མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་ཁྲི་པ་དང་ཊི་ཆི་སི་ཝེལ་གྱི་ཁ་བརྡ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ཡུ་རོབ་རྒྱལ་ཁབ་ ༧ ནང་འཚམ་འདྲིའི་གཟིགས་སྐོར་གནང་བཞིན་ཡོད། ཁོང་གིས་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི་གཙོས་པའི་གཞུང་གི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། རྒྱལ་ཁབ་དེ་དག་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་བཅར་འདྲི་དང་ལེན་བྱས་ཏེ། ཕྱི་ཚེས་ ༢༥ ཉིན་འཇར་མན་གྱི་ཊི་ཆི་སི་ཝེལ་ (Deutsche Welle)ཞེས་པས་ཁོང་དང་དྲི་བ་དྲིས་ལན་གནང་བ་ཁག་འདིར་བཀོད་ཡོད།

ཊི་ཆི་སི་ཝེལ།  ལས་བཅར་བྱས་ནས་ཉིན་ ༡༠༠ ལྷག་རེད། བོད་ནང་གི་གནས་སྟངས་སྔར་ལས་ཀྱང་ཚབས་ཆེན་ཆགས་ཡོང་གི་འདུག རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་གཅིག་རྗེས་གཉིས་མཐུད་བྱས་ནས་བྱུང་སོང་། ཁྱེད་རང་ལས་གནས་ལ་ཞུགས་པའི་ཉིན་ ༡༠༠ ནང་ཕྱག་ལས་གང་དག་གནང་ཡོད་དམ།

བློ་བཟང་སེང་གེ  བདུན་ཕྲག་གཉིས་སྔོན་ལ་ང་ཨ་རིར་ཡོད། གྲོས་ཚོགས་འཐུས་མི་དང་མཇལ་མོལ་བྱས་པ་ཡིན། དེ་ག་ནང་བཞིན། ཁོང་ཚོའི་ནང་ནས་མང་པོ་ཞིག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་འདུག གྲོས་ཚོགས་འོག་མའི་ནང་ཉན་ཞིབ་ཐེངས་གཅིག་ལ་བཅར་བ་ཡིན། ཕྱི་སྲིད་ལྷན་ཁང་གིས་བོད་ནང་གི་གནས་སྟངས་ཐད་ ‘‘སེམས་ཁྲལ་’’དང། རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་གནོན་སྲིད་བྱུས་ལ་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ཕྱི་སྲིད་དྲུང་ཆེ་ལྕམ་ཁིག་ལིན་ཊོན་གྱིས་ཀྱང་རང་ལུས་མེར་བསྲེགས་དོན་རྐྱེན་ཐོག་བསྒྲགས་གཏམ་སྤེལ་ཡོད། ངྷ་རམ་ས་ལར་ཉིན་ ༡༠ ཙམ་ལ་བསྡད་རྗེས། ང་ཡང་བསྐྱར་ཡུ་རོབ་ལ་ཡོང་བ་ཡིན། ཡུ་རོབ་རྒྱལ་ཁབ་ཁ་ཤས་ནང་འཚམ་འདྲི་བྱེད་ཀྱིན་ཡོད། ངས་ཡུ་རོབ་རྒྱལ་ཁབ་ཁག་ནས་ཀྱང་ཕྱོགས་མཚུངས་ཀྱི་རྒྱབ་སྐྱོར་རག་ཐུབ་པའི་རེ་བ་འཛིན་བཞིན་ཡོད།

ཊི་ཆི་སི་ཝེལ།  ཕྱིར་རང་ལུས་མེར་བསྲེགས་དོན་རྐྱེན་སྒང་ལ་འབབ་ནས་བཤད། ༧གོང་ས་ཏྰ་ལའི་བླ་མས་ཀྱང་བྱེད་སྟངས་འདི་རིགས་ལ་ཐུགས་མོས་མེད་ཚུལ་གསལ་སྟོན་གནང་ཡོད། ཡིན་ཡང་ཁོ་ཚོས་ལག་ལེན་ལ་བསྟར་བཞིན་ཡོད་པ་རེད།  ཁོ་ཚོ་ག་རེ་བྱས་ནས་དེ་འདྲ་རེད།

བློ་བཟང་སེང་གེ  ངའི་བསམ་པར། འདི་བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེ་བའི་དྲག་གནོན་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་པར་ཡ་ལན་སློག་པ་ཞིག་རེད་འདོད། རང་ལུས་མེར་བསྲེགས་ནི་མི་རྣམས་ཀྱིས་དཀའ་སྡུག་ཆེ་བའི་གནས་སྟངས་འོག་བརྩམས་པའི་འུ་ཐུག་གི་བྱེད་སྟངས་ཤིག་རེད། གལ་སྲིད་གདམ་ཀ་གཞན་པ་ཡོད་ཚེ། ཤི་ན་འདོད་མཁན་གྱི་མི་སུ་གང་ཡོད་པ་མ་རེད། གལ་སྲིད་གདམ་ཀ་གཞན་པ་ཡོད་ཚེ། མི་སུ་ཞིག་ཡིན་རུང་གསོན་པོར་འདུག་འདོད་གི་རེད། ཡིན་ནའང་བོད་མི་དེ་ཚོས་ ‘‘གསོན་པ་ལས་ཤི་བ་ཡག་གི་རེད་’’ ཅེས་བཤད་པ་རེད། དེ་འདྲའི་དཀའ་སྡུག་དང་རེ་ཐག་ཆད་པའི་གནས་སྟངས་གཅིག་བུའི་འོག ད་གཟོད་ཁོ་ཚོས་འུ་ཐུག་པའི་སེམས་ཐག་དེ་གཅོད་གི་ཡོད་པ་རེད། ཁོ་ཚོས་རང་ལུས་མེར་བསྲེགས་བཏང་བ་དེས། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་བཞིན་པ་དེར་གསལ་བཤད་དང་། མཁྲེགས་འཛིན་སྲིད་བྱུས་འགྲོ་ཐབས་མེད་པ་བསྟན་པ་རེད །

ཊི་ཆི་སི་ཝེལ།  ཁྱེད་རང་གིས་བསམ་ན། བཙན་བྱོལ་བོད་གཞུང་ངམ་ཏྰ་ལའི་བླ་མས་ནུས་ཤུགས་ཅན་གྱི་འབོད་སྐུལ་ཞིག་བྱས་པ་ཡིན་ན། རང་ལུས་མེར་བསྲེགས་ཀྱི་རླབས་རྒྱུན་འདི་མཚམས་འཇོག་སྲིད་དམ།

བློ་བཟང་སེང་གེ  ངའི་བསམ་ཚུལ་བྱས་ན། བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་དོན། ཁོ་ཚོ་རེ་ཐག་ཆད་པས་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་ལ་དོ་ཁུར་བྱེད་ཀྱི་མི་འདུག རྒྱ་ནག་གིས་མུ་མཐུད་ནས་བཙན་གནོན་བྱེད་ཀྱི་རེད་བསམ་པ་རེད། འདི་ཁོ་ཚོས་ག་རེ་བྱས་ནས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་རེད། བོད་ནང་གི་གནས་སྟངས་ལ་དོ་སྣང་འདྲེན་ཆེད་རང་སྲོག་བློས་གཏོང་གི་ཡོད་པ་རེད། རྒྱལ་ཁབ་དང་སྲིད་གཞུང་གང་འདྲ་ཞིག་གིས་བསྒྲགས་གཏམ་ཅི་འདྲ་ཞིག་སྤེལ་རུང་། ཚང་མ་བོད་ནང་འབྱོར་འགྲོ་བཞིན་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་བསྒྲགས་གཏམ་དང་རྒྱབ་སྐྱོར་དེ་དག་ཐོས་རྗེས། ཁོ་ཚོས། ‘‘ཨོ། ད་དུང་རེ་བ་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ལ་དོ་ཁུར་བྱེད་ཀྱི་འདུག འཇར་མན་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་དོ་སྣང་ཆེན་པོ་སྤྲོད་ཀྱི་འདུག’’བསམ་གྱི་རེད། བརྡ་འཕྲིན་འདིའི་རིགས་ཀྱིས་ཁོ་ཚོ་ལ་རེ་བ་ཞིག་སྟེར་གྱི་རེད། འདིས་རང་ལུས་མེར་བསྲེགས་ཀྱི་གདམ་ཀ་མ་ཕྱེས་པའི་སྔོན་ལ། ཁོ་ཚོར་བསམ་བློ་ཞིག་གཏོང་འཇུག་གི་རེད།

ཊི་ཆི་སི་ཝེལ།  དེས་ན། བཙན་བྱོལ་བོད་གཞུང་ངམ་ཏྰ་ལའི་བླ་མར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་འགོག་ཐབས་མེད་པ་ཡིན་ནམ།

བློ་བཟང་སེང་གེ  ༧གོང་ས་མཆོག་གིས་དུས་རྒྱུན་ནས་འུ་ཐུག་པའི་ལས་ཀ་མི་བརྩམ་པའི་སློབ་སྟོན་གནང་གི་ཡོད། ངས་བཤད་མྱོང་ཡོད། ང་ཚོས་བོད་ནང་ལོགས་ནས་ལས་འགུལ་རིགས་སྤེལ་བར་སྐུལ་མ་བྱེད་ཀྱི་མེད། རྒྱུ་མཚན། ང་ཚོས་ངོ་རྒོལ་བྱས་ན་མཇུག་འབྲས་གང་ཡོང་ཚང་མ་ཤེས་ཀྱི་ཡོད། གལ་སྲིད་ཁྱོད་ཀྱིས་ངོ་རྒོལ་བྱས་ན། ཁྱོད་རང་འཛིན་བཟུང་བྱེད་ཀྱི་རེད། མནར་གཅོད་གཏོང་གི་རེད། མཚམས་ལ་ལར་ཁྱོད་བོར་བརླག་ཏུ་འགྲོ་ཡི་རེད། ངས་ད་དུང་བཤད་མྱོང་ཡོད། མིའི་ཚེ་སྲོག་རྩ་ཆེན་པོ་དང་། མི་ཞིག་ཡིན་ཚེ་ངེས་པར་དུ་གསོན་པོར་གནས་དགོས་པ་རེད། ནུས་ཤུགས་གང་ཡོད་སློབ་གསོའི་ཐོག་འདོན་པའམ། དེ་ལས་ཀྱང་དོན་ཕན་ལྡན་པའི་རང་གི་ལས་འགན་ཐོག་བྱས་རྗེས་འཇོག་དགོས་པ་རེད། རྒྱ་ནག་གཞུང་གིས་ད་ལྟ་བོད་ནང་བྱུང་བཞིན་པའི་དོན་རྐྱེན་དེ་རིགས་ལ་འགན་འཁུར་དགོས། ཁོ་ཚོས་ངེས་པར་དུ་ད་ལྟའི་སྲིད་བྱུས་ལ་འགྱུར་བ་བཏང་ནས། བོད་མི་ཚོའི་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཐོབ་ཐབས་བྱ་དགོས།

ཊི་ཆི་སི་ཝེལ།  འཇར་མན་དང་ཡུ་རོབ་ཀྱིས་བོད་ཀྱི་གནད་དོན་ཐད་རྣམ་འགྱུར་གང་འདྲ་བསྟན་ཡོད་དམ།

བློ་བཟང་སེང་གེ  ཡུ་རོབ་སྤྱི་ཡོངས་དང་འཇར་མན་གྱིས་གལ་ཆེའི་རྣམ་འགྱུར་བསྟན་ཡོད། ཡུ་རོབ་རྒྱལ་ཁབ་ཁག་དམངས་གཙོའི་ལམ་སྲོལ་དང་། ཁོ་ཚོས་རང་དབང་དང་། འདྲ་མཉམ། བརྩི་མཐོང་བཅས་ཀྱི་རྩ་དོན་ལ་ཡིད་ཆེས་བྱེད་ཀྱིན་ཡོད་པས་རེད། རྩ་དོན་འདི་དག་ལ་སྲུང་སྐྱོབ་བྱེད་ཆེད་ཡུ་རོབ་སྐམ་སའི་ཐོག་འཛམ་གླིང་དམག་ཆེན་ཐེངས་གཉིས་བྱུང་མྱོང་ཡོད། ང་དམངས་གཙོས་འོས་འདེམས་བྱས་པ་རེད། བོད་མི་ཚོས་རེ་སྙེག་བྱེད་ས་ཡང་ཡུ་རོབ་རྒྱལ་ཁབ་ཁག་གི་གཞི་རྩར་བཅོལ་བའི་རྩ་དོན་འདི་དག་རེད། ང་ཚོའི་འཚོལ་སྙེག་དང་ཡུ་རོབ་མི་མང་གི་འཐབ་རྩོད་རྒྱལ་ཁ་གཉིས་རིགས་འདྲ་བ་ཡིན། གཞན་ད་དུང་། འདས་པའི་ལོ་ ༥༠ ནང་། བོད་མི་ཚོས་འཚེ་མེད་ཞི་བ་དང་། དམངས་གཙོ། གྲོས་མོལ་བཅས་ལ་འབད་བརྩོན་བྱས་ཡོད། ད་ལྟ་འདི་དག་གཞི་རྩའི་རྩ་དོན་ཆགས་ཡོད། སོང་ཙང་། འདི་འཚེ་མེད་ཞི་བའི་འཐད་རྩོད་ཅིག་ཡིན་སྟབས། གནས་ལུགས་ཀྱི་ཆ་ནས་རྒྱབ་སྐྱོར་ཐོབ་འོས། གལ་སྲིད་བོད་ཀྱི་གནད་དོན་ལ་ཕྱོགས་གང་ཞིག་ནས་སྣང་མེད་བཏང་ཚེ། བོད་མི་དང་གནས་སྟངས་ཆ་འདྲ་བའི་མི་གང་མང་ཞིག་ལ། འཚེ་མེད་ཞི་བར་རྒྱབ་སྐྱོར་མི་འདུག དམངས་གཙོ་ལ་རྒྱབ་སྐྱོར་མི་འདུག གྲོས་མོལ་ལ་རྒྱབ་སྐྱོར་མི་འདུག་པའི་སེམས་ཚོར་འབྱུང་གི་རེད། དེས་འཛམ་གླིང་ནང་ཐོབ་ཐང་འདྲ་མིན་རྩོད་མཁན་གྱི་ཚོགས་སྐྱིད་ཁག་ལ་བག་ཆགས་ངན་པ་འཇོག་ངེས་ཡིན།

ཊི་ཆི་སི་ཝེལ།  རྒྱ་ནག་གཞུང་གིས་དུས་རྒྱུན་ནས་ཏཱ་ལའི་བླ་མ་མཉམ་དུ་གྲོས་མོལ་བྱེད་འདོད་མེད་ཚུལ་བཤད་ཡོད། ཡིན་ནའང་ད་ཆ་ཏཱ་ལའི་བླ་མས་ཆབ་སྲིད་འགན་དབང་ཚང་མ་རྩིས་སྤྲོད་བྱས་ཡོད། ཁྱེད་རང་གིས་བལྟས་ན། ད་ལྟ་རྒྱ་ནག་མཉམ་དུ་གྲོས་མོལ་བྱེད་པར་འགོག་རྐྱེན་གང་དག་ཡོད་དམ།

བློ་བཟང་སེང་གེ  བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཁོ་ཚོའི་ཁེ་ཕན་དང་ཧ་ཅང་གི་འཚམ་པོ་ཡོད། རྒྱ་ནག་ཆེས་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་འདོད་ཡོད་པ་རེད། དེ་ཆགས་པར་རྒྱུ་རྐྱེན་འགའ་ཤས་དགོས་ཀྱི་ཡོད། ཁོ་ཚོ་ལ་དཔལ་འབྱོར་སྟོབས་ཤུགས་ཡོད། ཁོ་ཚོའི་དམག་དོན་ནུས་ཤུགས་མུ་མཐུད་གོང་མཐོར་འགྲོ་བཞིན་ཡོད། ཡིན་ཡང་ཁོ་ཚོར་བཟང་སྤྱོད་ཀྱི་ནུས་སྟོབས་གང་ཡང་མེད། རྒྱུ་མཚན། ཁོ་ཚོས་བོད་དང་ཡུ་གུར། ཡང་ན་སོག་པོ་བཅས་ལ་ལྟ་ཚུལ་འཛིན་སྟངས་ཀྱི་ཆ་ནས་ཡིན། གལ་སྲིད་ཁོ་ཚོས་བོད་མིའི་ཐོག་ད་ལྟ་ནང་བཞིན་གྱི་བྱེད་སྟངས་མུ་མཐུད་པ་ཡིན་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བརྩི་མཐོང་བྱེད་ཀྱི་མ་རེད། གཅིག་བྱས་ན་རྒྱ་ནག་ལ་ཞེད་སྣང་སྐྱེ་སྲིད། འོན་ཀྱང་དེ་བརྩི་མཐོང་མ་རེད། སོང་ཙང་། རྒྱ་ནག་ཆེས་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་འདོད་ན། བརྩི་བཀུར་དགོས་པ་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནང་རང་བཞིན་གྱིས་བརྩི་མཐོང་བྱེད་ཀྱི་རེད། ཆེ་མཐོང་སྤྲོད་པ་ནི་དང་ལེན་བྱེད་སྟངས་གཞན་ཞིག་རེད། ཁོ་ཚོས་བོད་མིའི་ཐོབ་ཐང་ལ་བརྩི་བཀུར་མ་བྱས་ཚེ། སྟབས་ཉེ་བ་ཞིག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་རྒྱ་ནག་ལ་བརྩི་མཐོང་སྤྲོད་ཀྱི་མ་རེད།

ཊི་ཆི་སི་ཝེལ།  དེང་གི་གནས་སྟངས་ཀྱི་ཆ་ནས་རྒྱ་ནག་གི་ཁེ་ཕན་ཡག་ནས་ཡག་ཏུ་འགྲོ་བཞིན་ཡོད། རྒྱ་ནག་གི་ཤུགས་རྐྱེན་མུ་མཐུད་ནས་ཆེ་རུ་འགྲོ་བཞིན་ཡོད། ཟླ་ ༡༠ ནང་། ཏཱ་ལའི་བླ་མ་ལྷོ་ཨ་ཧྥི་རི་ཀའི་ནང་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཊོའུ་ཊོའུ་ལགས་ཀྱི་འཁྲུངས་སྐར་ལ་ཕེབས་འཆར་ཡོད་ནའང་། ཨ་ཧྥི་རི་ཀ་གཞུང་གིས་ཁོང་ལ་ཐོངས་མཆན་སྤྲད་མེད། འདིས་ཁྱོད་ཀྱི་འགུལ་བསྐྱོད་ལའང་ཚད་བཀག་ཡོད་པ་ཞིག་ཚོར་ཡོང་གི་འདུག་གམ།

བློ་བཟང་སེང་གེ  ལོ་ ༢༠ ཡར་སྔོན་ལ། འཛམ་གླིང་ཧྲིལ་བོ་ལྷོ་ཨ་ཧྥི་རི་ཀ་དང་མན་ངྷི་ལ་ལགས་གཉིས་ཀྱི་ཕྱོགས་སུ་མཐུན་སྒྲིལ་བྱས་ཡོད། ལྷོ་ཨ་ཧྥི་རི་ཀར་དམངས་གཙོ་མངོན་གྱུར་བྱུང་སྐབས། ང་ཚོ་ཚང་མས། ‘‘ཨོ། བྷེར་ལིན་གྱི་རྩིག་གྱང་གཏོར་བ་ལྟར། ལྷོ་ཨ་ཧྥི་རི་ཀ ཡང་བསྐྱར་འཛམ་གླིང་ནང་གཏམ་བཟང་ཐོལ་པ་གཅིག་བྱུང་།’’ ཞེས་བཤད་པ་རེད། མན་ངྷི་ལ་རང་དབང་ཅན་གྱི་མི་ཞིག་ཆགས་ནས་ཕྱིར་ཐོན་ཡོང་སྐབས། ང་ཚོས་འཛམ་གླིང་ནང་ད་དུང་ཡང་འདི་འདྲའི་དོན་དག་རིགས་འདྲ་འབྱུང་རྒྱུ་ཡོད་དམ་བསམ་པ་རེད། ལོ་ ༢༠ རྗེས་ནས། ལྷོ་ཨ་ཧྥི་རི་ཀ་རྒྱལ་ཁབ་གང་འདྲ་ཞིག་ཆགས་ཡོད་པ་མཐོང་རྗེས། དངོས་གནས་མི་ལ་བློ་ཕམ་བྱུང་བཅུག་ཡོད། ཨ་ཧྥི་རི་ཀའི་རླབས་ཆེན་མི་སྣའི་ཡ་གྱལ་ཊོའུ་ཊོའུ་གྲོགས་པོ་ལ་ཐོངས་མཆན་མ་སྤྲད་པ་དེས། ཊོའུ་ཊོའུ། མན་ངྷི་ལ་དང་དུས་མཉམ་གྱི་མི། ཨ་ཧྥི་རི་ཀའི་དམངས་གཙོ་དང་། མན་ངྷི་ལ་གློད་གྲོལ་ཆེད་སྐུ་ལུས་བསྐྱོན་མཁན་ཞིག་ཡིན་པའི་ཆ་ནས། དངོས་གནས་མི་ལ་བློ་ཕམ་བྱུང་བཅུག་ཡོད། འོན་ཀྱང་འདིའི་ནང་འཐུས་ཤོར་གྱི་ཆའང་ཡོད་ངེས།

ཊི་ཆི་སི་ཝེལ།  ཡང་བསྐྱར་རྒྱ་ནག་གི་ཤུགས་རྐྱེན་གོང་འཕེལ་དོན་གནད་སྐོར་ལ་འབབ། འདིས་བཙན་བྱོལ་བོད་མི་དང་ཁོ་ཚོ་གནས་སྡོད་བྱེད་ཡུལ་རྒྱ་གར་བར་ཤུགས་རྐྱེན་ཐེབས་ཡོད་དམ།

བློ་བཟང་སེང་གེ  རྒྱ་གར་དང་རྒྱ་གར་མི་མང་སྐོར་ནས་བཤད་ན། རྒྱ་གར་ནི་བོད་མི་ཚོའི་ཆེད་དུ་ཕྱག་ལས་མང་ཤོས་གནང་མཁན་དེ་ཡིན། བོད་མི་མང་པོ་རྒྱ་གར་ནང་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱང་རྒྱ་གར་ནང་ཡོད་པ་རེད། ལྡི་ལིར་ངས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་མཇལ་མོལ་བྱས་པ་ཡིན། ད་བར་དུ་རྒྱ་གར་གྱི་རྒྱབ་སྐྱོར་སྔོན་མ་ནང་བཞིན་ཡོད། དུས་ཡུན་ངེས་ཅན་ཞིག་གི་ནང་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་མི་སྲིད་འདོད།

ཊི་ཆི་ཆི་ཝེལ།  པེ་ཅིན་དང་ལྡི་ལི་བར་གྱི་འབྲེལ་བ་ཡག་ཕྱོགས་སུ་འགྲོ་བཞིན་ཡོད་པ་རེད། འདིས་ཀྱང་འགྱུར་བ་འགྲོ་གི་མ་རེད་དམ།

བློ་བཟང་སེང་གེ  འགྱུར་བ་འགྲོ་བ་མ་རེད། རྒྱ་གར་ནི་གཞི་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་དང་། དམངས་གཙོའི་རྒྱལ་ཁབ་ཅིག་རེད། སོང་ཙང་། ཆེད་དུ་གཏན་འབེབས་བྱས་པའི་གཞི་རྩའི་རྩ་དོན་ཐོག་རང་གི་མི་སེར་དང་། གནས་སྡོད་བོད་མི་ཚོར་སྲུང་སྐྱོབ་འགན་ལེན་ཡོད་པ་རེད།

ཊི་ཆི་སི་ཝེལ།  གལ་སྲིད་རྒྱ་ནག་གི་དཔོན་རིགས་ཚོས་ཀྱང་ད་ཐེངས་ཀྱི་གཟིགས་སྐོར་འདི་གོ་ཐོས་བྱུང་ཡོད་ན། ཁྱོད་ཀྱིས་ཁོ་ཚོར་བརྡ་ལན་གང་འདྲ་ཞིག་སྤྲོད་རྩིས་ཡོད་དམ།

བློ་བཟང་སེང་གེ  ཁོ་ཚོས་དུས་རྒྱུན་དྲ་ལམ་ནས་མཉེན་ཆས་འདྲ་མིན་སྤྱད་ནས་ངའི་ཡིག་སྒམ་ལ་ཚུར་རྒོལ་བྱེད་ཀྱིན་ཡོད་པ་རེད། གང་ལྟར་ངའི་ཕྱོགས་ནས་གནས་ཚུལ་གང་ཡོད་ཉིན་རྟག་པར་ཁོ་ཚོས་མཐོང་གི་ཡོད་པ་རེད། རྒྱུད་ལམ་འདི་སྤྱད་ནས་ངས་བཤད་འདོད་པ་དེ། ང་ཚོའི་ལས་འགུལ་ཁག་རྒྱ་ནག་རྒྱལ་ཁབ་འདི་དང་། ཡང་ན་རྒྱ་ནག་མི་མང་ལ་ཁ་གཏད་གཅོག་སླད་མིན། ངས་རྒྱ་ནག་གི་སློབ་ཕྲུག་བརྒྱ་སྟོང་བརྒལ་བ་དང་། ཤེས་ཡོན་པ་ཚོར་འབྲེལ་འདྲིས་བྱས་མྱོང་ཡོད། ཁོ་ཚོ་ང་ལ་ཆ་རྒྱུས་གསལ་བོ་ཡོད་འདོད། ད་དུང་། མངོན་གསལ་དོད་པོའི་ཐོག་ང་རྒྱ་ནག་གི་གློག་བརྙན་དང་ཟས་རིགས་ལའང་དགའ་བོ་ཡོད། ཡིན་ནའང་དུས་འདི་དང་བསྟུན་ནས། རྒྱ་ནག་གཞུང་གིས་བསྐྱར་ཞིབ་བྱས་ནས་མཁྲེགས་འཛིན་སྲིད་བྱུས་དག་འགྱུར་བ་གཏོང་དགོས་ངེས་དང་། བོད་མི་དང་རྒྱ་མིའི་གནས་སྟངས་ལ་ལེགས་བཅོས་གཏོང་དགོས།

ཊི་ཆི་སི་ཝེལ། ཁྱོད་ཀྱིས་བསམ་ན། རྒྱ་ནག་གཞུང་གིས་མུ་མཐུད་ནས་ད་ཡོད་སྲིད་བྱུས་མཁྲེགས་འཛིན་བྱེད་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།

བློ་བཟང་སེང་གེ  རྒྱུ་རྐྱེན་མང་པོ་རེད། དང་པོ། བོད་ཀྱི་ས་ཁོངས་རྒྱ་ཆེན་པོ་རེད། གལ་སྲིད་ཁྱོད་ཀྱིས་རྒྱ་མི་གནས་སྡོད་བྱེད་སའི་ས་ཁུལ་ལ་བལྟས་ཚེ། དེས་རྒྱ་ནག་གི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་ ༤༠ ལས་ཟིན་མེད། བོད་མི་དང་། ཡུ་གུར་བ། སོག་པོ་གནས་སྡོད་བྱེད་སའི་ས་ཁུལ་གྱིས་སྤྱིའི་རྒྱ་ཁྱོན་བརྒྱ་ཆ་ ༦༠ བཟུང་ཡོད། ད་དུང་། བོད་ལ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། གསེར། ལྕགས་རིགས། ཟངས། ཨེ་ཤ་ཡའི་གཙང་བོ་གཙོ་བོ་ ༡༠ འབྱུང་ཁུངས་ཡང་བོད་ཡིན། ཚན་རིག་པ་གང་མང་ཞིག་གིས། འབྱུང་འགྱུར་ལོ་ ༡༠ ནས་ ༢༠ ནང་ཆུའི་ཐོན་ཁུངས་ཐོག་ལ་ཧེབ་རྩོད་འབྱུང་ངེས་ཡིན་ཚུལ་བཤད་ཡོད། རྒྱ་ནག་གིས་འཛམ་གླིང་གི་འཐུང་ཆུའི་བརྒྱ་ཆ་ ༨ དང་མི་འབོར་བརྒྱ་ཆའི་ ༢༠ བཟུང་ཡོད། ཨེ་ཤ་ཡའི་གཙང་བོ་བདག་འཛིན་བྱ་རྒྱུ་ཧ་ཅང་གི་གལ་གནད་ཆགས་ཡོད། རྫ་ཆུ་སོགས་གཙང་བོ་གང་མང་ཞིག་ཐེ་ལན་ཊི་བརྒྱུད་ནས་གློ་བ་དང་། ཀམ་པོ་ཊིའི་ནང་བཞུར་འགྲོ་ཡི་ཡོད། གཞན་འབྲི་ཆུ་དང་རྨ་ཆུ། ཡར་ཀླུང་གཙང་བོ་སོགས་རྒྱ་གར་དང་། རྨ་བྱ་ཁ་འབབ་པ་ཀི་སི་ཐན་ནང་བཞུར་འགྲོ་གི་ཡོད། དེར་བརྟེན། ཧ་ཅང་གི་རྩ་ཆེན་ཆགས་ཡོད། ད་དུང་འཛམ་གླིང་གི་འཁྱག་རོམ་ཨང་གསུམ་པ་དེ་བོད་ནང་ཡོད་པ་རེད། འདིས་གོ་ལའི་གནམ་གཤིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། རྒྱ་ནག་གིས་བོད་མཁྲེགས་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་མང་པོ་རེད། འོན་ཀྱང་རྒྱུ་རྐྱེན་འདི་ཚོ་ལ་གྲོས་མོལ་བྱས་ཆོག་གི་རེད། བོད་མི་ཚོས་འདྲ་མཉམ་ཐོག་ཁེ་བཟང་མཉམ་སྤྱོད་བྱ་དགོས་ངེས་ཡིན། རང་བྱུང་ཐོན་ཁུངས་དེ་རིགས་བསྔོག་འདོན་དང་བདག་གཉེར་ཙམ་དུ་མ་ཟད། ད་དུང་མི་མང་དང་རིག་གཞུང་བདག་གཉེར་ཐོག་སྨྲ་བརྗོད་རང་དབང་དགོས་པའང་འདུས་ཡོད། འདི་དབུ་མའི་ལམ་གྱི་དམིགས་ཡུལ་དེ་རེད། རྒྱ་ནག་དང་ཁ་བྲལ་ནས་རང་བཙན་རྩོད་ཀྱི་མེད་ལ། རྒྱ་ནག་གི་གཞི་རྩའི་བདག་དབང་དང་མངའ་ཁུལ་གཅིག་གྱུར་ལའང་ཁ་གཏད་གཅོག་གི་མེད། རྒྱ་ནག་ནང་ཁུལ་ནས་རང་སྐྱོང་ངོ་མ་ཞིག་ཡོང་ཐབས་ལ་རེ་བ་བྱེད་ཀྱི་ཡོད།

ཊི་ཆི་སི་ཝེལ།  ལམ་དབུ་མར་ངོས་ལེན་ཡོང་ཆེད་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་པར་མཐོང་གི་ཡོད་དམ།

བློ་བཟང་སེང་གེ  མེད། དོན་དངོས་ཐོག་རྒྱ་ནག་ལ་མཚོན་ན་བོད་དོན་རྩ་ཁྲིམས་ཀྱི་གནད་དོན་ཞིག་མ་རེད་ལ། ལམ་ལུགས་ཀྱི་གནད་དོན་ཡང་མ་རེད། རྩ་ཁྲིམས་ཀྱི་ཆ་ནས་བཤད་ན། དོན་ཚན་ ༣༡ གཞི་རྩར་བཞག་ནས་ཧོང་ཀོང་གི་ཁྲིམས་གཞི་གཏན་འབེབ་བྱས་པ་རེད། ལམ་ལུགས་ཀྱི་སྒང་ནས་བཤད་ན། མའེ་ཁོ་ལའང་«རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་»ལག་བསྟར་བྱས་ཡོད་པ་རེད། མའེ་ཁོ་ལ་ཧོང་ཀོང་ལྟ་བུའི་ཚོང་དོན་ལམ་ལུགས་སམ་ཁྲིམས་གཞིའི་འགྲོ་སྟངས་མེད་ནའང་། ཁོ་ཚོར་«རྒྱལཁབ་གཅིག་ལ་ལམ་གཉིས་»ཀྱི་གནས་བབ་ཐོབ་ཡོད། འདི་ཆབ་སྲིད་ཀྱི་དམིགས་ཡུལ་མེད་པའི་གནད་དོན་ཞིག་ཀྱང་མ་རེད། རྒྱ་ནག་གིས་ཐེ་ཝན་ལ་དེ་ལས་ལྷག་པའི་རང་སྐྱོང་དབང་ཚད་སྤྲོད་འདོད་ཡོད་པ་རེད། གནད་དོན་ནི། ག་རེ་བྱས་ནས་བོད་ལ་སྤྲོད་མི་ཐུབ་པ་དེ་རེད།

ཊི་ཆི་སི་ཝེལ།  འདི་ལས་སླ་བོ་རེད། ཐེ་ཝན་གནས་དེར་གཏན་སྡོད་བྱས་ཚར་བ་རེད། ཁོ་ཚོ་ཕྱིར་འབུད་གཏོང་རྒྱུ་ཁག་པོ་རེད། འོན་ཀྱང་བོད་ཕྱི་ལོ་ ༡༩༥༢ ལོ་ནས་མི་དམངས་བཅིངས་གྲོལ་དམག་གིས་བཙན་བཟུང་བྱས་ཟིན་པ་རེད།

བློ་བཟང་སེང་གེ  གལ་སྲིད་དེ་ལྟར་བཤད་ན། ངའི་བསམ་པར་གནད་དོན་ནི། མའེ་ཁོ་ལ་ག་རེ་བྱས་ནས་ཆོག་མཆན་ཐོབ་པ་རེད། མའེ་ཁོ་ལ་ཧོང་ཀོང་དང་ཐེ་ཝན་ནང་བཞིན་གྱི་ཚོང་ལས་ལམ་ལུགས་སམ་ཁྲིམས་གཞིའི་འགྲོ་སྟངས་ཀྱང་མེད། མའེ་ཁོ་ནི་ཁྲིམས་འགལ་ཉེས་ཅན་འགྲོ་སའི་གླིང་ཕྲན་ཞིག་རེད། རྒྱ་ནག་གི་ཁྲིམས་འགལ་བྱེད་མཁན་གང་མང་དེར་བྲོས་བྱོལ་ལ་སོང་ནས་གནས་སྡོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་མའེ་ཁོ་ལ་«རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་»ལག་བསྟར་བྱས་ཆོག་པའི་ངོས་ལེན་ཐོབ་ཡོད། ག་རེ་བྱས་ནས། རྒྱ་ནག་གཞུང་གིས་ཧོང་ཀོང་དང་མའེ་ཁོ་ལ་«རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་»ཀྱི་ཐོབ་ཐང་སྤྲད་པ་རེད། ཐེ་ཝན་ལའང་དེ་ལས་ལྷག་པའི་རང་སྐྱོང་དབང་ཚད་ཆེན་པོ་ཞིག་སྤྲོད་འདོད་པ་རེད། འོན་ཀྱང་། བོད་མི་ལ་སྤྲོད་ཐུབ་ཀྱི་མེད། ངས་བསམ་ན། འདིས་ཕྱི་ལོགས་ལ་ ‘‘ཁྱོད་ཚོ་རྒྱ་མི་མ་རེད། བོད་པ་རེད།’’ ཅེས་པའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པའི་ཟོལ་འདུག

ཟླ་བ་ཚེ་རིང་གིས་བོད་བསྒྱུར་བྱས།

མཆན། འགྱུར་ལ་དག་མིན་བྱུང་ཡོད་ཚེ་བཅར་འདྲི་ཨ་མ་དྲ་ངོས་འདི་ན་ཡོད། http://www.dw-world.de/dw/article/0,,15558041,00.html

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 11

  1. རྐ་སྲས། says:
    ལོ་ 14 སྔོན།

    ཆབ་བྲག་ནི་དྲ་འབུ་འགའ་ལས་ལྡབ་བྱེ་བ་རྒྱ་ཕྲག་ལྷག་གི་རིན་ཐང་ཡོད་པ་ཞིག་རེད།  མ་རེད་དམ་ཧ་ཧ་ཧ་

    Reply
  2. བསོད་འོད says:
    ལོ་ 14 སྔོན།

    ༼གཞན་འབྲི་ཆུ་དང་རྨ་ཆུ། ཡར་ཀླུང་གཙང་བོ་སོགས་རྒྱ་གར་དང་༽ ལེན་འདེབས་འདི་ཡིག་བསྒྱུར་ནས་ནོར་ཡིན་ནམ་ཡང་ན་ལེན་ནོར་སོང་བ་ཡིན། རྨ་ཆུ་དང་འབྲི་ཆུ་གཉིས་རྒྱ་ནག་ཤར་ཕྱོགས་ནན་ཅན་དང་ཧྲང་ཧེ་བརྒྱུད་ཤར་རྒྱ་ནག་རྒྱ་མཚོར་བཞུར་འགྲོ་གི་མ་རེད་དམ།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    དྲ་འབུ་ཚོས་སོ་སོས་གང་ཡང་མི་འཇོན་པར་ད་དུང་བཀའ་བློན་ཁྲི་པར་སློབ་སྟོན་འདྲ་ཞིག་བྱེད་ཁུལ་བྱེད་པ་ནི་ངོ་མ་རྒོད་སྐྱེད་ཅིག་རེད། གལ་ཏེ་ཁྱེད་རང་ཚོས་དྲི་བ་འདི་འདྲ་ཞིག་ལེན་འདེབས་བྱེད་དགོས་བྱུང་ན་དྲི་བ་གཅིག་ལ་ཡང་ལེན་ཡག་པོ་ཞིག་ཐེབ་ཨེ་ཡོང་། ཕལ་ཆེར་ཁག་པོ་རེད། ཧཧཧ

    Reply
  4. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 14 སྔོན།

    སྤུན་ཟླ་ཚོ་བཀའ་ཁྲི་བློ་བཟང་སེང་གེ་ལགས་ནས་ ཁོ་ཚོས་ངེས་པར་དུ་ད་ལྟའི་སྲིད་བྱུས་ལ་འགྱུར་བ་བཏང་ནས། བོད་མི་ཚོའི་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཐོབ་ཐབས་བྱ་དགོས་ཞེས་པའི་ལན་འདིའི་ཤུགས་ལ་རྒྱ་ནག་གཞུང་གི་ད་ལྟའི་སྲིད་ཇུས་དེ་མུ་འཐུད་ནས་ལག་ལེན་བགྱིས་ན་བོད་མིའི་ཚོའི་སོ་སོའི་མི་རིགས་ཀྱི་རང་དབང་དོན་དུ་རང་ལུས་མཆོད་མེ་སྒྲོན་མཁན་འགོག་ཐབས་མི་ཐུབ་པ་བཀའ་ཚིག་འདིའི་གོ་ཐུབ་བོ། སྤུན་ཟླ་ཚོ་དུས་ཚོད་ཉེན་འཕྲང་ཅན་འདིའི་སྐབས་ང་ཚོ་ཚང་གཅིག་སྒྲིལ་ཡོང་བ་རེ་བསྐུལ་ཞུ་རྒྱུ།

    Reply
  5. ཤིང་རྟ། says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་ངམ་ཏྰ་ལའི་བླ་མར་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་འགོག་ཐབས་མེད་པ་ཡིན་ནམ། ཞེས་པ་འདི་ལ་ལན་ཡག་པོ་ཞིག་བསྐྱོན་མི་འདུག
    འདིའི་ལན་ལ། འགོག་ཐབས་ཡོད་གི་མ་རེད་ལབ་ན་འགྲིག་ས་རེད་བ།
    དཔེར་ན་བུ་ཕྲུག་འགའ་སེམས་སྡུག་གི་དབང་གིས་རང་ཤི་རྒྱག་སྐབས་་་ཕ་མས་འགོག་མི་ཐུབ་པ་བཞིན་རེད་ལབ་ན་མ་འགྲིག་པ་གང་ཡང་མེད་ཀྱང་།
    དེ་མ་ལབ་པ་འབྲེལ་བ་གང་ཡང་མེད་པ་ཞིག་མང་ཙམ་བཤད་འདུག

    Reply
  6. ནད་པ says:
    ལོ་ 14 སྔོན།

    རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་༸ གོང་ས་ཏྰ་ལའི་བླ་མས་འགོག་ཐབས་མེད་པ་ཡིན་ནམ་ཟེར་བའི་དྲི་དེར་ལན་ཡག་པོ་ཞིག་བསྐྱོན་མི་འདུག

    དེའི་ཐད་ནུས་པ་ངེས་ཅན་ཞིག་ཡོད་པ་མཚོན་ཐུབ་ཀྱང་ད་བར་མགོན་པོ་གང་ཉིད་ཀྱིས་གང་ཡང་གསུངས་མེད།

    དེ་ལའང་རྒྱུ་མཚན་ངེས་ཅན་ལྡན་ཡོད།

    Reply
  7. བརྩོན་རྒྱམ། says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་གནང་པ་ལ་ཡི་རང་ཡོད།  མ་ཟད་བཅར་འདྲི་གནང་པ་ཚོ་གང་འཚམས་ཀྱི་ལན་འདེབས་གནང་ཡོད་པར་ཡིད་ཆས་ཡོད།  འདིའི་སྐོར་བོད་བསྒྱུར་གནང་མཁན་ཟླ་བ་ཚེ་རིང་མཆོག་ལ་ཡང་བཀའ་དྲིན་ཆེ་ཞུ།  ད་དུང་དྲི་བ་འདི་ལ་ལན་གནང་སྟངས་ཐད་རང་རང་ལ་བསམ་ཚུལ་རེ་ཡོད་ངེས་ཡིན་པས་བསམ་ཚུལ་ལྷུགས་བརྗོད་གནང་བར་ཞུ།  

    Reply
  8. ཤག་སྒང་པ། says:
    ལོ་ 14 སྔོན།

    “དུས་ཡུན་ངེས་ཅན་ཞིག་གི་ནང་འགྱུར་ལྡོག་ཆེན་པོ་ཞིག་འབྱུང་མི་སྲིད་འདོད། ”
    འདི་ཕྲན་བུའི་སྐད་ཆ་གསར་པ་ཞིག་ཏུ་ཚོར།

    Reply
  9. གངས་སྨྱུག says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་རླབས་ཆེན་གྱིས་མཛད་འཕྲིན་ལ་རྗེས་སུ་ཡིད་རང་ཞུ། ཆབ་བྲག་འདི་མི་འཇོན་འཇོན་འདོག་ཤ་སྟག་བྱེད་མཁན་གྱི་མི་ཞིག་མིན་ནམ་དྲན་གྱི་འདུག ཁོང་གི་རྟག་པར་མཁས་འདོན་དང་ཤེས་འདོད་ཀྱི་སྐད་ཆ་རྐྱང་རེད་འདུག

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཅར་འདྲི་འདི་ཐད་ནས་ང་ཚོས་བཀའ་ཁྲི་མཆོག་གི་མཁྱེན་ཡོན་གང་འདྲ་ཞིག་ཡིན་མིན་དཔྱོད་རྒྱུ་ཙམ་མིན་པར་ང་ཚོ་རང་ངོས་ནས་བཅར་འདྲི་དེ་དག་གི་གནད་དོན་ངོ་མ་ངོས་འཛིན་དང་རང་ངོས་ནས་ལན་འདེབས་གང་འདྲ་ཞིག་བྱེད་ཐུབ་མིན་དེ་རེད། ཐོག་མར་ངས་བཅར་འདྲི་དེ་དག་ལ་ལན་འདེབས་མི་འདྲ་བ་བྱེད་མཁན་སུ་དག་ཡོད་མེད་ལྟ་འདོད་འདུག

    Reply
  11. འཁྱམས་པོ། says:
    ལོ་ 14 སྔོན།

    ཡག་པོ་འདུག་སྤྱིའི་ཆ་ནས་ཡག་པོ་གསུང་བཞག
    ཡིན་ཡང་དགོས་མེད་ཀྱི་སྐད་ཆ་འགའ་རེའང་ཞོར་དུ་ཐོན་འདུག
    དཔེར་ན། མའེ་ཁོ་ལའི་སྐོར་རེ། ་དེ་ནི་ནག་ཅན་དང་ཁྲིམས་འགལ་བྱེད་མཁན་བྲོས་བྱོལ་བྱེད་ས་ཡིན་མིན་གྱི་རྙོག་གཞི་དེ་དག་གླེང་དགོས་དོན་ཡོད་པ་མ་རེད། ང་ཚོ་ལ་དགོས་པ་ནི་རྩ་དོན་རེད། ཡག་པོ་གསུང་འདུག་རེ་ཡོད་ས་རེད།
    སེམས་ནས་གུས་པ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese