མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་བཟང་ཚེ་རིང་ལགས་ཀྱི་མདོ་རྩ་དེད་ན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཤེས་རབ།

ང་ཚོས་ཆབ་སྲིད་པ་ལ་རིགས་གཉིས་སུ་དགར་ཆོག་པ་སྟེ། དང་བོ་ནི་སེམས་ནས་དཔྱད་ཅིང་ཁ་ནས་བཤད་ཐུབ་པ་དང་། དེ་ནས་ཁ་ཞེ་གཉིས་མེད་ཀྱིས་སྒྲུབ་ཐུབ་པ་སྟེ། དེ་ནི་དོན་དམ་པའི་ཆབ་སྲིད་པ་དང་མིའི་རིགས་ཀྱི་སྣེ་ཁྲིད་མཁན་གྱི་རིགས་ཡིན། གཉིས་པ་ནི་ཁ་ནས་བྱུང་རྒྱལ་དུ་སྨྲ་ཞིང་དོན་དག་ལ་ཅི་ཡང་མེད་པའི་རིགས་ཏེ། དེ་ནི་ཆབ་སྲིད་པ་རྫུན་མའམ་མགོ་བདེ་དྲན་འཕྲུལ་མཁན་གྱི་རིགས་རེད། མདོར་དེད་ན་མི་གཤིས་ཀྱི་དྲི་མ་བྲལ་བའི་རིགས་རེད། ད་ལྟའི་ང་ཚོའི་སྤྱི་ཚོགས་ལ་མཚོན་ན། རིགས་ཕྱི་མ་འདི་ཁ་ལས་དགེ་ཞིང་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་པའི་སྒང་ཡིན་པས། རང་ཅག་རྣམས་ཀྱིས་རིག་པ་ལྕགས་སྐུད་ལྟར་སྒྲིམ་སྟེ། འདི་དག་གི་ཁ་འོག་ལག་འོག་ཏུ་མ་ཤོར་བ་བྱ་རྒྱུ་ཤི་ཏུ་གལ་ཆེ་བ་མ་ཟད། ཁོ་ཚོའི་ཀུན་སྤྱོད་དང་ཅི་བཤད་གང་བྱེད་ལ་ཞིབ་མོའི་བློ་མིག་གིས་འཚོ་རྒྱུ་ཡང་མཁོ་ཆེ་སྟེ། གོ་སྐབས་ནམ་རག་ལ་ཁོ་ཚོས་མི་སྙིང་བཙོང་ཞིང་མིའི་ཚེ་སྲོག་གིས་རྩེད་མོ་རྩེས་པས་སོ།།

 

སྐབས་བབ་ཀྱི་གཞུང་ལ་གཅར་ཏེ།  རྒན་ལྷ་བཟང་ཚེ་རིང་ལགས་དང་ཁོང་གི་སྐད་ཆའི་མདོ་རྩ་དེད་ན། ད་ལྟའི་གཡེར་གྲགས་ཅན་གྱི་ཆབ་སྲིད་པ་འདི་ཚོའི་སྟེང་ནས། ང་ཚོས་སྐྱི་གཡའ་ཞིང་ཞེ་མེར་བའི་དོན་དག་མི་ཆུང་བ་རེ་ཡང་འཐོལ་འཐོལ་དུ་མཐོང་ཡོང་གི་འདུག རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་ནམ་ནམ་ཞར་ཞར་ལ་གཞུང་གིས་ཅིག་མ་བྱས་རབས་དང་གཞུང་གིས་ཅིག་མ་འགྲིག་རབས་ཀྱི་གླེང་སློང་བྱས་དང་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་ངོས་ཐད་ནས། ཐ་ན་རྒྱུ་ནོར་ཅི་ཡོད་ཀྱང་རང་གི་མིང་ཐོག་ཏུ་མ་བཞག་པར་རྒྱུག་ཆོག་ཆོག་ཡིན་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་ཡོད། དེ་ལ་ཁྱད་ཞེ་དྲག་མི་འདུག་མོད། འོན་ཀྱང་ཆེས་སྐྱི་གཡའ་བ་ཞིག་ནི་ཁོང་གིས་༸རྒྱལ་བ་ཡིན་པོ་ཆེ་ལ་ནག་ཉེས་བཙུགས་ཏེ་མི་མང་དཀྲོག་སློང་བྱེད་པ་དེ་རེད། ཁོང་གིས་བོད་ཀྱི་དུས་བབ་ཀྱི་བཅར་འདྲིའི་ལན་དུ། “ མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་ཡག་པོ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ ”  ཞེས་ཟེར་ཏེ།  སྐད་ཆ་འདིའི་ནང་དོན་ངོ་མ་ནི། ཁོང་ཚོ་རིགས་གཅིག་གིས་མངོན་ལྐོག་ཅི་རིགས་ན་དུས་རྒྱུན་བཤད་བཞིན་པའི་སྐད་ཆ་སྟེ། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་གཞུང་ཤོར་དུ་བཅུག་པ་རེད་ཟེར་བ་འདི་རེད། 

 

དེ་ནས་ད་དུང་༸རྒྱལ་བ་རིན་པོ་ཆེས་བོད་མི་ཚོ་གནམ་ས་རང་ལ་དབང་བའི་རང་ཡུལ་ནས་སྡོད་དུ་མི་འཇུག་པར་ས་འདི་ཞིག་ཏུ་ཁྲིད་ཡོང་བ་དང་། འདིར་ཡོང་སྟེ་ཡང་བདེ་ས་སྐྱིད་ས་ཞིག་ལ་མི་བསྐྱལ་བར། ཕར་ཁྲིད་ཚུར་ཁྲིད་ཀྱིས་གཡང་གཟར་ཁར་གཏུགས་རྗེས། རང་ཉིད་ཕྱིར་བཀྱེད་དེ་ཁྲེལ་མེད་པའི་ལས་བྱེད་ཀྱི་འདུག་ཅེས་པ་དེ་རེད། རྒན་ལྷ་བཟང་ལགས་རིག་པ་ཧ་ཅང་གྲུང་བས། འདི་ལྟར་སྐད་ཆ་གབ་ཚིག་འདྲ་བ་ཞིག་བཤད་དེ་རང་ཉིད་ཕྱིར་འབྱིན་ན་ཡང་འབྱིན་ས་ཡོད་པ་ཞིག་བཟོས་པ་དང་། མི་མང་མདུན་ལ་ཕུད་དེ་དམངས་གཙོའི་རང་དབང་སྤྱད་ནས་༸རྒྱལ་བ་ཡིན་པོ་ཆེ་ནག་འདེད་གཏོང་ཏུ་འཇུག་པ་རེད། ཁོང་གི་རྐང་རྗེས་སུ་འུར་འདྲོག་དང་ཅལ་འདྲོག་ལ་དགའ་བའི་མི་རྣམས་འུར་ཆིལ་ཆིལ་བྱེད་ཀྱི་ཡོད་ལ།  ཡིད་ཀྱང་ཆེས་དཀའ་བ་ཞིག་ལ། ཐ་ན་ཤེས་ཡོན་ཅན་དུ་རློམ་པའི་མི་སྣ་རེ་ཟུང་ཡང་ཁུ་ཚུར་གནམ་ལ་འཕྱུར་ཏེ་མངོན་གསལ་གྱིས་རྒྱུག་གིན་འདུག་པ་དེ་རེད། འདི་ནི་དྲིན་ཆེན་ལ་དྲིན་ལོག་ཟེར་བ་དེ་རེད་ལ།  གནས་དུས་ཚོད་རྩིས་ཞེས་པ་དེ་རེད། ལས་རྒྱུ་འབྲས་ཁས་མི་ལེན་རུང་། འཇིག་རྟེན་མིའི་ལུགས་ཀྱི་མི་གཤིས་ཤིག་ཡོད་ན་ཅིས་མ་ཆོག་ཨང་།

 

རྒན་ལྷ་བཟང་ལགས་ཀྱི་གནས་དོན་ལ་རགས་ལྟ་ཞིག་བྱས་ན། བཤད་ན་ལྷ་བཞེངས། ལས་ན་སྣབས་ལུག་ཅེས་པའི་དཔེ་ལྟར།  ཁོང་གིས་གསུངས་བཞག་པ་མང་བོ་མང་བོ་ཞིག་ཡོད་མོད། སྒྲུབ་བཞག་པ་སྔོན་ཆད་སྔོན་ཆད་ཅིག་ལ་ཅིག་ཡོད་ན་མ་གཏོགས་ཉེ་བའི་ལོ་ཟླ་འདི་དག་གི་རིང་ལ་ཉིན་མོའི་སྐར་མ་བཞིན་ཆགས་ཡོད། ཁོང་གིས་དུས་རྒྱུན།  ཁོང་ལ་གྲ་སྒྲིག་ཨང་གསར་ཡོད། རྒྱུག་ཆོག་ཆོག་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་ཡོད་མོད། ལོ་སྔ་ཕྱི་འདི་དག་གི་རིང་ལ་བོད་ཀྱི་གནད་དོན་ཛ་དྲག་ཅི་འདྲ་ཆེ་ན་ཡང་། ཁོང་གིས་སྒྲུབ་འཇོག་རྒྱུ་དང་རྒྱུག་འཇོག་རྒྱུ་ཅི་ཡང་མི་འདུག་པས། ཁོང་གི་ཚར་རྒྱུ་མེད་པའི་གྲ་སྒྲིག་ཨང་གསར་དང་རྒྱུག་ཆོག་ཆོག་དེ་ལ་དོགས་པ་ཞིག་ངང་གིས་ཤར་ཡོང་བ་ཞིག་རེད། ཁོང་གིས་གཞུང་དང་དབུ་ཁྲིད་ཀྱིས་མ་འགྲིག་རབས་དང་མི་སྒྲུབ་ལུགས་བཤད་བཞིན་འདུག་མོད། རང་ཉིད་ཀྱི་ཤེས་པ་དང་ཁ་མིག་གཞུང་དང་དབུ་ཁྲིད་ཀྱི་མཇུག་ལ་སྦྱར་བཞག་པ་ཅང་མིན་པས། ནམ་ཡིན་རུང་རང་ཉིད་ཀྱིས་རང་ཉིད་བཀོལ་ཆོག་ཆོག་ཡིན་ལ། གཞན་ཞིག་གིས་ཅི་ཞིག་མ་བྱས་རབས་བཤད་ནས་འདུག་པ་ལས་རང་ཉིད་ཀྱིས་ཅི་ཞིག་བྱས་བཞག་ན་དེ་མི་བཟང་ངམ། ང་ཚོའི་ཆབ་སྲིད་པ་མང་བོ་ཞིག་ལ་མི་གཞན་བཀོལ་བ་ལས། རང་ཉིད་མི་འགུལ་བའི་གཤིས་ཀ་མཐུ་མོ་ཞིག་ཡོད་པས། རྒན་ལྷ་བཟང་ལགས་ཀྱིས་ཀྱང་ཁོང་ཚོ་ལྟར་མི་སྒེར་དང་ཚོགས་པ་སྒེར་གྱིས་ཅི་ཞིག་སྒྲུབ་རུང་ཕན་ཐོགས་ཡོད་པ་མ་རེད་ཅེས་བཤད་དེ། བསྐུང་ནས་འདུག་ས་ཞིག་བཟོས་འདུག་གོ།

 

གཞན་རྒན་ལགས་ཀྱི་འཐོམ་དུ་འཇུག་པའི་དོན་དག་འགའ་ཞིག་དོགས་འདྲིའི་ཚུལ་དུ་མི་མང་ལ་གསལ་སྟོན་ཞིག་ཞུས་ན། རྒན་ལགས་ཀྱིས། མི་སྒེར་བ་སོགས་ཀྱིས་ཅི་ཞིག་བྱས་རུང་བྱས་མ་བྱས་ཡོད་པ་མ་རེད་ཅེས་གསུངས་ལ། ཡང་དེའི་མཇུག་ཐོགས་དེར། གྲྭ་བཙུན་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་རྩ་དོན་ལ་ནུས་པ་ཆེན་པོ་ཡོད་རབས་གསུངས།  ཡང་ཁོང་གིས་ད་ལྟ་ང་ཚོར་དུས་ཚོད་དང་སྒུག་ལོང་མེད་ཅེས་གསུངས་པ་དང་། ཡང་དེ་མ་ཐག་ལོ་ངོ་བརྒྱ་ཕྲག་ཡིན་རུང་སྒུག་དགོས་གསུངས། མཚམས་རེར་ཁོང་གིས་རང་རེའི་གཞུང་གི་ལམ་ཁ་དང་འཆར་གཞི་ནོར་བ་རེད་གསུངས་ལ། ཡང་ཇི་ལྟར་ནོར་ལུགས་དང་དེའི་ཚབ་ཏུ་འདི་འདྲ་ཞིག་བྱེད་དགོས་ཞེས་པའི་གནས་ལུགས་ཅི་ཡང་གསུངས་རྒྱུ་མི་འདུག སྐབས་རེར་ཁོང་གིས།  གཞུང་གིས་ལས་འགུལ་ཞིག་སྤེལ་ཚེ་ཁོང་རྒྱུག་ཆོག་ཆོག་ཡིན་གསུངས་མོད། གཞུང་གིས་ལས་འགུལ་ཞིག་སྤེལ་ཡོང་ཚེ།  ཁོང་གིས་དེ་མ་ཐག འདོད་མོས་མེད་པས་ཞུགས་རྒྱུ་མིན་གསུངས། 

 

ཁོང་གིས་འུར་སྐད་ཆེན་པོས། ཚང་མས་མཉམ་དུ་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་བྱེད་གསུངས་ལ། བོད་གཞུང་དམངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་འགུལ་སྐྱོད་གནང་སྐབས། ཁོང་གིས་ལྟད་མོར་བལྟས་ནས་བཞུགས་ཡོད།  ཡང་ཁོང་གིས་ཁ་ནམ་གྲགས་ལ། རང་ཉིད་ལ་སྤྱི་དོན་མ་གཏོགས་སྒེར་དོན་བསམ་རྒྱུ་མེད་ཚུལ་འུར་བསྒྲགས་བྱེད་ལ། གསུང་གིན་གསུང་གིན་རང་ཉིད་ཀྱི་ཁེ་གྲགས་བརྩད་ཡོང་གི་འདུག ཡང་མཚམས་རེར་ཁོང་གིས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ལས་སྣེ་ནས་དགོངས་པ་ཞུ་དགོས་གསུངས་ལ། ཡང་སྐབས་རེར་༸རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་ལས་སྣེ་ནས་བུད་པ་ནི་མ་འོས་པ་ཞིག་ཡིན་རབས་བཤད། ང་ངོ་མ་ཡ་མཚར་སོང་།  ཁོང་གིས་རྒས་གཤིས་འདྲ་བསྟན་པ་ཨེ་ཡིན། ཅི་ཞིག་བྱུང་སོང་བ་འདྲ་མ་ཡིན་ནམ།  དོན་ངོ་མར་ཅི་ཞིག་གསུངས་འདོད་པ་རེད། ༸གོང་ས་མཆོག་ལ་གནམ་སར་མི་གཤོང་བའི་ནག་ཉེས་ཞིག་འགེལ་འདོད་པ་ཨེ་རེད། 

 

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 68

  1. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    རྒྱང་མིག་ལགས། ཁྱོད་ཀྱི་ཟིན་བྲིས་དེར་བལྟས་པ་ཡིན། དོན་དག་ཅི་ཡང་སྟོན་གྱི་མི་འདུག སྔ་མ་སྔ་མའི་ཚིག་གཅིག་བཟློས་སྐྱོར་རྒྱག་བཞིན་འདུག དོན་དག་ངོ་མ་ཞིག་བཤད་ཐུབ་པའི་རེ་བ་རེད།

    ཚིག་གཅིག་པོ་དེའི་དོན་རྩ་ལ་ང་ཚོས་སྔར་ནས་སྐད་ཆ་བཤད་ཡོད། གཅིག་ནས་ཐབས་ལམ་སྟོན་རྒྱུ་མི་འདུག་ལབ་ཡོད། གཉིས་ནས་བོད་ལ་ལོག་འདོད་མེད་མཁན་ཚོའི་དུས་ཚོད་སྲིང་བྱེད་རེད་ལབ་ཡོད། གསུམ་ནས་དེ་དག་ཁ་ལ་འཁྱེར་ཏེ་དོན་དག་གཞན་ཞིག་སྒྲུབ་བྱེད་རེད་ལབ་ཡོད། བཞི་ནས་སྟོང་བཤད་རང་རེད་ལབ་ཡོད།

    ང་ཚོས་ད་བར་རང་བཙན་གྱི་ཐབས་ལམ་རྣོན་པོ་དང་གདེང་འཁེལ་བ་ཞིག་བཤད་རྒྱུ་ཡོད་པར་སྒུག་པ་རེད། ཅི་ཡང་མི་འདུག ཡོད་ཚད་སྟོང་བཤད་རང་རེད། གོང་འོག་ལ་སྡིགས་དམོད་བྱེད་རྒྱུ་ཙམ་ལས་ཅི་ཡང་མི་འདུག དེ་ལས་དབུ་མའི་ལམ་ལ་ཐབས་ལམ་སྣ་མང་ཡོད། རྒྱབ་སྐྱོར་གང་མང་ཡོད། རེ་བ་ཆེན་པོ་ཡོད།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས། ཉིད་ཀྱིས་ཅི་ཞིག་བཤད་ཀྱིན་པ་ཏག་ཏག་ཅིག་གོ་མ་སོང་། ཚོད་དཔག་ལྟར་ན། ཉིད་ཀྱིས་གང་ཞིག་ནས་འདེམས་ཤོག་བསྡུས་པ་ཡིན་ལ་དེའི་གྲུབ་དོན་འདི་འདྲ་རེད་ཅེས་ཟེར་གྱིན་པ་འདྲ། གནས་གང་ཞིག་ནས་བསྡུས་པ་ཡིན། མི་ཅི་ཙམ་འདུག

    གཞན་ཉིད་ཀྱིས། ང་ཚོས་བོད་ནང་གི་རང་ལུས་སྦྱིན་སྲེག་གནང་མཁན་ཚོའི་ཐུགས་འདོད་ངོ་མ་དེ་ཅི་ཞིག་ཡིན་པར་ངོས་འཛིན་གྱི་ཡོད་ཅེས་འདྲི་གི་ཡོད་ན། དེ་ནི་ཁོང་རྣམ་པའི་འབོད་ཚིག་ལས་གསལ་བོར་བསྟན་འདུག ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་གསུངས་ཀྱི་འདུག བོད་རང་དབང་གཙང་མ་གསུངས་ཀྱི་འདུག མི་རིགས་འདྲ་མཉམ་གསུངས་ཀྱི་འདུག ཐོབ་ཐང་གཅིག་པ་གསུངས་ཀྱི་འདུག འདི་འདྲའི་གསལ་བོ་དག་མོའི་སྐད་ཆ་ཞིག་ལ་ད་དུང་འགྲེལ་བཤད་གཞན་ཞིག་རྒྱག་དགོས་ཀྱི་འདུག་གམ།

    ང་ཚོས་རང་བཙན་རྩོད་མཁན་ལ་ངོ་རྒོལ་བྱེད་ཀྱིན་མེད། རང་བཙན་ཁ་ལ་འཁྱེར་ཏེ་ནང་ཁུལ་དཀྲུག་མཁན་ལ་ངོ་རྒོལ་བྱེད་ཀྱི་ཡོད། རང་བཙན་ཁ་ལ་འཁྱེར་ཏེ་བོད་ནང་གི་བོད་མིའི་ཚེ་སྲོག་རྩེད་སྤྱད་བྱེད་མཁན་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། རང་བཙན་ཁ་ལ་འཁྱེར་ཏེ་མགོ་བདེ་ཁྲམ་ལས་བྱེད་མཁན་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། རང་བཙན་ཁ་ལ་འཁྱེར་ཏེ་༸གོང་ས་མཆོག་དང་གཞུང་ལ་ངན་སྨོད་དང་གཏོར་བཤིག་གཏོང་མཁན་ཚོར་ངོ་རྒོལ་བྱེད་ཀྱི་ཡོད། རང་བཙན་ཁ་ལ་འཁྱེར་ཏེ་སྟོང་བཤད་རྒྱག་མཁན་ཚོའི་མདོ་རྩ་འདེད་ཀྱི་ཡོད།

    Reply
  3. རྒྱང་མིག says:
    ལོ་ 13 སྔོན།

    ཟིན་བྲིས་ཀྱི་ཁ་བྱང་འདི་ཡིན།
    https://tibettimes.net/wordpress/blogs.php?id=458

    Reply
  4. རྒྱང་མིག says:
    ལོ་ 13 སྔོན།

    རྨེ་བ་ཚང་དང་བསྟན་འཛིན་ཤེས་རབ་གཉིས་ལ་ངའི་ཟིན་བྲིས་སུ་གསལ་བཤད་བྱས་ཡོད་པས་དེར་ཕེབས་བསུ་ཞུ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    སྐུ་གཤེགས་དཔའ་བོ་ཚོ་རང་ཉིད་ཀྱི་ཞལ་ཆེམས་ལྟ་བུའི་འབོད་ཚིག་དག་གི་ནང་དོན་ཅི་ཡིན་ལ་བལྟ་རྒྱུ་ལས་རྒྱང་རིང་གི་ང་ཚོའི་ཚོད་དཔག་དང་ཚོར་སྣང། འདོད་ཚུལ་ཙམ་གྱིས་ཁོང་ཅག་གི་ཚབ་བྱེད་གཏན་ནས་མི་ཐུབ། ལྷག་པར་དུ་མི་གྲངས་བརྒྱ་དང་ཉིས་བརྒྱ་ཙམ་གྱིས་གཞིས་ལུས་མི་མང་གི་ཚབ་མཚོན་ཇི་ལྟར་ཐུབ།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 13 སྔོན།

    བཀར་གཟན་བསྟན་ཤེས་ལགས་་་མངོན་སུམ་ལ་རྙོག་གི་ཡོད་མེད་འདི་ལ་མིག་གིས་ལྟོས།
    བསམ་ཤོག
    ཁྱེད་ཀྱིས་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པ་དག་གི་མངོན་འདོད་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་དམ།
    ༧གོང་ས་མཆོག་བོད་ནང་ཕེབས་རྒྱུ། (༧༧)
    རང་དབང་དང་ཐོབ་ཐང་ཆེད། (༩༥)
    བོད་རང་བཙན་ཆེད། (༢༠༠)
    གཞན། (༢)

    Reply
  7. རྒྱང་མིག says:
    ལོ་ 13 སྔོན།

    བསམ་ཚུལ་དངས་ལེན་བྱེད་རོགས་བྱོས་དང་སྐུ་མཁྱེན། རང་གི་སྐད་ཆ་རང་གི་འགན་ཁུར་ཆོག

    Reply
  8. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    དྲ་གྲོགས་རྒྱང་མིག་ལགས་ཀྱིས་སྐད་ཆ་ཁྱད་མཚར་བོ་ཞིག་བཤད་ཀྱི་འདུག རྒན་ལྷ་བཟང་ལགས་ནང་བཞིན་ཚད་ལས་བརྒལ་གྱི་འདུག དྲ་གྲོགས་ལགས། མངོན་སུམ་ལ་བསྙོན་མ་འདིང་། མིག་གིས་བལྟས་བལྟས་ལ་བརྫུན་མ་བཤད། མི་ཞིག་ཡིན་ན་མ་མཐའི་མི་གཤིས་ཀྱི་ཚད་གཞི་ཞིག་དགོས་པ་རེད། ཡིད་ལ་ཟུངས། ༸གོང་ས་མཆོག་གིས་གཙོས་པའི་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཚོས་བོད་རྒྱལ་ཁབ་བློས་བཏང་བ་རེད་ཟེར་མཁན་ཁྱོད་འདྲ་བ་ཚོར་སྐད་ཆ་ཞིག་བཤད་རྒྱུའི་རིན་ཐང་མི་འདུག་མོད། གདོང་དམར་བའི་རིགས་རྒྱུད་གཅིག་པའི་ཁ་ངོར་བསམ་སྟེ་བསླབ་བྱ་ཞིག་བྱས་པ་ཡིན།

    Reply
  9. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    དྲ་གྲོགས་རྒྱང་མིག་ལགས། ཁྱེད་ཀྱིས་དབུ་མའི་ལམ་འདོད་མཁན་ཚོ་དེ་རེད། རང་བཙན་འདོད་མཁན་ཚོ་འདི་རེད་ཟེར་ནས་ཐག་བཅད་པའི་དྲི་གཞི་དེ་གཉིས་ངས་ཁས་ལེན་ཐུབ་ཀྱི་མི་འདུག དབུ་མའི་ལམ་ནི་ནང་ཆོས་ཀྱི་འཕྲིན་ལས་དང་གཞི་བསྡོངས་ཡོད་པའི་དེང་གི་འཛམ་གླིང་གི་འཕོ་འགྱུར་རང་བཞིན་ལ་བདེན་པའི་ཆ་ཡོད་པའི་གསལ་བཤད་རང་བཞིན་གྱི་ཡངས་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན་པས། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་རང་གི་རྒྱལ་ཁབ་མི་དགོ་བར་བཤད་ན་གནས་ལུགས་ཤིག་མ་རེད། ད་དེ་རིང་འདི་ཙམ་ཡིན།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དབུ་མ་བས་ནང་ཆོས་གཅིག་པུ་འདོད་པ་ཞིག་དང་རང་བཙན་པས་བོད་རྒྱལ་ཁབ་གཅིག་པུ་འདོད་པ་ཞིག་གཏན་ནས་ཡིན་རྒྱུ་མ་རེད། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་ངས་ནང་ཆོས་འདེམས་ཐག་ཆོད་ཡིན། རྒྱུ་མཚན་གཅིག་རང་སྟེ། རྒྱལ་ཁབ་དང་མི་རིགས་འདྲ་མིན་ནི་འཛམ་གླིང་འདིར་མང་མེད་ན་ཉུང་མེད། འོན་ཀྱང་ནང་ཆོས་གཤའ་མ་ཆ་ཚང་བ་གོ་དོན་མ་ནོར་བ་ཞིག་ཡོད་པ་དེ་བོད་གཅིག་པུ་རེད། གཉིས་ནས་རྒྱལ་ཁབ་ཅེས་པ་དེ་མི་རིགས་བྱེ་བྲག་པ་ཞིག་གི་ཁེ་ཕན་དང་ནང་ཆོས་ཟེར་བ་འདི་སྐྱེ་འགྲོ་ཡོངས་ཀྱི་འཕྲལ་ཕུགས་གཉིས་དགེའི་ཐུན་མོང་གི་བླ་ན་མེད་པའི་ནོར་བུ་ཞིག་ཡིན་པས་སོ།

    Reply
  11. རྒྱང་མིག says:
    ལོ་ 13 སྔོན།

    རྨེ་བ་ཚང། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་མང་ཆེ་བ་རྒྱུ་མཚན་མི་དགོས་པར་འུར་ཞོག་རྒྱག་མཁན་གྱི་ཆོས་གཅེས་པ་དེ་ཚོ་རེད། རང་བཙན་གཙང་མ་པ་ཚོ་ནི་ལོ་རྒྱུས་དངོས་ཡོད་ཀྱི་བདེན་པ་ལ་ཨུ་ཚུག་བྱེད་མཁན་གྱི་རྒྱལ་གཅེས་པ་དེ་ཚོ་རེད། མཐར་གཏུགས་ན་ཕྱོགས་གཉིས་ཀྱི་འདམ་ཁ་ནི་ནང་ཆོས་དང། བོད་རྒྱལ་ཁབ་རེད། ཁྱེད་ཀྱིས་གང་འདེམས་ཀྱི་ཡིན་ནམ།

    Reply
  12. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    གྲོགས་རོ་ལངས་ལགས། ང་དད་པ་ཟེར་བ་འདི་ལ་ཐུག་དུས་གནས་ལུགས་མི་ཤོད་མཁན་ཞིག་ཏུ་འདོད་ཀྱང་ཆོག་གི་རེད། ངས་དངོས་གནས་རང་ཉིད་དད་ཞེན་ཞིག་གི་དབང་དུ་སོང་ནས་སྐད་ཆ་ཤོད་མཁན་དེ་རིགས་མིན་བསམ་གྱིན་ཡོད། འོན་ཀྱང་། རྒན་པོ་ལྷ་བཟང་ལགས་ཀྱི་སྐད་ཆ་དེ་ཚོ་བདེན་ལུགས་མངའ་བའི་མཁོ་ཆས་ཤིག་ཏུ་མཐོང་མ་སོང་། རྒན་ལྷ་བཟང་ལགས་ཀྱི་སྐད་ཆ་དེར་གནས་ལུགས་ཀྱི་ཆ་ཅུང་མངོན་ཡོད་ས་དག་ནི་ཁོང་གི་སྐད་ཆའི་ཞོར་དང་ཟུར་ངོས་དག་ན་ཡོད་པ་ལས། གནད་གཙོ་བོ་དེའི་ངོས་ནི་འཛིན་ས་འཛིན་ཡུལ་མེད་པའི་སྐད་ཆ་ཁོག་སྟོང་ཞིག་རེད། རྒན་པོ་ཁོང་གིས་༸གོང་ས་མཆོག་ལུག་རྫི་ཐེབས་ཆག་ཅིག་གི་ཚད་ལ་ངོས་འཛིན་བྱས་པ་དང་། འབུ་མའི་ལམ་ལ་ཁ་ཕྱོགས་དང་དམིགས་ཡུལ་མེད་རབས་གླེང་བ། བོང་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ལས་འགུལ་གྱི་ཁ་ཕྱོགས་རང་བཙན་ཡིན་སྐོར་གླེང་བ་ནི་སོགས་ནི། རྒན་པོ་རང་ཉིད་ཀྱི་བསམ་སར་གཟས་ནས་བཤད་པའི་སྐད་ཆ་ཞིག་ལས་དྲང་བདེན་དང་གནས་ལུགས་ཅན་གྱི་སྐད་ཆ་ཞིག་ག་ལ་ཡིན། གནད་འདི་དག་གི་ངོས་ནས་ངས། རྒན་པོ་ལྷ་བཟང་དང་ལྷ་བཟང་ཚོ་སྟེ། ཨུ་ཚུགས་དང་གླེན་གཤིས་མངའ་བ་དག་ནི་ལྟ་བ་དང་ལངས་ཕྱོགས་ཡོད་མཁན་གྱི་གྲལ་དུ་ནམ་ཡང་འཇོག་མི་འོས། ལྟ་བ་དང་ལངས་ཕྱོགས་ནི་གནས་དང་རྒྱུ་མཚན་གྱི་མངལ་ནས་འཁྲུངས་པ་ཞིག་དགོས་པས། ཞེས་གནད་འདུས་པའི་སྐད་ཆ་ཉུང་ངུ་ཞིག་གིས་མཐའ་བསྡོམས་བྱས་ཡོད།

    Reply
  13. རོ་ལངས། says:
    ལོ་ 13 སྔོན།

    ནད་པས་ལྷ་བཟང་ལ་༼ཡིན་ནའང་རང་བོད་བཙན་འཐབ་རྩོད་པ་དང་གཅིག་དང་། བོད་མི་རྒྱལ་གཅེས་རིང་ལུགས་པ་ཞིག་ཏུ་རློམ་ནས་སྦྲང་སྐད་ལྟ་བུ་ཞིག་རྒྱག་ཁུལ་བྱས་མཐར་རང་ཉིད་རྡ་སའི་སྤྱི་ཚོགས་འདིའི་ཁྲོམ་གཞུང་དུ་ཆེ་མཐོང་དང་། གུས་བརྩི། རིན་ཐང་། གཟི་བརྗིད་སོགས་གང་ཡང་མེད་པའི་མི་ཞིག་ཏུ་གྱུར་པ་དེ་རེད།༽ཟེར། བདེན་པ་རེད།

    འདིས་ཅི་ཞིག་མཚོན་འདུག ལྷ་བཟང་གི་བློས་གཏོང་དང་མཛུབ་མོ་གར་བཙུགས་ཤར་རེད་ཟེར་མཁན་ཚོའི་གཟི་བརྗིད་དེ་ལྷམ་མེར་མངོན་ཨེ་བྱུང་། ནད་པ་ནད་པའི་ས་ལ་བསྡད་ན་ཡག་པོ་འདུག འདི་འདྲ་བཤད་ནས་རང་མདོག་སྟོན་པ་ལས་ཅི་ཞིག་བྱེད་ཨང་།

    ད་དུང་སྐད་ཆ་འདི་རྨེ་བུ་སོགས་དད་ཞེན་ལ་ཐུག་དུས་གནས་ལུགས་ཀྱི་བློ་མིག་ལྡོངས་འགྲོ་མཁན་དག་གིས་ཀྱང་གོ་ཙམ་བྱ་དགོས་ཡོད།

    Reply
  14. ནད་པ says:
    ལོ་ 13 སྔོན།

    ལྷག་བསམ་ཚེ་རིང་ལགས་དྲ་སྟེང་དུ་ཕེབས་ནས་ཁ་གསལ་པོའི་ཐོག་རང་གིས་བཤད་པའི་སྐད་ཆར་རང་གིས་འགན་ཞིག་འཁུར་ནས་བགྲོ་གླེང་བྱེད་ཐུབ་པའི་སྤོབས་པ་དང་། གཟི་བརྗིད། རྒྱུ་མཚན་དྲངས་རྒྱུ་བཅས་མེད་སོང་བ་རེད།

    རྒྱུ་མཚན་དང་ལྡན་པའི་ཐོག་ནས་གནད་ལུགས་ལ་འགྲེལ་བཤད་བྱ་རྒྱུ་ཞིག་ཡོད་ན་ཁོང་རང་འདིར་ཕེབས་དགོས་ངེས་རེད། ཡིན་ནའང་རང་བོད་བཙན་འཐབ་རྩོད་པ་དང་གཅིག་དང་། བོད་མི་རྒྱལ་གཅེས་རིང་ལུགས་པ་ཞིག་ཏུ་རློམ་ནས་སྦྲང་སྐད་ལྟ་བུ་ཞིག་རྒྱག་ཁུལ་བྱས་མཐར་རང་ཉིད་རྡ་སའི་སྤྱི་ཚོགས་འདིའི་ཁྲོམ་གཞུང་དུ་ཆེ་མཐོང་དང་། གུས་བརྩི། རིན་ཐང་། གཟི་བརྗིད་སོགས་གང་ཡང་མེད་པའི་མི་ཞིག་ཏུ་གྱུར་པ་དེ་རེད།

    ངས་བཤད་འདོད་པ་ཞིག་ལ་བོད་རིགས་རྒྱལ་གཅེས་པ་དང་། བོད་དོན་འཐབ་རྩོད་པ་སུ་ཞིག་ཡིན་ནའང་བོད་མི་རིགས་ལ་ཤ་ཚ་ན་༸ བོད་མིའི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་། གོང་ས་མཆོག་ལ་སྙིང་ནས་ཤ་ཚ་དགོས་པ་ཞིག་རེད།

    དེ་ལས་ལྡོག་༸ གོང་ས་མཆོག་ལ་བཀུར་འདེབས་དང་མཚན་སྨད་བྱས་ན་བོད་མི་རིགས་དང་བོད་དོན་ལ་ཕན་རྒྱུ་ཕར་བཞག་ཐ་ན་རྒྱ་ནག་གཞུང་ལ་སྐད་ཆ་དེ་འདྲ་བཤད་མཁན་དང་ཞིག་དང་། ལས་ཀ་དེ་འདྲ་བྱེད་མཁན་ཞིག་དགོས་ཀྱི་ཡོད་སྟབས། རང་སྲིད་དགྲ་རུ་ལོག་པའི་མི་ངན་ཐེབ་ཆགས་གཅིག་ཆགས་རྒྱུ་ལས་གཞན་ཅི་ཡང་མི་ཡོང་།

    དེ་ཡང་གསལ་པོར་བཤད་ན་རྒྱ་ནག་གཞུང་གིས་༸ གོང་ས་ཆམོག་གང་དུ་ཕེབས་པ་དང་། གང་མཛད་འཕྲིན་བསྐྱངས་བ། གང་དུ་གསུང་བཤད་གནང་ན་དེར་རྒྱ་མིས་གནོན་ཤུགས་རྟག་པར་སྤྲོད་ཐབས་བྱེད་པའི་གནས་སྟངས་དེས་གསལ་བཤད་གཅིག་བྱེད་ཐུབ།

    སྐད་ཆ་སྡུག་ས་ནས་བཤད་ན་རང་གི་བརྒྱབ་མདུན་དང་། ལག་པའི་ཕྱི་ནང་། ཁ་དང་རྐུབ་གཉིས་ཀྱི་དབྱེ་བ་དེ་ཤེས་དགོས་ངེས་རེད།

    Reply
  15. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    ངས་ལྟོས་ན་རྒན་ལྷ་བཟང་ལགས་དྲ་ངོས་འདིར་ཕེབས་ཐུབ་རྒྱུ་མ་རེད། ང་ཚོས་ཚིག་དོན་རེ་རེ་ས་ས་དང་རྡོ་རྡོ་བྱས་ནས་བཀར་ཡོང་གི་རེད། གནས་ལུགས་དང་བདེན་པས་རྟིང་ཐག་གཅོད་ཀྱི་རེད། བརྫུན་དང་མགོ་སྐོར་གྱི་སྐད་ཆ་འགྲོ་ས་ཡོད་པ་མ་རེད། མི་གཞན་མགོ་སྐོར་ཆོག་ཆོག་འདྲ་བོ་ཞིག་ང་ཚོར་འགྲོ་གི་མ་རེད་ལ་མགོ་བདེ་བདེའི་འཁྲབ་སྟོན་འདྲ་བོ་དེ་ཚོ་ཡང་འགྲོ་གི་མ་རེད། དེ་བས་ཁོང་དྲ་ངོས་འདིར་ཕེབས་ཚེ་རང་གི་སྐད་ཆ་མང་བོ་ཞིག་ལ་ནོར་འཁྲུལ་ཤོར་བའི་ངོས་ལེན་བྱེད་དགོས་འབྱུང་གི་རེད། ཡང་མིན་ན་གནས་ལུགས་ཁས་མི་ལེན་པའི་མི་ཞིག་གི་མཚོན་མདོག་སྟོན་དགོས་པ་རེད། དེ་འདྲ་གང་དང་གང་བྱས་རུང་ཁོང་གི་ཆེ་མཐོང་ལ་གནོད་པ་ཐེབས་ཡོང་སྙམ་ངེས་རེད།། ཁོང་ལ་མཚོན་ན་ཆེ་མཐོང་དེ་ཙམ་གྱི་གལ་ཆེན་པོ་མིན་ངེས་མོད། ཁོང་གི་རྗེས་འབྲངས་ཚོར་མཚོན་ན་གདོང་ལ་ཆུ་བྱོ་བ་ཡིན་ལ། ལྷག་པར་མི་མངོན་པར་ལྐོག་ཏུ་སྦས་པའི་རང་མདོག་ལྷང་ལ་བུད་པ་ཡིན་པས། ཁོང་གིས་དེ་ཚོར་བསམ་ཤེས་གནང་གི་རེད། དེ་བས་དྲ་ངོས་འདིར་ཕེབས་ཀྱི་མ་རེད། མ་གོ་ཁུལ་གནང་ནས་བཞུགས་ཀྱི་རེད།

    Reply
  16. བསྟན་འཛིན་ཤེས་རབ། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམ་པ་ཚོ་ཕེབས་ཏེ་གནས་ལུགས་མིག་ཁར་བཏད་ཅིང་བདེན་པ་གདོང་ལ་བཞག་སྟེ་བགྲོ་གླེང་གནང་བར་བཀའ་དྲིན་ཆེ། ང་ཚོ་སུ་དང་སུ་ཡིན་རུང་ཚང་མ་རིགས་གཅིག་གི་སྤུན་ཟླ་ཡིན་ལ་དམིགས་འབེན་གཅིག་གི་དོན་ལ་བགྲེང་མཁན་ཡིན་པས། གཅིག་གཅིག་ལ་ཁྲོ་བ་ལངས་དགོས་དོན་མེད་ལ་གཞི་མེད་ཉེས་འཛུགས་བྱེད་དགོས་དོན་དེ་བས་མེད། ང་ཚོ་ཚང་མས་གནས་ལུགས་བཤད། བདེན་པ་བརྡར།

    རྡོ་རྗེ་ཚེ་རིང་དང་བཀྲ་ཤིས་རྣམ་པ་གཉིས་ལ་ཞུ་རྒྱུར། ངས་རྒན་ཁོང་ལ་དགག་རྒྱག་དང་ངན་སྨྲས་ཅི་ཡང་བྱས་མེད། བཤད་བཤད་པོ་གནས་ལུགས་དང་དངོས་ཡོད་ཀྱི་རྒྱ་མར་བཀྱག་ཡོད། ཚིག་དོན་ཅི་བཞིན་པའི་ཕྱི་ནང་སྔོག་ཡོད། དེ་དྲ་གྲོགས་རྣམ་པ་ཡོངས་ཀྱིས་མིག་གིས་མཐོང་མཐོང་བ་རེད། གཞན་ང་ལ་མི་གཞན་ནག་པོར་བཟོ་བའི་དགོས་པ་མེད་ལ་དེ་འདྲའི་བསམ་བློ་དང་བློ་ཁོག་ཀྱང་མེད། ལྷག་པར་རྒན་ལྷ་བཟང་ལགས་ལ།

    Reply
  17. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 13 སྔོན།

    དད་ལྡན་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོར་གཤམ་གསལ་༧གོང་ས་མཆོག་གི་བཀའ་སློབ་འདི་མི་བརྗེད་པའི་ཆེད་དང་། དད་ལོག་ང་རློམ་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་རྣམས་བོད་མི་ཞིག་ཡིན་པས་ཆ་ནས་༧གོང་ས་མཆོག་གི་བཀའ་སློབ་ལ་གཏོག་ཙམ་བསམ་ཤེས་ཡོང་ཕྱིར་གསལ།
    ༧གོང་ས་མཆོག་ནས། ང་ཚོར་སྡུག་བསྔལ་གང་བྱུང་བ་རྣམས་ནི་མ་རིག་པ་ལས་བྱུང་བ་དང་། ང་ཚོས་རང་ཉིད་ལ་བདེ་སྐྱིད་ཡོང་ཆེད་དུ་གཞན་ལ་སྡུག་བསྔལ་བཟོ་གི་ཡོད། ཡིན་ནའང་། བདེ་སྐྱིད་ངོ་མ་ནི་ནང་སེམས་ཀྱི་ཞི་བདེ་དང་འདོད་ཆུང་ཆོག་ཤེས་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གཞན་ཕན་སྙིང་རྗེ་དང་། བརྩེ་སེམས། གཞན་དོན་ལྷུར་ལེན་གྱི་ཕྱོགས་ལ་བློ་སྦྱངས་བྱས་ཏེ། ཁོང་ཁྲོ་དང་གཅེས་འཛིན་འདོད་རྔམ་གྱི་བསམ་བློ་དེ་ཚོ་རྩ་མེད་བཟོ་དགོས།

    Reply
  18. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གལ་ཏེ་ང་ལྷ་བཟང་ཚེ་རིང་ལགས་ཡིན་ན། དྲ་ངོས་འདིར་ཡོང་ནས་གྲོགས་པོ་ཚོར་བགྲོ་གླེང་ཞིབ་ལྷོད་རེ་བྱེད་ངེས་ཡིན། མ་མཐའ་ཡང་འགའ་ཞིག་གི་ལོག་རྟོག་དག་སེལ་བར་འདོད།་འོན་ཀྱང་ཁོང་ཕལ་ཆེར་ཕེབས་ས་མ་རེད། གལ་ཏེ་རྦད་དེ་མ་ཕེབས་ན་ཁོང་གིས་ང་ཚོར་མཐོང་ཆུང་བྱས་པ་ཡིན་ནམ། ཡང་ན་ལན་གྱིས་ཕོངས་པ་ཡིན་ནམ། ཡང་ན་བཏང་སྙོམས་སུ་བཞག་པ་ཡིན། ཡང་ན་་་་་

    Reply
  19. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    ཨུ་ཚུགས་དང་གླེན་གཤིས་མངའ་བ་དག་ནི་ནམ་ཡང་ལྟ་བ་དང་ལངས་ཕྱོགས་ཡོད་མཁན་གྱི་གྲལ་དུ་འཇོག་མི་འོས། ལྟ་བ་དང་ལངས་ཕྱོགས་ནི་གནས་ལུགས་དང་རྒྱུ་མཚན་གྱི་མངལ་ནས་འཁྲུངས་པ་ཞིག་ཡིན་དགོས་པས། ཅི་ཡང་མི་ཤེས་པའི་ཧོལ་རྒྱུག་མཁན་དག་ལ་ནམ་ཡང་གོ་ཐོབ་འདི་མི་དབང་།

    Reply
  20. བཀྲ་ཤིས། says:
    ལོ་ 14 སྔོན།

    ཆིག་སྒྲིལ་ལ་གཏོར་གཤིག་གཏོང་མཁན་ངོ་མ་དེ་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ལས་རྒན་ལྷ་བཟང་ལགས་ཁོང་མ་རེད། རང་གི་ལངས་ཕྱོགས་དང་མི་མཐུན་པ་ཚོར་དགག་རྒྱག་དང་ངན་སྨྲས་བྱེད་པའི་ལངས་ཕྱོགས་དེ་སྔོན་མ་གཡོན་ཕྱོགས་རིང་ལུགས་པའི་བྱ་སྟངས་རང་ལས་གཞན་མ་འདས།

    Reply
  21. རོ་ལངས། says:
    ལོ་ 14 སྔོན།

    དུག་འདའ་ནི་དུག་མདའ་རང་རེད། གནད་ལ་ཟུག་པའི་གོ་རྒྱུ་ཅན་གྱི་ཚིག་གསུམ་གསུངས་བཞག རང་དབང་མེད་པར་གད་མོ་ཞིག་ཀྱང་ཤོར་སོང་ཡ་་་་ཧ་ཧ་ཧ་

    Reply
  22. གདོང་གཡུ་ལོང་། says:
    ལོ་ 14 སྔོན།

    ཨ་ཁུ་བསྟན་ཤེས་ལགས་ཀྱིས་ཡག་པོ་བྱེ་བྲག་གསུངས་འདུག ༧་གོང་ས་མཆོག་གི་ཐུགས་རྗེ་དང་བྱམས་བརྩེ་བཟང་བོས་སྐྲུན་པའི་ཡངས་བའི་རྩ་ཐང་ནས་རྩ་བཟང་བོ་དང་ཆུ་དྭངས་མ་ལོངས་སུ་སྤྱོད་ཀི་སྤྱོད་ཀི་ལ་ཡང་ད་དུང་བྱེ་ཐང་ནས་ཡོད་པའི་སྣང་བ་ཞིག་དང་བྱེ་ཐང་དུ་དེད་པའི་ཚོར་སྣང་ཞིག་ལས་མེད་ན་ངོ་མ་ཡ་མཚན་རེད། དེར་བརྟེན་དེང་སྐབས་ལྷ་བཟང་ཚེ་རིང་གཙོས་བའི་བོད་མི་བསམ་མེད་ཁག་ཅིག་གི་སེམས་ལ་གདོན་ཞུགས་ཡོད་བ་རེད། སྔོན་བྱུང་གི་ལོ་རྒྱུས་ནང་དུའང་འདི་ལྟ་བུའི་མི་ཁག་ཅིག་གིས་བཟང་བོ་ཚར་གཅོད་དང་ངན་པ་སྐྱེད་སྲིང་བྱས་ཏེ་རང་གཞུང་དང་རང་རིགས་མགོ་སྟེང་ལོག་ཏུ་བཅུགས་ཡོད་བ་རེད། ད་དུང་མཆན་འདེབས་མཁན་སྐོར་ཞིག་གིས་ལྷ་བཟང་ཚེ་རིང་ཧོམ་ལོག་ལ་གནས་ལུགས་ཡོད་རབས་དང་རྒྱུ་མཚན་དྲང་ལུགས་བཤད་ཀྱིན་འདུག དེ་དག་ཚང་མ་ཕལ་ཆེར་རྡ་སར་གནས་བའི་སྐྱ་སྟོང་མགོ་སྟོང་ཚོ་རེད། ཁོ་ཚོ་ལ་ཁ་བདེ་བོ་ཞིག་དང་ལག་བདག་མེད་ཞིག་ཡོད་བ་རེད། འདིའི་རིགས་ཀྱིས་ནམ་རྒྱུན་ནས་༧་གོང་ས་མཆོག་གཙོས་བའི་རང་གཞུང་དང་མགོ་ཁྲིད་རྣམ་པར་ཉེས་འཛུགས་དང་སྐྱོན་བརྗོད་རྐྱང་རྐྱང་བྱེད་ནས་བསྡད་ཡོད་བ་རེད། འདི་དག་གིས་ཚོད་བཟུང་ན་ཡག་པོ་ཡོད་བ་རེད། སྐྲག་སྣང་མེད་ཀྱང་ཚོར་སྣང་ཞིག་ཡོད་དགོས་པ་རེད། ཁྱོད་ཚོས་མི་རིགས་འདི་དང་རྒྱལ་ཁབ་འདི་ལ་ཞབས་འདེགས་ཅི་ཞིག་སྒྲུབ་ཡོད། ཉིན་མཚན་ཀུན་ཏུ་རང་གི་ལྟོ་གོས་སྒྲུབ་ཀྱང་ད་དུང་རྒྱབ་ཁེབས་མི་ཁེབས་བྱས་ནས་བསྡད་ཡོད་བ། རང་གི་ལྟོ་གོས་མི་འཁྱོངས་ནི་ཞིག་གིས་སྤྱི་དོན་ལ་ཕན་མ་ཐོགས་ཀྱང་གནོད་མ་སྐྱེལ་ན་ཡག་གི་རེད། མི་རིགས་འདི་དང་རྒྱལ་ཁབ་འདིའི་དོན་དུ་༧གོང་ས་མཆོག་གི་ཉིན་མཚན་དབྱེར་མེད་དུ་སྐུ་ངལ་དང་ཐུགས་ཁུར་ག་ཚད་ཞིག་གནང་བ་ཡོད་བ་ཤེས་ཀྱིན་ཨེ་ཡོད། རང་གིས་ཐ་ན་ཆུ་ཚོད་གཅིག་ཀྱང་སྤྱི་དོན་དུ་སྤུངས་མི་ནུས་ན། ཉིན་མཚན་དུས་དྲུག་ཏུ་ཁྱེད་རང་ཐེ་བའི་མི་རིགས་འདིའི་དོན་དུ་ཐུགས་ཁུར་དང་སྐུ་ངལ་སྐྱོན་མཁན་དེ་དག་ལ་ཉེས་འཛུགས་དང་སྐྱོན་་བརྗོད་བྱས་ན་ལས་འབྲས་ལ་ཡང་རུང་གི་མ་རེད་ད།

    Reply
  23. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ང་ཚོར་ད་ལྟ་རྒན་ལྷ་བཟང་ལགས་ལ་ཆེས་འདྲི་བར་འདོད་པའི་སྐད་ཆ་འགའ་ཡོད་པ་ནི། སྐུ་ཉིད་ཀྱིས་སྔ་ཕྱི་ཐོ་མི་ཐུག་ཅིང་ལག་ལེན་མེད་པའི་སྐད་ཆ་དེ་འདྲ་མང་བོ་བཤད་བཞིན་པའི་དགོས་དོན་གཙོ་བོ་ཅི་ཡིན། རང་བཙན་བརྩད་ན་ང་ཚོའི་བདེན་མཐའ་གསལ་བར་དབུ་མའི་ལམ་ལས་མགྱོགས་པའི་གདེང་ཚོད་ཅི་ཙམ་ཡོད། དེའི་ཐབས་ལམ་ཅི་འདྲ་ཡོད།

    གལ་སྲིད་མི་རྣམས་རང་བཙན་གྱི་ལམ་དུ་བསྐྱོད་ན་སྐུ་ཉིད་མཉམ་ཞུགས་གནང་རྒྱུ་ཡིན་ནམ། ཡང་ན་སྔར་བཞིན་བཞུགས་རྒྱུ་ཡིན། གལ་སྲིད་མཉམ་ཞུགས་གནང་ན་ཅི་འདྲ་གནང་རྒྱུ་ཡིན།

    རང་རེའི་སྤྱི་ཚོགས་ཁྲོད་ཀྱི་ཤེས་ལྡན་མི་སྣ་དང་མི་མང་ཆེ་བས། ཕྱིར་བོད་དུ་ལོག་མི་འདོད་མཁན་ཚོས་རང་བཙན་བཤད་ཀྱི་ཡོད་པར་འདོད་ཅིང་དེ་ལྟར་གསུངས་བཞིན་ཡང་ཡོད་ལ། དོན་དངོས་ལ་ཡང་དེ་འདྲ་ཞིག་ཏུ་སྣང་བས། འདིའི་ཐོག་ལ་དགོངས་ཚུལ་ཅི་འདྲ་ཡོད།

    གཞོན་དུ་ཚོགས་པ་སོགས་དོན་དངོས་ཀྱི་རང་བཙན་རྩོད་མཁན་ཚོས། ཁ་བཤད་ལས་ལག་ལེན་གཙོ་བོར་འཛིན་གྱིན་ཡོད་ལ། དེ་ཡང་རང་ནུས་ཡོད་རྒུ་དང་འབད་བརྩོན་ཧུར་ཐག་གནང་གི་ཡོད། འོན་ཀྱང་རྒན་ལགས་མཉམ་ཞུགས་གནང་གི་མི་འདུག དེའི་རྒྱུ་མཚན་ཅི་ཡིན་ནམ།

    Reply
  24. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ད་ལྟའི་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་རང་སྣང་གནམ་མཁར་དཔྱངས་ཤིང་རང་རྩིས་རི་ལས་ཆེ་བའི་མི་དག་གི་ཁ་སྒོ་ན་ནམ་རྒྱུན་མགོ་ལ་རྡོ་ཕོག་གྲབས་བྱེད་ཅེས་པའི་ཁ་ཚིག་ཅིག་འབྱར་བསྡད་ཡོད། ཁ་ཚིག་འདི་ནི་གཅིག་ནས་ཁོ་ཚོའི་རང་གི་ཆེ་མཐོང་སྒྲུབ་བྱེད་ཡིན་ལ། གཉིས་ནས་ཁོ་ཚོའི་མགོ་བདེ་འཁྲབ་བྱེད་ཡིན། དོན་དག་མི་གོ་བའི་མི་ཚོ་ནམ་ཡིན་ཡང་ཁོ་ཚོའི་བསླུ་ཚིག་འོག་ན་མགོ་བོ་ལིང་ལིང་འཁོར་བཞིན་ཡོད། བདེན་པ་དང་དངོས་ཡོད་མིག་མདུན་དུ་བཞག་ན་ཡང་ཁས་མེ་ལེན་ལ། མིག་གིས་བལྟས་བལྟས་དང་རྣ་བས་ཐོས་ཐོས་ལ་བརྫུན་བཤད་པ་ནི་ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་ཡང་སྣང་བས། མཚམས་རེར་ཁོ་ཚོར་ཁ་ཡ་བྱེད་པ་ནི་ཐང་ཆད་པའི་རྒྱུ་ལས་མེད་པའི་སྣང་བ་ཞིག་ཀྱང་ཤར་ཡོང་།

    Reply
  25. བློ་བཟང་། says:
    ལོ་ 14 སྔོན།

    བློ་ལྡན་ཚོས་ལྟོས་དང་ཤེས་ངེས་ཡིན། རྒན་ལྷ་བཟང་ལགསལྟ་བུའི་མི་དྲང་ཚིགས་ཅན་དང་ལོ་རྒྱུས་ལ་འགན་འཁུར་མཁན་བོད་མི་ཚོའི་ཁྲོད་དུ་དཀོན་པོ་རེད་ལ།ཤེས་ཡོན་ཅན་ཚཽའི་ཁྲོད་དུ་དེ་ལས་ཉུང་ཉུང་རེད། ལྷག་པར་བླ་གཟུགས་བསྟན་ཤེས་དང་ཆབ་བྲག་སོགས་ཀྱི་ཅི་བྲིས་ཡོད་མེད་ཤེས་ནི་རེད། ཤེས་ཡོན་ཅན་མ་ཟད་རྒྱ་ཆེའི་མང་ཚོགས་ཀྱི་བ་སྤུ་ཙམ་འགུལ་བའི་སྐད་ཆ་ཙམ་བཤད་ཐུབ་མེད་པ། ཡི་གེ་གད་སྙིགས་བཟོས་རྒྱུ་ལས་ལམ་ཅི་ཞིག་བསྟན་ཡོད།

    Reply
  26. དུག་མདའ། says:
    ལོ་ 14 སྔོན།

    འདི་ན་རྒྱལ་བ་རིན་པོ་ཆེ་དང་ལྷ་བཟང་གཉིས་རྡུང་རེས་རྒྱག་གི་ཡོད་པ་ཨེ་རེད། ཡིན་ན་ལྷ་བཟང་ལེབ་ལེབ་བཟོ་གི་ཡིན་ད། དད་པ་ཡོད་རུང་མེད་རུང་རྒད་པོ་ཞིག་ལས་རྒྱལ་བ་རིན་པོ་ཆེའི་ཕྱོགས་ཡིན་ད། འཇམ་ནོར་ཉུག་མ་ལུང་ཐུང་ཟེར་མཁན་ཡང་ཐོན་སོང་བ། དབུ་མའི་ལམ་གྱིས་འདོད་པ་མི་ཁེངས་ཚོ་གཟབ་གཟབ་བྱོས་མ་གཏོགས། བོད་མི་གླེན་པ་ས་ཡ་དྲུག་ཡོད་པ་རེད་ད། 

    Reply
  27. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    མྱི་ནག་ཚང་གིས་བདེན་པ་བཤད་འདུག གསར་བཏོད་རང་བཞིན་ལྡན་པའི་བྱ་སྤྱོད་སྤེལ་མཁན་རྣམས་ནི་སྤྱི་ཚོགས་ནང་ལ་དཀའ་ངལ་ཞིག་རང་བཞིན་གྱིས་འཕྲད་རྒྱུ་རེད། འདི་ནི་དཔེར་ན། ༥༩ འི་ཡར་སྔོན་ལ་མཚོན་ན་ཕུན་ཚོགས་དབང་རྒྱལ་དང་དགེ་འདུན་ཆོས་འཕེལ། ལྟ་བུ་དང་། བཙན་བྱོལ་ནང་ལ་མཚོན་ན། ཟླ་བ་ནོར་བུ་དང་། འཇམ་དབྱངས་ནོར་བུ། ལྷ་བཟང་ཚ་རིང་། ཀླུ་མཁར་བྱམས་བཅས་རེད། དཀའ་ངལ་འཕྲད་མྱོང་ཡོད་མ་རེད་ཟེར་ན་མངོན་སུམ་ལ་བསྙོན་པ་ཞིག་ལས་མ་འདས། བྱུང་རབས་ནི་ལོ་དུས་ཇི་ཙམ་འདས་ཀྱང་བྱུང་རབས་རང་ལས་མ་འདས། ལོ་ཡུན་གང་མཚམས་འདས་པ་ན་བྱུང་རབས་དེ་ནག་བསུབ་ཏུ་འགྲོ་བ་དེ་འདྲ་ཡོང་མི་སྲིད།

    Reply
  28. རོ་ལངས། says:
    ལོ་ 14 སྔོན།

    སྐུ་ཞོགས་ལགས་ཚོར་བ་དང་ཞེན་ཁོག་གི་དབངདུ་མ་ཤོར་བའི་ཐོག་ནས་གསོན་དང་། ཤེས་དགོས་པ་ཞིག་ལ་ལྷ་བཟང་གིས་གོང་ས་མཆོག་ལ་གནད་མི་ཁྱོག་པའི་རྐྱོན་བརྗོད་ཅི་ཡང་བྱས་མི་འདུག གཅིག་བྱས་ཡོད་ཀི་ཟེར་ནས་ཚང་མས་འུར་རྒྱག་ས་དེ་ནི་དཔེ་འཇོག་དེ་རེད། དེ་ཡང་གོས་ཆེན་གྱི་སྦུབ་ན་ལྷོད་ཀྱི་ཉལ་ཏེ། ཁ་དུང་ཆེན་འདྲ་དེ་སྤྱི་ཚོགས་ལ་བཏད་ཀྱང་དོན་གྱི་ཆོས་སྲིད་གང་གིའང་ཕྱག་ལེན་འདི་ཞེས་བསྟན་དུ་མེད་པའི་རག་དུང་ཁ་དག་གིས་ལོགས་འགྲེལ་དང་བཙན་འགྲེལ་བྱས་ཏེ་དེའི་དོན་ངེས་པར་དུ་འདི་ལྟར་ཡིན་དགོས། དེས་ན་ཁྱེད་རང་གིས་གོང་ས་མཆོག་ལ་གཞི་མེད་སྒྲོ་འདོགས་ཞུས་བཞག་ཅེས་བཀའ་བཏང་གི་ཡོད་པ་རེད། འདི་ནི་འབེན་རང་གིས་བཙུགས་ནས་མདའང་རང་གིས་བརྒྱབས་པ་ཞིག་རེད།

    གཉིས་ནས་༼ལྷ་བཟང་ཚེ་རིང་སོགས་རྗེས་འབྲང་འཁོར་དང་བཅས་པས་༽འདི་འདྲའི་ཐ་སྙད་རིགས་དེ་རེད། འདི་ནི་ཞྭ་མོ་གཡོག་སྟངས་ཤིག་རེད། དེ་ལ་བདེན་ཁ་སྟེར་ན་དེ་ཡི་འཁོར་ཡིན་དགོས་ན། སྐུ་ཉིད་རྒྱ་དམར་གྱི་རྩ་ཁྲིམས་ཀྱི་འཁོར་ཡིན་པར་མི་འགྱུར་གྲང་།
    བསྟན་ཤེ་ན་རེ་”ད་དུང་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས། རང་ལུས་སྲེག་སྦྱོར་གནང་མཁན་ཚོས། ༼ང་ཚོར་རང་བཙན་དགོས་ཟེར་བ་འདི་རེད།༽ ཅེས་མངོན་སུམ་ལ་བསྙོན་འདིང་སྟེ། རང་ལུས་སྲེག་སྦྱོར་གནང་མཁན་ཚོའི་སྲེག་དྲི་མ་ཡལ་གོང་ལ། ཁོང་ཚོའི་སྐུ་མདོག་ལ་མཚོན་རྩི་བྱུགས་ཏེ་ཁ་དོག་བསྒྱུར་རྩིས་བྱེད་ཀྱི་འདུག མི་འདི་ཚོའི་གྲས་འདིར་ཅི་འདྲའི་སྡུག་རྩུབ་ཅིག་ཆེ་བ་ལ།”མི་རྒན་དེ་ལ་ཉེས་མེད་དུ་རྡོ་ལོག་གཅིག་གནང་སོང་། འདི་འདྲ་མ་གསུངས། གསལ་འགྱུར་རྒྱུད་ལམ་དག་དང་འབྲེལ་ཡོད་ལ་རྒྱུས་ལོན་རེ་མཛོད་དང་མངོན་སུམ་ལ་སུས་སྙོན་འདུག་གཞི་ནས་ཤེས་ཡོང་གི་རེད།

    དེས་ན་མང་པོ་མི་བཤད། སྐབས་དོན་གསལ་བའི་མྱི་ནག་ཚང་གི་བདེན་ཚིག་འགས་འཐུས་པར་བྱས་ན། མྱི་ནག་ཚང་ན་རེ༼ད་ནི། དོན་དག་གཞན་ཞིག་བཤད་ན། ལྷ་བཟང་ཚེ་རིང་ལགས་ཀྱིས་ཁོང་གི་མགོ་ལ་རྡོ་ཕོག་གྲབ་བྱས་ཚུལ་གསུངས་སོང་། བདེན་པ་རེད། ཁོང་གཅིག་པུ་མ་རེད། ཟླ་བ་ནོར་བུ། འཇམ་དབྱངས་ནོར་བུ། ཀླུ་མཁར་བྱམས་སོགས་རང་བཙན་གྱི་ལྟ་བ་འཛིན་མཁན་དག་གི་མགོར་རྡོ་དང་དབུག་པ་ཕོག་གྲབ་བྱས་པ་རེད། དེ་ནི་དབུ་མའི་ལམ་པ་ལ་རྒྱབ་སྐྱོར་ཡོད་ཟེར་མཁན་དེ་དག་གི་བྱ་སྟངས་ལས་སྟངས་རེད། རང་བཙན་རྩོད་མཁན་ཞིག་གིས་ད་བར་དུ་དབུ་མའི་ལམ་རྩོད་མཁན་ཞིག་ལ་དེ་འདྲའི་རྡོ་དང་དབྱུག་པ། མཐའ་ན་སྡིག་མཛུབ་དང་མཆིལ་མ་ཙམ་ཡང་འཕེན་མྱོང་ཡོད་པ་མ་རེད། འདི་ཡང་གསལ་བོ་ཤེས་རྒྱུ་གལ་ཆེན་པོ་རེད། ༽ཅེས་དང་༼གཞིས་ལུས་བོད་མི་ཚོ་རྒྱ་ནག་མཉམ་དུ་འདུག་འདོད་མེད་པ་གསལ་བོ་རེད། དེ་ཡོད་ན་མ་མཐར་ཡང་སྐུ་ལུས་མེ་ལ་སྒྲོན་པ་དང་། ཆོལ་ཁ་གསུམ་ནས་དར་ཕྱར་ནས་རྒྱུག་དགོས་དོན་ཡོད་པ་མ་རེད། ང་རང་གིས་ཤེས་ཚོད་ལ་ཕྱི་ལོག་ན་ཡོད་པའི་བོད་པའི་ཤེས་ཡོན་པ་ཕལ་ཆེ་བ་རང་བཙན་ལ་ཕྱོགས་འདུག ཡིན་ཡང་། ༧སྐུ་མདུན་གྱི་དགོངས་པ་འདིར་རྒྱབ་ཀྱིས་ཕྱོགས་མ་ཐུབ་པར་བསྡད་འདུག དེ་ནས་ཕྱི་གླིང་བ་བོད་དོན་ལ་ཞིབ་འཇུག་བྱེད་མཁན་དང་། བོད་དོན་ཆེད་མཁས་པ། བོད་དོན་རྒྱབ་སྐྱོར་བ་ཕལ་ཆེ་བ་རང་བཙན་ལ་ཕྱོགས་འདུག འདི་ཡང་ཡིད་མི་ཆེས་ན་ང་ཚོས་བསམ་ཤོག་འདྲ་བོ་ཞིག་བསྡུས་ནས་ལས་སླ་བོར་ཐག་གཅོད་ཐུབ་གི་རེད་འདོད།༽ ཅེས་སོ།

    Reply
  29. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ཆིག་སྒྲིལ་ལ་གཏོར་གཤིག་གཏོང་མཁན་ངོ་མ་དེ་སྐབས་འཚོལ་རིང་ལུགས་པ་འགའ་ཤས་ལས་རྒན་ལྷ་བཟང་ལགས་ཁོང་མ་རེད། རང་གི་ལངས་ཕྱོགས་དང་མི་མཐུན་པ་ཚོར་དགག་རྒྱག་དང་ངན་སྨྲས་བྱེད་པའི་ལངས་ཕྱོགས་དེ་སྔོན་མ་གཡོན་ཕྱོགས་རིང་ལུགས་པའི་བྱ་སྟངས་རང་ལས་གཞན་མ་འདས་

    Reply
  30. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ནང་གྲལ་མ་དག་ན་ཕྱིའི་དོན་མི་འགྲུབ་ཅེས་པའི་དཔེ་ལྟར། ནང་གི་ཆིག་སྒྲིལ་དང་བརྟན་བརླིང་ལ་གཏོར་བཤིག་གཏོང་མཁན་གྱི་རིགས་ལ་ང་ཚོས་མཐའ་གཅིག་ཏུ་དགག་རྒྱག་བྱེད་འོས་པར་མཐོང་། ཡང་གཅིག་བཤད་ན། ལྷ་བཟང་ཚེ་རིང་སོགས་རྗེས་འབྲང་འཁོར་དང་བཅས་པས་༸གོང་ས་མཆོག་དང་རང་གཞུང་ལ་གཞི་མེད་ཉེས་འཛུགས་དང་ངན་ཁག་གཡོ་འགེལ་བྱེད་ཆོག་ན། ང་ཚོས་བདེན་པ་གདོང་ལ་བཞག་སྟེ་གནས་ཚུལ་གསལ་བརྗོད་བྱེད་ན་ཅིའི་ཕྱིར་མ་ཆོག་པ་རེད།

    Reply
  31. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    མངོན་སུམ་རྟགས་ཀྱིས་བདེན་པ་ངོ་སྤྲད་ཀྱང་། ངམ་གནག་བཞིན་གྱི་གཉེར་མ་མི་དྭངས་པའི་རིགས་ལ། ང་ཚོར་ཅི་ཞིག་བཤད་དུ་ཡོད་དེ། བཤད་ཀྱང་ངལ་བའི་རྒྱུ་ལས་མ་འདས་སོ། །

    Reply
  32. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ད་དུང་རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས། རང་ལུས་སྲེག་སྦྱོར་གནང་མཁན་ཚོས། ༼ང་ཚོར་རང་བཙན་དགོས་ཟེར་བ་འདི་རེད།༽ ཅེས་མངོན་སུམ་ལ་བསྙོན་འདིང་སྟེ། རང་ལུས་སྲེག་སྦྱོར་གནང་མཁན་ཚོའི་སྲེག་དྲི་མ་ཡལ་གོང་ལ། ཁོང་ཚོའི་སྐུ་མདོག་ལ་མཚོན་རྩི་བྱུགས་ཏེ་ཁ་དོག་བསྒྱུར་རྩིས་བྱེད་ཀྱི་འདུག མི་འདི་ཚོའི་གྲས་འདིར་ཅི་འདྲའི་སྡུག་རྩུབ་ཅིག་ཆེ་བ་ལ། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་དཔེ་ལྟར། ཁྱེད་ཚོར་སེམས་ཤུགས་དང་འཇོན་ཐང་ཡོད་ན་རང་ཉིད་ཀྱིས་ལམ་ཞིག་བཟོས་ཏེ་བྱས་རྗེས་ཞོག་དང་། ངེས་པར་དུ་༸གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་དང་ཉེས་མེད་ཉེས་འགེལ་བྱེད་པ་དང་། རྒྱལ་གཅེས་དཔའ་བོའི་ཚོའི་སྣང་བརྙན་རྩེད་སྤྱད་བྱེད་དགོས་དོན་ཅི་ཞིག་འདུག

    Reply
  33. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    ངོ་མ་རེད། མྱི་ནག་ཚང་གིས་བཤད་པ་བཞིན། རྒན་ལྷ་མོ་སྐྱབས་ལགས་ནི་རང་རེའི་སྤྱི་ཚོགས་ཁྲོད་འབུར་དུ་ཐོན་པའི་བྱས་རྗེས་ཅན་གྱི་མི་སྣ་ཕུལ་དུ་བྱུང་བ་ཞིག་ཡིན། ད་དུང་གསལ་བོ་ཞིག་བཤད་ན།
    ཁོང་ནི་བདེན་པ་ཚུགས་ཐུབ་ཀྱི་མི་ཞིག་ཡིན།
    བཤད་པ་དང་ལག་ལེན་དོ་མཉམ་པའི་མི་ཞིག་ཡིན།
    བྱ་བ་ཅི་ཞིག་སྒྲུབ་རུང་ཁ་ཞེ་གཉིས་མེད་ཀྱི་མི་ཞིག་ཡིན།
    སྤྱི་དོན་གཙོ་བོར་འཛིན་ཞིང་ལྷག་བསམ་གཡོ་བ་མེད་པའི་མི་ཞིག་ཡིན།
    དྲིན་བྱས་དྲིན་དུ་ཚོར་མཁན་གྱི་མི་ཞིག་ཡིན།
    དྲང་བོ་དྲང་བཞག་གནང་མཁན་གྱི་མི་ཞིག་ཡིན།
    ཁ་བདེ་ལྕེ་བདེ་ཡིས་མི་དམངས་བསླུ་བྲིད་དང་རྩེད་སྤྱད་བྱེད་མཁན་གྱི་གྲས་དེ་མིན།
    མགོ་བདེ་དྲན་འཕྲུལ་ཅན་གྱི་གདོན་འདྲེའི་རིགས་དེ་མིན།
    གཤིས་སྤྱོད་འདི་དག་ནི་ཁོང་ལ་རྒྱུས་ཡོད་ཅིག་ཡིན་ཚེ་སུས་ཀྱང་གསལ་ལྷང་ངེར་ཤེས་ཀྱི་ཡོད་ལ། འདི་དང་འདི་དག་སྟེ་མི་གཤིས་ཀྱི་ཐད་ནས་མཚུངས་བསྡུར་ཞིག་བྱས་ན། རྒན་ལྷ་མོ་སྐྱབས་ལགས་དང་རྒན་ལྷ་བཟང་ཚེ་རིང་ལགས་གཉིས་བར་ལ་གནམ་སའི་ཁྱད་པར་རྒྱུག་པ་རེད།

    Reply
  34. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    འོ་འོ། ད་མཆན་མང་བོ་ཞིག་བཞག་འདུག

    Reply
  35. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གང་ལྟར་ཆབ་བྲག་དང་བསྟན་ཤེར་སོགས་ཀྱིས་ཅི་འདྲ་བཤད་རུང་ལྷ་བཟང་ཚེ་རིང་ལ་སྐྱོན་བརྗོད་བྱེད་པའི་བརྗོད་ཚིག་འདི་ཁྱེད་རང་ལ་བསྐོར་ན་ལྟག་ཆོད་འབའ་ཞིག་ཏུ་གྱུར་རྒྱུ་རེད། ཁྱེད་གཉིས་ཀྱིས་ལག་ལ་མྱུ་གུ་ཐོགས་ནས་རྩོམ་ཚིག་འདྲ་འདྲ་ཆག་མང་པོ་བྲིས་པ་ཙམ་ལས་དོན་དུ་ན་བོད་རྩ་དོན་ལ་ཕན་པའི་ལས་ཀ་གྲུབ་འབྲས་ཐོན་པ་ཅི་བྱེད་མྱོང་། ད་དུང་དེ་ལས་ལྡོག་སྟེ་བསྟན་ཤེར་ཟེར་བ་དེས་དེ་སྔོན་མོན་གྷོ་རུ་གཞས་སྣ་འཁྲབ་སྟོན་བྱེད་པ་དེ་ལས་འཕྲོས་ནས་གསར་རྙིང་དབར་ལ་འགལ་ཟླ་འགྲོ་གཞིའི་གཏམ་གླེང་རིགས་འདྲ་མིན་བཟོས་ཡོད་པ་དང་། ཆབ་བྲག་ནི་དེ་སྔོན་གྲོས་ཚོགས་ནང་དུ་འཐེན་ཁྱེར་གྱི་སྐད་ཆ་འདྲ་མིན་བཤད་ནས་མཐར་རང་ཉིད་ཀྱང་གྲོས་ཚོགས་ར་བ་ནས་ཐོན་པ་དེས་རང་ཉིད་ལ་སློབ་གསོ་ཡག་པོ་ཞིག་སྟེར་ཡོད། སྤྱིར་མི་ཟེར་མཁན་དེ་ལ་སྐྱོན་མེད་པ་ཡོང་མི་སྲིད། ལྷ་བཟང་ཀྱང་མི་ཞིག་ཡིན། དེར་མ་ཟད། སོ་སྐྱེ་ཐ་མལ་བ་ཞིག་ཡིན་པས་སྐྱོན་ཡོད་པ་རེད། འོན་ཀྱང་ད་རེས་ཀྱི་སྐད་ཆ་འདི་ལ་སྐྱོན་ཆ་མིན་འདུག ད་དུང་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་སེམས་ཁོང་གི་སྐད་ཆ་གཞན་ལ་བཤད་ཕོད་པའི་རྟགས་མཚན་གསལ་པོ་སྟོན་སོང་།

    Reply
  36. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དྲ་ཐོག་ཏུ་༧གོང་ས་མཆོག་ལ་དད་པ་དང་དམ་ཚིག་ཡོད་མདོག་བྱས་ནས་རྒྱ་དམར་གྱི་ཁྲིམས་སུ་བརྩི་བཀུར་བྱེད་མཁན་ཚོ་ལས་དྲང་སྲོང་ལྷ་བཟང་ལགས་ཀྱིས་དད་པ་དང་དམ་ཚིག་གཙང་བ་ཡོད་པར་འདོད།

    Reply
  37. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    ཨ་ཁུ་ལྷ་བཟང་ཚེ་རིང་གིས་བཤད་སྟངས་ལ་ལྟས་ན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བར་དེ་༸གོང་ས་མཆོག་འུ་ཐུབ་ནས་སྐུ་དབང་མི་མང་ལ་གནང་བ་ཡིན་པ་ལྟ་བུ་ཞིག་ཁོང་གི་དཔེར་མཚོན་དེར་ལྟས་ན་ཤེས་ཐུབ། འོན་ཀྱང་སྐད་ཆ་བཤད་མོས་ཁར་མིག་ཆུག་ཤར་ཤར་བཞུར་ཡོང་སྟངས་ལ་གཞིགས་ན་ཁོང་གིས་༸གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱི་དད་འདུན་ཞིག་ཡོད་འདུག་པ་ལྟ་བུ་ཞིག་ཚོར་གྱི་འདུག

    Reply
  38. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས་ཀྱི་གནང་སྟངས་དེ་དངོས་གནས་འགན་འཁུར་ཅན་ཞིག་གི་གནང་སྟངས་རེད།
    ཁ་སྔོན་བཅར་འདྲིའི་རྗེས་སུ་ཐེ་བོ་ལགས་ཀྱི་དྲི་བ་དེ་སླེབས་པ་དང་། གསར་འགོད་པ་རང་དང་ཡང་ན་ཉེ་འཁྲིས་ཀྱི་མི་ཞིག་ལ་རེ་བ་ཞུས་ནས་དངོས་སུ་སྐད་ཆ་རེ་དྲིས་ན་ཁ་གསལ་བོ་ཆགས་རྒྱུ་རེད་བསམས་མོད། དུས་དབང་དང་རྐྱེན་དབང་གིས་དེ་ལྟར་མ་བྱུང་།

    དེ་རིང་ཁྱེད་ཀྱིས་གནང་འདུག་པས་གོ་སྐབས་འདི་བརྒྱུད་ནས་དངོས་གནས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཁ་སྔོན་གྱི་རྒན་རབས་པ་ཁོང་གི་གསུང་སྟངས་འགའ་ཤས་དངོས་གནས་ཡིད་སེམས་འགུལ་བ་ཞིག་རེད་འདུག་མོད། དཔེ་འཇོག་དེ་དང་ཞལ་གཅིག་ནས་ལྗགས་གཉིས་བརྐྱངས་གནང་འདུག་པ་དེ་དག་མཐོང་དུས་དངོས་གནས་སེམས་པ་སྐྱིད་པོ་ཞིག་བྱུང་མ་སོང་།

    Reply
  39. བརྩོན་རྒྱམ། says:
    ལོ་ 14 སྔོན།

    རྒན་ལྷ་བཟང་ལགས་ཀྱི་མི་རིགས་ལ་བཅང་བའི་བརྩེ་དུང་དང་རིགས་ཞེན་ཡོད་པ་བདེན་ན་ཡང་རང་གི་བློ་ངོར་འཆར་བའི་དཔེ་འཇོག་དེ་དོན་ལྡན་ཞིག་འོང་མེད་པ་གསལ་བོ་རེད།  མ་ཟད་ཆབ་སྲིད་ལ་རིགས་གཉིས་སུ་དངོས་འཛིན་ཡོད་པ་བཞིན་རང་ནུས་གང་ཡོད་ཀྱི་རང་གི་ལྟ་ཚུལ་སྒྲུབ་ཀྱི་ཡོད་པ་ཡིན་དུས་ཁྱེད་ཀྱི་དེ་གནས་ལུགས་མི་འདུག་ཟེར་ཁག་པོ་ཞིག་རེད།  ཆབ་བྲག་ལགས་ཀྱི་གསུང་པ་དེ་གནས་ལུགས་ཅན་གྱི་གསུང་རེད་དྲན་སོང་།

    Reply
  40. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རིན་པོ་ཆེ་ནས་ཚང་མ་གསུངས་འདུག ཁ་སང་དེ་མ་ཐག་གནས་དུས་ཚོད་རྩིས་རེད་ཅེས་བཤད་པ་ཡིན། ཁོང་གི་ཚོང་ཁང་ལ་སོང་ནས་གུས་བརྩི་ལྡན་པའི་ངང་རྒྱུ་མཚན་བྲིས་པ་ཡིན། བཤད་རྒྱུ་དམིགས་འདྲ་མི་འདུག སྤྱིར་བཏང་འདིའི་རིགས་འདི་ངས་སྔོན་ནས་ཁུངས་མེད་རུ་དཔུང་རེད། བྱ་བྱེད་ལས་གསུམ་གསལ་བོ་བཟོས་ཡོད་པས་ད་བསྐྱར་བཤད་འདྲ་བཤད་འདོད་མི་འདུག་ལ། ང་ཚོས་སྐད་ཆ་འདི་འདྲ་བོར་ཡི་གེ་བྲིས། བསམ་བློ་བཏང་བ་ཡིན་ན་དངོས་གནས་རང་ཆུ་ཚོད་འཕྲོ་བརླག་རང་རེད། དེ་བས་ད་ནས་བཟུང་། ཁུངས་མེད་རུ་དཔུང་གི་གླེང་གཞི་བསྐྲུན་ཕྱོགས་འདིའི་མགོ་བསྐོར་འོག་མ་ཚུད་པ་ཞིག་བྱེད་དགོས་ཀྱི་རེད། ཁུངས་མེད་རུ་དཔུང་ལྟོས་བཅས་ཀྱིས་གང་བཤད་ན་དེ་ག་རང་བཞག་ཞོག་དང་ཁོ་རང་བཞིན་གྱིས་གད་སྙིགས་ཆགས་འགྲོ་རྒྱུ་ཐེ་ཚོམ་མེད་པ་རེད། དེ་བས་ད་ནས་རིན་པོ་ཆེ་དང་རྒན་ལྷ་མོ་གཙོས་ཤེས་ལྡན་པ་ཚོས་ཆུ་ཚོད་འཕྲོ་བརླག་ལ་མ་གཏོང་རོགས།

    Reply
  41. ཁྱུང་ཆེན་རང་གྲོལ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཀྱི་དཔྱད་བརྗོད་ལ་བསྔགས་བརྗོད་ཞུ་བ་དང་ཆབས་ཅིག་ངས་ལྟས་ན་ ༼ Half-knowledge is extremely dangerous༽ཞེས་པའི་ཨིན་སྐད་ཀྱི་སྡོམ་ཚིག་འདིའི་ནང་ལྷ་བཟང་དང་འཇམ་ནོར་སོགས་ཚུད་འདུག ཤེས་ཡོན་པ་ཕྱེད་ཀ་ཅན་འདི་རིགས་ཀྱིས་ནམ་ཡང་ལས་ཀ་ཡག་པོ་ཞིག་མི་བྱེད། ང་ཚོ་ལས་སྤྱི་ཚོགས་ཆེ་བ་དག་གི་ནང་དུ་ཡང་ཤེས་ཡོན་པ་ཕྱེད་ཀ་ཅན་ཚོས་ཆབ་དཔལ་རིག་གསུམ་གྱི་ཐོག་ལ་དཀའ་ངལ་མང་པོ་སྤྲད་དང་སྤྲོད་བཞིན་ཡོད། རང་ཅག་ཁ་བ་གངས་ཅན་པའི་གཉན་འཕྲང་གི་དུས་ཚོད་འདི་ལྟ་བུའི་ནང་། ཤེས་ཡོན་པ་ཕྱེད་ཀ་ཅན་འདིའི་རིགས་ཀྱིས་ཆབ་དཔལ་རིག་གསུམ་སོགས་ཡར་རྒྱས་ཅན་དག་གི་རྗེས་སྙེག་ཐུབ་པའི་དགེ་མཚན་ལ་ཕན་ཐོགས་པ་ལས་མུ་གེའི་ཐོག་ལ་ཟླ་ལྷག་གི་དཔེ་ལྟར་སྡུག་བསྔལ་མྱོང་འཇུག་གི་འདུག འཛམ་གླིང་སྤྱིའི་འགྱུར་འགྲོས་དང་བོད་མིའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་སོགས་ལ་དཔྱོད་པའི་བློ་མིག་དང་། དེ་ལ་ཕན་ཐོགས་ཡོད་པའི་ཤེས་རབ་ཀྱིས་མི་འདང་བ་དེ་ནི། ཤེས་ཡོན་པ་ཕྱེད་ཀ་ཅན་ཚོའི་སྣང་གནས་རེད། ཤེས་ཡོན་པ་ཕྱེད་ཀ་ཅན་ཚོས་སྤྱི་ཚོགས་ཕུགས་དཀྲུགས་འདབས་དཀྲུགས་བྱེད་ཐུབ་པ་དང་། སྤྱི་ཚོགས་ལ་མི་མཁོ་བ། སྤྱི་ཚོགས་ཀྱི་ལྡོག་ཕྱོགས་ཡིན་པ་བཅས་ཀྱི་ཆ་ནས་ཤེས་ཡོན་པ་ཕྱེད་ཀ་ཅན་ནི་མཁས་པ་ཚོས་ཆེས་ཉེན་ཁ་ཅན་ཞིག་ཏུ་ངོས་འཛིན་བྱས་པ་རེད།

    Reply
  42. རོ་ལངས། says:
    ལོ་ 14 སྔོན།

    མྱི་ནག་ཚང་འདི་ཕྱོགས་ཚང་མ་མཐོང་བའི་མི་དྲང་མོ་ཞིག་ཏུ་བརྩི་གིན་ཡོད། རེད་། ད་ཐེངས་དྲང་མོ་གསུང་སོང་། རྒན་ལྷ་མོ་སྐྱབས་ལ་ལྟ་ཚུལ་གྱི་རྐྱེན་པས་གཅིག་ཞུ་དགོས་བྱུང་རུང་ངས་བཀུར་འོས་ཅེས་པའི་ཐ་སྙེད་འདི་སྤྱོད་ཀྱིན་ཡོད། འདི་ནི་ཁོང་གིས་བོད་ཡིག་གི་ཐོགས་ལ་བཞག་པའི་ཕྱག་རྗེས་དྲན་པའི་ཆེད་དུ་ལགས་ཏེ། གཞན་བཀུར་དགོས་དོན་དང་འོས་དོན་ཅང་མེད། དེ་གཅིག་ཡིན།

    གཉིས་པ་ནི་བསྟན་ཤེར་རེད།
    ལྟ་ཚུལ་ལ་དཔྱད་བསྡུར་དང་དོགས་འདྲི་བྲས་པར་ལེགས་བྱུང་། རེད་དེ་༼གཉིས་པ་ནི་ཁ་ནས་བྱུང་རྒྱལ་དུ་སྨྲ་ཞིང་དོན་དག་ལ་ཅི་ཡང་མེད་པའི་རིགས་ཏེ། དེ་ནི་ཆབ་སྲིད་པ་རྫུན་མའམ་མགོ་བདེ་དྲན་འཕྲུལ་མཁན་གྱི་རིགས་རེད། མདོར་དེད་ན་མི་གཤིས་ཀྱི་དྲི་མ་བྲལ་བའི་རིགས་རེད།༽ ཁོང་གིས་འདི་ལྟར་རྒན་རབས་པ་དེར་ཞྭ་མོ་ཆེན་པོ་ཞིག་གཡོགས་བྱུང་། འདི་ལ་ཕྱོགས་གཅིག་ནས་སྐུ་ཞབས་ཀྱིས་མི་གཤིས་ཅིས་པ་དེ་ངོས་མ་ཟིན་པར་ཇོ་བཟང་གི་བརྟུལ་ཞུགས་ཙམ་དུ་དགོངས་ཀྱི་ཡོད་པའི་རྟགས་དང་། གཉིས་ནས་ཆབ་སྲིད་ཀྱི་ལས་འགུལ་དེ་ནི་ཁྲ་ཁྲ་ཟིང་ཟིང་དང་འུ་ར་སྒྲ་ཙམ་དུ་དགོངས་ཀྱིན་ཡོད་པའི་རྟགས་ཟང་མར་བསྟན་པར་མཐོང་། འོན་ཀྱང་ཁག་ཡོད་པ་མ་རེད་མོད། ཉིད་ཀྱིས་རང་གི་ཕྱག་རིས་ལ་རང་བསམ་བཏང་མི་འདུག གཞན་དུ་བསམ་ཡོད་ཚོས་ བལྟས་པ་ཙམ་གྱིས་ཀྱང་ན་ཞྭ་མོ་དེ་ཆེ་དྲག་པའི་ཚོར་བ་ཞིག་འགོག་མེད་དུ་མི་སྐྱེ་འམ། ཅི་འདྲ་འདུག ཨ་ལ་་་་་ དགོངས་འགལ་མེད་པ་ཞིག

    Reply
  43. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒན་ལྷ་མོ་སྐྱབས་ཀྱི་བྱས་རྗེས་དེ་ས་ལ་མི་ཤོངས་པ་ཞིག་རེད། རྣམ་པ་ཚོས་ཁོང་ལ་དེ་ལྟར་བཤད་ག་ལ་རུང་། ད་སྐབས་བོད་ཁྱིམ་སློབ་གྲྭ་དང་གཏན་སློབ་ཁག་གི་བོད་དགེ་དེ་དག་ཁོང་གི་གསོ་སྐྱོང་འོག་ནས་ཕེབས་པ་རེད། འདི་ལ་བསམ་བློ་བཏང་ན་ང་ཚོ་འདྲ་བས་བོད་མི་རིགས་ལ་ལེགས་སྐྱེས་སེན་མོ་འདྲ་ཞིག་འབུལ་ཐུབ་ཡོད་པ་མ་རེད།

    ཁོང་དེང་སྐབས་དྲ་ཐོག་གི་མཆན་མཁན་ཨང་དང་པོ་འདྲ་བོ་རེད། མཚམས་རེར་སོ་སོའི་ལྟ་ཚུལ་དང་མ་མཐུན་ན་ཁ་ཐུག་ཏུ་མི་གཞི་ནས་བརྩམས་ཏེ་རྒོལ་སྟངས་དེ་ཡག་པོ་མི་འདུག མ་གཞི་ནས་ཁོང་གི་མི་གཞི་ལ་སྐྱོན་བརྒྱབ་ཀྱང་ཕལ་ཆེར་འབྲེལ་བ་ཡོད་པ་མ་རེད། ཁོང་གིས་ཀྱང་དེ་སེམས་ལ་ཉར་གི་མ་རེད། དེ་ལས་ཁོང་གི་དགོངས་ཚུལ་དེ་དག་ལ་བརྡར་ཤ་ཆོད་དང་དེ་ནི་རང་གཞན་རོགས་གསུམ་གྱི་རེ་བ་ཡིན་རྒྱུ་རེད་འདོད།

    མཆན་འདི་ནི་ཉེ་བའི་ཆ་ཞིག་ནས་སེམས་ལ་ཤར་ཡང་ལག་ལ་མ་ཡོང་བསྡད་པ་ཡིན། ཁ་སང་དེ་རིང་མཆན་ཇེ་མང་ལ་ཕྱིན་པའི་སྐབས་དེར་འདི་ཡང་གསལ་བཤད་ཅིག་བྱ་རྒྱུ་གལ་ཆེན་པོ་རེད་འདོད།

    Reply
  44. མྱི་ནག་ཚང་། says:
    ལོ་ 14 སྔོན།

    ངས་འདི་ནས་རི་མོ་ཀྱག་ཀྱོག་ཅིག་འབྲི།

    ༡༩༡༣ ལོ་ནས་ ༡༩༥༡ ལོ་བར་དུ་རང་བཙན་རེད། (༣༨)

    ༡༩༥༡ ལོ་ནས་ ༡༩༥༩ ལོ་བར་དུ་རང་སྐྱོང་ལ་ཕྱོགས་པ་རེད། ཆིངས་ཡིག་དོན་དོན་བཅུ་བདུན་ལ་གཞི་བཅོལ་བ་རེད། དེ་དུས་དབུས་གཙང་མ་གཏོགས་མདོ་སྟོད་སྨད་གཉིས་ནང་དུ་ཚུད་ཡོད་པ་མ་རེད། (ལོ་ ༨ རེད།)

    ༡༩༥༩ ལོ་ནས་ ༡༩༧༩ ལོ་བར་དུ་སླར་ཡང་རང་བཙན་རྩད་པ་རེད། ཏིན་ཞའོ་ཕིན་གྱིས་རང་བཙན་གྱི་ཕན་ནས་སྐད་ཆ་ཅི་ཡིན་ཡང་བཤད་ཆོག་ཅེས་པ་ལས་རང་བཙན་གྱི་འཐབ་རྩོད་ག་ལེར་བཞག་པ་རེད། ( ལོ་ ༢༠ )

    ༡༩༧༩ ལོ་ནས་ ༢༠༡༡ བར་དུ་བསྐྱར་དུ་རང་སྐྱོང་བརྩད་པ་རེད། གཟིགས་སྐོར་དང་འབྲེལ་མོལ་ཐེངས་ ༣༠ མ་ལོངས་ཙམ་ཞིག་ཕྱིན་པ་རེད། གྲུབ་འབྲས་ནི་མ་ཐོན་པ་རེད། (ལོ་ ༣༢ )

    ད་ནི་རང་བཙན་དང་རང་སྐྱོང་རྩོད་མཁན་ཚོས་བསམ་བློ་མི་ཐོངས་རྒྱུ་ཞིག་མི་འདུག་སྙམ། སོ་སོ་ཡང་དག་པ་ཡིན་པ་ཙམ་གྱིས་གཞན་པ་དེ་ཡང་ཡང་དག་པར་འགྱུར་བའི་ངེས་པ་ཡོད་པ་མ་རེད། ཐབས་དང་ཤེས་རབ་གཉིས་ནི་ང་ཚོའི་རིག་གཞུང་གི་སྲོག་རྩ་རེད། དེ་གཉིས་ང་ཚོ་གང་དུ་ཕྱིན་ཡང་། ག་རེ་བྱས་ཀྱང་གནད་ལ་འཛིན་དགོས་པ་རེད་འདོད།

    Reply
  45. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སུ་ཞིག་ལ་བྱས་རྗེས་ཆེ་མིན་དང་འཇོན་ཐང་ཡོད་མེད། ཀུན་སློང་བཟང་མིན། ཁ་ཞེ་མཐུན་མིན་སོགས་སྐབས་དོན་མ་རེད་སྙམ། ང་ཚོས་གླེང་འོས་པ་ནི་ལྟ་བའམ་བསམ་ཚུལ་མི་འདྲ་བ་དག་གི་རྒྱབ་ལྗོངས་དང་གནས་ལུགས་རྒྱུ་མཚན་གང་ཆེ། མངོན་སུམ་དང་རྨི་ལམ་གང་ཡིན། བྱེད་ཐུབ་མིན་གང་ཡིན། འཕྲལ་ཕུགས་ཁེ་གྱོང་གང་ཆེ་བཅས་ལ་བསམ་གཞིགས་དང་དཔྱད་པ་གཏོང་དགོས།
    བོད་མི་ཚོ། ང་ཚོས་སྐབས་དོན་རྒྱ་ནག་གུང་ཁྲན་ཏང་ཇི་ལྟར་ཕམ་ཉེས་སུ་འགྲོ་རྒྱུར་གྲངས་ཉུང་མི་རིགས་ཁག་གཙོས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དུ་མ་དང་མཉམ་འབྲེལ་མཉམ་ལས་ཇི་ལྟར་བྱེད་དགོས་པའི་དམག་དོན་རང་ལ་བསམ་བློ་གཏོང་རྒྱུ་གལ་མི་ཆེའམ། སྔོན་འགྲོའི་གོམ་པ་འདི་ལ་རང་བཙན་དང་རང་སྐྱོང་རྩོད་དགོས་དོན་མེད། དེ་རྗེས་རང་བཞིན་གྱིས་མི་རིགས་རང་ཐག་རང་གཅོད་ཀྱི་གོ་སྐབས་ཤིག་ཡོང་གི་རེད་ལ། དེ་ཡང་ཉིན་མོ་གཅིག་རང་ལ་འོས་འཕེན་གྱིས་གཙང་མར་ཐག་གཅོད་ངེས་རེད། བདག་གིས་དེང་སང་བསམ་བཞིན་པ་དང་བཤད་བཞིན་པ། སྨོན་བཞིན་པ་གཙོ་བོ་འདི་རང་ཡིན།

    Reply
  46. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ངས་ཀྱང་དཔེ་ཞིག་འཇོག ཕ་མ་རྒས་ནས་བུ་བུ་མོ་ནར་སོན་རྗེས་ནང་གི་དབང་ཚད་དང་འགན་ཁུར་ཚང་མ་ཁོ་ཚོར་གནང་ནས་ཟུར་ནས་ཁ་ཏ་ལྟ་སྐྱོང་གནང་ཚུལ་དེ་ཕ་མ་བཟང་པོར་བརྩི་འོས་སམ།
    ལུག་རྫི་ཞིག་རྒས་ནས་རང་གི་བུ་ཚ་ཚོར་ལུག་འཚོ་སྐྱོང་གི་གདམས་ངག་གནང་ནས་བདག་སྐྱོང་བྱེད་བཅུག་པ་དེ་ལུག་རྫི་རྒད་པོས་ལུག་ཁྱུ་དོར་བ་ཡིན་ནམ།
    ཆོས་བརྒྱུད་ཅིག་དང་གང་ཟག་སྒེར་བ་ཞིག་གི་མཚན་གནས་དང་འབྲེལ་བའི་གནའ་སྲོལ་རང་བཞིན་གྱི་ཆབ་སྲིད་འཛིན་སྐྱོང་དེ་ལུགས་དུས་རབས་འདིར་མི་འཚམ་པར་གཟིགས་ཏེ་ལམ་ལུགས་ལེགས་བཅོས་གནང་བ་འདི་གོང་གི་ལུག་རྫི་ཨ་མྱེས་དེ་དང་ཕ་རྒན་བྱམས་ལྡན་དེ་གཉིས་དང་ཡོངས་སུ་མི་འདྲའམ། དོན་དངོས་དང་གནས་ལུགས་ལ་བསམ་བློ་གཏོང་ཤེས་པར་གྱིས།
    མ་གཞི་ནས་ཁ་གཅིག་གི་ནང་ནས་ལྕེ་གཉིས་གཡུག་མཁན་རིགས་ལ་དོགས་ཟོན་བྱས་ན་དགའ། རང་གིས་མི་ཤེས་ན་ཡོངས་གྲགས་ཀྱི་མཁས་དབང་ཡིད་ཆེས་ཡོད་ས་གང་དེའི་རྗེས་སུ་འབྲང་འོས། དེ་ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ། འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། སྲོག་ལ་བབས་ཀྱང་འབད་པས་སྲུང་བར་རིགས”། ཞེས་པ་བཞིན་བདག་ནི་ཐམས་ཅད་མཁྱེན་པའི་སྐུ་རྗེས་སུ་མིག་བཙུམ་སྟེ་ཞུགས་ཀྱང་ནོར་འཁྲུལ་ཅི་ཡང་མེད་པར་འདོད་དོ

    Reply
  47. རོ་ལངས། says:
    ལོ་ 14 སྔོན།

    སྐུ་ཞབས་བསྟན་ཤེར་ལགས་ཀྱིས་གསུངས་ན་རྒན་ལྷ་བཟང་རྒྱུག་ཆོག་ཆོག་ཡིན་ཕྱིན་སྨྱོན་པ་ནང་བཞིན་གྱིས་རྒྱུག་དགོས་པར་འདུག་གསུང་གི་ཡོད་པ་འདྲ། དེ་མ་གཏོགས་རང་གི་ཕྲུག་གུ་ཡང་སློབ་གྲྭར་དཀའ་ངལ་འཕྲད་བསྡད་པ་ཞིག་གིས་དེ་འདྲའི་སྤྱི་ཚོགས་ནང་དུ་ཅི་ཞིག་བྱེད་རྒྱུ་ཡོད་པ་རེད། གཅིག་བྱས་པའི་དབང་དུ་བཏང་རུང་སུས་རྒྱབ་སྐྱོར་དང་རོགས་རེས་བྱེད་ནུས་ཀྱི་རེད། ང་ཚོ་ཤར་ཕྱོགས་པ་དག་གི་མི་གཤིས་ལ་ཞུགས་པའི་བག་ཆབས་ལ་འདི་འདྲ་ཞིག་ཡོད་པ་ཏེ། རྒྱ་ནག་པ་དག་གིས་ཉེ་རབས་མའོ་ཙི་གཏུང་གི་དགོངས་པ་མཐའ་འཆོང་བྱེད་དགོས་ཟེར་ནས་གོང་འོགས་ཚང་མས་ཁ་ཤ་ལ་བཏགས་བཞག་ཡོད་པ་རེད། དེ་ལས་ཅུང་ཟད་འདས་ངོ་ལོག་པ་ཆགས་འགྲོ་བ་རེད་ལ། ཐ་ན་ལྟ་ཚུལ་ཙམ་ཡང་འདོན་ས་ཡང་ཡོད་པ་མ་རེད། འདི་ལྟ་བུའི་བག་ཆགས་དེ་རྒྱ་བོད་གཅིག་མཚུངས་ལ་ཡོད་པ་རེད། འོན་ཀྱང་སྟབས་ལེགས་སྟེས་དབང་ཞིག་གིས་ང་ཚོའི་མགོན་དེ་ངོ་མ་ང་ཚོ་མ་བསླུས་པ་རེད། གནས་སྟངས་འདི་འདྲ་ཞིག་ཡོད་ཙང་ངས་ནམ་ནམ་ཞར་ཞར་ལ་ང་ཚོར་ལྟ་བ་གཉམ་གནས་ཀྱི་ཁོར་ཡུག་ཡོད་པ་མ་རེད་ཅེས་སྐད་ཤོར་བཞིན་ཡོད། ཤེས་ཨེ་སོང་། ངས་བལྟས་ན་ལྷ་བཟང་དང་ལྷ་བཟང་དག་གིས་ལས་འགུ་ཞེ་དྲག་སྤེལ་བཞག རང་དོན་ལ་མ་བསམ་པར་སྤྱི་སེམས་བསྐྱེད་ནས་ལས་འགུལ་ཞེ་དྲག་སྤེལ་བཞག ཁོང་ལྟ་བུ་དག་གིས་ཉེན་ཁ་ལ་མ་འཛེམས་པར་ཆབ་སྲིད་ལམ་སྟོན་བྱས་པ་ལས་ལྷག་པའི་ལས་འགུལ་སྤེལ་སྟངས་ཞིག་ག་ལ་ཡོད།་ རེད་དེ་རྒྱུན་པར་འདི་ལྟར་བྱེད་དགོས་མ་གསུང་པ་ནི་གསུངས་ཀྱང་ལག་ལེན་བྱེད་མཁན་མེད་པས་དགོས་མེད་ཡིན་དུས་མ་བཤད་པ་དང་། རྐྱོན་གྱི་ཕྱོགས་དག་བཤད་པ་ནི་ཁྱོད་ལྟ་བུ་ལྟ་བ་ཆིག་རྐྱང་ཅན་དག་ལ་ཐལ་འགྱུར་ཞིག་གི་ཚུལ་དུ་འཕངས་སམ་སྙམ་པས་དེ་ལུགས་དགོངས་བཞེས་གྱིས་ཤིག གོ་སོང་བས་སྐུ་ཞབས་སྐུ་ཚེ་རིང་རྒྱུ་ལགས།།

    Reply
  48. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ལགས་ཀྱིས་གནད་ལ་འཁེལ་བའི་དཔྱད་བརྗོད་ཅིག་བྱས་འདུག་པར་བསྔགས་བརྗོད་དང་། རྒྱབ་སྐྱོར་ཡོད།

    Reply
  49. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    ང་ཚོ་ལ་ཆབ་སྲིད་པ་རིགས་གཉིས་སུ་ཡོད་པ་དེ་ནི་དོན་དམ་དུ་དགོས་ངེས་ཡིན་པ་དང་། དེ་ནི་འཛམ་གླིང་ཁྱོན་ཡོངས་སུ་དར་བའི་ཆོས་ཉིད་ཅིག་ཡིན་པས། མིའི་རང་གཤིས་ཀྱི་ཆོས་ཉིད་དེ་ལ་སུས་ཀྱང་བཅོས་བསྒྱུར་གཏོང་བའི་ཐབས་ལམ་ཡོད་པ་མ་རེད། གཞན་ཡང་། ལྷ་བཟང་ཚེ་རིང་གིས་རང་གི་མཐར་ཐུག་གི་མངོན་འདོད་ཇི་ལྟར་དུ་བཤད་ཡོད་མེད་ཀྱི་སྐོར་ལ་མི་ཚང་མས་རང་གི་མཐོང་སྣང་དང་ཞེ་འདོད་དེ་བེད་སྤྱོད་བྱས་ཏེ་ཕ་རོལ་གྱི་ཕྱོགས་ལ་སྒྲོ་བཏགས་ནས་འཆད་བཞིན་པ་རེད། དཔེར་ན། དེའི་མཚོན་དོན་དངོས་ནི། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་གཞུང་ཤོར་དུ་བཅུག་པ་དང་། རང་ཡུལ་ནས་སྡོད་དུ་མ་བཅུག་པ་དང་། གཡང་སར་ཁྲིད་པ་རེད་ཟེར་བ་འདི་དག་ནི་སོ་སོ་སྒེར་གྱི་མངོན་འདོད་དེ་གཞན་ལ་སྒྲོ་བཏགས་ནས་བཤད་ཡོད་པ་རེད།

    Reply
  50. ནད་པ says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ལགས་ཀྱིས་གནད་ལུགས་དང་རྒྱུ་མཚན་ཐོག་ནས་ལྷག་བསམ་ལགས་ཀྱི་ད་བར་ཁ་ནས་བཤད་པ་དང་ལག་ལེན་ཏུ་བསྟར་བ་གཉིས་མཚུངས་བསྡུར་གྱིས་ཞིབ་བསྡོམས་ཞིག་བརྒྱབ་པ་དེ་དངོས་འབྲེལ་རེད།

    སུས་གང་བཤད་པ་དང་སུས་གང་ཞིག་བྱས་ཡོད་མེད། མཐར་ཐུག་གི་གྲུབ་འབྲས་ཅི་ཞིག་བྱུང་ཡོད་མེད་ལ་ཕྱོགས་བསྡོམས་བརྒྱབ་ནས་ལེགས་ཉེས་ཀྱི་དཔྱད་གླེང་བྱེད་དགོས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese