད་ཀྱི་འདུག སེམས་སྐྱོ་ཡི་འདུག ལྷ་རྟེན་གཙུག་ལག་ཁང་སོགས་ལ་སྐོར་བར་འགྲོ་མཁན་ཚོས་ལམ་ན་འབུ་གསོད་ཀྱི་ཡོད་པ་རེད། དེ་ཡང་འཚེ་བ་རེད་དམ། ཁོང་ཚོའི་དམིགས་ཡུལ་ཆོས་རེད། རྒྱལ་ཁབ་དང་མི་རིགས། ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རང་སྲོག་བཏང་ན་འཚེ་བ་མ་རེད། འཚེ་བ་བྱེད་མཁན་ངོ་མ་དེ་ཕར་ཕྱོགས་བཙན་གནོན་བྱེད་མཁན་ཚོ་རེད། སུ་ཞིག་ལས་འགན་འདི་ལ་གཡོལ་བ་ཡིན་ན། དེ་ནི་རྩ་དོན་གྱི་ཐོག་ནས་འཚེ་བ་རེད། བྱ་བའི་ཐོག་ནས་གཡོ་སྒྱུ་རེད།

 

    དྲི་བ། ད་ལྟའི་ཆར་བོད་དོན་འཐབ་རྩོད་ཀྱི་གནས་ཚད་དེ་གང་འདྲ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ།

    ལན། གཞིས་བཞུགས་མི་མང་གི་ངོས་ནས་འཐབ་རྩོད་ཀྱི་གནས་ཚད་ཧ་ཅང་མཐོ་བོ་རེད། འོན་ཀྱང་ང་ཚོའི་གཞུང་གི་ངོས་ནས་འཐབ་རྩོད་རླུང་ལ་བསྐུར་བཞག་ཡོད་པ་རེད། མི་སྒེར་ཞིག་ཡིན་ན་འདྲ་ལ། མི་ཚང་གཅིག་ཡིན་ནའང་འདྲ། རྒྱལ་ཁབ་དང་མི་རིགས་སུ་འདྲ་ཞིག་ཡིན་རུང་རྩ་དོན་ཞིག་བསྒྲུབ་ན། དེ་ལ་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་རེད། དང་པོ། རྩ་དོན་འཐབ་རྩོད་ཀྱི་དམིགས་ཡུལ་གསལ་བོ། གཉིས་པ། དམིགས་ཡུལ་དེ་འགྲུབ་པའི་གདེང་ཚོད་ཆེན་པོ། གསུམ་པ། དམིགས་ཡུལ་ཐོག་ཐབས་ཇུས་ཡག་པོ་དགོས། ད་ལྟ་ང་ཚོའི་ལམ་དབུ་མར་བོད་རྒྱ་གཉིས་ཕན་ཟེར་བ་ཙམ་ལས་དམིགས་ཡུལ་གསལ་བོ་ཡོད་པ་མ་རེད། རྒྱ་ནག་སྟོབས་ཆེན་པོ་རེད་ཟེར་ནས་འཐབ་རྩོད་ལ་གདེང་ཚོད་ཡོད་པ་མ་རེད། ཁ་ནས་རྩ་དོན་ཟེར་བ་ལས་དོན་ལ་འཐབ་རྩོད་ཐོག་བསམ་བློ་གཏོང་མཁན་ཡོད་པ་མ་རེད།   

 

    དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བཀའ་སྤྱི་གཉིས་ཀྱིས་གཞུང་འབྲེལ་ཐོག་ལས་འགུལ་སྤེལ་ཕྱོགས་ལ་འདོད་པ་ཁེངས་ཀྱི་ཡོད་དམ།

    ལན། ངས་གོང་དུ་བཤད་པ་ལྟར་བཀའ་ཤག་གིས་མི་མང་གི་ཁ་གཅོད་ཐབས་ཙམ་ལས་རྩ་དོན་ཐོག་ལས་ཀ་གང་ཡང་བྱེད་ཀྱི་མེད་དུས་ང་ལ་འདོད་པ་ཁེངས་དང་མི་ཁེངས་ཀྱི་སྐད་ཆ་ལྷག་གི་ཡོད་པ་མ་རེད། ང་འདི་ལ་བློ་ཕམ་ནས་བསྡད་ཡོད། འུ་ཐུག་ནས་བསྡད་ཡོད། གཞུང་ཟེར་བ་དེ་མི་མང་གི་དབུ་འཁྲིད་རེད། དབུ་གང་དུ་འཁྲིད་དགོས་པ་རེད་ཟེར་ན་རྩ་དོན་འཐབ་རྩོད་ཐོག་འཁྲིད་དགོས་པ་རེད། ངྷ་རམ་ས་ལའི་བཙན་བྱོལ་བོད་གཞུང་འདིས་རྩ་དོན་བརྗེད་དེ་གཞུང་ངོ་མ་ཞིག་འཛིན་སྐྱོང་བྱེད་པའི་འདུ་ཤེས་འཁྱེར་གྱི་ཡོད་པ་འདྲ། དེ་ནོར་བ་རེད། ཁྱེད་ཅག་གི་རྐང་འོག་གི་ས་དང་མགོ་ཐོག་གི་ཁང་པ་གཞན་གྱི་རེད། ང་ཚོའི་མི་མང་གི་ངོས་ནས་ཀྱང་རྒྱ་ནག་དང་ཕན་ཚུན་གཉིས་མོས་ཀྱི་ཞི་མོལ་ཞིག་ཡོང་ཐབས་མེད་པ་ཧ་གོ་དགོས་ཀྱི་འདུག གལ་སྲིད་ཡོད་པའི་དབང་དུ་བྱས་ཀྱང་ང་ཚོར་སྒུག་ལོངས་མེད་པ་ཤེས་དགོས་པ་རེད། ངེད་གཉིས་ད་ལྟ་སྐད་ཆ་ཤོད་བཞིན་པའི་སྐད་ཅིག་མ་འདི་ལའང་རྒྱ་མི་སྟོང་ཕྲག་མང་པོ་བོད་ནང་འབྱོར་བཞིན་ཡོད།

 

    དྲི་བ། བོད་ནང་གི་གནས་བབ་ལ་གཞིགས་ཏེ་བཙན་བྱོལ་སྤྱི་ཚོགས་ནང་མི་རེ་ངོ་རེས་འགན་འཁུར་དང་ལས་འགུལ་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད།

    ལན། བོད་ཕྱི་ལོགས་ནས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་མི་མང་ཚོས་གང་ཐུབ་ཐུབ་གནང་གི་ཡོད་ཀྱང་། དེ་ལ་ཞེ་དྲག་ས་ཆོད་ཡོད་པ་མ་རེད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསླེབ་ཐུབ་རྒྱུ་ཁག་པོ་རེད། མགོ་འཁྲིད་མཁན་དང་ལྡོག་རྩ་གཅིག་བསྒྲིལ་བཟོ་མཁན་མེད་ན། ས་སྟོང་ལུང་སྟོང་ཞིག་ཏུ་སོ་ཕག་ས་ཡ་གཅིག་བླུགས་བཞག་ན། དེས་ཁང་པ་ཡོང་གི་མ་རེད། མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་ཡག་པོ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ། དམངས་གཙོ་གལ་ཆེན་ཡིན་ཡང་དེ་རྒྱལ་ཁབ་ནང་ཁུལ་གྱི་དོན་དག་རེད། རྐང་པ་འཛུགས་སའི་ས་ཆ་མ་རག་གོང་ལ། ཁང་པའི་བཟོ་ལྟ་གང་འདྲ་བཟོ་མིན་དང་། མཚོན་མདོག་གང་འདྲ་བྱུག་མིན་ཐོག་ལ་བརྩད་བརྒྱབ་ནས་བསྡད་ན་དེ་ལ་དགོས་པ་འདུག་གམ།

 

    དྲི་བ། བོད་ནང་རང་སྲོག་གཏོང་མཁན་མང་ཆེ་བ་གྲྭ་བཙུན་ཡིན་པ་དང་། བོད་པའི་རྩ་དོན་འཐབ་རྩོད་ཀྱང་ཆོས་རིག་ལ་ཐུག་ཡོད་སྐོར་བཤད་ཀྱི་ཡོད་དུས། བཙན་བྱོལ་ནང་གི་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་ཚོར་ལས་འགན་གང་འདྲ་ཡོད་པར་གཟིགས་ཀྱི་ཡོད་དམ།

    ལན། བོད་ནང་ལ་ངས་བཤད་ཤེས་ཀྱི་མེད། བཙན་བྱོལ་ནང་མི་ཚང་མར་འདིའི་ཐད་བསམ་ཚུལ་ཏན་ཏན་ཡོད་པ་རེད། མི་ཁ་ཤས་ཀྱིས་དད་པ་དག་སྣང་གིས་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཡང་ཁ་ཤས་ཀྱིས་སོ་སོས་ལས་འགུལ་སྤེལ་ཐུབ་དང་མ་ཐུབ་ཐོག་ནས་ཤོད་ཐུབ་ཀྱི་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན། སྔོན་མ་གཞོན་ནུའི་ནང་ཡོད་སྐབས་ལས་འགུལ་སྤེལ་བ་དང་མགོ་ཁྲིད་པ་སོགས་གང་ཐུབ་བྱས་ཡོད་བསམ་པ་ཞིག་ཡོད། ངས་བཤད་འདོད་པ་དེ་གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་ཀྱི་བདེ་བ་སྡུག་བསྔལ་ལས་ལྷག་པའི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། སྐུ་མཁྱེན། བོད་པའི་སྤྱི་ཚོགས་ནང་མ་བཞུགས་རོགས། སྤྱི་ཚོགས་ཀྱི་ཁེ་ཕན་མ་བཞེས་རོགས་ཞུ་རྒྱུ་ཡིན། རྒྱལ་ཁབ་དང་མི་རིགས་སྤངས་ཏེ་སོ་སོ་གཅིག་པུ་སངས་རྒྱས་རྒྱུ་དང་། སྐྱེ་བ་ཕྱི་མ་དང་ཕུགས་ཀྱི་དོན་དག་འདྲ་སྒྲུབ་ནས་སྡོད་མཁན་གྱི་ཆོས་པ་ཞིག་ངས་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག དེ་འདྲའི་ཆོས་པ་ཞིག་ད་ལྟའི་དུས་ཚོད་འདི་ལ་བོད་མི་མང་ལའང་དགོས་མཁོ་མི་འདུག

           

    དྲི་བ། ༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་རྗེས། བོད་པས་ལས་འགུལ་སྤེལ་སྟངས་དང་ངོ་བོའི་ཐོག་ཁྱད་པར་འགྲོ་སྲིད་དམ། 

    ལན། ༧རྒྱལ་བ་རིན་པོ་ཆེ་བོད་པའི་ཆོས་སྲིད་ཀྱི་དབུ་འཁྲིད་ཟེར་བ་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་སྐད་ཆ་ཞིག་རེད། ཉི་མ་གཅིག་གཉིས་ནང་ལ་འགྱུར་བ་གཏོང་རྒྱུ་ཕར་ཞོག མི་རབས་ཁ་ཤས་ནང་དུ་ཡང་འགྱུར་བ་གཏོང་ཐུབ་མིན་ངས་བཤད་ཤེས་ཀྱི་མེད། ཤོག་བུའི་སྟེང་ལ་༧རྒྱལ་བ་རིན་པོ་ཆེའི་ཆབ་སྲིད་ཀྱི་ཐུགས་འགན་མཚམས་འཇོག་གནང་བ་ཡིན་ཞེས་བཀོད་ཡོད་ཀྱང་། བོད་མིའི་སེམས་པའི་ནང་ལ་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དེ་༧རྒྱལ་བ་རིན་པོ་ཆེ་ཁོ་ན་ཆགས་ཡོད། ངའི་ལུས་སེམས་གཉིས་ཀ་ཁ་ཁ་བྱས་ཤིང་། ཤ་ཁྲག་གཉིས་ཀ་སོ་སོར་འཐོར་ནས་འགྲོ་དུས་ཀྱང་རྣམ་ཤེས་ཀྱིས་༧རྒྱལ་བ་རིན་པོ་ཆེ་དབུ་འཁྲིད་དུ་ཉར་ནས་འགྲོ་རྒྱུ་རེད། ( སྐབས་འདིར་རྒན་ལགས་ཀྱི་བཀའ་མོལ་མཚམས་ཆད་དེ་མིག་ཆུ་ཤར་ཤར་དུ་བཞུར་བྱུང་ ) ངས་༧རྒྱལ་བ་རིན་པོ་ཆེ་ལ་བསྐྱར་དུ་སྐྱབས་འཇུག་ཞུ་རྒྱུ་ལ།  ད་ལྟ་ང་ཚོའི་འཐབ་རྩོད་དེ་ཤི་དང་གསོན་གྱི་མཚམས་ལ་བསླེབས་ཡོད་དུས་སྐུ་དབང་མཚམས་འཇོག་མ་གནང་རོགས། བོད་མི་མང་གིས་གྱོན་པ་བརྗེ་བོ་རྒྱག་རྒྱུ་ཡོད་པ་རེད་དེ། ཁོག་པའི་ནང་གི་སྙིང་ཇི་ལྟར་བརྗེ་བོ་རྒྱག་དགོས་པ་རེད།

 

    དྲི་བ། བོད་པའི་རྩ་དོན་འཐབ་རྩོད་ཀྱི་སྲིད་བྱུས་ལངས་ཕྱོགས་དེ་རིམ་གྱིས་རང་བཙན་ཐོག་བསྐྱོད་རྒྱུར་རེ་བ་མཐོང་གི་ཡོད་དམ།

    ལན། ང་ནམ་རྒྱུན་རེ་བ་སྟོང་པ་རྒྱག་མཁན་ཞིག་མིན། དངོས་ཡོད་གནས་ཚུལ་ཐོག་ལ་བསམ་ཚུལ་ཡོད་དམ་ཟེར་ན་ཡོད། ཐོག་མ་ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡༥ ཉིན་༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་བཀའ་གནང་སྐབས་འགྲིག་གི་མི་འདུག་ཟེར་མཁན་དང་ཤོས་དེ་ང་ཡིན། སྐབས་དེར་ང་གསོད་རྒྱུ་ཡིན་ཟེར་མཁན་བྱུང་ལ། ངའི་ཕྲུ་གུར་སློབ་གྲྭ་ནས་གནོན་ཤུགས་དང་དཀའ་ངལ་སྣ་ཚོགས་འཕྲད་སོང་། ང་ད་ལྟ་ད་དུང་ཡང་འགྱུར་བ་སྤུ་ཙམ་མེད། ང་དངོས་ཡོད་གནས་ཚུལ་དང་བདེན་པ་ཁས་ལེན་བྱེད་མཁན་ཞིག་ཡིན་མ་གཏོགས། རང་གི་ཁེ་ཕན་ཐོག་ལ་བསམ་བློ་གཏོང་མཁན་ཞིག་མིན། བཙན་བྱོལ་བོད་གཞུང་གི་ལམ་ཁ་ཐོག་མ་ནས་ནོར་བསྡད་ཡོད་པ་རེད། ལམ་ཁ་ནོར་བའི་སྒང་ལ་འགྲོ་བཞིན་པའི་རླངས་འཁོར་དེའི་ཁ་ལོ་བ་ཅི་ཙམ་བརྗེ་བོ་བརྒྱབ་ཀྱང་ཕན་ཐོགས་ཡོད་པ་མ་རེད། ཨང་དང་པོ་ལམ་ཁ་བརྗེ་བོ་རྒྱག་དགོས་པ་རེད།

 

    དྲི་བ། གལ་སྲིད་བོད་པས་རང་བཙན་བརྩད་པ་ཡིན་ན་རྒྱ་ནག་དང་འབྲེལ་ལམ་མཐུད་ཐུབ་རྒྱུ་ཁག་པོ་རེད་ལ། རྒྱལ་སྤྱིའི་རྒྱབ་སྐྱོར་ཡང་རག་གི་མ་རེད་ཟེར་མཁན་ཡོད་པའི་ཐོག་དགོངས་ཚུལ་གང་འདྲ་ཡོད་དམ།

    ལན། དེ་ལྐུག་པའི་སྐད་ཆ་རེད། ཆབ་སྲིད་ཀྱི་གནས་ཚུལ་མ་མཁྱེན་པ་རེད། རྒྱལ་ཁབ་ཀྱི་ཆབ་སྲིད་ཟེར་བ་དེ་སོ་སོའི་ཁེ་ཕན་གྱི་ཐོག་ནས་སྒྲུབ་ཀྱི་ཡོད་པ་རེད་མ་གཏོགས། གཞན་གྱི་ཁེ་ཕན་ཆེད་རང་གི་ཁེ་ཕན་བློས་བཏང་བའི་ཕྱི་འབྲེལ་སྲིད་བྱུས་འཛིན་མཁན་ཞིག་ཡོད་པ་མ་རེད། ང་དགུ་ལོ་ནས་དྲུག་ཅུ་རེ་གྲངས་དང་། རེ་ལྔ་སོགས་སུ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་པར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་གྲོས་ཆོད་བཞག་པ་དེ་རང་བཙན་རྩོད་ཀྱིན་པའི་སྐབས་སུ་བྱུང་བ་རེད། འོན་ཀྱང་སྐབས་དེར་ཨུ་རུ་སུ་སོགས་སུ་དམར་པོའི་རིང་ལུགས་ཤུགས་ཆེན་པོ་ཆགས་ཏེ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དམར་པོའི་རིང་ལུགས་ཁ་གཏོར་གཏོང་རྒྱུར་ཤུགས་བརྒྱབ་སྟེ། ང་ཚོའི་གནས་ཚུལ་དེ་ཆུང་ཆུང་ཆགས་པ་རེད་མ་གཏོགས། ང་ཚོས་རང་བཙན་བློས་བཏང་རྗེས་ཡིག་ཐོག་ནས་དོན་དག་ཡོད་པའི་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གཅིག་ཀྱང་བྱུང་ཡོད་པ་མ་རེད། ད་ཆར་རྒྱ་ནག་སྟོབས་ཆེན་པོ་ཆགས་ཀྱི་ཡོད་དུས། རྒྱལ་ཁབ་མང་པོ་ཞིག་གི་ཁེ་ཕན་ལ་གནོད་ཀྱི་ཡོད་པ་རེད། བོད་པར་དགའ་དྲགས་པ་མ་རེད་དེ། ཁོ་ཚོའི་ཁེ་ཕན་ཆེད་ང་ཚོས་འགུལ་དཀྱོག་ཅིག་རྒྱག་ཐུབ་པ་ཡིན་ན། བོད་པར་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོང་གི་རེད། སོ་སོའི་ཕྲུ་གུ་སློབ་གྲྭར་མ་བཏང་བར། ངའི་ཕྲུ་གུ་ལ་སྦྱིན་བདག་རག་ས་མ་རེད་ལབ་ན་དེ་ལྐུག་པ་རེད།

 

    དྲི་བ། རྒན་ལགས་ཀྱིས་བོད་ནང་གི་བོད་མི་ཚོ་དང་། ལྷག་པར་དུ་རང་སྲོག་བློས་གཏོང་བྱེད་བཞིན་པ་དག་ལ་འབོད་སྐུལ་དང་རེ་བ་གང་འདྲ་ཞུ་རྒྱུ་ཡོད།

    ལན། ངས་ཐོག་མ། པུས་མོ་ས་ལ་བཙུགས་ཏེ་དཔའ་བོ་དཔའ་མོ་དེ་དག་ལ་ཕྱག་འཚལ་རྒྱུ་ཡིན། ད་ལྟའི་ཛ་དྲག་གཉན་འཕྲང་གི་དུས་ཚོད་འདི་ལ། མུ་མཐུད་དུ་ཨུ་ཐུག་ཐབས་ཟད་ཀྱི་གྲ་སྒྲིག་ཅིག་དགོས་ཀྱི་འདུག རྒན་འཁོགས་ང་ལ་མཚོན་ན་ཡང་སྔོན་མ་ནས་གྲ་སྒྲིག་ཡོད། ང་ཚོ་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱ་དགོས། ངའི་དཔེ་ཁང་ཐབས་ཆག་འདི་དང་དངུལ་བྱང་སོགས་སྐྱེས་དམན་གྱི་མིང་ཐོག་ན་ཡོད། འོན་ཀྱང་། ཚེ་སྲོག་གཅིག་རེ་གཅིག་རེ་ཤོར་ན་ཕན་ཐོགས་དང་མ་ཐོགས་ཟེར་བ་དེ་བཙན་བྱོལ་བོད་གཞུང་དང་བྱེས་འཁོད་ལས་ཀྱི་སྣེ་མོ་བ་ཚོར་ཐུག་ཡོད། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་མཐོང་གི་ཡོད་པ་ངོ་མ་ཡིན་ན། རང་ལུས་མཆོད་འབུལ་བྱས་ཟིན་པ་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པ་བདེན་པ་ཡིན་ན། དམིགས་ཡུལ་དང་འཆར་གཞི་ལྡན་པའི་འཐབ་རྩོད་ཅིག་དབུ་འཛུགས་གནང་རོགས་ཟེར་ནས་ཞུ་བ་བྱེད་བཞིན་ཡོད། གལ་སྲིད་གཞུང་གིས་འགུལ་དཀྱོག་རྒྱག་རྒྱུ་མིན་ན། མང་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་སྐད་བརྒྱབ་པས་ཕན་ཐོགས་གང་ཡང་ཡོད་པ་མ་རེད། སྐད་འབོད་དང་པོ་ང་ཚོའི་གཞུང་གི་མདུན་ནས་རྒྱག་དགོས་པ་རེད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

ཆུ་ཚོད་ ༢༤ སྔོན་ལ།
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧
Mobile App

སེར་བྱེས་མཁས་སྙན་གྲྭ་ཚང་གིས་༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་གཙི་ཞུས།

༢༠༢༥/༡༠/༡༧
Mobile App

བོད་ནང་ཤོག་སྦག་གི་སྒྱུ་རྩལ་འགྲེམས་སྟོན་བྱེད་མཁན་ལ་ཉེས་ཆད་བཅད།

༢༠༢༥/༡༠/༡༦

མཆན། 111

  1. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    དྲ་གྲོགས་གནས་ཚང་དང་གཡུ་རལ་བཀྲ་རྒྱམ་རྣམ་པ་གཉིས་སྤྱིའི་གླེང་སྟེགས་འདིའི་ཐོག་ནང་འཁྲུག་བྱེད་ཀྱི་མ་འདུག
    དྲ་གྲོགས་རྣམ་པ་ཚོས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་ཁྱེད་ཅག་རྒྱ་འོག་ཏུ་སྡོད་ཐུབ་ས་རེད་དམ། ཞེས་པའི་དྲི་བའི་ཐོག་ཐུགས་བསམ་བཞེས་ནས་གསུང་རོགས།
    ལར་ནས་ཆབ་སྲིད་ཀྱི་ཁོར་ཡུག་ནང་དུ་སྐད་ཆ་འདི་འདྲ་བཤད་འོས་པ་ཞིག་མིན་ཀྱང་། ངས་ལམ་དབུ་མ་འདི་ཐབས་ལམ་ལ་བཞག་ན་འགྲིག་པ་ལས་དམིགས་ཡུལ་ལ་བཞག་ནི་མི་འགྲིག་གི་བསམ་པ་ཡིན།

    Reply
  2. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    གནས་ཚང་ལ་དེ་འདྲའི་བདེན་དབང་ཡོད་ན་ཡག་པོ་རེད། མི་དམངས་ཚོགས་སར་བརྡར་ཤ་བཅད་ཆོག།

    Reply
  3. མྱི་ནག་ཚང་། says:
    ལོ་ 14 སྔོན།

    གཡུ་རལ་་བཀྲ་རྒྱམ་ནི་ངའི་གྲོགས་པོ་ཡིན། དོགས་པ་མ་བྱེད་རོགས་གནང་།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    བློ་མཐུན་གཡུ་རལ་བཀྲ་རྒྱམ་ཕེབས་ནས་གསུང་ལན་བསྐྱོན་བཞག ཡག་པོ་ཞེ་དྲག་རེད། གོ་ཐོས་ལྟར་ན་ཁྱོད་རང་ཡང་རྒྱ་ནག་གཞུང་ཚབ་ཁང་ལ་བཅར་ནས་བོད་གཞུང་ལ་མགོ་བསྐོར་བཏང་ཚུལ་ལབ་ཀྱིན་པ་མ་ཡིན་ནམ། དེའང་ཁྱོད་རང་གི་ལས་ཀ་ཡིན་ཤག་རེད།

    Reply
  5. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    གཡུ་རལ་བཀྲ་རྒྱམ་ནང་དཀྲུག་མཁན་ཞིག་ཡིན་ཀྱང་རུང་ལ་མིན་ཀྱང་རུང་གནས་ཚང་ལ་བྱུས་ཏོག་མི་འདུག། ཁྱོད་རང་མུ་མཐུད་ནས་རྒྱ་ནག་གཞུང་ཚབ་ཁང་གི་རྒྱུགས་ཁྱི་བྱོས་ཏེ་བོད་པའི་སྤྱི་ཚོགས་ནང་ཕུ་དཀྲུག་མདའ་དཀྲུག་བྱོས་དང་ཁྱོད་ཀྱི་ལས་འགན་དེ་ལོས་ཡིན།

    Reply
  6. རོ་ལངས། says:
    ལོ་ 14 སྔོན།

    སྐུ་ཞབས་ནད་པ་ལགས། ཚོར་བའི་དབང་དུ་མ་འགྲོ་དང་། ངས་རྒན་ལྷ་བཟང་གིས་རྐྱོན་བརྗོད་བྱས་པ་ཡག་པོ་ཞེ་དྲག་རེད་ལབ་མེད་པར། རྐྱོན་བརྗོད་བྱས་པ་ཙམ་གྱིས་དགའ་ཞེན་མེད་པ་དཔོག་མི་ཐུབ་ཅེས་ཞུས་པ་ཡིན།
    སྤྱིར་ཡང་རྒྱ་དམར་གྱིས་རྐྱོན་བརྗོད་བྱས་པ་དང་རྒན་ལྷ་བཟང་གིས་རྐྱོན་བརྗོད་བྱས་པ་གཉིས་དམིགས་ཡུལ་ཀུན་སློང་གང་གི་ཆ་ནས་ཀྱང་འདྲ་དོན་མེད་པས་ཁྱེད་ཀྱིས་ཅི་ཞིག་གསུང་གི་ཡོད་དམ་ལགས།

    གཏམ་དཔེ་འདྲེན་ན་ང་ལའང་ཡོད། ཤ་ཚ་བའི་གཏམ་ལ་སྙན་མོ་མེད། འདི་ཡང་གཏམ་དཔེ་ཞིག་རེད།
    ཁྱེད་ཀྱི་གསུངས་པ་བཞིན་ང་ཚོས་ རང་གི་གཅེས་པའི་རྒྱལ་ཁབ་དང་། རང་གི་བརྩེའི་བའི་སྤུན་ཟླའི་མི་རིགས་ཀྱི་རང་དབང་གི་ཆེད་དུ་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་ཆིག་བསྒྲིལ་གྱིས་རྒྱ་ནག་དམར་ཤོག་འདིའི་བྱེད་བབ་ལ་འཐབ་རྩོད་བྱེད་དགོས་པའི་དུས་ཚོད་གཅིག་རེད།
    འོན་ཀྱང་དེ་ལྟར་ཡོང་བ་དེ་ཇི་ལྟར་བྱས་ནས་བཟོ་དགོས་སམ། དྲི་འདིའི་ལན་རྙེད་དུས་གཞི་ནས་ཁྱེད་རང་གིས་གསུངས་པ་མང་པོ་ཞིག་སྔ་ཚིག་ཕྱི་འགལ་ཡིན་པ་མཁྱེན་ཡོང་གི་རེད།
    དེ་དུས་གཞི་ནས་ད་ལྟའི་ཆར་ང་ཚོས་ནང་ཁུལ་བུ་སྤུན་ཕན་ཚུན་དབར་སྐྱོན་ཆ་ཐེར་འདོན་དང་དག་ཐེར་བྱས་ཏེ་གཞུང་དང་མི་དམངས་བར་དང་། ཆོས་ལུགས་ཆོལ་ཁའི་བར་གསར་འགྱུར་དང་གཞིས་ཆགས་བར་ཕན་ཚུན་ཡིད་ཆེས་དང་བརྩེ་བ་བསྐྲུན་དགོས་པའི་དུས་ཤིག་ལ་སླེབས་ཡོད་པ་དེ་ཤེས་ཀྱི་རེད། གསན་བྱུང་བས་སྙུན་ཁམས་ཅན་ལགས།

    Reply
  7. བཀྲ་ཤིས། says:
    ལོ་ 14 སྔོན།

    ང་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་ཡོད། ཡིད་ཡོད་ན་ཡིད་ཆེས་པའི་དད་པ་རེད་་དད་པའི་གཙོ་བོ་ཡིད་ཆེས་པའི་དད་པ་རེད། ཡིད་ཆེས་ཡོད་ཟེར་ན་་་
    ༡་བླ་མ་ཡག་པོ་ཡིན་པའི་ཡིད་ཆེས་ཡོད།
    ༢་དགེ་སློང་གཙང་མ་ཡིན་པའི་ཡིད་ཆེས་ཡོད།
    ༣་མི་མཁས་པ་ཡིན་པའི་ཡིད་ཆེས་ཡོད།
    ༤་མི་དྲང་མོ་ཡིན་པའི་ཡིད་ཆེས་ཡོད།
    ༥་བྱང་ཆུབ་སེམས་དཔའ་ཡིན་པའི་ཡིད་ཆེས་ཡོད།
    ༦་མི་སྐད་གྲགས་ཅན་ཡིན་པ་ལ་ཡིད་ཆེས་ཡོད།་ དེ་དག་ཡིད་ཆེས་ཡོད་ས་ཡིན།
    སྐད་ཆ་བཤད་བཤད་པོ་ཚང་མ་ལ་ངོས་ལེན་མེད། སྔོན་མ་ཟིག་ནས་ད་ནས་ལོ་ཁ་ཤས་ནང་རང་དབང་རག་གི་ཟེར་ནས་མང་པོ་གསུང་སོང་། ལམ་དབུ་མ་ཡག་པོ་ཡོད་རབས་གསུང་སོང་་་དེ་ཚོ་ཚང་མ་ལ་ཁས་ལེན་ཐུབ་མིན་ཅི་རིགས་ཡོད་རེད།
    དེ་ཚོ་ཆབ་སྲིད་པ་ཞིག་གིས་བལྟས་ཚུལ་བྱས་ན་ཁས་ལེན་ནི་མ་རེད། དག་སྣང་ཅན་ཟིག་ཡིན་ན་གནད་དོན་ཁ་ཁ་རེད།

    རྒྱ་ལོ་དོན་མི་འགྲུབ་མི་དང་ཏིང་ཞོའི་ཕང་གཉིས་ཀས་ཅི་ཞིག་བཤད་ཀི་ཡོད་མི་ཤེས་མོད། ༸རྒྱལ་བ་རིན་པོ་ཆེས་རང་བཙན་བློ་གཏོང་བྱས་ནས་བཟུང་རྒྱ་ནག་ལ་ཁེ་བཟང་མང་པོ་རག་ཡོད་རེད། ཀོ་སྐབས་མང་པོ་ཐོབ་ཡོད་རེད། ད་ཁོང་ཚོས་་ང་ཚོ་ལ་ཡ་མ་བྱས་ན་ཡང་རྒྱ་ནག་ལ་ཞེད་ས་ཡོད་མ་རེད། ལམ་ཁ་ལ་བར་ཆད་ཡོད་མ་རེད།

    བཙན་བྱོལ་བས་བོད་པའི་ལོ་རྒྱུས་ནག་པོ་བཟོས་ནས་རང་བཙན་མི་དགོས་རབས་བཤད་ན་གཏན་ནས་མི་ཡག་གི་་་་་་ལོ་རྒྱུས་ཐོག་ནས་ནག་པོ་བཟོས་ན་མ་འོངས་པའི་བོད་པའི་འཐད་རྩོད་ཀྱི་ལམ་ཁ་འགག་གི་རེད།

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    ཆོལ་ཁ་གསུམ་ཀྱི་ཐ་སྙད་དེ་ངས་བཟོས་ནི་མ་རེད། བཙན་བྱོལ་བས་བེད་སྦྱོད་བྱས་ནི་རེད། གཞུང་ཡིན་ནམ་སྒྲིགས་འཛུགས་ཡིན་ནམ་དེའི་གཞུང་འབྲེལ་ཡི་གེ་ནང་ཡོད་པའི་ཐ་སྙད་རེད་ལོ།
    ད་ཨ་མདོ་དབུས་གཙང་གཉིས་ཀས་ཡང་མིན་ན་གྲ་བཙུན་བླ་སྤྲུལ། ཆབ་སྲིད་ནང་མི་དགོས་ལབ་རོགས་ཚང་མས་ཆོས་སྒྲུབ་ལབ་རོགས། སོ་སོའི་ལམ་ཁ་ལ་འགྲོ་ཆུག
    ཡང་ན་གྲ་པ་སྦྱི་འཐུས་ནང་མི་དགོས་མ་ལབ་རོགས། སྐད་ཆ་མགོ་གཉིས་མ་བཤད་ཀི་མའདུག་

    Reply
  9. ནད་པ says:
    ལོ་ 14 སྔོན།

    རོ་ལངས་ལགས། ད་ལྟའི་འཆར་ང་ཚོས་ནང་ཁུལ་བུ་སྤུན་ཕན་ཚུན་དབར་སྐྱོན་ཆ་ཐེར་བཏོན་བྱས་ཏེ་དག་འཐེར་བྱེད་དགོས་པའི་དུས་ཤིག་ལ་སླེབས་མེད།

    ང་ཚོས་བྱེད་དགོས་པ་སྟེ། རང་གི་གཅེས་པའི་རྒྱལ་ཁབ་དང་། རང་གི་བརྩེའི་བའི་སྤུན་ཟླའི་མི་རིགས་ཀྱི་རང་དབང་གི་ཆེད་དུ་བློ་སེམས་གཅིག་ཏུ་བསྒྲིལ་ཏེ་ཆིག་བསྒྲིལ་གྱིས་རྒྱ་ནག་དམར་ཤོག་འདིའི་བྱེད་བབ་ལ་འཐབ་རྩོད་བྱེད་དགོས་པའི་དུས་ཚོད་གཅིག་རེད།

    འདི་འདྲའི་སྐྱོན་ཆ་ལུང་པར་མི་བཤོངས་བའི་ནག་ཉེས་ཤིག་ཡོད་ན་དེ་ནི་ཕ་རོལ་དགྲ་བོའང་ང་ཚོའི་ཁ་གཏད་དུ་འགྱིངས་པའི་རྒྱ་ནག་དམར་ཤོག་འདིས་ཐེར་འདོན་བྱེད་ངེས་རེད།

    ད་བར་༸ གོང་ས་མཆོག་ལ་ཆོས་གོས་གྱོན་པའི་སྤྱང་ཀི མཚམས་མཚམས་ལ་མེ་རྒྱལ་ཁ་བྲལ་དུ་གཏོང་མཁན། ཡང་མཚམས་ལ་ལར་ཏྰ་ལ་ནི་བདུད་རེད་ཅེས་སོགས་ཉེས་མེད་གཞི་འཛུགས་ཐི་ཙམ་བྱས་དང་བྱེད་བཞིན་ཡོད་པ་དེ་ཁྱེད་ཚོས་ཤེས་གསལ་རེད།

    རྒྱུ་མཚན་ཅིའི་ཕྱིར་ཁོང་ཚོས་ང་ཚོའི་སྐྱོན་ཆ་བཏོན་གང་ཐུབ་བྱེད་པ་དང་། རྒྱུ་མཚན་གང་གི་ཆེད་༸ གོང་ས་མཆོག་ལ་མཚན་སྨད་བྱེད་བཞིན་པ་རེད། དགོས་པ་་གང་གི་སླད་དུ་ང་ཚོ་རྒྱལ་ཁབ་དང་། ང་ཚོའ་མི་རིགས་འདི་རྩ་མེད་དུ་གཏོང་རྩིས་བྱས་དང་བྱེད་བཞིན་པ་རེད།

    དེ་འདྲ་སོང་ཙང་ང་ཚོས་བོད་རིགས་གཅིག་གི་ངོས་ནས་བཤད་ན་སོ་སོའི་ཁ་ལག་ཟ་མ་བཟའ་བའི་སྤྱི་པའི་ཁོག་མ་དེ་ཅིའི་ཕྱིར་གཏོར་བཅོམ་བྱེད་བཞིན་ཡོད། ཁ་དཔེ་ཞིག་དྲན། ཁོག་མ་ཆག་ན་སྤྱི་གྱོང་ཡིན། ཕོར་གོག་ཆག་ན་སྒེར་གྱོང་ཡིན། ཟེར་བ་དེ་མི་ཤེས་སམ།

    བོད་མིའི་བལྟ་བའི་མིག་དང་། ཁོག་པའི་སྙིང་གི་ལྟ་བུ་༸ བླ་ན་མེད་པའི་གོང་ས་མཆོག་ལ་མཚན་སྨད་དེ་འདྲ་བྱེད་བཞིན་པ་དེ་དངོས་གནས་ཡ་མཚན་སྐྱེ་དགོས་པ་མ་ཡིན་ནམ།
    སྐད་ཆ་དེ་འདྲ་རྒྱ་མིས་བཤད་ཡས་གཅིག་ཡིན་པ་ལས་བོད་རིགས་གཅིག་གིས་བཤད་ཡས་ཤིག་ཨེ་ཡིན་བསམས།
    མདའ་ཧོར་པོས་བརྒྱག་ཡས་དེ་ཧོར་མོས་དང་། །གཏམ་ཨ་ཕས་བཤད་ཡས་དེ་ཨ་མས་བཤད་ན་ཕལ་ཆེར་ཏག་ཏག་གཅིག་བསྡད་ཀྱི་མེད་པ་འདྲ། དེ་ཡང་དཔེ་མཚོན་ཞིག་ཡིན།

    Reply
  10. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ཁྱུང་ཆེན་ལགས། དབྱིན་སྐད་ཀྱི་དེ་ལས་རང་ཅག་གི་ཆུ་ཤིང་བསྟན་བཅོས་ནང་ལ་སོང་དང་དཔེ་འདྲ་བོ་མང་འདྲེན་རྒྱུ་ཡོད་པ་རེད་འདོད།

    Reply
  11. ཁྱུང་ཆེན་རང་གྲོལ། says:
    ལོ་ 14 སྔོན།

    ངས་ལྟས་ན་ ༼ Half-knowledge is extremely dangerous༽ཞེས་པའི་ཨིན་སྐད་ཀྱི་སྡོམ་ཚིག་འདིའི་ནང་ལྷ་བཟང་དང་འཇམ་ནོར་སོགས་ཚུད་འདུག ཤེས་ཡོན་པ་ཕྱེད་ཀ་ཅན་འདི་རིགས་ཀྱིས་ནམ་ཡང་ལས་ཀ་ཡག་པོ་ཞིག་མི་བྱེད། ང་ཚོ་ལས་སྤྱི་ཚོགས་ཆེ་བ་དག་གི་ནང་དུ་ཡང་ཤེས་ཡོན་པ་ཕྱེད་ཀ་ཅན་ཚོས་ཆབ་དཔལ་རིག་གསུམ་གྱི་ཐོག་ལ་དཀའ་ངལ་མང་པོ་སྤྲད་དང་སྤྲོད་བཞིན་ཡོད། རང་ཅག་ཁ་བ་གངས་ཅན་པའི་གཉན་འཕྲང་གི་དུས་ཚོད་འདི་ལྟ་བུའི་ནང་། ཤེས་ཡོན་པ་ཕྱེད་ཀ་ཅན་འདིའི་རིགས་ཀྱིས་ཆབ་དཔལ་རིག་གསུམ་སོགས་ཡར་རྒྱས་ཅན་དག་གི་རྗེས་སྙེག་ཐུབ་པའི་དགེ་མཚན་ལ་ཕན་ཐོགས་པ་ལས་མུ་གེའི་ཐོག་ལ་ཟླ་ལྷག་གི་དཔེ་ལྟར་སྡུག་བསྔལ་མྱོང་འཇུག་གི་འདུག འཛམ་གླིང་སྤྱིའི་འགྱུར་འགྲོས་དང་བོད་མིའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སོགས་ལ་དཔྱོད་པའི་བློ་མིག་དང་། དེ་ལ་ཕན་ཐོགས་ཡོད་པའི་ཤེས་རབ་ཀྱིས་མི་འདང་བ་དེ་ནི། ཤེས་ཡོན་པ་ཕྱེད་ཀ་ཅན་ཚོའི་སྣང་གནས་རེད། ཤེས་ཡོན་པ་ཕྱེད་ཀ་ཅན་ཚོས་སྤྱི་ཚོགས་ཕུགས་དཀྲུགས་འདབས་དཀྲུགས་བྱེད་ཐུབ་པ་དང་། སྤྱི་ཚོགས་ལ་མི་མཁོ་བ། སྤྱི་ཚོགས་ཀྱི་ལྡོག་ཕྱོགས་ཡིན་པ་བཅས་ཀྱི་ཆ་ནས་ཤེས་ཡོན་པ་ཕྱེད་ཀ་ཅན་ནི་མཁས་པ་ཚོས་ཆེས་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བྱས་པ་རེད།

    Reply
  12. རོ་ལངས། says:
    ལོ་ 14 སྔོན།

    ནད་པ་ནི་ནད་རང་ཡིན་པ་འདྲ།
    ༼ སོ་སོའི་རྒྱལ་ཁབ་དང་། སོ་སོའི་མི་རིགས། སོ་སོའི་རིག་གཞུང་། སོ་སོའི་ཕ་སྐད་སོགས་ལ་དགའ་ཞེན་མེད་པར་ད་དུང་དེར་སྐྱོན་དང་ཆ་དང་ནོར་ནོར་འཁྲུལ་ལུང་པར་མི་བཤོངས་བ་སྤུངས་ནས་ཐ་ཚིག་བསྒྲགས་ན་དེ་ནི་ངས་ཆེས་བླུན་ལྐུགས་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད།༽འདི་ལྟར་མ་ཟེར། དགའ་ཞེན་མེད་ན་ཁེ་ཕན་གཞན་ཏིལ་འབྲུ་ཙམ་མེད་ས་ནས་ཅི་ལ་འདི་ལྟར་སྨྲ། བསམ་བློ་ཐོངས་ཤིག
    རེད་དེ་ཕ་མ་རྒས་འཁོག་འགའ་རེ་བུ་རྒྱུད་ལ་སེམས་ཚིག་ཆེ་དྲག་པས་ཐལ་ཆ་ཤོར་བ་བཞིན་ཐལ་ཆ་རྩ་བ་ནས་ཡོད་པ་མ་རེད་ཅེས་ཞུ་གི་མེད་དེ། རྐྱོན་ཆ་སྔོགས་འདོན་བྱས་པས་དགའ་ཞེན་མེད་པའི་ཁྱབ་པ་དེ་ནམ་ཡང་མེད་དོ་ཅེས་སྒྲོག་ཀྱི་ཡིན།།

    Reply
  13. ནད་པ says:
    ལོ་ 14 སྔོན།

    སྤྱི་ལོ་ ༡༩༢༡ ནས་༡༩༤༩ ལོ་བར་རྒྱ་ནག་དམར་ཤོག་ཚོགས་པ་འདི་གསར་འཛུགས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་ཐད་ལག་ཆེའི་ཐབས་ཇུས་དང་བྱེད་ནུས་ཧ་ཅང་ཆེན་པོ་བཞག་མཁན་གྱི་མའོ་ཙེ་ཏུང་ལ་སྐབས་དེར་རྒྱ་ནག་མི་དམངས་ཁྲོད་རླབས་ཆེན་གཙོ་འཛིན་མའོ་ཀྲུའུ་ཞི་ཞེས་འབོད་ཀྱིན་པ་རེད།

    ད་དུང་མའོ་ཙེ་ཏུང་ཝོང་སད། ཝོང་སད་། ཞེས་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་བསྒྲགས་ཀྱིན་པ་རེད། སྐབས་དེའི་རྒྱ་ནག་མི་དམངས་ཀྱི་མའོ་ལ་ཆེ་མཐོང་དང་སྨོན་ཇི་ལྟར་བཞུས་པ་ལྟར་ང་ཚོས་ཀྱང་རང་གི་མི་རིགས་དང་། རང་གི་རྒྱལ་ཁབ། རང་གི་དབུ་འཁྲིད་ལ་སྙིང་ཁོངས་ནས་ཤ་ཚ་ཚ་དང་ལ་རྒྱ་ཞིག་ཡོད་ན་ཚང་མས་རླབས་ཆེན་༸ གོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་ཚིག་སྒྲོག་དགོས།

    འདིར་ངས་༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ཐ་གཅིག་ཏུ་༸ གོང་ས་མཆོག་གཅིག་པུར་མངོན་སྟོད་བྱེད་ཀྱིན་མེད། གང་ཡིན་ཟེར་ན་ང་ཚོས་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་ཁྲི་ལོར་བརྟན་པར་ཤོག ཅེས་འབོད་ཚིག་བསྒྲག་ནའང་འགྲིག་པ་ཞིག་རེད།

    སོ་སོའི་རྒྱལ་ཁབ་དང་། སོ་སོའི་མི་རིགས། སོ་སོའི་རིག་གཞུང་། སོ་སོའི་ཕ་སྐད་སོགས་ལ་དགའ་ཞེན་མེད་པར་ད་དུང་དེར་སྐྱོན་དང་ཆ་དང་ནོར་ནོར་འཁྲུལ་ལུང་པར་མི་བཤོངས་བ་སྤུངས་ནས་ཐ་ཚིག་བསྒྲགས་ན་དེ་ནི་ངས་ཆེས་བླུན་ལྐུགས་གཅིག་ལ་ངོས་འཛིན་བྱེད་བཞིན་ཡོད།

    རྡོ་ཡར་བཀྱག་ནས་ཕ་རོལ་པོའི་དགྲ་བོར་བཞུ་མ་ཐུབ་ཀྱང་རྡོ་ཡར་བཀྱག་ནས་སོ་སོའི་རྐང་པའི་སྟེང་དུ་བཞུས་ན་དེ་ལས་ཆེས་རྨོངས་པ་དང་དེ་ལས་ཆེས་ལྐུག་པ་ཞིག་ག་ནས་ཡོད།

    Reply
  14. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས་ལྷ་བཟང་ཚེ་རིང་ལགས་ལ་དམིགས་བསལ་གྱིས་ཐུགས་བརྩེ་བ་གནང་་གི་འདུག ལྷ་བཟང་ཚེ་རིང་གི་མིང་ཡང་༧གོང་ས་མཆོག་གིས་མཁྱེན་གི་འདུག རང་བཙན་དང་དབུ་མའི་ལམ་གྱི་ཕྱོགས་ལ་ཁོང་རྣམ་པ་གཉིས་ཀས་བཀའ་མོལ་ཡང་གནང་འདུག མཐའ་དོན་དེར་ལྷ་བཟང་ཚེ་རིང་གིས་༧གོང་ས་མཆོག་ལ་སྐྱབས་སུ་མཆིའོ། དེ་དེ་བཞིན་ནོ་ཞེས་པའི་ལན་ཡང་ཕུལ་འདུག རེད་དེ།་ཆབ་སྲིད་ཀྱི་གནས་སྟངས་དེ་དད་པ་དམ་ཚིག་ཇི་བཞིན་འདུག་གི་མ་རེད། འགྱུར་བའི་རང་བཞིན་དང་། རྩུབ་པའི་རང་བཞིན་ཞིག་རེད། དེ་དུས་ལྷ་བཟང་ཚེ་རིང་ལགས་ཀྱིས་བསྐྱར་དུ་བསམ་བློ་བཏང་ན་ཡང་དེ་ལ་སྐྱོན་དང་ཉེས་པ་ཡོད་པ་ཞིག་ལ་བརྩི་ཐུབ་གི་མི་འདུག

    (གོང་གསལ་གྱི་སྐད་ཆ་འདི་བོད་པའི་གསར་འགོད་པ་ཕལ་ཆེ་བས་ཤེས་གི་རེད། གོ་ཡོད་པ་རེད།)

    Reply
  15. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་མི་ཞིག་གིས་རྒྱལ་ལོ་དོན་གྲུབ་གླེང་འདུག དེ་ཡག་པོ་ཞེ་དྲག་རེད། བཙན་བྱོལ་ནང་དུ་རྒྱལ་ལོ་དོན་གྲུབ་སྐོར་ལ་བཤད་སྟངས་མང་བོ་ཞེ་དྲག་ཡོད་པ་རེད། དེའི་ཁྲོད་ནས་གལ་ཆེན་གཅིག་ནི་སྔར་ཏིང་ཞོ་ཕང་གིས་རྒྱལ་ལོ་དོན་གྲུབ་ལ་རང་བཙན་མ་ཐེ་བའི་གཞན་བཤད་ཆོག་པའི་སྐད་ཆ་དེ་བཤད་ཡོད་མེད་དང་བཤད་ཡོད་ཀྱང་ཞོར་དུ་ག་རེ་གནང་ཡོད་མེད་དེ་རེད། མི་རྒན་ད་ལྟ་ཡོད་ཐོག་ལ་དོན་དག་འདི་གསལ་བོ་བཟོས་ན་ཡག་པོ་རེད། ཤེས་མཁན་ཡོད་ན་བཤད་རན་རེད།

    Reply
  16. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    རྒན་ལྷ་བཟང་ལགས་ལ་བོད་དོན་ལ་སེམས་ཤུགས་མེད་པ་དང་ཤ་ཚ་མེད་པ་གཏན་ནས་མ་རེད། ཡིན་ན་ཡང་། ཁོང་རང་གིས་ནམ་རྒྱུན་
    ནས་རང་གཞུང་དང་རང་གཞུང་གི་མགོ་ཁྲིད་དག་ལ་གུས་བརྩི་དང་མཐོང་ཆེན་ཁྱོན་ནས་བྱེད་ཀྱིན་མི་འདུག ངོ་མ་བཤད་ན་བོད་མི་སུ་
    ཡིན་ན་ཡང་རང་གི་གཞུང་དང་རང་གི་མགོ་ཁྲིད་རྣམ་པར་བརྩི་འཇོག་ཅུང་ཡོད་ན་ཡག་པོ་རེད། གལ་སྲིད་ཁྱོེད་ཀྱིས་བརྩི་
    འཇོག་དང་མཐོང་ཆེན་མི་བྱེད་ན་ཡང་། རྟག་ཏུ་རང་གཞུང་ལ་སྐྱོན་བརྗོད་དང་ཉེས་འཛུགས་རྐྱང་རྐྱང་བྱས་བ་ཡིན་ན་མི་དམངས་
    ལ་བག་ཆགས་དང་ཤུགས་རྐྱེན་ངན་པ་འཇོག་གི་རེད། དེར་བརྟེན་རང་གཞུང་དང་མགོ་ཁྲིད་རྣམ་པར་མ་འགྲིགས་ས་དང་མ་འཇོན་ས་ཡོད་ན་ཁྱེད་ཀྱིས་གསལ་བཤད་དང་འབྲེལ་ནས་རེམ་འདེགས་བྱེད་བྱེད་ན་འོས་འཚམས་པ་ཞིག་མ་རེད་དམ། དེ་ལས་ལྡོག་ཏེ་རྟག་ཏུ་སྐྱོན་བརྗོད་དང་ཉེས་འཛུགས་རྐྱང་རྐྱང་བྱས་ཏེ་མི་མང་གི་གཞུང་མགོ་སྟེང་ལོག་བཅུགས་ན་ཁྱེད་ལའང་དགོས་མཚན་ཞིག་ཡོད་རྒྱུ་མ་རེད། ངོ་མ་བཤད་ན་ཁྱེད་ལ་དམིགས་ཡུལ་ཅི་ཞིག་ཡོད་བ་ཤེས་ཀྱིན་མི་འདུག དམིགས་ཡུལ་ངན་པ་ཞིག་ཡོད་པའི་དོགས་པ་ཡོད། ནམ་རྒྱུན་ནས་༧་གོང་ས་མཆོག་དང་རང་གཞུང་གི་ལྡོག་ཕྱོགས་ནས་ལངས་བསྡད་ཀི འདི་ལ་ལྟོས་ན་ཁྱེད་ངོ་མ་ཡ་མཚན་ཞིག་རེད།དོགས་པ་མི་ཡོང་རང་ཡང་རེད།ལྷག་པར་ཏུ་ཁྱེད་ཀྱིས་ནམ་རྒྱུན་ནས་༧གོང་ས་མཆོག་ལ་ངན་ཁག་དཀྲིགས་ཀྱིན་འདུག ད་ཐེངས་ཡང་ཁྱེད་ཀྱིས་༧གོང་ས་མཆོག་ལ་ནམ་སར་མི་གཤོང་བའི་ངན་ཁག་ཞིག་དཀྲིགས་འདུག ༧་གོང་ས་མཆོག་གིས་སྲིད་འགན་འཁུར་བའི་སྐབས་སུ་ཁྱེད་ཀྱིས་འོས་འགན་དེ་མི་དམངས་ལ་བརྩི་སྤྲོད་དགོས་རབས་བཤད་དེ་མི་དམངས་ལ་འུར་སྒྲོགས་སློང་གི་འདུག ད་ཐེངས་༧་གོང་ས་མཆོག་གིས་ཆབ་སྲིད་ཀྱི་འོས་འགན་དེ་བརྩི་སྤྲད་ཚར་རྗེས་ཡང་ཁྱེད་ཀྱི་ཆབ་སྲིད་ཀྱི་འོས་འགན་བརྩི་སྤྲོད་མི་ཉན་ཚུལ་བཤད་དེ་ངན་ཁག་དཀྲིག་གི་འདུག འདི་ལྟར་༧་གོང་ས་མཆོག་ལུག་རྫི་དང་བོད་མི་རྣམས་ལུག་ལ་དཔེ་ལངས་ནས་ལུག་རྫིས་ལུག་རྣམས་རྩ་བཟང་ས་དང་ཡག་ས་ཞིག་ལ་ཁྲིད་རྒྱུ་ཡིན་ཟེར་ན་ཡར་འདེད་མར་འདེད་བྱས་བྱས་ནས་མཐར་རྩ་བཟང་ས་དང་ཡག་ས་ཞིག་མ་རེག་ཐལ་ཟེར་ནས་ལུག་ཚང་མ་བྱེ་ཐང་ལ་བཀྲམས་ཏེ་ལུག་རྫི་འགྲོ་སོང་ན་ལུག་རྫིའི་ལས་འགན་མ་འགྲུབ་ཚུལ་བཤད་དེ་༧་གོང་ས་མཆོག་ལ་ངན་ཁག་དཀྲིག་གི་འདུག རྒན་པོ་ཧོན་ལོག་ཁྱོས་ཤེས་རྒྱུ་ཞིག་ལ་༧གོང་ས་མཆོག་གིས་བོད་མི་རྣམས་བྱེ་ཐང་ལ་བཀྲམས་མེད་པར་རྩ་ཐང་དུ་འཚོས་ཡོད་བ་ཁྱེད་ཀྱིས་ཤེས་དགོས་པ་རེད། ཁྱོད་ལྟ་བུའི་མི་རེ་ཟུང་གིས་༧གོང་ས་མཆོག་གི་རྩ་ཐང་ནས་རྩ་ཟ་ཀི་ཟ་ཀི་ལ་ཡང་བྱེ་ཐང་ནས་ཡོད་པའི་སྣང་བ་ཞིག་མ་གཏོགས་འཆར་ཀྱིན་མེད་པ་རེད། དེ་ནི་བཟང་བྱས་ན་ངན་དང་ཇ་ལུད་ན་གཅིན་ཟེར་བའི་དཔེ་ལྟར་དྲིན་ཆེན་ལ་དྲིན་ལོག་བྱས་བ་རེད། པཎ་ཆེན་རིན་པོ་ཆེ་ཡང་ཁྱེད་ད་ལྟ་བའི་མི་སྐོར་ཞིག་གིས་ཚོང་བ་རྒྱགས་པ་ཞེས་སོགས་ཀྱི་ངན་ཁག་དཀྲིག་ཏེ་ཁོང་གི་མི་རིགས་འདི་ལ་བཅིངས་བའི་བརྩེ་སེམས་དང་ལ་རྒྱ་ཕུགགས་སེམས་སོགས་རྐང་ལོག་ཏུ་བརྫིས་ཏེ་འཆི་ལམ་དུ་བརྫངས་བ་རེད། ༧་གོང་ས་མཆོག་ལ་ཡང་དེ་ལྟར་མི་བྱེད་པའི་ངེས་པ་མི་འདུག དེ་བས་༧་གོང་ས་མཆོག་གིས་ཀྱང་རྒྱུན་ཏུ་ནས་ཁོང་རང་ཉིད་ཕྱི་ཕྱོགས་ཀྱི་དགྲ་མི་སོགས་ལ་ཞེ་སྣང་དང་འཇིགས་སྐྲག་མི་འདུག་ལ་ཞེ་ས་དང་སྐྲག་ས་དེ་རང་ཉིད་ཀྱི་ནང་གི་མི་ཁག་ཅིག་ལ་སྐྲག་གི་འདུག་གསུངས་བ་ཡང་དགོས་པ་དང་རྒྱུ་མཚན་ཡོད་བ་རེད། དེར་བརྟེན་ཁྱོད་དང་ཁྱོད་སོགས་དམིགས་ཡུལ་དང་ཕུགས་སེམས་བཟང་ངན་ཅི་ཞིག་ཡོད་མེད་གསལ་བོ་མི་འདུག་པས་དོགས་པ་ཞིག་རང་བཞིན་གྱི་ཡོང་གི་འདུག

    Reply
  17. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    གསར་འགོད་པའི་བཅར་འདྲིའི་ལན་དུ་རྒན་ལྷ་བཟང་ཚེ་རིང་ལགས་ནས་ཆབ་སྲིད་རང་བཞིན་གྱི་གནད་འགག་ཅིག་དྲང་གསུང་གནང་བར་སྙིང་ནས་གུས་འདུད་ཞུ། དྲང་ལམ་ཙི་ཙིའི་རྒྱུ་ལམ་ལས་དོག་པའི་བཙན་བྱོལ་བའི་དཀྱིལ་འཁོར་དུ། འདི་ལྟར་ཟོལ་མེད་ཀྱི་སྐད་ཆ་བཤད་པ་ནི་ཉེན་ཁ་ཞིག་ཡིན་དུས་དེ་ཚོད་ཀྱི་བློས་བཏང་ཞིག་ཀྱང་བྱས་ལོས་ཡོད། རྩ་བའི་གནད་འགག་དབུ་མའི་ལམ་གྱི་སྲིད་ཇུས་ལ་དམིགས་ཡུལ་ཙམ་ཞིག་ཡོད་དུ་སྲིད་ཀྱང་། ཐབས་ལམ་གང་ཞིག་ལ་བརྟེན་ནས་དམིགས་ཡུལ་དེ་འགྲུབ་པའི་གདེང་ཚོད་ནི་ད་ལྟའི་ཆར་སུ་ལའང་མེད་པ་རེད། འོན་ཀྱང་སྤྲེལ་ལད་ངོ་དགའ་དང་གཞན་ཟེར་རྗེས་བརྗོད་ཙམ་ལས་ཕུགས་ཀྱི་ཁེ་ཕན་ཕྱོགས་ལ་བསམ་བློ་འཇུག་པར་མི་ནུས་པའི་སྐབས་འཚོལ་བ་ཁག་ཅིག་གི་ལྟོ་གོས་ཀྱི་མ་རྩ་ལྟ་བུའི་སྲིད་ཇུས་འདི་གཅེས་སྤྲས་ཀྱིས་སྦིར་བསྒྲགས་ལ་མགོ་འཁོར་བ་ནི་བཙན་བྱོལ་བའི་སྤྱི་ཚོགས་སུ་མང་བ་ལས་གཞིས་སུ་ཉུང་བ་མངོན། དེས་ན་ད་རེས་རྒན་ལྷ་བཟང་ཚེ་རིང་ལགས་ཀྱི་བཀའ་ལན་དེ་མཐོང་ཐོས་ཡོད་པའི་བོད་མི་མི་ཉུང་བ་ཞིག་ལ་གོ་རྒྱ་གསར་པ་རེ་ཕྱེ་ཡོད་པའི་ཡིད་ཆེས་ཀྱང་མི་དམན་ཙམ་རྙེད་སོང་། ཤར་ཁུག་དང་ལྷ་མོ་སྐྱབས་ད་དུང་དབུ་མའི་ལས་འགུལ་ཁང་གི་མི་ཚོས་བཤད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ནི་རང་ཁ་གསོ་བའི་ཐབས་ལམ་ཙམ་ལས། མི་རིགས་ཤིག་གི་རྩ་དོན་དང་ཆབ་སྲིད་རང་བཞིན་གྱི་འཐབ་རྩོད་ཅིག་གཏན་ནས་མ་རེད་པས་ཁོང་ཚོས་བཤད་པའི་དབུ་མའི་ལམ་དང་། ༧གོང་ས་མཆོག་གི་གསུང་པའི་དབུ་མའི་ལམ་གཉིས་ལ་ཆ་མཐུན་ཁྱད་འཕགས་རེ་བརྩི་རྒྱུ་ཡོད་པ་ཤེས་ཕན་མགོ་སྙོག་ད་སྔ་དང་འདྲ་བར་མི་འབྱུང་བའང་སྨོས་མེད་རེད། སྐབས་སྔ་མའི་བཀའ་ཤག་ནང་ལ་དབུ་མའི་ལམ་ལ་ཡིད་ཆེས་གཏན་ནས་མེད་ཀྱང་ཁ་ཡིས་བདེན་ཁ་དབུ་མའི་ལམ་ལ་སྟེར་མཁན། དབུ་མའི་ལམ་གྱི་སྲིད་བྱུས་ལ་གོ་བ་རང་རྐྱ་ཕེར་བ་མེད་ཀྱང་དབུ་མའི་ལམ་གྱི་དགོངས་དོན་འགྲུབ་པར་ཐག་མི་རིང་ཚུལ་སྤོམ་བཤད་གནང་མཁན་གྱི་སྤྱི་འཐུས་སོགས་འདྲ་མིན་སྣ་ཚོགས་ཤིག་འབྱུང་བ་འདིའང་ཕུགས་དེད་ན་རང་རྩ་ལ་ཐུག་པ་ལས་ཅི་ཡང་མ་རེད། དེར་བརྟེན་རྒན་ལྷ་བཟང་ལགས་ཀྱི་གསུང་དེ་གནས་ལུགས་ཁོ་ན་ལས་ཅི་ཡང་མ་རེད་ཞུ་རྒྱུ་ཡིན།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སྲ་ཆ་ཁ་ཤས་གོང་ལ་ཁ་བརྡར་སྤེལ་ཟིན་པ་འདིར་བཀོད་པ།

    ཡང་འདི་རིང་། དུས་བབ་ནང་ལ་འཛུལ་དུས་གསང་ཚིག་ནོར་བའི་དབང་གིས་ང་ཀརྨ་རྡོ་རྗེ་འཛུལ་ས་མི་འདུག ཡང་Karmadorjee ཟེར་བ་འདི་ཡང་ང་མིན་ལགས། གནས་སྐབས་ཁ་བརྡ་དང་དུས་བབ་གཉིས་ཀར་མཆན་བུ་འབྲི་འཚམས་བཞག་དགོས་བྱུང་སོང་བས་དམ་ཚིག་ལྡན་པའི་དྲ་གྲོགས་ཆེད་དུའོ། ཚང་མར་ཐུགས་རྗེ་ཆེ་དང་། བཀྲ་ཤིས་བདེ་ལེགས་ཡོད། དགེའོ། །
    karmadorjee
    ༢༠༡༡/༡༡/༢༥ ཉིན་འདོན་སྤེལ་བྱས། བཀྲ་ཤིས་མིང་ཅན་ལགས། ཨ་མོད་དང་དབུས་པ། ཁམས་པ་ཞེས་མིང་ལོགས་སུ་བཟུང་ཏེ་སྐད་ཆ་མ་བཤད། སངས་རྒྱས་བསྟན་པ་གཅིག་རེད་ལ། ཁ་བ་གངས་ལྗོངས་ཡང་གཅིག་རེད། རྒྱ་ནག་རྒྱལ་ཁབ་ཀྱང་གཅིག་རེད། ་་་་་་་་་་་་་་་་་་་་་་་་་་

    Reply
  19. karmadorjee says:
    ལོ་ 14 སྔོན།

    བཀྲ་ཤིས་མིང་ཅན་ལགས། ཨ་མོད་དང་དབུས་པ། ཁམས་པ་ཞེས་མིང་ལོགས་སུ་བཟུང་ཏེ་སྐད་ཆ་མ་བཤད། སངས་རྒྱས་བསྟན་པ་གཅིག་རེད་ལ། ཁ་བ་གངས་ལྗོངས་ཡང་གཅིག་རེད། རྒྱ་ནག་རྒྱལ་ཁབ་ཀྱང་གཅིག་རེད། བོད་པའི་རྩ་དོན་ཡང་གཅིག་རེད། རྒྱའི་འོག་ཏུ་དཀའ་སྡུག་མྱོང་མཁན་བོད་པ་ཡང་ཆོལ་ཁ་གསུམ་གྱི་མི་དམངས་རེད་ལ། ལོ་ངོ་ལྔ་བཅུའི་རིང་མིའི་ལོང་པར་འཁྱིམ་ཉུལ་གྱིས་སྤྲང་བོ་དང་གཡོག་པའི་འཚོ་བ་སྐྱེལ་མཁན་ཡང་བོད་ཆོལ་ཁ་གསུམ་གྱི་མི་དམངས་རེད། འཛམ་གླིང་ཐོག་བོད་དོན་ཟེར་ནས་ཅིག་གླེང་གི་ཡོད་པ་དེ་ཡང་བོད་ཆོལ་ཁ་གསུམ་གྱི་བདེ་སྡུག་རེད། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་ད་བར་ངྷ་རམ་ས་ལ་ནས་མེར་འཚིག་མེར་གཏུག་གི་འཚོ་བ་སྐྱེལ་བཞིན་ཡོད་པ་འདི་ཡང་ཆོལ་ཁ་གསུམ་གྱི་ཆེད་རེད། མགོ་བཀའ་བློན་ཁྲི་པ་ནས་འོག་སྲིང་ལམ་གྱི་པག་ལེབ་བཙོང་མཁན་ཡང་ཆོལ་ཁ་གསུམ་གྱི་མི་རེད། ད་བར་སྐྱིད་ཉལ་བརྒྱབ་སྟེ། ཆོས་ཚོགས་བཙུགས་རབས་དང་སྦྱན་བདག་མང་རབས། ལྷ་མཆོད་རབས་དང་འདྲེ་འདུལ་རབས། ཕྱི་མ་གལ་ཆེ་རབས་དང་ཚེ་འདུ་གལ་ཆུང་རབས་བཤད་དེ་སྐྱིད་ཉལ་རྒྱག་མཁན་དག་སུ་རེད།

    Reply
  20. བཀྲ་ཤིས། says:
    ལོ་ 14 སྔོན།

    ལྷ་བཟང་ལགས་ཀྱི་གང་གསུང་བདེན་པ་རེད། ལམ་དབུའི་མའི་སྲིད་བྱུས་ཟེར་བ་རྒྱ་རྒན་ཁ་ཤས་དང་རྒྱ་ལོ་དོན་འགྲུབ་ཀྱིས་རྙེད་པའི་གཏམ་ངན་སྙིང་པོ་མེད་ཞྀག་རེད་ལ། མགོ་གཡོག་སྐོར་སྐོར་་རང་རེད་། དེ་ལ་སྒུགས་ནས་སྡོད་ཀྱི་ཡོད་མ་རེད།

    དེང་སང་ཨ་མདོ་བ་ཁག་གཅིག་དང་དབུས་གཙང་གི་མི་མགོ་བདེ་དེ་ཚོས་སྐད་ཆ་ལ་ཉན་ཤེས་ཀྱི་མི་འདུག ཐེངས་རེ་གྲ་པ་དགེ་འདུན་པ་སྤྱི་འཐུས་སུ་ཡོང་ན་མི་ཡག་རབས་དང་། གྲོས་ཚོགས་ནང་གྲ་བཙུན་མེད་པ་བཟོ་དགོས་པའི་བསམ་ཚུལ་བཤད་དེ་དགེ་འདུན་པས་ཆབ་སྲིད་ལ་ཐེ་བྱུས་བྱས་ན་འགྲིག་གི་མེད་ཚུལ་བཤད་ཡོང་གི་རེད། ཡང་ཐེངས་རེ་བླ་ཆེན་ཁག་གིས་གཙོས་པའི་དགེ་འདུན་པས་ཆབ་སྲིད་སྒྲུབ་ཀྱི་མི་འདུག་ཟེར་ནས་གཅིག་བཤད་ཡོང་གི་འདུག གང་ལ་ཉན་དགོས་ནི་ཡིན་ཅང་མི་ཤེས་ཀི

    ཁོ་རང་རང་ཚོའི་ལངས་ཕྱོགས་ལ་ཅིག་གནོད་ཀི་བསམ་དུས་གྲ་པ་དགེ་འདུན་པ་མི་དགོས་ཟེར་རྒྱུ་རེད། ཆབ་སྲིད་ནང་བེད་སྦྱོད་གཏོང་བསམ་དུས་དགེ་འདུན་བླ་ཆེན་ཁག་ལངས་དགོས་རབས་བཤད་ཀི་རེད། ད་ཆབ་སྲིད་པའི་ཁ་ལ་ཅང་ཉན་རྒྱུ་ཡོད་ནི་མ་རེད།

    དོན་ངོ་མ་ཡི་ན་གྲ་པ་ཡིན་ན་ཡང་རེད། བླ་མ་ཡིན་ན་རེད། བླ་ཆེན་ཡིན་ན་རེད། སོ་སོའི་ལས་འགན་བསླབ་པ་སྲུང་རྒྱུ་རེད། ཆོས་བཞྀན་སྦྱོད་རྒྱུ་རེད་མ་གཏོགས་ཆབ་སྲིད་ཟིང་ཆ་ནང་ལངས་རྒྱུ་དེ་མ་རེད། ཆབ་སྲིད་ནང་ལངས་ན་རྐུག་སྟེགས་འཐབ་རྩོད་དགོས་རེད་ཐ་ན་སྤྱི་འཐུས་ཙམ་ཐོབ་དགོས་མགོ་བདེ་འཁྲབ་དགོས་རེད། དེ་དགེ་འདུན་པའི་ལས་ཀ་མ་རེད།

    Reply
  21. karmadorjee says:
    ལོ་ 14 སྔོན།

    བུ་ཡོན་ཏན་རྒྱ་མཚོ་ལགས་ཀྱི་བཀའ་ལན། (ཁྱེད་ཀྱི་དྲི་བ་འདིའི་ཐད་ང་ལ་བསམ་ཚུལ་མང་པོ་ཞིག་ཞུ་རྒྱུ་ཡོད། ནམ་ཞིག་བོད་རྒྱ་གཉིས་གདོང་ཐུག་བརྒྱབ་སྟེ་བོད་མི་ཁྲི་ཁ་ཤས་ཉི་མ་གཅིག་ལ་བསད་པ་ཡིན་ན། རྒྱ་གཞུང་གིས་དེ་རྒྱལ་ཁ་ཆེན་པོ་ཞིག་ལ་བརྩི་བ་མ་རེད་ལ། བོད་རང་ལ་མཚོན་ནའང་དེ་ཙམ་གྱི་གྱོང་ཆེན་པོ་མ་རེད། ལྐོག་ལྐོག་སིལ་སིལ་གྱིས་བོད་པའི་ཆོས་དང་རིག་གཞུང་གི་ཟུར་དང་སྣེ་ཙམ་རེ་རྩ་མེད་བཏང་བ་ཡིན་ན། རྒྱ་གཞུང་གི་དམིགས་ཡུལ་འགྲུབ་ཀྱི་ཡོད་པ་རེད་ལ། བོད་རང་ལ་མཚོན་ནའང་མི་རིགས་རྩ་མེད་ཀྱི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་ཡི་ཡོད་པ་རེད། གནས་ལུགས་དེ་ཧ་གོ་བའི་ཐོག་ནས་ཕྱི་ལོགས་སུ་བཞུགས་པའི་བླ་སྤྲུལ་མི་ཆེན་ཚོས་ཆེ་ས་ནས་བོད་མི་རིགས་དང་རྒྱལ་ཁབ། བསྟན་པ་ཆབ་སྲིད་ཡུན་གནས་ཡོང་ཆེད་དང་། ཆུང་ས་ནས་སོ་སོའི་ཆོས་ལུགས་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་ལ་འགན་འཁྲི་ཡོད་པ་དང་། རྗེས་འཇུག་སྐྱ་སེར་མི་མང་གི་མངོན་འདོད་ལ་རྒྱབ་སྐྱོར་གནང་སྟེ། ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་ཕྱག་ལས་ཤིག་གནང་དགོས་པ་དང་། མི་རྒྱུ་གཉིས་ཐོག་ནས་རྩ་དོན་ཆེད་འགུལ་ཀྱོག་ཅིག་རྒྱག་རྒྱུའི་དུས་ཚོད་སླེབས་ཡོད་པ་རེད། བོད་ནང་དུ་ཚེ་སྲོག་གིས་ཆོས་རིག་སྲུང་སྐྱོབ་བྱེད་ཀྱི་ཡོད་དུས། ཕྱི་ཕྱོགས་ནས་དེ་ལས་རྒྱ་ཆེ་བ་ཞིག་དང་གཏིང་ཟབ་པ་ཞིག་སྒྲུབ་ཀྱི་ཡོད་མདོག་མདོག་བྱས་ཏེ་སྡོད་ས་ཡོད་པ་མ་རེད། བཙན་བྱོལ་དུ་དགོན་པ་རྫིག་པོ་མང་པོ་བརྒྱབ་པ་དང་། ཕྱི་རྒྱལ་དུ་ཆོས་ཚོགས་མང་པོ་བཙུགས་པ་དེ་སངས་རྒྱས་བསྟན་པ་སྤེལ་ཆེད་ཡིན་རྒྱུ་རེད། དེ་འགྲིག་གི་ཡོད་པ་རེད། དོན་ངོ་མའི་ཐོག་ནས་སངས་རྒྱས་བསྟན་པ་གནས་དང་མི་གནས་དེ། བོད་གནས་དང་མ་གནས་ལ་རག་ལས་ཡོད་པ་ཧ་གོ་དགོས་པ་རེད)

    རྒན་ལྷ་བཟང་ཚེ་རིང་ལགས་ཀྱི་བཀའ་ལན། (བོད་ནང་ལ་ངས་བཤད་ཤེས་ཀྱི་མེད། བཙན་བྱོལ་ནང་མི་ཚང་མར་འདིའི་ཐད་བསམ་ཚུལ་ཏན་ཏན་ཡོད་པ་རེད། མི་ཁ་ཤས་ཀྱིས་དད་པ་དག་སྣང་གིས་བཤད་ཐུབ་ཀྱི་ཡོད་པ་མ་རེད། ཡང་ཁ་ཤས་ཀྱིས་སོ་སོས་ལས་འགུལ་སྤེལ་ཐུབ་དང་མ་ཐུབ་ཐོག་ནས་ཤོད་ཐུབ་ཀྱི་ཡོད་པ་མ་རེད། ང་རང་སྒེར་ལ་མཚོན་ན། སྔོན་མ་གཞོན་ནུའི་ནང་ཡོད་སྐབས་ལས་འགུལ་སྤེལ་བ་དང་མགོ་ཁྲིད་པ་སོགས་གང་ཐུབ་བྱས་ཡོད་བསམ་པ་ཞིག་ཡོད། ངས་བཤད་འདོད་པ་དེ་གང་ཡིན་ཟེར་ན། རྒྱལ་ཁབ་དང་མི་རིགས་ཀྱི་བདེ་བ་སྡུག་བསྔལ་ལས་ལྷག་པའི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། སྐུ་མཁྱེན། བོད་པའི་སྤྱི་ཚོགས་ནང་མ་བཞུགས་རོགས། སྤྱི་ཚོགས་ཀྱི་ཁེ་ཕན་མ་བཞེས་རོགས་ཞུ་རྒྱུ་ཡིན། རྒྱལ་ཁབ་དང་མི་རིགས་སྤངས་ཏེ་སོ་སོ་གཅིག་པུ་སངས་རྒྱས་རྒྱུ་དང་། སྐྱེ་བ་ཕྱི་མ་དང་ཕུགས་ཀྱི་དོན་དག་འདྲ་སྒྲུབ་ནས་སྡོད་མཁན་གྱི་ཆོས་པ་ཞིག་ངས་ངོས་ལེན་ཞུ་ཐུབ་ཀྱི་མི་འདུག དེ་འདྲའི་ཆོས་པ་ཞིག་ད་ལྟའི་དུས་ཚོད་འདི་ལ་བོད་མི་མང་ལའང་དགོས་མཁོ་མི་འདུག )

    Reply
  22. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་ལགས་ཀྱིས་སྐད་ཆ་ཚང་མ་བཤད་སྟངས་ཡག་པོ་འདུག འོན་ཀྱང་དོན་དག་གི་སྒང་ནས་ཁ་ཤས་ལ་མོས་མཐུན་བྱ་ཐུབ་ཀྱི་མི་འདུག དེ་ནས་བོད་རང་བཙན་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་ཡོད་པ་དང་། གཞུང་ལ་ངོ་རྒོལ་བྱ་དགོས་སྐོར་ལ་བསྒྲགས་ལུང་བསྒྲགས་བྱེད་ཀྱི་ཡོད་པ་འདི་སྐད་ཆ་གསར་པ་ཞིག་མ་རེད། རྒན་ལགས་ཀྱིས་ལོ་བཅོ་ལྔ་ཉི་ཤུའི་གོང་ནས་ཁོ་རང་གིས་བཤད་བསྡད་པ་ཞིག་རེད།
    ཡིན་ནའང་ཆོས་ལུགས་ཆོས་བརྒྱུད་ཁག་གི་བླ་སྤྲུལ་དགེ་བཤེས་ཚོས་ཐོག་ཚོར་ཤུགས་རྣོན་པོས་སྐད་ཆ་འགའ་བཤད་ཡོད་པ་དེ་ཧ་ཅང་ཡག་པོ་འདུག་ལ། གསར་པ་འདྲ་ཞིག་ཀྱང་རེད། དུས་བབ་ཀྱི་གསར་འགོད་པ་དེ་སྔ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་སུའང་འདྲི་བ་འདི་བཏང་འདུག་ལ། ཁོས་ཀྱང་ཆུ་བཞུར་བཞུར་གྱིས་སྡུག་དམས་དང་འཁངས་ར་མང་པོ་ཞིག་བསྐྱོན་འདུག མ་གཞི་རྒན་ལྷ་བཟང་ལ་དད་པ་ཡོད་མེད་ཀྱི་སྐད་ཆ་ཞིག་སྔ་མོ་ནས་ཡོད་ཀྱང་། ཐེངས་འདིའི་སྐད་ཆ་དེ་སྒེར་ལ་ཆོས་དད་ཡོད་མེད་ཙམ་མིན་པར། རྒྱ་ཆེའི་མང་ཚོགས་མང་པོ་ཞིག་གི་དགོངས་ཚུལ་དེ་ག་རང་རེད་བསམ་གྱི་འདུག ༧རྒྱལ་བ་རིན་པོ་ཆེ་འཕུད། དཔལ་རྒྱལ་བ་ཀརྨ་པ་དང་ཀིརྟི་རིན་པོ་ཆེ། ཤིང་བཟའ་སྤྲུལ་སྐུ། དེ་དང་བླ་སྤྲུལ་གོ་མིང་ཆུང་ཆུང་ཆེ་རེ་གཉིས་ཤིག་མ་རྟོགས། བོད་པའི་ཆོས་བརྒྱུད་ཆོས་ལུགས་དང་བཅས་པའི་དབུ་འཁྲིད་བླ་ཆེན་རྣམ་བཙན་བྱོལ་ལུང་པར་ཡོད་ཀྱང་རྩ་དོན་ཐོག་ལས་ཀ་སྣ་གཅིག་ཀྱང་སྟོན་རྒྱུ་ཡོད་པ་མ་རེད། དེ་དག་ཐོག་སྔོན་མ་ནས་བསམ་ཚུལ་ཡོད་ལ། ད་ལྟ་ལྷག་པར་དུ་ཁོང་ཁྲོ་ཟ་ཡོང་གི་འདུག

    Reply
  23. ནད་པ says:
    ལོ་ 14 སྔོན།

    ལྷག་བསམ་ཚེ་རིང་ལགས་ཀྱིས་བོད་རང་བཙན་གྱི་འབོད་སྒྲ་བསྒྲགས་ཏེ་སྔོན་མ་རྒྱ་གར་གྱི་ས་ཆའི་སྟེང་དུ་གཅིན་པ་ཞིག་བཏང་ཡང་ཕམ་སེམས་སྐྱེ་བཞིན་ཡོད་ཚུལ་གཏམ་བཤད་བྱས་ཡོད།

    དེ་རིང་ཁོང་ཁོང་གིས་ང་ཚོའི་མགོ་ཐོག་ཡོད་པའི་གནམ་འདི་རྒྱ་གར་གྱི་གནམ་དང་ང་ཚོའི་རྐང་འོག་ཏུ་ཡོད་པའི་ས་འདི་རྒྱ་གར་གྱི་ས་རེད་ཅེས་མིག་ཆུ་བཞུར་ཀྱིན་འགྲེལ་བཤད་བརྒྱབ་འདུག

    བོད་རང་བཙན་གྱི་འཐབ་རྩོད་པ་ཞིག་དང་། བོད་མི་རྒཡལ་གཅེས་རིང་ལུགས་པ་ཞིག་ཡིན་ཟེར་མཁན་ཞིག་གིས་གནད་ལུགས་དེ་ཤེས་བཞིན་དུ་ང་ཚོའི་མགོ་ཐོག་གནམ་དང་ང་ཚོའི་རྐང་སྟེང་འོག་ཏུ་ཡོད་པའི་རྒྱ་གར་གྱི་གནམ་ས་གཉིས་ཀྱི་བར་དུ་ཁོང་གིས་འཆར་གཞི་བཟོས། ས་ཆ་ཉོས། ཐོག་བརྩེགས་ཅན་གྱི་ཁང་པ་ཡར་ཅིའི་ཕྱིར་བསླངས་བ་རེད་དམ།

    ད་དུང་ཁོང་གིས་ལོ་མང་དཔེ་དེབ་ཀྱི་ཚོང་ཁང་ཞིག་གཉེར་ནས་དེའི་ནང་དུ་བོད་ཀྱི་རྒྱལ་རབས་དང་། ལོ་རྒྱུས། ནང་ཆོས། ༸ གོང་ས་མཆོག་གི་བཀའ་སློབ་སོགས་དེབ་མང་དག་གཅིག་ཕྱིར་ཚོང་བྱས་ཏེ་འཚོ་གནས་བྱེད་བཞིན་ཡོད་ཀྱང་ད་དུང་བོད་དང་བོད་མིའི་བླ་ན་མེད་པའི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་༸ གོང་ས་ཡིད་བ།ིན་ནོར་བུས་ལུག་རྫིས་ལུག་བྱེ་ཐང་འཇོག་བཞིན་པའི་དཔེ་མཚོན་ཐབས་སྡུག་དེ་འདྲ་བཤད་ཕོད་པ་དེ་ངོ་ཡ་ཡ་མཚན་དང་བློ་ཕམ་སྐྱེ་གཞི་ཞིག་མ་ཡིན་ནམ།

    Reply
  24. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་ཞེ་དྲག་གླེང་སོང་། སྐད་ཆའི་ཚིག་དོན་རེ་རེ་བཞིན་ཕྱི་སློག་ནང་སློག་བྱས་སོང་། ལྟ་བའི་རྒྱབ་ལྗོངས་རེ་རེ་བཞིན་ལུང་འདྲེན་རིག་སྒྲུབ་བྱས་སོང་། ཐེངས་འདིའི་བཅར་འདྲིའི་སྟེང་བགྲོ་གླེང་གནང་སྟངས་ཡག་པོ་འདུག

    Reply
  25. གནས་ཚང་། says:
    ལོ་ 14 སྔོན།

    གོ་ཐོས་ལྟར་ན་གཡུ་རལ་བཀྲ་རྒྱམ་ཟེར་བ་འདི་ནང་དཀྲུག་མཁན་ཞིག་རེད་ཟེར་བ་བདེན་པ་འདྲ། ཁ་ནས་ཐོན་པ་ནི་རེ་བ་མེད་པ་དང་རྨོངས་གཏམ་རྐྱང་རེད། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ། ས་སྐྱ་གོང་མ། ཕག་གྲུ་གོང་མ། གཙང་བ་རྒྱལ་བོ། རྒྱལ་དབང་རིམ་བྱོན་བཅས་རིམ་པས་ཕེབས་པ་རེད་ལ། བོད་ཀྱི་མིག་ནང་དུ་ཁྲག་ཐོན་ནས་ལུས་མེད་པར་མ་ཟད། ད་དུང་འཚོ་བཞིན་པ་རེད། དེ་བཞིན་དུ་མུ་མཐུད་དུ་འཚོ་ངེས་རེད།

    Reply
  26. ཚེ་དབང་། says:
    ལོ་ 14 སྔོན།

    རྒན་ལགས།ངེད་གཉིས་དང་པོ་ཆོལ་གསུམ་གཅིག་གྱུར་གྱི་རང་སྐྱོང་ལམ་ལུགས་བོད་མའི་མངོན་འདོད་དམ་དམིགས་ཡུལ་ཡིན་མིན་སྐོར་རེད།ངས་ཞུས་ན་ཆོལ་གསུམ་གཅིག་གྱུར་རམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་དྲིལ་བའི་རང་སྐྱོང་ལམ་ལུགས་ཞེས་པ་དེ་འཇོག་ས་དམངས་གཞི་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་ནས་གསུང་གི་ཡོད་དུས།ད་ལྟ་དཔའ་བོ་དཔའ་མོ་དག་གིས་སྐུ་ལུས་མེ་རུ་སྒྲོན་དུས་མངོན་འདོད་དམ་དགོས་པ་གཙོ་བོ་བོད་ལ་རང་དབང་དགོས་གསུང་གི་ཡོད་པ་རེད།རང་དབང་དེ་ཡང་སྨྲ་བརྗོད་རང་དབང་གཙོས་པའི་རང་དབང་ཚང་མ་དགོས་གསུང་གི་ཡོད་པ་རེད།དེ་ཡིན་ན་ངས་ཞུས་པ་གཙོ་བོ་དེ་འདི་རེད།རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ན་རང་དབང་ཡོད་སྲིད་པ་རེད་དམ་ཞེས་པ་དེ་ཡིན།དེང་སང་མི་ཕལ་ཆེ་བས་གསུང་སྟངས་ལྟར་ན་རྒྱ་ནག་གི་རྩ་ཁྲིམས་དེ་རྩ་ཁྲིམས་ཤིག་ཏུ་ངོས་འཛིན་ཁེགས་པོ་རེད་གསུང་གི་ཡོད་པ་རེད།གང་ཡིན་ཞུས་ན།རྒྱ་ནག་གི་གསར་འགོད་པ་ཞིག་གིས་དེང་ཐོག་གི་རྒྱ་ནག་གི་གསར་བརྗེ་བ་གྲགས་ཅན་དང་རྒྱ་ནག་གི་ཁྲིམས་ཕལ་མེ་ཆེ་གཏན་ལ་འབེབས་མྱོང་མཁན་ཁྲིན་ཏྲིན་ལ་དྲི་བ་འདི་འདྲ་ཞིག་དྲིས་པ་རེད།ད་ལྟའི་རྒྱ་ནག་གི་འགྲོ་སྟངས་ལྟར་ན་རྩ་ཁྲིམས་དབང་ཆ་ཆེ་བ་རེད་དམ་ཏང་དབང་ཆ་ཆེ་བ་རེད་ཅེས་དྲིས་དུས།ཁོང་གིས་གསལ་བོ་ཤེས་ཀྱི་མེད་མོད་ཕལ་ཆེར་ཏང་ཆེ་རྒྱུ་རེད་ཅེས་ལབ་པ་རེད།མ་ཟད་ངེད་ཅག་ཚང་མའི་མཐོང་ཐོས་མྱོང་གསུམ་ལ་ཆ་བཞག་ན་ཏང་ཆེ་བ་དེ་དངོས་གནས་རེད།ད་དེ་འདྲ་ཡིན་དུས་ཏང་ལ་རང་དབང་གི་ཁ་འབོད་ལས་དོན་དུ་སྲིད་དབང་སྒེར་གཅོད་པ་རེད།ངས་ཞུས་ན་ངེད་ཅག་གི་ས་གནས་མི་རིགས་རང་སྐྱོང་གི་འཐབ་རྩོད་དེ་རྣམ་པ་འཐབ་རྩོད་ལྟར་ཏུ་སྣང་ཡང་དོན་ལ་ཏང་ལ་འགོ་འདོགས་པ་ཞིག་མ་རེད་དམ།དེ་འདྲ་ཡིན་ན་མི་མང་གི་མངོན་འདོད་དང་ཧ་ཅང་ཧེ་བག་ཆེན་པོ་མ་རེད་དམ་ཞུ་གི་ཡོད།འཐབ་རྩོད་ལ་དམིགས་ཡུལ་གསལ་བོ་མེད་པ་མ་རེད་དམ་ཞུས་པ་ཡིན།

    Reply
  27. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    དུས་སྐབས་དེ་ནས་བཟུང་བོད་མི་རིགས་ཀྱི་མིག་ནས་ཁྲག་བཏོན་ནས་སྡོད་རྒྱུ་ལས་ཐབས་གང་ཡང་ཡོད་པ་མ་རེད།

    Reply
  28. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ཁྱོད་ཚོས་བརྒྱ་བཤད་སྟོང་གླེང་ཅི་བྱས་ཀྱང་་ཉིན་ཞིག་༧གོང་ས་མཆོག་གི་སྐུ་ཞིང་ལ་བཤེགས་དུས་ད་བཟོད་ཁྱེད་ཅག་ཚང་མའི་བསམ་དོན་འགྲུབ་པ་རེད་ལ་དུས་དེ་ནས་བཟུང་ཁྱོད་ཚོར་སྔོན་འགོག་རྒྱག་པའི་མི་གཅིག་ཀྱང་ཡོད་པ་མ་རེད།

    Reply
  29. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ལྷ་བཟང་ཚེ་རིང་གི་མདོ་རྩ་འདི་ན་དེད་ཡོད། སྡོམ་བརྒྱབ་ན་ཁོང་འདི་འདྲ་ཞིག་རེད།
    https://tibettimes.net/wordpress/blogs.php?id=265&post_id=18266

    Reply
  30. མྱི་ནག་ཚང་། says:
    ལོ་ 14 སྔོན།

    འདི་རྒན་ལྷ་མོ་སྐྱབས་ལགས་ཀྱིས་ཡག་པོ་ཞིག་གསུངས་སོང་། ཡིན་ཡང་། རིགས་པའི་གཞུང་ལུགས་ལྟར་ན་མར་ཁི་སི་དང་ཨིན་ཁེ་སི། མའོ་སོགས་ང་ཚོས་དང་ལེན་བྱ་ཁག་པོ་རེད་འདོད། རང་དབང་། ཁེ་དབང་། འདྲ་མཉམ། དཔལ་ཡོན། བདེ་འཇགས་སོགས་གང་ན་གསལ་འདུག

    Reply
  31. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཚེ་བདང་ལགས། དགའ་བསུ་ཞུ། མི་དམངས་ཀྱི་མངོན་འདོད་གཙོ་འཛིན་གྱིས་སྒྲུབ་དགོས་པ་བདེན། ཡིན་ཡང་གཙོ་འཛིན་དེའི་དགོངས་པ་མི་དམངས་ཀྱི་མངོན་འདོད་དང་མ་མཐུན་ཚེ་རང་ངོས་ནས་དབུ་ཁྲིད་མི་གནང་རྒྱུའི་རང་དབང་ཡང་ཡོད། གལ་ཏེ་བོད་མི་དམངས་རང་བཙན་དང་དྲག་པོའི་ཐབས་ལམ་ལ་ཞུགས་ན་ཡིད་བཞིན་ནོར་བུས་དབུ་ཁྲིད་གནང་གི་མ་རེད། དེ་བས་ཨུ་ཚུགས་ཀྱིས་དབུ་ཁྲིད་གནང་དགོས་པ་རེད། ལུག་རྫི་བྱེད་དགོས་པ་རེད། ཅེས་བཤད་ན་གནས་ལུགས་ཡོད་དམ། དེ་ལས་ལུག་རྫི་གཞན་ཞིག་བརྗེ་གི་ཡིན་ལབ་ན་འགྲིག་གི་རེད།
    དམར་པོའི་ཁྲིམས་ལུགས་ནང་ན་རང་དབང་མེད་ཅེས་ཅི་ལྟར་བཤད་ཐུབ། དམར་པོའི་ཁྲིམས་ལུགས་ཟེར་ན་མར་ལེའི་དགོངས་དོན་ལྟར་གྱི་ཁྲིམས་ལུགས་ཡང་དག་ཅིག་ཡིན་དགོས། ཀྲུང་གོའི་ཁྲིམས་ལུགས་ཁོ་ནས་ཚབ་མཚོན་བྱེད་མི་ཐུབ།

    Reply
  32. རོ་ལངས། says:
    ལོ་ 14 སྔོན།

    གངས་ཅན་པའི་ཆབ་སྲིད་པ་རྒན་གྲས་རང་ཚུགས་ཅན་ལྷ་བཟང་ཚེ་རིང་ལགས་སུ་དུས་བབ་ཚང་གིས་བཅར་འདྲི་ཚད་ལྡན་ཞིག་ཞུས་པའི་མཇུག་ཏུ། གངས་ཅན་པའི་དྲ་ཕྲུག་གང་མང་འཛོམ་ནས་འགྲོ་གླེང་ལྷུག་པོ་ཞིག་གནང་སོང་ལ། འགྲོ་གླེང་བ་ཁ་ཤས་ཚོར་བའི་དབང་དུ་སོང་བ་ལས་མང་པོ་ཞིག་ངོ་མ་གཉིད་ལས་སད་ཡོང་གི་ཡོད་པར་མཐོང་དུས་རང་བཞིན་གྱིས་སྤྲོ་བ་འཕེལ་ཡོང་གི དེའི་བར་དེར་བཀུར་འོས་རྒན་ལྷ་མོ་སྐྱབས་ལགས་ཀྱང་དྲ་ཕྲུགས་ཚོས་སུན་གཙེས་བཟོས་ཏེ་སོས་དལ་དུ་གཟིམ་མ་བཅུགས་པས་སྡུག་སྐད་ཕྲན་བུ་ཤོར་བར་ཁག་མེད། འོན་ཀྱང་ད་སྔར་དང་འདྲ་གི་མ་རེད། དྲ་ཕྲུག་ཚོ་གཉིད་ལས་སད་ཡོང་གི་ཡོད་པས་འར་རྒྱག་ས་ལ་འུར་གྱིས་འདྲོག་རྒྱུ་བཞག་ཏེ་བློ་ཡུལ་ལས་འདས་པའི་དྲི་བ་འདྲི་སྲིད་པས་བགས་ཡོད་མཛོད། ངོ་མ་ཤེས་ཡོན་པ་སྒེར་གྱི་བསམ་ཚུལ་རྒྱུས་ལོན་བྱས་ཏེ་སྤེལ་བ་འདི་མི་རིགས་ཤིག་གི་རྣམ་དཔྱོད་གོང་འཕེལ་བཏང་བ་དང་གཉིས་སུ་མེད་པས་གསར་འགོད་པར་བཀའ་དྲིན་ཆེ་ཞུས་པ་ཡིན། གང་ཡིན་ཞེ་ན་སྔར་སྲིད་སྐྱོང་ལགས་ཀྱིས་བོད་མིའི་ཤེས་ཡོན་པ་དང་ཆབ་སྲིད་པ་རྒན་གྲས་དག་གིས་བསམ་བློའི་ནུས་ཤུགས་འདོན་སའི་སྡིང་ཆ་ཞིག་བསྐྲུན་གྱི་ཡིན་རབས་གསུངས་ཀྱང་གསུང་པ་ཙམ་དུ་ཟད་སོང་། འོན་ཀྱང་དེ་དེ་རིང་དུས་བབ་ཚང་གིས་ཁ་གསབ་བྱས་པ་ལྟར་སྣང་བས་ངས་དེ་ལྟར་ཞུས་པ་ཡིན།

    Reply
  33. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    སྙིང་རྗེ་དྲ་འབུ་འདི་ཚོ། ནང་འགལ་ཅན་གྱི་སྐད་ཆ་རི་འདྲ་བ་ཞིག་ཤོད་སོང་བ་ལ་རིན་ཐང་དེ་འདྲ་ཞིག་གང་ན་ཡོད།

    Reply
  34. ཚེ་དབང་། says:
    ལོ་ 14 སྔོན།

    ཆབ་བྲག་ལགས།སྐུ་ཁམས་བཟང་།ངས་སྔོན་ལ་ཁྱེད་ལ་དྲི་བ་ཕུལ་མོད་ལན་གནང་མི་འདུག སྐུ་ཉིད་ཀྱིས་བཏོན་པའི་དྲི་བ་དེ་ངས་ལན་འདི་ལྟར་ཡོད།དེང་སང་འཇིག་རྟེན་ཀུན་ཁྱབ་ཀྱི་ལྟ་གྲུབ་གསུང་གི་ཡོད་དུས་གཙོ་བོ་དེ་དམངས་གཙོའམ་མང་གཙོ་གནད་དོན་གཙོ་བོ་རེད།དེ་འདྲ་ཡིན་དུས་མགོ་ཁྲིད་ཀྱི་ལས་འགན་གཙོ་མི་དམངས་ཀྱི་མངོན་འདོད་སྒྲུབ་རྒྱུ་དེ་རེད།འོན་ཀྱང་ལག་ལེན་གྱི་ཆ་ནས་ཐབས་ཤེས་འདྲ་མིན་ཡོད་ཆོས་ཉིད་རེད།ཡིན་ཀྱང་མཐར་ཐུགས་ཀྱི་དམིགས་ཡུལ་མི་དམངས་ཀྱི་མངོན་འདོད་དང་མ་མཐུན་ན་དམངས་གཙོའི་ལྟ་གྲུབ་དང་རྒྱབ་འགལ་རེད།དེའི་ཕྱིར་ཁྱོད་ཀྱིས་བཤད་པའི་མི་མང་གི་མངོན་འདོད་དང་དབུ་ཁྲིད་ཀྱི་བཀོད་འདོམས་གཉིས་དམིགས་ཡུལ་རྟེན་ས་གཅིག་ཏུ་འགྲོ་དགོས་པར་མཐོང་།
    དམར་པོའི་ཁྲིམས་ལུགས་ནང་ན་རང་དབང་མཚན་ཉིད་ཚང་བ་ཞིག་ཡོད་པ་རེད་དམ་ཅེས་པ་ལ་ལན་གཅིག་གསུང་རོགས་གནངས།།།

    Reply
  35. བཀྲ་ཤིས། says:
    ལོ་ 14 སྔོན།

    རྒན་ལྷ་བཟང་གི་གཏམ་བཤད་ལ་རྗེས་སུ་ཡི་རང་ཡོ།
    མི་ནག་ཚང་ལུང་རིག་རྒྱལ་གཙོས་པའི་མཁྱེན་ལྡན་གང་མང་ཞིག་གིས་བསམ་ཚུལ་ཡག་པོ་བཤད་སོང་། ཁྱེད་ཚོས་བཤད་པ་ཚང་མ་བདེན་པ་རེད།
    ལམ་དབུ་མའི་སྲིད་བྱུས་ལ་གྲུབ་འབྲས་གང་ཡང་མེ་པ་གསལ་བོ་རེད། ད་རུང་རྒྱ་མིའི་ཁ་ལ་ཉན་ནས་བསྡད་ན་ང་ཚོ་ལ་ཡོང་རྒྱུ་གང་མེད་པ་རེད།

    Reply
  36. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    བློ་གཟུ་བོར་གནས་པའི་སྐད་ཆ་ཟེར་ན་གོང་གི་ཁ་བའི་བུ་ཕྲུག་ལགས་ཀྱིས་བཤད་འདུག ང་ལ་མཚོན་ན་ཡང་ཁོང་གིས་བཤད་པ་དེ་ག་རང་རེད་ཟེར་རྒྱུ།

    Reply
  37. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    ཨ་མཆོད་ལགས། ལྷག་བཟང་ཞེས་ན་སུ་རེད། དར་བཞིན་ཚིག་ཅེས་ན་ཅི་རེད། ད་དུང་ཁྱོད་རང་གི་ཚིག་སྦྱོར་ལ་ལྟོས་དང་། ཆང་འཐུང་ཞིག་སྐྱུག་གིན་པ་འདྲ་བོ་འདུག ང་དྲ་ཐོག་བཙན་པོ་ཡིན། དེ་རིང་ནས་བོད་ཡིག་ལ་ཐུབ་ཚོད་བྱེད་མཁན་ཚོའི་སྙིང་རྩ་ནས་མི་ལྷོད།

    Reply
  38. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    རྒན་ལགས་ལྷག་བཟང་ལགས་ལ་གུས་བཏུད་ཞུ།
    འདིར་བདག་གི་བཤད་འདོད་པ་མང་ཆེ་བ་མི་ནག་ཚང་གིས་བཤད་ཚར་འདུག དེ་ག་རང་ཡིན་པས་སྐྱར་བཤད་མི་དགོས།
    ངོ་མ་བཤད་ན་རྒན་ལྷ་བཟང་ལགས་ནང་བཞིན་མི་བུ་ཞིག་བཙན་བྱོལ་ན་སྲིད་པ་དཀའ་མོ་ཡིན། དེང་སྐབས་གསར་དུ་དར་བཞིན་ཚིག་”མི་བུ”་ཟེར་བ་འདི་ནི་ཁོང་ལྟ་བུ་ལ་ཧ་ཅང་འབྱོར་གྱི་ཡོད་པའི་ཚོར་སྣང་ཡོད། “ཁོང་ནང་བཞིན་གསུམ་ཡོད་ན་བོད་རང་བཙན་ལོ་འགའི་ནང་རག་ས་རེད་”ཟེར་སྒྲོས་ཀྱང་བྱུང་མྱོང་། ངོ་མ་སེམས་ཤུགས། ལྷག་བསམ། ཤེས་ཡོན། ཆབ་སྲིད་ཀྱི་གོ་རྟོགས་སོགས་མི་བུ་ཞིག་ལ་ལྡན་དགོས་པའི་དོན་དག་ཡོངས་སུ་ཚང་ཡོད།
    ལར་ནས་སོ་སོའི་སྨྲ་བརྗོད་རང་དབང་ཡིན་མོད་ངོ་མ་དོན་གྱི་མི་བུ་ཁོང་ལྟ་བུ་ལ་དམའ་འབེབས་ཀྱི་ཚིག་འཛེམས་ན་བཟང་སྙམ།
    དྲ་གྲོགས་རྣམས་ཀྱིས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བས་རང་ཉིད་ལ་དཔྱད་པ་འདི་གཏོང་རོགས། དེ་ཡང་རང་ཉིད་ཁ་ནུབ་ཕྱོགས་ལ་གཏད་ནས་གོ་སྐབས་ནམ་བྱུང་ལ་ཡོད་ཚད་བློས་བཏང་ནས་ཤོར་འགྲོ་མཁན་ཞིག་ཡིན་མིན་རང་གིས་རང་ལ་བརྟག་ཞིབ་ཅིག་གནང་རོགས། གལ་སྲིད་དྲ་གྲོགས་སུ་ཞིག་རང་ཉིད་དེའི་གྲས་སུ་གཏོགས་ཡོད་ན་ཁྱེད་ཅག་གིས་ལྷ་བཟང་ལགས་ལ་ཁ་གཏོང་བ་ནི་ཡུལ་གཉན་པོར་ཁ་ཐང་ཡིན་པས་བོད་པའི་ཡ་རབས་ཀུན་སྤྱོད་ཀྱི་ཐོག་ནས་དེ་ལྟར་བྱེད་ཀྱིན་མ་འདུག་ཞུ།
    གང་ལགས་ཤེ་ལྷ་བཟང་ལགས་ནི་ཁྱེད་ཅག་ནང་བཞིན་རྩ་བ་ནས་མ་རེད། ཁོང་གིས་རང་བཙན་གྱི་ཆེད་དུ་རང་ཉིད་ཀྱི་མདུན་ལམ་ཡང་བློས་བཏང་ཡོད། མ་གཞི་ཁྱེད་ཅག་ལ་ཁོང་གི་རྒྱུས་མེད་པས་ཁག་ཅི་ཡོད། ཡང་དྲ་གྲོགས་སུ་ཞིག་རང་ཉིད་འདིའི་གྲས་སུ་གཏོགས་མེད་པར་དགོངས་མཁན་རྣམས་ལ་ཞུས་པ་མིན།
    ཁོང་གིས་གསུང་བའི་ནང་དུ་ང་ལ་མཚོན་ན་སྐད་ཆ་ཅུང་ཐལ་ཆེ་བ་རེ་ཟུང་ཡོད་པ་ནི་སྲིད་པ་ཞིག་རེད། བསམ་ཚུལ་དང་ཚོར་ཤུགས་མ་འདྲ་བ་ཙམ་རེད།
    མདོར་ན་ཁོང་ནི་འཕྱ་དམོད་བྱེད་སའི་མདོ་མེད་ཅིག་མིན་པར་ཡིད་སྨོན་ཤོར་སའི་གངས་ཅན་པ་ཞིག་ཡིན་ནོ།

    Reply
  39. བཀྲ་ཤིས། says:
    ལོ་ 14 སྔོན།

    རྒན་ལྷ་བཟང་ཚེ་རིང་ལགས་ཁྱེད་དངོས་གནས་ཐུགས་རྗེ་ཆེ།
    དེ་བཞིན་གསར་འགོད་པ་དོན་གྲུབ་བཀྲ་ཤིས་ཁྱེད་ཀྱི་འདི་ལྟ་བུའི་མི་སྣར་བཅར་འདྲི་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དུས་བབ་དྲ་རྒྱའི་བདག་གཉེར་བ་རྣམས་ཀྱིས་མང་གཙོ་ཚད་དང་ལྡན་པའི་གཞུང་ཞབས་ན་ཡོད་པ་བཞིན་གཞུང་གི་ཁ་ཕྱོགས་དང་མི་མཐུན་པའི་མི་སྒེར་གྱི་བསམ་ཚུལ་རྣམས་འདི་ལྟར་འདོན་སྤེལ་གནང་བར་ཡང་། ངེད་ཀློག་པོ་དྲང་བདེན་དགའ་བ་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་བླ་མེད་ཆེ་ཞུ་རྒྱུ་དང་། ད་དུང་ཡང་ཁ་ཕྱོགས་མི་མཐུན་པའི་དཔྱད་བརྗོད་དང་། གླེང་མོལ་རྣམས་དོ་བདག་གི་རེ་བ་ལྟར་འདོན་སྤེལ་གནང་ཐུབ་པའི་རེ་བ་ཡང་ཞུ་གི་ཡིན། བཀྲ་ཤིས་བདེ་ལེགས།

    Reply
  40. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    ཁྱིས་ཟུག་སྐད་རྒྱག་པ་དེ་མི་ཆ་མེད་ཅིག་ཡོང་གིན་ཡོད་པའི་བརྡ། འོག་གི་ཟུར་མཆན་ཡིག་ནོར་ཅན་དག་གིས་ང་མི་དེར་དགའ། ང་མི་དེར་མི་དགའ་ཞེས་བ་ཙམ་ལས་དོན་ཅི་ཡང་སྟོན་མི་ཐུབ་པས་ཁྱིའི་ཟུག་སྐད་ལའང་མི་དོ། ངོ་མ། ཡིག་ནོར་འདི་དག་རིག་ན་ངས་དགོན་པའི་རྟ་ལྕག་དྲན་གི་འདུག བཀའ་འགྱུར། རྟ་ལྕག་གིས་གཅིག་བརྒྱབས་ན་ཡིག་ནོར་བཅུ་གར་སོང་འདིར་སོང་མེད་པ་འདོད་གི

    Reply
  41. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    ཆབ་སྲིད་བཤད་ས་ནས་བོད་ཡིག་གི་འབྲི་སྟངས་ལ་དོ་སྣང་མི་བྱེད་པ་འདི་ཡ་ཁ་བཅད་ནས་མ་ཁར་སྦྱར་ཞེས་བ་དེ་མ་རེད་དམ། ཡིག་ནོར་ཅན་ཚོས་ཆབ་སྲིད་བཤད་པ་དེར་ཡིག་ནོར་ཞིག་གི་རིན་ཐང་ཙམ་ལས་མེད་པ་ཤེས་བར་གྱིས། མྱི་སྐད་བཤད་འདོད་ན་དང་པོ་ཡི་གེ་སྦྱོངས། དེ་ནས་སྐད་ཆ་ཤོད་དང་དེ་ནས་ཉན་གི་ཡིན།

    Reply
  42. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    ཆབ་བྲག་ལགས། ང་ཚོའི་ཕན་ཚུན་རེད་དམ་ང་ཚོས་ཕན་ཚུན་རེད། ཁ་སང་ངས་མདུན་ངོས་འདིར་ཡིག་ནོར་མ་འབྲི་ཞེས་བརྒྱ་བཤད་ཡོད། དེ་རིང་དགེ་སློབ་གཉིས་ཀ་ཇེ་ཐུར་སོང་འདུག་པ་ཅི་རེད།

    Reply
  43. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དམིགས་རྒྱང་སྲིངས་། ཁོག་སྲང་མ་ལྷོད་ན།

    རྒན་འཁོགས་ང་ཡང་གྲ་སྒྲིག་ཡོད།
    དཔེ་ཁང་དངུལ་བྱང་སྐྱེས་དམན་མིང་། །
    ཚེ་སྲོག་ཤོར་ན་ཕན་ཐོགས་སོགས། །
    རྒད་པོ་ང་ཡི་བ་སྤུ་སློང་། །

    དམིགས་རྒྱང་རིང་པོས་ལས་འགུལ་རྩོམས། །

    Reply
  44. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ང་ཚོའི་ཕན་ཚུན་གྱི་ལྟ་བ་དང་བསམ་ཚུལ་མ་མཐུན་པའི་དབང་གིས་གཅིག་གཅིག་ལ་མ་དགའ་བ་དང་སྐྱོན་བརྗོད་ན་དེ་ཅོལ་ཆུང་རེད། མི་དེ་རིགས་བགྲོ་གླེང་དུ་ཞུགས་པའི་ཆ་རྐྱེན་ཡང་མི་ཚང།
    བསམ་ཚུལ་མི་མཐུན་པ་དང་ལྷག་པར་མི་རིགས་ཤིག་གི་རྩ་དོན་དང་འབྲེལ་བའི་བསམ་ཚུལ་ཐ་དད་རིགས་གླེང་དུས་རྩོད་པ་རང་བཞིན་གྱིས་ཆགས་ཡོང། རྩོད་པ་བྱས་ཡོང་དུས་འབུར་འཇོམས་དང་མགོ་ནས་གནོན་གྱིན་འདུག་ཅེས་སྡུག་སྐད་ཤོར་བ་དེ་ཡ་མཚར་རེད།
    སོ་སོས་སོ་སོའི་ས་ནས་གནས་ལུགས་དང་རྒྱུ་མཚན་གསེལ་འགྲོལ་བྱེད་དགོས་པ་སོ་སོའི་འོས་འགན་རེད།
    གཤམ་དུ་དྲི་བ་ཞིག་འདོན་རྒྱུར། ང་ཚོར་མི་དམངས་རང་གི་མངོན་འདོད་ཁོ་ན་གལ་ཆེའམ། ཡང་ན་མི་དམངས་ཀྱི་བསམ་བློའི་དོན་དམ་གྱི་དབུ་ཁྲིད་དེའི་བཀོད་འདོམས་གལ་ཆེ། འདི་གཉིས་ཀྱི་གལ་ཆེའི་རང་བཞིན་ཇི་ལྟར་ངོས་འཛིན་བྱེད་ཀྱིན་ཡོད།

    Reply
  45. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས། །
    རང་གི་བདེན་ཁ་རང་ལ་སྦྱིན་པ་འདི། །
    རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ། །
    མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ། །
    ཞེས་གསུངས་པ་ལྟར་དུ་རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཀྱིས་རྒད་པོ་སྙིང་སྟོབས་ཅན་ལྷ་བཟང་ཚེ་རིང་མཆོག་གི་ངག་ལས་བྱུང་བའི་ཚིག་འབྲུ་རེ་རེ་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཡོངས་སུ་གཏོར་ནས་བློ་རྩེ་གཅིག་ཏུ་མཐུན་པར་གྱུར་ཏོ། །

    Reply
  46. ཁ་བའི་བུ་ཕྲུག says:
    ལོ་ 14 སྔོན།

    ཐོག་མར་གསར་འགོད་པ་རྣམས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲི་བ་དྲིས་ལན་ཧ་ཅང་ཚད་ལྡན་རེད།
    ལྷ་བཟང་ཚེ་རིང་ལགས་ཀྱིས་སྐད་ཆའི་ནང་དུ་ང་རང་གིས་མོས་མཐུན་རྩ་བ་ནས་བྱེད་མ་ཐུབ་པ་གསུམ་དང་། ཧ་ཅང་སྣང་བ་འགྲོ་བོ་སྐད་ཆ་གསུམ་འདུག
    འདོད་པ་མེད་ས་དག་ནི། ཞེ་ས་མ་ཞུས་པར་ཁ་ཐུག་གིས་བཤད་ན། དང་པོ། རྒྱལ་བ་རིན་པོ་ཆེ་ཡིས་ཡར་གནང་མར་གནང་གི་མཐའ་མ་བོད་རྒྱའི་གནད་དོན་ལ་བླག་མ་འཁེལ་ནས་འུ་ཐུག་སྟེ་མི་མང་གི་མགོ་ལ་གཡུག་བཞག་པ་རེད་ཟེར་བ་འདི་རེད།
    གཉིས་པ། བོད་ནང་དུ་རང་ལུས་མེ་སྲེག་གཏོང་མཁན་དག་གི་རེ་བ་དང་མངོན་འདོད་བོད་རང་བཙན་རེད་ཟེར་ཟེར་ནས་ཆིག་གཅོད་བྱས་པ་འདི་རེད།
    གསུམ་པ། དབུ་མའི་ལམ་ལ་དམིགས་ཡུལ་ཡོད་པ་མ་རེད་ཟེར་བ་འདི་རེད།
    སྣང་བར་འགྲོ་བོ་དག་ནི། ཁ་ཐུག་གིས་ཞུས་ན། དང་པོ། བོད་པའི་ཆོས་ལུགས་ཆོས་རྒྱུད་ཁག་གི་བླ་སྤྲུལ་དགེ་བཤེས་ཚོར་བོད་དོན་ལས་ལྷག་གི་ཆོས་ཞིག་བསྒྲུབ་རྒྱུ་ཡོད་ན། བོད་མི་རིགས་ལ་དགོས་མཁོ་མི་འདུག བོད་པའི་སྤྱི་ཚོགས་ནང་ནས་ཕྱར་འཐོན་རོགས་ཟེར་བ་འདི་རེད།
    གཉིས་པ། གངས་སྐྱིད་གཞུང་གིས་རྒྱལ་ཁབ་རང་བཙན་པ་ཞིག་གི་སྟོང་སེམས་འཆིང་ནས་ལྷོད་ལྷོད་ཀྱིས་བཞུགས་འདུག་ཟེར་བ་འདི་རེད།
    གསུམ་པ། བོད་ནང་ཚེ་སྲོག་གཅིག་རེ་གཅིག་རེ་བོད་དོན་ཐོག་འཇོག་གི་ཡོད་དུས། བཙན་བྱོལ་བོད་གཞུང་གིས་མི་དམངས་ལ་མགོ་བསྐོར་ཙམ་བཏང་ནས་སྡོད་ཀྱི་ཡིན་ན། མི་མང་ཚོས་ཨང་དང་པོ་གངས་ཅན་སྐྱིད་གཤོངས་ལ་ངོ་རྒོལ་སྐད་འབོད་གནང་དགོས་པ་རེད་ཟེར་བ་འདི་རེད།

    Reply
  47. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ། མི་འདིའི་རིགས་ཀྱིས་གླེང་གཞི་ཞིག་བཟོས་ཚར་དུས་ད་དོན་དག་ཅིག་འགྲུབ་ཟིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལས་འདི་རིགས་ལ་བདག་པོ་མ་རྒྱབ་པར་གང་འདོད་བཤད་དུ་བཅུག་ན་ཡག་ཤོས་རེད། རྙོག་དྲ་མེད་པའང་དེ་རེད། གང་འཚམས་ཤིག་ནས་ཁོ་ཁོ་རང་རང་བཞིན་གནམ་ལ་ཡལ་ཞིང་ས་ལ་འཐིམས་འགྲོ་གི་རེད།

    Reply
  48. རོ་ལངས། says:
    ལོ་ 14 སྔོན།

    ཨ་རོགས་གཞན་དབང་དུ་འཁྱན་པའི་མཐའ་མཚམས་ཕོ་ཉ་བ། སེམས་ཀྱི་གཏིང་ནས་ལྷ་བཟང་དང་ཁྱེད་རང་གཉིས་༧གོང་ས་མཆོག་ལ་གུས་ཞེན་སུ་ཆེ་ངོ་མ་བཤད་དཀའ་རྒྱུ་རེད། འོན་ཀྱང་གནས་ལུགས་ཀྱི་མདུན་དུ་སུ་ལ་ཡང་དམིགས་གསལ་མེད་དུས་ཐབས་ཤེས་མེད་སོང་བ་ཡིན། ་་་་་་ཤེས་སོང་བས་ལགས།

    Reply
  49. རོ་ལངས། says:
    ལོ་ 14 སྔོན།

    ལྷ་བཟང་དང་འཇམ་ནོར་སོགས་ནི་སྒལ་ཚིགས་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་ཆབ་སྲིད་པ་ངོ་མ་དག་རེད། འདི་ཚོ་ལ་གཞན་གྱིས་ཚད་ལས་བརྒལ་བའི་གནོན་གཙེར་བཟོས་རུང་རང་གི་བསམ་ཚུལ་ཁ་ནས་འདོན་པའི་སྤོབས་པ་ཆག་གི་མེད་པ་རེད། འདི་དག་ལ་རང་གཤིས་དང་རང་ཚུགས་ཡོད་པས་ན། རྒྱུན་ལྡན་ཡིག་ཉོག་ཆུ་རྒྱུག་རྒྱུག་དུ་ཕུད་མཁན་གྱི་རྩོམ་པོ་རུ་འབོད་པ། སྒོ་གསུམ་གྱི་ཀུན་སྤྱོད་ཚང་མ་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་གིས་རྒྱ་མཚོ་ལ་རོ་ཡིས་ཁྱབ་པ་བཞིན་ཁྱབ་ཡོད་པའི་ཧོར་གཙང་འཇིགས་མེད་དང་། ཆབ་བྲག་ལྷ་མོ་སྐྱབས་སོགས་དང་འདྲ་བ་དག་གིས་ནམ་ཡང་སྒྲུན་དུ་མེད་པ་རེད། ཡིན་ན་ཡང་ཁོང་ཚོའི་སྔ་ཕྱིའི་བསམ་ཚུལ་དག་ལ་གཏན་གཏན་བསམ་བློ་གཏོང་བ་དང་བློ་གཟུ་བོར་གནས་པའི་སྒོ་ནས་དགག་སྒྲུབ་བྱས་ན་ཡག་པོ་འདུག་ལ། དེ་ལྟར་བྱེད་འོས་པ་ཡིན་མོད། ཡིད་ཕངས་བ་ཞིག་ལ་ངེད་བོད་པ་ཚང་ལ་ད་དུང་ལྟ་བ་མཉམ་གནས་དང་རིག་གནས་གུ་ཡངས་ཀྱི་ཁོར་ཡུག་ཆགས་ཐུབ་མེད་དུས་དེ་ཚོ་ངོ་མ་དཀའ་རྒྱུ་རེད་སྙམ་མོ།

    Reply
  50. མཐའ་མཚམས་ཀྱི་ཕོ་ཉ། says:
    ལོ་ 14 སྔོན།

    རྒན་པོ་སྲོག་རླུང་ཅན་འདིས་ལུག་རྫིས་ལུག་རྣམས་བྱེས་ཐང་བཀྲམས་ནས་ཞེས་དཔེ་སྦྱར་འདི་ནི་དྲིན་ཆེན་ལ་དྲིན་ལོག་བྱས་པ་མ་ཡིན་ནམ།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese