དེ་རིང་ནས་ཉིན་གསུམ་རིང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་འཚོགས་བཞིན་པའི། ༼འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པ༽ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འཛུགས་མཛད་སྒོའི་སྟེང་༧གོང་ས་མཆོག་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་གནང་སོང་།
ཟླ་འདིའི་ཕྱི་ཚེས་ ༡༦ ནས་ཚེས་ ༡༩ བར་ཉིན་གསུམ་རིང་འཚོགས་བཞིན་པའི་ནང་ཆོས་དང་ཚན་རིག་བར་གྱི་ལྷན་ཚོགས་འདིར་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་འགའ་དང་ནང་པའི་ལྟ་གྲུབ་སྨྲ་བ་སྐོར་ཞིག་ལྷན་འཛོམས་ཐོགསེམས་དོན་རིག་པ་དང་ཚན་རིག་གི་ཞིབ་དཔྱོད་གཉིས་ཀྱི་སྦྲེལ་མཚམས་ཁ་གསལ་གོང་མཐོར་གཏོང་ཕྱིར། འཇིག་རྟེན་ཁམས་ནང་ཚེ་སྲོག་དང་རྣམ་ཤེས། སེམས་ཀྱི་རང་བཞིན་དང་རྣམ་ཤེས། ཤེས་བྱ་དང་ཤེས་རྟོགས་ཀྱི་ཚད་གཞི། སེམས་དང་རང་རིག སྤྱོད་ལམ།འགྲོ་བ་མིའི་རིགས་ལ་ཞབས་འདེགས་སྒྲུབ་པ་བཅས་ཀྱི་ཐད་བགྲོ་གླེང་བྱ་རྒྱུ་ཡིན་འདུག
ཐེངས་འདིའི་བགྲོ་གླེང་སྐབས་ཚན་རིག་པ་དང་དགེ་བཤེས་བཅས་བགྲོ་གླེང་པ་ ༡༡ གིས་སོ་སོའི་བརྗོད་གཞིའི་སྟེང་གཏམ་བཤད་གནང་རྒྱུ་དང་། བགྲོ་གླེང་ནང་སཱ་ར་མཐོ་སློབ་དང་བཙུན་དགོན་འཇམ་དབྱངས་ཆོས་གླིང་། སྨན་རྩིས་ཁང་། ངྷ་སྟེང་བོད་ཁྱིམ། ངྷ་ཤོད་བོད་ཁྱིམ། ཤེས་རབ་གླིང་དགོན་པ། ཤེས་རིགདཔེ་མཛོད་ཁང་། ཕྱི་རྒྱལ་ཁག་ཅིག་བཅས་ནས་མགྲོན་འབོད་བྱས་པའི་ཚོགས་ཞུགས་པ་ ༡༧༦ ཙམ་མཉམ་ཞུགས་བྱས་ཡོད་འདུག་ལ། ཉེ་སྔོན་དཔེ་མཛོད་ཁང་གིས་བོད་ཀྱི་དགེ་འདུན་པ་སྐོར་ཞིག་ལ་ཚན་རིག་གི་ཟབ་སྦྱོང་ཞིག་སྤྲོད་བཞིན་པའི་ཁྲིད་ཀྱི་དགོན་སྡེ་ཁག་ ༡༣ ནས་ཕེབས་པའི་མཁས་པ་ ༡༨ ཙམ་གྱིས་བཞུགས་མོལ་བཀའ་བསྡུར་དང་གཏམ་བཤད་གནང་རྒྱུ་ཡིན་འདུག
ཚོགས་འདུའི་དབུ་འཛུགས་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་སངས་རྒྱས་བཅོམ་ལྡན་འདས་བྱོན་ནས་ལོ་༢༦༠༠ཙམ་ཕྱིན་ཡོད་ཅིང་། ཁོང་གིས་སངས་རྒྱས་ཀྱི་གསུང་ཡིན་པས་ཁས་ལེན་བྱ་མི་དགོས་པར་དེ་ལ་བརྟག་དཔྱད་ཀྱིས་ངེས་པ་རྙེད་དགོས་པའི་བཀའ་གནང་ཡོད་པ་དང་། དེ་བཞིན་དཔལ་ན་ལེན་ཌའི་མཁས་པ་རྣམས་ཀྱིས་རིག་པས་དཔྱད་པ་བྱས་ཏེ་ནང་ཆོས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱས་ཡོད་ཅིང་། བོད་པ་ཚོ་བཙན་བྱོལ་ལ་གྱར་རྗེས་ཀྱི་ལོ་ ༢༠ཙམ་ནས་ཚན་རིག་ལ་དོ་སྣང་བྱེད་མགོ་བརྩམས་པ་དང་། སྐབས་དེར་འབྲེལ་ཡོད་རེ་ཟུང་གིས་ཚན་རིག་ནི་ཆོས་ལུགས་མེད་པར་བཟོ་བྱེད་ཅིག་ཡིན་པར་༸ཁོང་ལ་བརྗོད་མྱོང་ཡོད་ཀྱང་། སངས་རྒྱས་ཀྱིས་ཁོང་གིས་མཛད་པའི་ནང་ཆོས་ལ་བརྟག་དཔྱད་བྱ་དགོས་པའི་བཀའ་གནང་ཡོད་པ་དེ་ཚན་རིག་དང་འགལ་པ་ཞིག་མིན་སྟབས། ༸ཁོང་གིས་ཚན་རིག་ལ་དོ་སྣང་དང་ཚན་རིག་པའི་རྩ་ནས་ཚུར་སློབ་སྦྱོང་རག་ཐབས་བྱས་ཡོད་པར་གསུངས་སོང་།
༸ཁོང་གིས་སློབ་སྦྱོང་བྱེད་སྐབས་རིག་པས་དཔྱད་པ་བྱེད་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་ནས། ཚན་རིག་ནི་དངོས་ཡོད་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ཡིན་སྟབས།སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན་འདི་ནས་ལེགས་བཤད་གསར་པ་ག་རེ་ལེན་ཐུབ་ཀྱི་འདུགདེ་ནས་སློབ་སྦྱོང་གསར་པ་ག་རེ་རག་གི་འདུག་བལྟ་དགོས་པ་དང་།སྔོན་མ་ནང་ཆོས་རྒྱ་གར་ནས་ནང་འདྲེན་བྱས་སྐབས་དཀའ་ལས་མང་པོ་བརྒྱབ་ཏེ་རྗེས་སུ་རང་རྐྱ་འཕེར་པ་ཞིག་དང་། ད་ཆར་ནང་ཆོས་ཆ་ཚང་པ་ཞིག་སློབ་སྦྱོང་བྱ་དགོས་ཚེ་བོད་རྒྱུད་ནང་བསྟན་ལས་གཞན་མེད་པ་ཞིག་ཆགས་ཡོད་པ་ལྟར།ད་དེང་གི་རིག་གསར་ཚན་རིག་ལ་སློབ་སྦྱོང་འཐུས་ཕྱིན་པ་བྱས་ཏེ་རང་རྐྱ་འཕེར་པ་ཞིག་བྱ་དགོས་པའི་བཀའ་གནང་སོང་།
བོད་ཀྱི་དཔེ་མཛོད་ཁང་གིས་བོད་ཀྱི་དགོན་སྡེ་ཁག་ལ་ཚན་རིག་གི་སློབ་སྦྱོང་སྤྲོད་རྒྱུའི་ལས་གཞི་ཐོག་མ་༡༩༩༩ནས་མགོ་བརྩམས་ཏེ། ད་སྔ་ཨ་རིའི་བཤམས་མཛོད་ཁང་(Exploratorium) དང་འཇོན་ཊེམ་པལ་ཊོན་ཐེབས་རྩ་(John Templeton Foundation)། ཨ་རིའི་སེ་སྒར་ཁྱིམ་ཚང་ཐེབས་རྩ་(Sagar Family Foundation)། ཨ་རིའི་ཨེ་མོ་རི་(Emory)མཐོ་སློབ་བཅས་མཉམ་འབྲེལ་ཐོག ནང་ཆོས་དང་ཚན་རིག་གི་བགྲོ་གླེང་དང་ཟབ་སྦྱོང་། སློབ་དེབ་གསར་སྒྲིག འགྲེམས་སྟོན་སོགས་ལས་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
བོད་ཀྱི་ལོ་རྒྱུས་ཐོག་ནས་དཔྱད་ཞིབ་བྱས་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་བོད་རང་ཉིད་སྔར་ཡོད་སྟེང་ཕྱིའི་རྒྱལ་ཁབ་ཁག་ནས་ཆེད་ཤེས་རིག་བསྡུ་ལེན་བྱས་ཏེ་ནང་ཆོས་དང་། སྨན། རྩིས། བརྡ་སྤྲོད། རིག་གནས་སོགས་གང་སར་རང་སྐྱ་འཕེར་བའི་ཚད་གཞིའི་སྟེང་དུ་བསྐྱལ་ཐུབ་ཡོད།
འོན་ཀྱང་བོད་བསིལ་བུར་ཐོར་ནས་བཟུང་ད་བར་བོད་རྗེས་ལུས་ཅན་ཆགས་ཡོད། དེང་རབས་ཚན་རིག་དང་། འཛམ་གླིང་གི་ཤིས་རིག་ཐ་དག་ང་ཚོས་བསྡུ་ལེན་བྱེད་ཐུབ་མེད།
ང་ཚོས་དུས་རབས་ཉེར་གཅིག་པ་འདིའི་ནང་དུ་འཛམ་གླིང་གི་ཆབ་སྲིད་རིག་པ། དཔལ་འབྱོར་རིགཔ། སྤྱི་ཚོགས་རིག་པ། དམག་དོན་རིག་པ། ལོ་རྒྱུས་རིག་པ། རྩོམ་བཅོས་རིག་གནས། ཚན་རིག ཆོས་ལུགས་ཤེས་ཡོན། སྨན་རྫས་རིག་པ། ས་དཔྱད་རིག་པ། དངོས་ཁམས་རིག་པ། སྒྱུ་རྩལ་རིག་གནས་སོགས་ཕྱོགས་གང་ས་ནས་བོད་ཀྱི་སྐད་ཡིག་ནང་དུ་ཕབ་ཏེ་རིག་གནས་ཡོངས་རྫོགས་བསྡུ་ལེན་བྱེད་ཐུབ་པ་དགོས།
དུས་རབས་ཉེར་གཅིག་པ་འདིའི་ནང་དུ་ང་ཚོར་འཁྲི་བའི་བླ་མེད་ཀྱི་འགན་འཁྲི་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་མི་ཉམས་གོང་འཕེལ་ཙམ་མ་ཟད་གོང་གསལ་དེང་རབས་འཛམ་གླིང་སྤྱིའི་ཤེས་རིག་ཡོངས་རྫོགས་ཀྱི་སྙིང་བཅུད་བོད་མི་རིགས་ཕ་སྐད་ནང་དུ་རང་སྐྱ་འཕེལ་བའི་བྱས་རྗེས་འཇོག་དགོས་པ་དེ་ཡིན།
དེ་ནི་༸ གོང་ས་མཆོག་གི་དགོངས་པ་རེད་ལ་ཕྱི་ནང་བོད་རིགས་ཚང་མས་བྱེད་དགོས་པ་དང་། བྱེད་ཐུབ་པའི་ལའ་འགན་གལ་ཆེ་གཅིག་ཡིན། དེ་ལས་ལྷག་པའི་ལའ་འགན་ཞིག་ང་ཚོར་མེད།
གང་ཡིན་ཟེར་ན་དུས་ཉེར་གཅིག་པ་འདིའི་ནང་དུ་བོད་རང་བཙན་ཟེར་བ་དེ་ཉི་མའི་རྨི་ལམ་གཅིག་ལ་རང་བཙན་དེ་ད་ལྟའི་དུས་རབས་འདིར་ང་ཚོས་ལེན་ཐུབ་པའི་ནུས་པ་དང་ཆ་རྐྱེན་ཕྱོགས་ཡོངས་ནས་འཛོམས་མེད།
ད་དུང་སྡུག་ས་ནས་བཤད་ན་ཚད་མཐོའི་རང་སྐྱོང་ཟེར་བའི་དགོས་འདུན་དེ་ཡང་ད་ལྟའི་འཆར་ཡོང་ཐབས་རྩ་བ་ནས་མེད། རང་བཙན་དང་རང་སྐྱོང་ཟེར་བ་ལས་འགན་ཆེས་ལྕི་ཤོས་དེ་དུས་རབས་ཉེར་གཅིག་པའི་བོད་རིགས་ཚོས་ལེན་ཐུབ་པའི་སྟོབས་ཤུགས་རྩ་བ་ནས་མེད།
འོ་ན་ང་ཚོའི་ཕྲག་པར་འཁྲི་བའི་ལའ་འགན་གང་ཞིག་ཡོད་ཅེས་ན་ང་ཚོས་སོ་སོའི་ནུས་པ་དཔལག་པའི་ལས་འགན་གང་ཞིག་བསྒྲུབ་དགོས་པ་དང་། གང་ཞིག་བྱེད་ཐུབ་པ། ཇི་ལྟར་བྱས་ཏེ་ལས་དགོས་པ་བཅས་ལ་བསམ་བློ་ཞིབ་ཚགས་བཏང་ནས་འཆར་གཞི་ཡོད་པ་དང་། གོ་རིམ་ཡོད་པ། དེང་ཚོད་ཡོད་པ་བཅས་ཀྱིས་སྒོ་ནས་མི་རིགས་ཀྱི་བླ་མེད་ལའ་འགན་ཁག་དུས་ཐོག་གི་ཆར་ལྟར་བསྒྲུབ་དགོས།
བོད་ཀྱི་དཔེ་མཛོད་ཁང་ནས་ལས་གཞི་དེ་རིགས་སྤེལ་བར་ཡི་རང་མ་བྱེད་ཀ་མེད་རེད། ད་དུང་བསྒྲུབ་དགོས་པའི་ལས་འགན་མང་དག་གཅིག་ང་ཚོའི་མིག་གི་མདུན་དུ་ལྷག་ཡོད།
༸ གོང་ས་མཆོག་གི་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་ཤོག རླབས་ཆེན་བོད་རིགས་ཁྲི་ལོར་བརྟན་པར་ཤོག
ཐབས་མཁས་ཐུགས་རྗེའི་མཛད་པ་དེ་མིན་ན། ཆོས་དང་ཚན་རིག་འགལ་བའི་ལོག་མཐོང་དང། ཆོས་ལུགས་ཕན་ཚུན་སྒྲོ་སྐུར་མུན་མདའ་དག ད་དུང་སྤྱི་ཚོགས་གཤེད་མར་གནས་ཀྱང་སྲིད། ཚུལ་འདི་བསམ་ཡང་མགོན་པོ་གང་གི་དྲིན། ཆ་ཙམ་གཞལ་བར་དཀའ་བ་སུས་མི་ཚོར། མཛད་འཕྲིན་རྒྱས་ལ་ཀུན་གྱིས་འབད་པ་དགེ།
བགྲོ་གླེང་ཚོགས་འདུ་གཞི་རྒྱ་ཆེ་བ་འདི་ལྟ་བུ་ཞིག་སྤེལ་བ་ལ་བསྔགས་བརྗོད་སེམས་གཏིང་ནས་ཞུ། འདས་པའི་དཔེ་མཛོད་ཁང་གི་ལས་ཕྱོགས་ལ་གཞིགས་ན་དགེ་བཤེས་ལྷག་རྡོར་ལགས་ཚོགས་གཙོར་བསྐོས་པ་ནས་བཟུང་ཡར་རྒྱས་ཀྱི་རྣམ་པ་ཕྱོགས་མང་པོ་ནས་མཐོང་སོང་། དཔེར་ན། དཔེ་དེབ་སྣ་མིན་དཔར་བསྐྲུན་བྱ་རྒྱུ་དང་། སྦྱང་གཞི་འདྲ་མིན་ཐོག་ལ་ཟབ་སྦྱོང་དང་འཛིན་གྲྭ་ཚུགས་པ། དེ་བཞིན་ལྟ་གྲུབ་དང་འབྲེལ་བའི་ཚོགས་འདུ་འདྲ་མིན་བཙུགས་པ་སོགས་ཡིན། ཁོང་དང་དེ་བཞིན་ལས་བྱེད་ཡོངས་ལ་རླབས་ཆེ་བའི་དཀའ་ཚེགས་འདི་ལྟ་བུ་སྤེལ་བ་ལ་ཐུགས་རྗེ་གྲངས་མེད་ཞུ། མུ་མཐུས་ཤུགས་རྒྱབ་རོགས།
སྐབས་འདིར་འཇིག་རྟེན་ཁམས་ཀྱི་རིག་པ་ཟེར་བ་ནི་རྒྱུ་སྐར་རིག་པ་ལ་གོ་དགོས་པ་ཡིན། བགྲོ་གླེང་ཚོགས་འདུ་དེའི་ཨིན་ཚིག་གི་ནང་དུ་ Cosmology and Consciousness ཞེས་བཀོད་འདུག ཚན་རྩལ་རིག་པའི་འཛིན་གྲྭ་དེ་དགོན་སྡེ་ཁག་གི་ནང་དུ་ཚུགས་པ་ནས་བཟུང་གྲྭ་བཙུན་ཁག་གི་ཚན་རིག་གྱི་ཤེས་བྱ་ཐོག་ལ་ལོ་ཤས་འདིའི་ནང་དུ་འགྱུར་བ་རླབས་ཆེན་པོ་ཐོན་གྱི་འདུག འདིས་གྲྭ་བཙུན་ཁག་གི་ནང་པའི་ལྟ་གྲུབ་ལ་ཤུགས་རྐྱེན་ངན་པའི་ཚབ་ཏུ་དཔྱད་རིག་ཙབ་ཏུ་འགྲོ་རྒྱུར་ཕན་ཐོགས་རླབས་པོ་ཆེ་ཐོན་གྱི་ཡོད་པའི་རྣམ་པ་ཞིག་འདུག ཡིན་ན་ཡང་། འགའ་ཞིག་གིས་རྒྱལ་བའི་བཀའ་ཟེར་བའི་ཚིག་དེ་ཁུར་ནས་དགོན་སྡེ་ཁག་གི་ནང་དུ་ཚན་རིག་འཛིན་གྲྭ་བཅུག་ནས་ཚང་མས་སྦྱང་བཅུག་དགོས་པ་བཟོས་དགོས་ཟེར་ནས་ཁྲལ་འགེལ་ཐབས་བྱེད་པ་ནི་ཤིན་ཏུ་ནས་མི་འོས་། ཚན་རིག་དང་རྒྱ་ཡིག་གཉིས་པོ་དེ་དགོན་སྡེ་ཁག་གི་ནང་དང་དོད་ཡོད་མཁན་རྣམས་ལ་སྦྱོང་སའི་ཁོར་ཡུག་བསྐྲུན་ཐབས་བྱེད་དགོས་པ་ལས་ཁྲལ་འགེལ་བ་ནི་དམར་ཤོག་གི་བྱ་སྤྱོད་ཞིག་ལས་མ་འདས། ངོས་རང་ནི་འདི་ལ་རྒྱབ་སྐྱོར་མེད།
ཅི་འདྲ་ཞིག་ལ་འཇིག་རྟེན་ཁམས་ཀྱི་རིག་པ་ཟེར་རམ་??? གོ་བ་རྙེད་མ་སོང་
ཞིབ་བསྡུར་གྱི་ཉིང་ཁུའི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་ལ་ངེས་ཤེས་དང་ཡིད་ཆེས་དཔྱིས་ཕྱིན་པ་ཞིག་གི་གོ་མྱོང་མེད་ན། ཡིན་ཚོད་དང་རང་བཟོ་ཙམ་གྱིས་སྐད་ཆ་དེ་ཚོས་དུས་ནམ་ཡང་རང་མགོ་རང་བསྐོར་དང་། རང་ཡིད་རང་འབྲིད་ལས་ནུས་པ་གཏན་ནས་ཐོན་མི་ཐུབ་པ་མ་ཚད་སེམས་དང་ཀླད་པའི་དབྱེ་བ་ཡང་དེ་བས་འགྱེད་མི་ཐུབ། ད་རེས་མཁས་དབང་ཚོས་བགྲོ་གླེང་ནི་ནང་ཆོས་ཀྱི་རི་རྒྱལ་ཞེས་པ་དང་རྒྱུ་སྐར་སོགས་ལ་ལྟ་ཞིབ། ནང་ཆོས་ཀྱི་སེམས་རིག་ལ་ལྟ་ཞིབ། ནང་ཆོས་ཀྱི་ལྟོས་གྲུབ་ལ་ལྟ་ཞིབ་བཅས་ཀྱིས་བསྐོར་ཡིན་ཚོད་ལ། ནང་པ་སངས་རྒྱས་པའི་རིང་ལུགས་ཟབ་མོ་འདི་སྒོ་ཀུན་ནས་ཚན་རིག་པའི་ལྟ་བ་ལས་མཐོ་དམན་མི་ཤོར་བ་བྱེད་དགོས་པ་ནི་གནད་ཀྱི་དམ་པར་འཁུམས། དེ་མ་ཡིན་པར་ཨུ་ཚུགས་ཀྱིས་ལུང་འབྲེལ་ཐར་ཐོར་གྱིས་ངེས་ཤེས་ཀྱི་ཕ་ས་ནམ་ཡང་ཟིན་མི་ཐུབ། ང་ཚོས་ངེས་པར་དུ་ཚན་རིག་དང་ཞིབ་བསྡུར་དགོས་ལ། ཚན་རིག་དང་གོམ་འགྲོས་མཚུངས་དགོས། ཚོགས་མི་ཀུན་གྱིས་མཁས་པ་དེ་ཚོའི་རྣམ་དཔྱོད་ལ་རྡོག་རོལ་གཏང་མི་ཉན་ལ། བར་ཡང་མི་ཆོད་པར་ཆ་ཤས་ལེན་ཅི་ཐུབ་དང་། འབྲི་བཤད་རྒྱུས་ལེན་གང་མང་མང་བྱེད་དགོས། ཁོ་ཚོ་རྣམ་རྟོག་གི་མི་བཅུན་ཡང་། རང་ལ་དགོས་ངེས་ཀྱི་རིག་པ་ལེན་མི་ཐུབ་པའི་རྨ་ཁ་གཏོད་པའི་ཉན་ཁ་ཆེན་པོ་ཡོད་པས། ཚོགས་མི་ཀུན་དང་དེ་བཞིན་གྲྭ་སའི་སློབ་གཉེར་རྣམས་ཀྱིས་ཐུགས་གཟབ་གནང་རོག་ཞེས་འབོད་བསྐུལ་ཞུ་གི་ཡོད།།