མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེན་ལུགས་ཀྱི་སྐད་ཆ་ཟུར་གསུམ་མ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཚངས་སར་འཕྲིན་ལས།

ཡང་བསྐྱར་ངས་སྐད་ཆ་ཁ་ཤས་བཤད་འདོད་པ་ནི་འུ་ཚང་གི་མྱི་བུ་དག་གི་ཤ་དང་རུས་གསེང་དུ་ཐིམ་པའི་གུ་དོག་པའི་བསམ་བློའི་འཆིང་ཐག་དང་། ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ལུས་ཀྱི་དབང་རྩའི་གསེང་ནས་རྒྱུ་བཞིན་པའི་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་འདི་ལ་འཐབ་རྒོལ་ཐེངས་གཅིག་བྱེད་འདོད་པ་དེ་ཡིན། འདིའི་ཕུང་དཀྲུགས་དང་ཉམས་རྒུད་གཏོང་བའི་དོན་སྙིང་རྣམས་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་ནས་མཐོང་ཐེངས་རེར། ང་ཚོའི་མི་རིགས་འདི་དྲང་བདེན་དང་ཞི་བདེ་ལ་དགའ་ཞིང་དཔྱོད་ཤེས་ཀྱི་བློ་མིག་རྣོ་བའི་ཕུལ་བྱུང་གི་མི་རིགས་ཤིག་ཡིན་ཞེས་ཤོད་བཞིན་པའི་སྐད་ཆ་འདི་དག་རང་མཇེ་རང་བསྟོད་དང་རང་མགོ་རུལ་བ་དེ་རང་སྣས་མ་ཚོར་བའི་གནས་བབ་ལས། དོན་དངོས་རྨོངས་དད་ལ་དགའ་ཞིང་དཔྱོད་ཤེས་ཀྱི་བློ་མིག་དང་རང་རྟོན་གྱི་བསམ་བློ་བྲལ་བའི་མི་རིགས་ཤིག་ཡིན་པར་ཁ་ཕྱོགས་ལ་རྒྱུས་ལོན་བྱས་ན་ཤེས་རྟོགས་ཐུབ་པ་ཞིག་རེད།  མ་ཟད་སྐབས་དང་དུས་ཁེལ་ན་ཁག་དཀྲི་ལ་དགའ་ཞིང་གཞན་གྱི་ཚེ་སྲོག་དང་མི་གཞི་ལ་རིན་ཐང་འཇོག་མི་ཤེས་མཁན་གྱི་མི་རིགས་ཤིག་ཡིན་པ་ནི་ཁ་སང་དེ་རིང་གི་གནས་ཚུལ་དག་ལ་གཞིགས་ན་ཤེས་ངེས་པ་ཞིག་རེད།

གསོན་ཚུགས་མེད་པའི་རྣམ་ཤེས་གླེང་བ།

འུ་ཚང་ལ་ཡོད་ངེས་པའི་སྟོབས་ཤུགས་དང་ནུས་ཤུགས་ནི་སྤུན་ཟླའི་བར་གྱི་ཚེ་སྲོག་གི་ཤ་འཁོན་དང་ཆོལ་ཁ་ཆོས་ལུགས་ཀྱི་འགལ་འདུའི་རྩོད་རྙོག་གླེང་ནས་ཁུ་ཚུར་གནམ་དུ་འཕྱར་རྒྱུ་ལས། ཁ་ཕར་ལ་འཁོར་ཏེ་སྤུན་ཟླ་ནང་ཁུལ་དུ་སྙིང་དམར་བསྟན་ནས་མི་རིགས་ཀྱི་བདེ་སྡུག་དང་། མ་འོངས་པའི་འུ་ཚང་གི་ཁྱིམ་གཞིས་འཚོ་གནས་ཐག་གཅོད་གང་འདྲ་བྱེད་དགོས་མིིན་གྱི་སྐོར་གླེང་མཁན་ཞིག་ཕལ་ཆེར་མེད་པ་འདྲ། གལ་སྲིད་རེ་གཉིས་ཡོད་པའི་དབང་དུ་བཏང་ནའང་དེ་རྣམས་ཀྱི་རང་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི་སྐད་ཆ་ཁ་ཤས་གླེང་བ་དང་མཉམ་དུ་ས་འོག་གཤིན་རྗེའི་འཇིག་རྟེན་དུ་རྫོང་ལ་ཁད་བྱེད་པ་མ་ཟད་བདུད་དང་འདྲེ། ལྟ་ལོག་དང་བསྟན་བཤིག་སོགས་ཟེར་ནས་ཞྭ་མོ་ནག་པོ་གཡོགས་ནས་དངོས་ཤུགས་བརྒྱུད་གསུམ་ནས་གནོད་ཤུགས་སྤྲོད་ཅི་ཐུབ་བྱེད་པའི་ཐལ་ཆ་ཆེ་བའི་བྱ་སྤྱོད་འདི་རེད། ངོ་གདོང་སྐྱོ་བོ་འདི་དག་ལ་ཞིབ་བལྟ་ཐེངས་རེ་བྱས་ཚེ་འུ་ཚང་གི་སྒེར་ཚུགས་དང་མི་གཞིའི་སྙིང་སྟོབས་དེ་བོར་ཟིན་པ་གཞི་ནས་ངེས་ཤེས་རྙེད་པ་མ་ཟད་བསྟོད་པ་ལ་དགའ་བའི་འུར་སྒྲོག་རིང་ལུགས་པ་ཞིག་ཡིན་པ་ཤེས་ནུས། བལྟས་ཚོད་ལ་ཁ་འོ་མ་ལས་དཀར་ཞིང་བུ་རམ་ལས་མངར་བའི་སྙན་ལ་འབྲེལ་ཆགས་པའི་སྐད་ཆ་རེ་སྟོང་བཤད་བྱེད་པ་ལས་སྤྱིར་དམངས་ཀྱི་བདེ་སྡུག་ལ་བློ་ཕྱོགས་ཤིང་དུས་རབས་ཀྱི་སྲོག་དབང་འཚོལ་ཤེས་མཁན་ནི་ཕལ་ཆེར་ཉུང་ཉུང་རེད། གང་ལྟར་གཅིག་གྱུར་མེད་པའི་འདུ་ཤེས་འདིས་ང་ཚོའི་གཅིག་གྱུར་གྱི་གོང་བུ་དང་བུ་རབས་ཚ་རྒྱུད་ཀྱི་ཁྱིམ་གཞིས་འཚོ་བརྟེན་ཡོད་ཚད་ཁྱུར་མིད་བྱས་ཟིན་པ་མ་ཚད་དཔྱོད་ཤེས་ཀྱི་བློ་མིག་གདང་རན་པའི་དུས་ཚིགས་ཀྱི་སོ་མཚམས་འདི་ལ་སླེབས་ཀྱང་ད་དུང་ང་ཚོའི་མི་རིགས་འདི་ནར་སོན་གྱི་མེད་པའི་ལོ་རྒྱུས་ཀྱི་གོ་རིམ་ཁྲོད་དུ་ལུས་འདུག་པ་འདི་རེད། འདི་ལྟར་ང་ཚོ་རྒན་འཁོགས་སུ་གྱུར་སོང་བའི་ལོ་རྒྱུས་དང་། རྩ་བ་རུལ་སོང་བའི་དོན་སྙིང་དག་བཤད་ཀྱང་རྫོགས་རྒྱུ་མེད་པའི་ལོ་རྒྱུས་ཀྱི་དཔང་རིང་མོ་ཡོད་པ་འདི་དག་བསྐྱར་བཤད་རྒྱག་པ་ལས་སང་ཉིན་གྱི་ཁྱིམ་གཞིས་དྲོན་མོ་འཚོལ་ཐབས་ཀྱི་ནུས་ཤུགས་ཤིག་མཉམ་དུ་བཙལ་ན་ཅི་འདྲའི་མི་འོས་སམ།

ཡང་སྙིང་འཐོབ་དགོས་པའི་མ་རྩ་གླེང་བ།

མདོ་དོན་མི་རིགས་ཤིག་ལ་གསོན་ཤུགས་དང་ངར་ཤུགས་ཡོད་མེད་ནི་མི་རིགས་དེའི་མྱི་བུ་དག་གི་མི་གཞི་སྙིང་སྟོབས་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་རང་རྐྱ་འཕེར་བ་ཡོད་མེད་དེའི་ཐོག་ནས་འཇོག་དགོས་པ་མ་ཟད་དམིགས་འདུན་གཅིག་གི་ཆེད་རྒྱག་མཆོངས་ཕོད་པའི་འགུལ་ཤུགས་ཡོད་མེད་སོགས་ལ་རག་ལས་པས། ང་ཚོའི་ཐོབ་ཤོར་གྱི་ལོ་རྒྱུས་ཇི་ལྟར་གཟེངས་རིང་ན་དེའི་ཚོད་ཀྱིས་ང་ཚོ་གཅིག་གྱུར་གྱི་ནུས་ཤུགས་དང་གསར་གཏོད་ཀྱི་སྙིང་སྟོབས་མེད་ན། ཆོལ་ཁ་ཆོས་ལུགས་ཀྱི་གཡས་འཐེན་གཡོན་འཐེན་བྱས་པའི་མཇུག་འབྲས་དེའི་ཁྲོད་དུ་ང་ཚོ་ལ་རྒྱལ་ཁའི་ལམ་བུ་ཞིག་མེད་པ་བོད་སིལ་བུའི་དུས་སྐབས་ནས་ད་ལྟའི་བར་གྱི་ལོ་རྒྱུས་ངོ་གདོང་དག་རེ་རེ་ནས་མིག་ཉུལ་ཞིག་བྱོས་དང་རྟོགས་ནུས་པ་ཞིག་རེད། ད་ནི་མི་བུ་སྒེར་ལ་མཚོན་ན་བོད་པ་ཟེར་བའི་ཡིག་འབྲས་གཉིས་པོ་འདི་ཤ་དང་རུས་པའི་བར་གསེང་དང་། རྣམ་ཤེས་ཀྱི་གོ་རིམ་ཁྲོད་དུ་ཐིམ་ཡོད་ནས་བཟུང་སྟེ་ས་ཡ་དྲུག་གི་བདེ་སྡུག་གླེང་བ་ལས། ནང་ཁུལ་དུ་ང་དང་ཁྱོད་ཀྱི་ཁ་ཕོར་རྩོད་པའི་དུས་ཚོད་ཀྱི་སོ་མཚམས་ཞིག་ཕལ་ཆེར་ལྷག་མེད་པར་འདྲ།

འགྱེལ་མ་ལང་གི་ང་ཚོ་གླེང་བ།

འདིར་ལྟར་ང་ཚོ་ངོ་མ་གཉིད་ལས་སད་རན་པའི་དུས་ཚིགས་ཤིག་གི་དཀྱོག་མཚམས་ན་བསླེབ་དགོས་པ་མ་ཟད་ཕྱིས་དྲགས་སོང་བ་རེད། གཡས་གཡོན་གྱི་རང་བཙན་ཡོད་པའི་རྒྱལ་ཁབ་འབྲུག་དང་བ་ཡུལ་འབར་མ་ཕྱི་སོག་སོགས་ང་ཚོ་ལས་མི་འབོར་ཉུང་བའི་རྒྱལ་ཁབ་འདི་དག་གཟིགས་དང་། ཁོང་ཚོ་ད་ལྟ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྐུབ་སྟེགས་ཡོད་པ་མ་ཟད་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་འཚོ་སྡོད་བྱེད་ཐུབ་པའི་རྒྱུ་རྐྱེན་ལ་གཞིགས་དང་། ཧམ་པ་ཆེ་དྲགས་པ་མིན་ན་བདག་གི་མཐོང་ཚུལ་དུ་དཔལ་འབྱོར་དང་མི་འབོར་རིག་གཞུང་སོགས་གང་ཐད་ནས་གཤིབ་བསྡུར་བྱས་པ་ཡིན་ན། ང་ཚོ་ཚད་མཐོ་བ་མེད་ན་དོ་མཉམ་པ་ཞིག་ཕལ་ཆེར་ཡིན་ཚོད་རེད། འོན་ཀྱང་ང་ཚོར་རྒྱལ་ཁབ་ཀྱི་ཐོབ་མིང་མེད་པར་མ་ཟད་རང་ས་རང་ཡུལ་དེ་ཡང་གཞན་ལག་ལ་ཤོར་ནས་ཡུལ་ཕྱོགས་གང་ས་ནས་ཐུབ་ཚོད་དང་བརྙས་བཅོས་སྣ་ཚོགས་མྱངས་ཏེ་སྲན་མ་ཐང་ལ་གཏོར་བ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་ནས་འཁྱམ་སྡོད་བྱེད་དགོས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི། མཐུན་སྒྲིལ་གྱི་བརྟན་ལྷིང་མེད་པའི་དབང་གིས་བྱུང་བ་ཡིན་པ་མིག་དང་ཚོར་ཤེས་ཡོད་མཁན་ཞིག་ཡིན་ནས་བཟུང་སྟེ་ཤེས་ཡོད་ཚོད་རེད། དེ་བས་རེ་བ་གཞན་ལ་མ་བཅོལ་བར་ད་ནི་ང་ཚོ་འགྱེལ་ས་ནས་ལང་རན་སོང་ལ། རྨ་ཁ་ཡོད་སར་དུས་ཐོག་གི་སྨན་བཅོས་བྱེད་རན་སོང་། གང་ལྟར་ང་ཚོ་རྨི་ལམ་གཅིག་ལས་གཉིས་མེད་པས་དུས་དང་མཐུན་པའི་སྲོག་དབང་ཞིག་བཙལ་ན་ཅི་འདྲའི་མི་ཡིས་བྱེད་སྟངས་ཤིག་རེད།

སྙིང་སྟོབས་མེད་པའི་སྙིང་སྟོབས་གླེང་བ།

ང་ཚོ་དོན་དངོས་བཙན་པོའི་རྣམ་ཤེས་ཀྱི་དྲོད་མ་ཡལ་བའི་མི་རིགས་ཤིག་ཡིན་ཞེས་ལོ་རྒྱུས་ཀྱི་ཡིག་ཆ་ཚད་ལྡན་དག་ནས་གནམ་བཤད་ས་བཤད་མང་པོ་ཞིག་བྱས་འདུག་པ་ནི། བཙན་པོའི་དུས་རབས་ཡོལ་ནས་ཐ་སྙད་དེ་དོན་གྱིས་སྟོང་བའི་ཐ་སྙད་ཅིག་ལ་ལོག་སོང་བ་ལས་ད་ལྟ་ང་ཚོའི་མགོ་ཐོག་ཏུ་ཐ་སྙད་དེ་བཞག་ན་ཤིག་གི་ཐོག་སྟ་རེ་ཟེར་བའི་དཔེ་ལས་གླེང་རིན་ཡོད་པ་ཞིག་ཕལ་ཆེར་མ་ཡིན། དོན་དངོས་ཐོག་འུ་ཚོར་སྙིང་སྟོབས་མེད་པའི་སྙིང་སྟོབས་ཙམ་ལས་དྲན་ཤེས་ཀྱི་ཁྲོད་དུ་མི་ཤོང་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་བསྐྲུན་མྱོང་མེད་ལ། བཤད་རྒྱུ་ཡང་མེད་སོང་བ་རེད། གོ་རིམ་མེད་པའི་བསྟོད་ར་རྐྱང་རྐྱང་གི་ཁྲོད་ནས་འུ་ཚང་གི་མྱི་བུ་ཚོས་སྡོམ་ཚིག་བཀོད་མྱོང་མེད་པ་མ་ཟད་ལྟོ་བ་ཟས་ཀྱིས་འགྲངས་ཚེ་ལྷ་སྒྲུང་རེ་བཤད་དེ་སྡོད་རྒྱུ་ལས་ཅི་ཡང་མེད་ངེས། “སྤྱིར་བསམ་གཞིག་ལ་གོམས་མེད་པའི་མི་རིགས་དེ་ནི་མི་རིགས་སྐྱོན་ཅན་ཞིག་ཡིན་ངེས་པ་དང་། རང་མཐོང་གི་མིག་ཤེས་ཉམས་ཤིང་རང་སྐྱོན་མི་ཚོར་བའི་མི་རིགས་ལ་གཏན་དུ་འཕེལ་རྒྱས་མི་སྲིད་”ཅེས་གསུངས་པ་ལྟར་བདེན་ཁ་སྟེར་འོས་པའི་གལ་ཆེན་རང་བཞིན་གྱི་སྡོམ་ཚིག་ཅིག་རེད།

རང་ཉིད་ཀྱི་ཚོར་ཤེས་ཀྱིས་བཞེངས་པའི་མཐའ་མཇུག་གི་སྐད་ཆ།

སྤུན་ཟླ་ཚོ།  ཡང་སྙིང་མནོ་བསམ་ཞིག་ཐོངས་དང་། ས་སྤར་མོ་གང་གི་བདག་དབང་མེད་པའི་འུ་ཚོའི་ནང་ཁུལ་གྱི་ཞེན་ཁོག་དང་ལ་རྒྱ་དེ། མི་རིགས་ཤིག་གི་བདེ་སྡུག་དང་འཐབ་རྩོད་ལ་ཕན་པའི་བསམ་བློའི་ཀུན་རྟོག་གི་ངོ་བོ་ཞིག་ལ་བསྒྱུར་ན་ཅི་འདྲའི་གཟི་བརྗིད་དང་ནུས་ཤུགས་ཤིག་མེད་དམ། རེད་ཡ་སྤུན་ཟླ་ལགས། ངས་འདི་ལྟར་མེད་མུག་གཉིས་ཀྱི་སོ་མཚམས་གླེང་དགོས་དོན་གཙོ་བོ་ནི། ཁ་སང་གི་ལོ་རྒྱུས་ལ་ནག་ཐིག་མང་བའི་རྐྱེན་གྱིས་བཤད་པ་ལས་དོན་དངོས་མི་གཞི་ལ་ཚད་བཀག་དང་། རང་རིགས་ལ་སྨད་པ་མ་ཡིན་པ་དེ་ཉན་བྱེད་ཀྱི་རྣ་བ་དང་། བསམ་བྱེད་ཚོར་ཤེས་ཡོད་མཁན་ཞིག་ཡིན་ནས་བཟུང་སྟེ་ཕལ་ཆེར་ཤེས་ཚོད་རེད། བཤད་བཤད་པའི་མཐར་འདིར་ལྟར་སོང་ཤུལ་ནས་”འདི་ལྟ་བུའི་ཁ་བྱང་<གླེང་བ་གང་མང་>ཞིག་བཏགས་ཏེ་རྒྱུ་འབྲས་བློ་མིག་དང་ལྡན་པའི་སྐད་ཆ་ཞིག་བཤད་རྒྱུ་ཟེར་ན། མི་བུ་མང་དག་ཅིག་གིས་སྤྱི་ཚོགས་ཁྲོད་དུ་ཞུགས་མ་མྱོང་ཞིང་ཉམས་མྱོང་ཅི་ཡང་མེད་པའི་ན་གཞོན་ཞིག་གིས་སྐྱིད་པོ་ཤོད་ཀྱིན་འདུག་ཅེས་མགོ་བོ་འཕྲེད་དུ་གཡུག་མི་སྲིད་པའི་ངེས་པ་མེད་ལ། དེའང་གནས་ལུགས་གཏན་ནས་མེད་པའི་བྱེད་ཕྱོགས་ཤིག་མ་ཡིན་ཀྱང་གནས་ལུགས་ཁྱོན་ནས་ཡོད་པ་ཞིག་ཀྱང་ག་ལ་ཡིན་’’

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 17

  1. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀུར་འོས་ལྷ་མོ་སྐྱབས་དང་བོད་རང་བཙན་གྱི་ཕྱོགས་སུ་མ་གྲོས་བསམ་པ་གཅིག་མཐུན་དུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་པ་ལགས།
    བོད་རང་བཅན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པའི་རྩོམ་ཡིག་ཞིག་བྲིས་ནས་དུས་བབ་ཚང་ལ་བསྐུར་ཡོད། ཚང་མས་དུས་བབ་ཚང་ལ་བསམ་ཚུལ་ནང་དུ་བཀོད་རོགས་ཞུ་རོགས་བྱོས་དང་།

    དྲ་ཐོག་ཏུ་བགྲོ་གླེང་བྱ་འདོད་ཆེན་པོ་ཡོད། མུ་མཐུད་ཅི་ཤེས་གང་འཇོན་བཤད་ཀྱི་ཡིན།། སྤུན་ཟླ་ཚོ་ངེས་པ་ཏུ་ཕེབས་རོགས་ཞུ་ཞུ།།

    Reply
  2. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ལྷ་མོའི་ལགས་ཕེབས་པ་བཟང་། འདི་དང་འདི་ཟེར་ནས་ངོས་བཟུང་དགོས་ན་ཚད་འཛིན་ཚོད་ཡོད་ཁག་པོ་རེད། ང་ཚོའི་སྤྱི་ཚོགས་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་བའི་རང་གཤིས་དེ་འདི་འདྲ་རང་རེད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དེང་སང་སྤྱིར་བཏང་དང་ཁྱོན་ཡོངས་ཀྱི་གནས་ལུགས་རེ་བཤད་པས་དེ་ཙམ་ཕན་ཐོགས་དཀའ་བས། གདོང་ལ་གཏད་ནས་མཛུབ་མོ་བཙུགས་ནས་དེ་དང་འདི་ཞེས་དབྱེ་ཞིབ་དང་བཅས་ལེགས་པར་བཤད་དགོས་པའི་དུས་ལ་བབས་འདུག་སྙམ་མོ།

    Reply
  4. རོ་ལངས། says:
    ལོ་ 14 སྔོན།

    མི་རིགས་ཤིག་ཡར་རྒྱས་ཀྱི་ལམ་བུར་སྙེག་དགོས་ན་མི་གཞི་ལ་ལེགས་བཅོས་བྱེད་དགོས་པའི་གནས་ལུགས་དེ་སྔར་ཞིག་ནས་མཁས་དབང་འཇམ་དབྱངས་ནོར་བུས་ཐེངས་མང་གསུང་ཡོད་ཀྱང་དོན་དངོས་ཐོག་ལག་ལེན་བྱེད་མཁན་སུ་ཞིག་ཡོད་ཨང་། རེད་་་་་ཉིད་ཀྱིས་ཀྱང་ཡག་པོ་ཞེ་དྲག་བྲིས་འདུག འདི་སྐོར་གྱི་དཔྱད་བརྗོད་ལེགས་པོ་ཞིག་ནི་བོད་ནང་ནས་འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོའི་༼བོད་རེ་བ་ཅན།༽ཅེས་པ་དེ་རེད། གཅིག་བྱས་ན་ཉིད་ཀྱིས་བཀླགས་ཟིན་ན་ཐང་མོད། བཀླགས་མ་ཚར་ན་ངེས་པར་དུ་གཅིག་ཀློག་པའི་ངལ་བ་རྟེན་དགོས་པར་སྣང་། འདི་ནི་ཞོར་འཕྲོས་ཡིན།

    Reply
  5. རྟེན་འབྱུང་། says:
    ལོ་ 14 སྔོན།

    མྱི་བུ།
    དཔྱོད་ཤེས།
    གསོན་ཚུགས།
    སྒེར་ཚུགས།
    མི་གཞི།
    འགུལ་ཤུགས།
    མི་བུ།།
    བསམ་བློའི་ཀུན་རྟོག
    རྒྱུ་འབྲས་བློ་མིག
    ཁྲི་སྲོང་བཙན་གྱིས་ཚིག་མཛོད་དག་ཏུ་འཚོལ་ཅིག་ཟེར་བ་ལྟར་ངས་ཚིག་མཛོད་ཁག་མང་པོའི་ནང་གོང་གི་ཚིག་དེ་དག་བཙལ་ཀྱང་རག་མ་སོང་། ཚིག་མཛོད་གང་གི་ནང་ཡོད་པ་རེད་དམ། ད་ང་ཚོའི་གསར་རྒོད་འདི་ཚོ་མཁས་དྲགས་ནས་བོད་ཀྱི་ཚིག་མཛོད་ནང་མི་རྙེད་པའི་མིང་ཚིག་འབྲི་གི་འདུག་ག།
    ཨ་ལགས་དམུ་དགེ་ཚང་གིས་སྔོན་ཆད་ཡི་གེས་སྐད་ལ་ཞབས་ཞུ་བསྒྲུབ་པ་རེད། ད་སྐད་ཀྱིས་ཡི་གེ་ལ་ཞབས་ཞུ་དགོས། སྔོན་མ་སྐད་གཞིར་བཞག་ནས་ཡི་གེ་བཟོས་པ་རེད། ད་སྐད་དེ་ཡི་གེ་ལ་བསྟུན་དགོས། དེ་མ་བྱས་པར་ལུང་ཚན་རེ་རེས་སོ་སོའི་སྐད་སོར་བཞག་བྱས་ན་རྗེས་མ་ཕ་མེས་ཡང་མེས་བཞག་པའི་བོད་ཀྱི་རིག་གཞུང་རྩ་ཆེ་དེ་ཚོ་གོ་ཡ་ཚོར་ཡ་མི་འདུག་ཟེར་ནས་གད་རྙིགས་གཡུག་རྒྱུའི་ཉེན་ཁ་མེད་པ་མ་རེད་ཅེས་གསུངས་པ་བདེན་པ་རེད།

    Reply
  6. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    མྱི་བུ།
    དཔྱོད་ཤེས།
    གསོན་ཚུགས།
    སྒེར་ཚུགས།
    མི་གཞི།
    འགུལ་ཤུགས།
    མི་བུ།།
    བསམ་བློའི་ཀུན་རྟོག
    རྒྱུ་འབྲས་བློ་མིག ཐ་སྙད་འདི་དག་མ་ཤེས་ཁུལ་བྱེད་ཀྱི་མ་འདུག་ལོ། བོད་གངས་ཅན་པའི་རྟོགས་སད་ཀྱི་དེད་དཔོན་དུ་འབོད་པའི་སྐུ་ཞབས་ཞོགས་དུང་སོགས་ཀྱིས་བཀོལ་སྤྱོད་བྱས་པ་རྒྱུ་མཚན་དུ་བྱས་ནས་རྣར་མ་སོང་མ་མདོག་མདོག་འདྲ་བྱས་པ་ཡིན་འདུག་ཀྱང་། དེང་སང་དུས་རབས་དང་མཐུན་པའི་ཐ་སྙད་འདི་དག་བཀོལ་སྤྱོད་བྱེད་ཐུབ་ན་དགེ་མཚན་འདུག་ལ། མི་རབས་གསར་བ་ཞིག་ཡིན་པའི་གསར་རྟགས་ཀྱང་འདི་ལ་མངོན་འདུག་སྙམ་མོ།

    Reply
  7. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    སྟག་རྩེ་དཔལ་ལྡན་ལགས་ཟིན་བྲིས་ཀྱི་བརྗོད་དོན་དངོས་ལ་གཞིག་ནས་དགོངས་ཚུལ་གནང་བར་རྗེས་སུ་ཡིད་རངས་ཡོད།

    Reply
  8. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ཐོག་མའི་ཆར་དྲྭ་གྲོགས་ཚང་མ་ལ་འཚམས་འདྲི་ཞུ་བ་མ་ཟད། འདིར་ཕེབས་ནས་དགོངས་ཆར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་རྩོམ་ཡིག་ལེགས་ཉེས་ལ་མ་ལྟོས་པར་རྩོམ་ཡིག་དེ་རོ་མྱོང་བྱེད་པ་ལ་སྒེར་རང་ངོས་ནས་མྱོང་གོམས་ཀྱི་ནུས་པ་དང་སྦྱོང་གོམས་ཀྱི་བག་ཆག་གང་འཚམ་ཞིག་མེད་ན་རྩོམ་ཡིག་དེའི་ལེགས་ཉེས་ལྕི་ཡང་གི་དབྱེ་འབྱེད་ཀྱི་ནུས་པ་མེད་པ་མ་ཟད་ཐ་སྙད་ཙམ་ལ་རྨོངས་མཁན་ཞིག་ལ་མཚོན་ན་ཡང་སྙིང་བརྗོད་དོན་མི་རྟོགས་པར་ཁག་མེད་ལ། དེ་འདྲ་བཤད་པ་དེ་དངོས་ཡོད་ཀྱི་བདེན་དོན་ཞིག་རེད། དྲྭ་གྲོགས་བསྟན་འཛིན་ཤེས་རབ་ལགས། སྐུ་ཉིད་ཤེས་རློམ་གྱི་ང་རྒྱལ་ལྕི་མོའི་གཞན་དབང་དུ་མ་སོང་བར་ཐ་སྙད་འདི་ཚོ་དོན་དངོས་མཁྱེན་འདོད་ཡོད་ན་འབྲོང་བུ་ཚེ་རིང་རྡོ་རྗེས་རྩོམ་སྒྱུར་བྱས་པའི་( ནུབ་ཕྱོགས་ཤེར་རྟོགས་རིག་པའི་ཚིག་བུམ་) ཞེས་པ་དེ་ལ་བསམ་གཞིག་གནད་དུ་བསྣུན་ནས་གཟིགས་དང་མཁྱེན་རྟོགས་ཐུབ་ངེས་རེད། གལ་སྲིད་དེ་ནས་མ་གོ་བ་ཡིན་ན་རྗེས་སུ་ཨ་ར་པཱ་ཙ་གསུང་ནས་འཇམ་དབྱངས་ལ་གསོལ་བ་འདེབས་བཞིན་རྗེས་སུ་ང་ལ་ཡིག་འབྲེལ་བྱོས་དང་ངས་གང་ཤེས་ཞུ་ཆོག
    འགྱུར་མེད་བསྟན་འཛིན་ཟེར་བ་འདིས་ནར་མ་སོན་པའི་ཡིག་ནོར་ཀྱག་ཀྱོག་འབྲི་བཞིན་སྨྱོ་བཤད་རྒྱབ་པ་ལ་ལན་འབྲི་བའི་དོན་གོ་ཆུང་།
    གངས་སྨྱུག་ལགས། རང་ཉིད་ཀྱི་བྲིས་པའི་ཚིག་རྡོག་ལ་འགོ་དང་མཇུག་ཡོད་མེད་མ་ཤེས་པར་མི་གཞན་གྱི་རྩོམ་ཡིག་ལ་དེ་འདྲ་ཡོད་མེད་ཤེས་ཁག་པོ་རེད།

    མདོ་དོན་རང་གི་རྩོམ་ཡིག་འདིའི་འབྲི་དགོས་དོན་དང་ཁ་ཕྱོགས་ནི་”ཡང་བསྐྱར་ངས་སྐད་ཆ་ཁ་ཤས་བཤད་འདོད་པ་ནི་འུ་ཚང་གི་མྱི་བུ་དག་གི་ཤ་དང་རུས་གསེང་དུ་ཐིམ་པའི་གུ་དོག་པའི་བསམ་བློའི་འཆིང་ཐག་དང་། ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ལུས་ཀྱི་དབང་རྩའི་གསེང་ནས་རྒྱུ་བཞིན་པའི་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་ཁྱེར་འདི་ལ་འཐབ་རྒོལ་ཐེངས་གཅིག་བྱེད་འདོད་པ་དེ་ཡིན། ”

    Reply
  9. སྟག་རྩེ་དཔལ་ལྡན says:
    ལོ་ 14 སྔོན།

    ཚངས་སར་ལགས་ཀྱི་ཕུལ་བྱུང་གི་རྩོམ་ཡིག་འདིར་ཐེམས་གཅིག་གཉིས་ཀྱིས་ཞིབ་ཀློག་ཅིག་བྱས་རྗེས་མྱོང་ཚོར་འདི་ལྟར་བྱུང་།
    རེད། དངོས་གནས་རེད། བདེན་པ་རེད། ཡང་སྙིང་ཁྱེད་ཀྱི་རྩོམ་ཡིག་རིང་མོ་འདིས་བསྟན་དོན་གཉིས་སུ་བསྡུས་ན། ༼གུ་དོགས་པའི་བསམ་བློ་དང་༽༼ཕྱོགས་རིས་འཐེན་ཁྱེར་༽འདི་གཉིས་རེད། མི་རིགས་འདིའི་ཤུལ་བཞག་ལོ་རྒྱུས་ཀྱེ་གླེགས་བམ་དུ། ཅི་ཞིག་བཞེངས་འདུག་གམ་ཞེས་ན། བཙན་པའི་དུས་རབས་སྟོབས་འབྱོར་མངར་ཐང་རྒྱས་སྟེ་གནམ་སྔོན་པོར་ཁྱུད་མུད་གཏོང་ཚུལ་དང་། ས་ཟླུམ་པོར་ལག་མཐིལ་བཅུག་པའི་བརྗིད་ཉམས་ཅན་གྱི་ལོ་རྒྱུས་ཅིག་འདུག་ལ། རིག་པའི་སྒྱུ་འཕྲུལ་ལ་རྟེན་ནས་རྒྱ་ཡི་ཀོང་ཇོ་བསུ་མར་བྱས་པའི་མི་མིན་ལྷ་སྒྲུང་ལྟ་བུ་ལོ་རྒྱུས་ཞིག་ཀྱང་འདུག། རེད་དེ། ཐོར་བརྒལ་གྱི་དུས་རབས་ཞིག་གིས་བར་བཅད་བྱས་སྟེ། མགོ་དེ་ནས་བཟང་། བོད་ཀྱི་བཙན་པོ་མགོ་ལྟིང་བསློག་ཏེ། བོད་ཁམས་ཁྲག་གིས་བསྒྱུར་བའི་མུན་ནག་གི་དུས་རབས་ཞིག་སྐྱེས་མགོ་བརྩམས། མཐེན་ཁྱེར་གྱིས་ནང་དམེ་བྱས་པའི་ནད་ཡམས་ཞིག་དར་མགོར་བརྩམས། དེ་ལྟར་བྱས་བྱས་ནས་དུས་མཚམས་འདིའི་བར་མི་རིགས་འདིའི་བྱས་ངན་རེ་རེ་བསམ་བློ་ཞིག་གཏོང་དུས་དངོས་གནས་ངུ་བྲོ་བ་ཞིག་རེད་ལ། དགོད་བྲོ་བ་ཞིག་ཀྱང་ཇི་ལྟར་མིན། ངུ་དགོད་འདྲེས་མའི་བསྐྱར་སྐོར་ཡང་སྐོར་རེ་རྒྱག་དུས་མགོ་བོ་ན་ཞིང་སྙིང་རྩྭ་འཕར་ཡོང་བ་ཞིག་རེད་ལ། ཅི་བྱེད་མེད་པར་ཡིད་ཐང་ཆད་འགྲོ་བ་ཞིག་ཀྱང་རེད་བཞག དེ་ལྟར་ཡང་སྙིང་བླུན་པོ་ངས་བསྐྱར་བརྡར་བྱེད་མི་དགོས་པར་ཚངས་སར་ལགས་ཀྱིས་གོང་བརྗོད་བསྟན་དོན་གཉིས་སུ་བརྗོད་པར་དེ་ནི་མི་རིགས་འདིའི་སྐེད་རྩྭ་བསྡམས་སྟེ་འཆི་ལམ་དེད་མཁན་རེད་ལ། མི་རིགས་འདིའི་ཡན་ལག་བཀོག་ཏེ་རྩ་བར་བྲེལ་པའི་སྟ་གྲི་ངར་མ་ཞིག་ཀྱང་རེད་བཞག །འདིར་ཆེན་པོ་རྒྱ་མཚོ་ལས་ཆུང་ཆུང་ཆུ་ཐིག་ཙམ་ཞིག་བརྗོད་ན། སྔ་ལོར་གཅིག་པོའི་ནང་སྤུན་ཟླ་མི་རིགས་ནང་ཁུལ་འཐབ་རེ་བྱས་སྟེ་ཕན་ཚུན་མགོ་བོར་གྲི་ཡིས་བཅད་པའི་གནས་ཚུལ་མི་ཉུང་བ་ཞིག་གོ་ཐོས་རིག་རིག་འདི་རེད།
    འདོར་དོན་མཐོ་སྒོང་གི་བུ་རྒོད་ཚོར། ཁྱེད་ཅགས་ལ་དོན་དངོས་པོའི་མི་བུ་སྒེར་ཚུགས་དང་མི་གཞི་དངོས་མ་ཞིག་ཡོད་ན་བསམ་གཞིགས་ལེབ་མོ་རེར་བྱས་སྟེ་འོད་སྟོང་ལྡན་པའི་ལམ་བུ་ཞིག་ཏུ་འགྲོ་མགོ་རྩོམས་དང་ཅིའི་མི་བཟང་། །

    Reply
  10. སྟག་རྩེ་དཔལ་ལྡན says:
    ལོ་ 14 སྔོན།

    ཚངས་སར་ལགས་ཀྱི་ཕུལ་བྱུང་གི་རྩོམ་ཡིག་འདིར་ཐེམས་གཅིག་གཉིས་ཀྱིས་ཞིབ་ཀློག་ཅིག་བྱས་རྗེས་མྱོང་ཚོར་འདི་ལྟར་བྱུང་།
    རེད། དངོས་གནས་རེད། བདེན་པ་རེད། ཡང་སྙིང་ཁྱེད་ཀྱི་རྩོམ་ཡིག་རིང་མོ་འདིས་བསྟན་དོན་གཉིས་སུ་བསྡུས་ན། ༼གུ་དོགས་པའི་བསམ་བློ་དང་༽༼ཕྱོགས་རིས་འཐེན་ཁྱེར་༽འདི་གཉིས་རེད། མི་རིགས་འདིའི་ཤུལ་བཞག་ལོ་རྒྱུས་ཀྱེ་གླེགས་བམ་དུ། ཅི་ཞིག་བཞེངས་འདུག་གམ་ཞེས་ན། བཙན་པའི་དུས་རབས་སྟོབས་འབྱོར་མངར་ཐང་རྒྱས་སྟེ་གནམ་སྔོན་པོར་ཁྱུད་མུད་གཏོང་ཚུལ་དང་། ས་ཟླུམ་པོར་ལག་མཐིལ་བཅུག་པའི་བརྗིད་ཉམས་ཅན་གྱི་ལོ་རྒྱུས་ཅིག་འདུག་ལ། རིག་པའི་སྒྱུ་འཕྲུལ་ལ་རྟེན་ནས་རྒྱ་ཡི་ཀོང་ཇོ་བསུ་མར་བྱས་པའི་མི་མིན་ལྷ་སྒྲུང་ལྟ་བུ་ལོ་རྒྱུས་ཞིག་ཀྱང་འདུག། རེད་དེ། ཐོར་བརྒལ་གྱི་དུས་རབས་ཞིག་གིས་བར་བཅད་བྱས་སྟེ། མགོ་དེ་ནས་བཟང་། བོད་ཀྱི་བཙན་པོ་མགོ་ལྟིང་བསློག་ཏེ། བོད་ཁམས་ཁྲག་གིས་བསྒྱུར་བའི་མུན་ནག་གི་དུས་རབས་ཞིག་སྐྱེས་མགོ་བརྩམས། མཐེན་ཁྱེར་གྱིས་ནང་དམེ་བྱས་པའི་ནད་ཡམས་ཞིག་དར་མགོར་བརྩམས། དེ་ལྟར་བྱས་བྱས་ནས་དུས་མཚམས་འདིའི་བར་མི་རིགས་འདིའི་བྱས་ངན་རེ་རེ་བསམ་བློ་ཞིག་གཏོང་དུས་དངོས་གནས་ངུ་བྲོ་བ་ཞིག་རེད་ལ། དགོད་བྲོ་བ་ཞིག་ཀྱང་ཇི་ལྟར་མིན། ངུ་དགོད་འདྲེས་མའི་བསྐྱར་སྐོར་ཡང་སྐོར་རེ་རྒྱག་དུས་མགོ་བོ་ན་ཞིང་སྙིང་རྩྭ་འཕར་ཡོང་བ་ཞིག་རེད་ལ། ཅི་བྱེད་མེད་པར་ཡིད་ཐང་ཆད་འགྲོ་བ་ཞིག་ཀྱང་རེད་བཞག དེ་ལྟར་ཡང་སྙིང་བླུན་པོ་ངས་བསྐྱར་བརྡར་བྱེད་མི་དགོས་པར་ཚངས་སར་ལགས་ཀྱིས་གོང་བརྗོད་བསྟན་དོན་གཉིས་སུ་བརྗོད་པར་དེ་ནི་མི་རིགས་འདིའི་སྐེད་རྩྭ་བསྡམས་སྟེ་འཆི་ལམ་དེད་མཁན་རེད་ལ། མི་རིགས་འདིའི་ཡན་ལག་བཀོག་ཏེ་རྩ་བར་བྲེལ་པའི་སྟ་གྲི་ངར་མ་ཞིག་ཀྱང་རེད་བཞག །འདིར་ཆེན་པོ་རྒྱ་མཚོ་ལས་ཆུང་ཆུང་ཆུ་ཐིག་ཙམ་ཞིག་བརྗོད་ན། སྔ་ལོར་གཅིག་པོའི་ནང་སྤུན་ཟླ་མི་རིགས་ནང་ཁུལ་འཐབ་རེ་བྱས་སྟེ་ཕན་ཚུན་མགོ་བོར་གྲི་ཡིས་བཅད་པའི་གནས་ཚུལ་མི་ཉུང་བ་ཞིག་གོ་ཐོས་རིག་རིག་འདི་རེད།
    འདོར་དོན་མཐོ་སྒོང་གི་བུ་རྒོད་ཚོར། ཁྱེད་ཅགས་ལ་དོན་དངོས་པོའི་མི་བུ་སྒེར་ཚུགས་དང་མི་གཞི་དངོས་མ་ཞིག་ཡོད་ན་བསམ་གཞིགས་ལེབ་མོ་རེར་བྱས་སྟེ་འོད་སྟོང་ལྡན་པའི་ལམ་བུ་ཞིག་ཏུ་འགྲོ་མགོ་རྩོམས་དང་ཅིའི་མི་བཟང་། །

    Reply
  11. ཤིང་རྟ། says:
    ལོ་ 14 སྔོན།

    ཚངས་སར་ལྷ་ཡི་གདུང་རྒྱུད་ཀྱིས་གནས་ལུགས་ཀྱི་འབོད་སྒྲ་སྒྲོགས་པ་བཟང་།
    ད་དུང་བསམ་བློའི་གོ་རྟོགས་དང་ཤེས་ཡོན་སོགས་འགྲོ་བ་མིའི་བཟང་སྤྱོད་རྣམས་
    དབྱར་མཚོ་ལྟར་རྒྱས་པའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
    བཀྲ་ཤིས་བདེ་ལེགས།

    Reply
  12. གངས་སྨྱུག says:
    ལོ་ 14 སྔོན།

    ཚངས་སར་འཕྲིན་ལས་འདིས་འགོ་ག་བ་ནས་འཛུགས་ཀྱི་ཡོད། འཇུག་ག་བ་ནས་བསྡུས་ཀྱི་ཡོད་རྩ་ནས་མི་ཤེས། མ་ཟད་བརྗོད་བྱའི་གནས་འགག་ཅི་ཞིག་ཡིན་དེ་བས་ཀྱང་མི་ཤེས། སྤྱི་སྟངས་འདི་འདྲའི་རིགས་ཁ་ཤས་ཡོང་སྲོལ་འདུག ཧཧཧ།

    Reply
  13. དུག་མདའ། says:
    ལོ་ 14 སྔོན།

    ཐ་སྙད་འདི་དག་ཕྱིས་སུ་དེང་རབས་རྩོམ་པ་པོར་གྲགས་པ་དག་ལས་ཐོན་པ་འདྲ། རྩོམ་སྲོལ་གསར་གཏོད་ཡིན་ལབ་ན་ངོས་ལེན་ཞུ་དགོས་རྒྱུ་རེད་པ། ཡང་གཅིག་བཤད་ན་བོད་པ་ཚོར་རྩོམ་ཡིག་ལ་སྤྱིར་བཏང་གི་ཚིག་སྤྱད་ནས་ཚང་མས་གོ་ཆོག་ཆོག་ཅིག་ཆགས་ན། ངའི་རྩོམ་འདི་ལ་རྩོམ་ཉམས་མི་འདུག་བསམ་ནས་གང་ཐུབ་ཐུབ་ཀྱིས་ཐ་སྙད་བཙན་སྒྲིག་ལ་དགའ་བོ་ཡོད་པ།

    Reply
  14. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཧེ་རང་ཉིད་ཀྱིས་ཅི་བཤད་བདེན་པ་དང་ཚད་མ་འཛིན་པའི་བསམ་ཚུལ་འདི་ནར་མ་སོང་བའི་བྱིན་པའི་བསམ་ཚུལ་ཞིག་རེད།
    བསམ་ཚུལ་འདི་སྔོན་མ་ང་ལ་ཡང་བྱུང་མྱོང་་་་་་ཁྱོད་ལ་ཡང་ཁག་མེད་་་་ག་ལེར་ཡར་རྒྱས་འགྲོ་གི་རེད།

    Reply
  15. རྟེན་འབྱུང་། says:
    ལོ་ 14 སྔོན།

    བསྟན་འཛིན་ཤེས་རབ་ཁྱོད་ལ་ཁག་མེད་དཔེར་ན་ང་ཚོའི་བོད་ཡིག་ནང་ཡོད་པའི་ཀུན་རྟོག་གྱི་དོན་དང་ཚོར་བ་སྨྲ་བའི་རིང་ལུགས་འཛིན་མཁན་ཚོའི་ཀུན་རྟོག་གཉིས་ལ་ཡང་དོན་ཁག་ཁག་སོ་སོར་ཡོད་པ་རེད་ད། དེ་བཞིན་ཁོ་བ་ཚོའི་བོད་ཡིག་དང་བོད་ཡིག་གཉིས་ལོ་ཤས་རྗེས་ནས་དབྱིན་ཡིག་བོད་ཡིག་ལྟར་ཁག་ཁག་ཆགས་རྒྱུ་ཐེ་ཚོམ་མེད། ཨ་ལགས་དམུ་དགེ་ཚང་གིས་སྔོན་ཆད་ཡི་གེས་སྐད་ལ་ཞབས་ཞུ་བསྒྲུབ་པ་རེད། ད་སྐད་ཀྱིས་ཡི་གེ་ལ་ཞབས་ཞུ་དགོས་གསུངས་པ་དེ་ངོ་མ་གསུངས་ཚད་མ་རེད།

    Reply
  16. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ཚིག་མཛོད་དག་ཏུ་འཚོལ་ཤིག

    Reply
  17. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    མྱི་བུ།
    དཔྱོད་ཤེས།
    གསོན་ཚུགས།
    སྒེར་ཚུགས།
    མི་གཞི།
    འགུལ་ཤུགས།
    མི་བུ།།
    བསམ་བློའི་ཀུན་རྟོག
    རྒྱུ་འབྲས་བློ་མིག

    མིང་ཚིགས་འདི་དག་གི་དོན་དག་ཅི་ཞིག་རེད། ངོ་མས་ཡིན། འདི་དག་ལ་མཆན་འགྲེལ་ཞིག་མེད་ཚེ་མི་གོ་ཁོ་ཐག་རེད། ད་དུང་ཚིག་གྲུབ་རང་ཉིད་དེ་ལྟར་ཡིན་ནམ་ཡང་ན་ཡིག་ནོར་ཡིན་གང་ཡིན་མི་ཤེས་མོད། གང་ལྟར་རྩོམ་ཡིག་འདིས་ཅི་ཞིག་བཤད་ཀྱིན་པ་ངོ་མས་གོ་མ་སོང་། ད་ལྟ་བར་ངས་རང་ཉིད་ཀྱིས་བོད་ཡིག་ཅུང་ཙམ་ཤེས་སྙམ་བཞིན་ཡོད། ད་བལྟས་ཡོད་དུས་རང་ཉིད་ནོར་ཡོད་པ་འདྲ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese