མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བོད་མིའི་སློབ་གསོའི་སྐོར་གླེང་བ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་དབང་འདུས་ཀྱིས།

ང་ཚོ་བཙན་བྱོལ་བ་ཆགས་ནས་ད་བར་གྱི་སློབ་གསོའི་གནས་ལུགས་ནི་ཡར་རྒྱས་ཆེན་པོ་བྱུང་བས་དགའ་སྤོབས་བྱེད་ཡུལ་ཞིག་ཡིན་ལ་དེ་བཞིན་འཐུས་ཤོར་ཡང་ཆེན་པོ་བྱུང་ཡོད་པས་སྡུག་སྐད་ཤོར་ས་ཞིག་ཀྱང་ཡིན། བར་ལམ་ བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང་། བཀའ་ཤག་གསར་པས་ལས་འཁུར་དང་ ལེན་ཞུས་ཏེ་ཉིན་གྲངས་བརྒྱ་སྐོར་སོང་བའི་མཚམས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གནད་ཆེར་བརྩིས་པའི་ཤེས་ཡོན་སློབ་གསོའི་སྐོར་ལ་བསམ་འཆར་འགའ་ཞིག་ཞུ་རྒྱུ་ཡིན།

 

༡༽ མ་སྐད་ནི་བསླབ་པ་ཐམས་ཅད་ཀྱི་གཞི་རྩ་ཡིན།

ཕྲུ་གུ་ཞིག་ལ་མཚོན་ན་རང་གི་མ་སྐད་ནི་ཤེས་བྱ་མཐའ་དག་སློབ་པའི་བརྒྱུད་ལམ་ལེགས་ཤོས་དེ་ཡིན་པ་སློབ་གསོའི་སྐོར་གྱི་ཞིབ་འཇུག་ཁག་ལས་ར་སྤྲོད་གསལ་པོ་བྱུང་ཡོད། བོད་པའི་སློབ་མ་ཚོར་བོད་ཡིག་གི་བརྒྱུད་ལམ་ནས་ ཨང་རྩིས་དང་། ཚན་རིག སྤྱི་ཚོགས་རིག་གནས་སོགས་བསླབ་པ་ཡིན་ན་སློབ་མའི་སྦྱང་ཚད་དང་གོ་རྟོགས་མཐོ་རུ་ འགྲོ་རྒྱུར་གདོན་མི་ཟ་བ་ཡིན་པ་མ་ཟད། ཐ་ན་སྐད་ཡིག་གཉིས་པ་དང་གསུམ་པ་(དབྱིན་ཇི་དང་ཧིན་དྷི) སོགས་ སློབ་པ་ལ་ཡང་མ་སྐད་ཀྱི་རྨང་གཞི་སྲ་བརྟན་དགོས་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ། དེང་སྐབས་འཛམ་གླིང་གི་ཡུལ་ གྲུ་གང་སར་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་སློབ་གསོའི་གནས་སྟངས་སྐྱོ་པོ་ཡོད་པའི་རྒྱུ་མཚན་ཨ་མ་དེ་ནི་ཁོང་ཚོས་སྐད་ཡིག་གཞན་ཞིག་གི་ནང་སློབ་སྦྱོང་བྱེད་དགོས་པའི་དབང་གིས་ཡིན།

ད་བར་བོད་ཁྱིམ་གྱི་འགན་ཁུར་ཐོག་གཞི་རིམ་འོག་མའི་སློབ་གཞི་དང་སློབ་ཁྲིད་རྣམས་བོད་ཡིག་ནང་བྱེད་ཐུབ་པ་བྱུང་བ་དང་། ཟམ་གདོང་རིན་ པོ་ཆེའི་བཀའ་ཤག་གི་སྐབས་གཞི་རིམ་ཤེས་ཡོན་སྲིད་བྱུས་གཏན་འབེབས་དང་ མེས་དབོན་དཔེ་སྟོན་སློབ་གྲྭ་བཙུགས་པ་སོགས་ནི་བོད་མིའི་སློབ་གསོའི་ལོ་རྒྱུས་ནང་ཆེས་རླབས་ཆེན་གྱི་གྲུབ་འབྲས་ཁག་ཡིན། ད་ཆ་སློབ་གསོའི་སྲིད་བྱུས་གསར་པ་གཞིར་བཟུང་གཞི་རིམ་བར་མ་དང་དེ་ནས་རིམ་གྱིས་གཞི་རིམ་ གོང་མ་སོགས་སུ་ལག་བསྟར་བྱ་རྒྱུའི་དུས་ལ་སླེབས་ཡོད།

དེའི་སྐོར་སློབ་དེབ་གྲ་སྒྲིག་དང་། དགེ་རྒན་གསོ་སྐྱོང་། གཞན་མཐུན་རྐྱེན་ཁག་གྲ་སྒྲིག་འཐུས་ཚང་བྱས་ནས་བོད་ ཡིག་ནང་སློབ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཚ་འདེད་བྱེད་དགོས། དེ་ནི་ང་ཚོའི་མ་འོངས་པའི་བསྒྲུབ་བྱ་ལྟེ་བ་དེ་ཡིན། བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་ཕུགས་རྒྱང་རིང་པོར་བལྟས་ནས་མ་འོངས་པའི་ལོ་ཉི་ཤུ་སྐོར་ཙམ་གྱི་འཆར་གཞི་འཐེན་དགོས། དེ་དག་ཀྱང་ལོ་ལྔ་ལྔར་བགོས་ནས་ཚད་གཞི་ངེས་ཅན་གྱི་འཆར་གཞི་བཟོ་བ་དང་ལོ་ལྔ་རེ་ རྫོགས་མཚམས་བསྐྱར་ཞིབ་སོགས་བྱས་ན་ཕན་ངེས་ཡིན། དེ་མིན་འདས་པའི་ལོ་ངོ་ཉི་ཤུ་ལྟར་འཐུས་ཤོར་དང་ སྒྱིད་ལུགས་ཀྱི་དབང་དུ་ཤོར་བའི་ཉེན་ཁ་ཡོད།

 

༢༽ དོན་དམ་གྱི་སྐད་གཉིས་སློབ་གསོ།

འོན་ཀྱང་ང་ཚོ་བཙན་བྱོལ་ལ་ཡོད་པའི་གནས་སྟངས་འོག་གཞན་དབང་སྟབས་བསྟུན་བྱེད་དགོས་པ་དང་། གཞན་ གྱི་ངོས་ལེན་ཡོད་པའི་སློབ་གསོའི་ཚན་པ་(Education board)ལོགས་སུ་མེད་པ། དེ་བཞིན་མཐོ་རིམ་སློབ་གསོའི་ མཐུན་རྐྱེན་བོད་སྐད་ཡིག་ཐོག་མེད་པར་བརྟེན་བོད་ཕྲུག་རྣམས་མཐོ་རིམ་སློབ་སྦྱོང་ཆེད་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་དབྱིན་ཇིའི་སྐད་ལ་བརྟེན་དགོས་པ། ད་དུང་བོད་ཀྱི་སྐད་ཡིག་ལ་དཔལ་འབྱོར་གྱི་ཁྲོམ་ར་དཀོན་པ། དེང་དུས་ཀྱི་ཤེས་བྱ་འདྲ་མིན་བོད་སྐད་ཐོག་ཕབ་བསྒྱུར་ཟིན་པ་ཆེས་དཀོན་པ་སོགས་ཀྱི་རྒྱུ་མཚན་མང་བོ་ཞིག་ལ་བརྟེན། གནས་སྐབས་རིང་གཤམ་དུ་བཀོད་པའི་སློབ་གསོའི་ལམ་ལུགས་ལྟ་བུ་ཞིག་ལ་བསྐྱོད་ཐུབ་ན་བཟང་སྙམ། འོན་ཀྱང་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་པའི་ནང་བཀོད་པའི་ལམ་ལུགས་དེ་ནི་ང་ཚོའི་མཐར་ཐུག་གི་བསྒྲུབ་བྱ་ཡིན་པས་དེའི་ཕྱོགས་སུ་གྲ་སྒྲིག་མུ་མཐུད་ནས་བྱ་དགོས་པ་ཡིན།

·       ཀ༽གཞི་རིམ་འོག་མ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་ད་ལྟ་ཡོད་བཞིན་པའི་ལམ་ལུགས་བཞིན་སློབ་ཚན་མཐའ་དག་བོད་ཡིག་ནང་བསླབ་རྒྱུ་དང་སྐད་ཡིག་གཉིས་པ་དབྱིན་སྐད་འཛིན་གྲྭ་གསུམ་པ་ནས་མགོ་བཙུགས་དགོས། རྒྱུ་མཚན་ནི་མ་སྐད་ཀྱི་རྨང་གཞི་སྲ་བརྟན་ཡོད་ན་སྐད་ཡིག་གཞན་སློབ་པར་ཕན་རླབས་ ཆེན་པོ་ཡོད།

·       ཁ༽གཞི་རིམ་བར་མ་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་ལ། ༩༠–༡༠་ཅན་གྱི་སྐད་གཉིས་སློབ་གསོ་ (90-10 Dual immersion model)ལག་ལེན་བསྟར་ན་ལེགས་པར་མངོན། དེ་ཡང་སྐད་ཡིག་ཕུད་པའི་ སློབ་ཚན་གཞན་ཁག་སློབ་ ཁྲིད་ཀྱི་དུས་ཡུན་ཆ་ཚང་ལས་བོད་སྐད་ཐོག་བརྒྱ་ཆ་༩༠་དང་དབྱིན་སྐད་ཐོག་ བརྒྱ་ཆ་༡༠་གཏོང་དགོས། སྐད་ཡིག་ མཉམ་བསྲེས་མེད་པར་ལོག་མཚམས་གསལ་པོར་ དབྱེ་དགོས་ པ་ (Language separation)དང། དེ་བཞིན་སྐད་ ཡིག་གསུམ་པ་རྒྱ་སྐད་ཡང་ལོ་གསུམ་གྱི་རིང་བསླབ་རྒྱུ།

·       ག༽གཞི་རིམ་གོང་མ་འཛིན་གྲྭ་དགུ་པ་ནས་བཅུ་པ་བར་ལ། ༥༠–༥༠་ཅན་གྱི་སྐད་གཉིས་སློབ་གསོ་(50-50 Dual immersion model)ལག་ལེན་བསྟར་དགོས། དེ་ཡང་སྐད་ཡིག་ཕུད་པའི་སློབ་ཚན་གཞན་ཁག་ སློབ་ཁྲིད་ཀྱི་དུས་ཡུན་ཆ་ཚང་ལས་བོད་སྐད་ཐོག་བརྒྱ་ཆ་༥༠་དང་དབྱིན་སྐད་ཐོག་བརྒྱ་ཆ་༥༠་གཏོང་དགོས་པ་དང་སྐད་ཡིག་མཉམ་བསྲེས་མེད་པར་ལོག་མཚམས་གསལ་པོར་དབྱེ་དགོས་པ་ཡིན། སྐབས་འདི་ ནས་བཟུང་དབྱིན་སྐད་ཐོག་ཤུགས་སྣོན་འཕར་མ་རྒྱག་དགོས།

·       ང༽གཞི་རིམ་གོང་མ་འཛིན་གྲྭ་བཅུ་གཅིག་ནས་བཅུ་གཉིས་བར་ལ་སློབ་ཚན་མཐའ་དག་དབྱིན་ཡིག་ནང་བསླབ་རྒྱུ་དང་བོད་ཡིག་སློབ་ཚན་ཞིག་གི་ངོ་བོའི་ཐོག་ནས་སློབ་འཁྲིད་བྱ་རྒྱུ།

དེ་ལྟ་བུའི་ལམ་ལུགས་ཞིག་ལ་བརྟེན་ན་བོད་ཡིག་གི་སྦྱང་ཚད་མཐོ་པོ་ཡོང་རྒྱུ་མ་ཟད་དབྱིན་ཡིག་གི་ཤེས་ཚད་ཀྱང་རང་རྐྱ་འཕེར་བ་ཡོང་ངེས་ཡིན། བོད་ཡིག་ནས་དབྱིན་ཡིག་གི་རྒྱུད་ལམ་ལ་འགྱུར་བ་ཡང་གློ་བུར་དུ་མ་ཡིན་པར་ དལ་པོའི་ངང་ནས་ཡིན་སྟབས་སློབ་མ་ཚོ་ལ་ཕན་ཐོགས་ཆེན་པོ་ཡོད། དེ་བཞིན་སློབ་མ་རྣམས་ལ་མཐོ་རིམ་སློབ་ སྦྱོང་གི་གོ་སྐབས་ལེན་རྒྱུར་ཡང་འགོག་རྐྱེན་མེད་པ་ཡིན།

 

༣༽ བོད་ཀྱི་སྐད་ཡིག་སློབ་ཁྲིད་དེ་དེང་རབ་ཅན་དུ་འགྱུར་དགོས།

ང་ཚོའི་སློབ་གྲྭ་ཕལ་མོ་ཆེའི་ནང་སློབ་ཚན་ཁག་མང་པོ་ཡོད་པའི་ནང་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་གནས་བབ་ཐོག་ལ་དུས་དང་མཐུན་པའི་གོམ་པ་སྤོས་མ་ཐུབ་པར་རྗེས་ལུས་ཐེབས་ཡོད། དེ་ནི་དགེ་རྒན་མང་པོ་ཞིག་ལ་སློབ་ མའི་སེམས་ཁམས་དང་མཐུན་པའི་དེང་དུས་སློབ་ཁྲིད་ཀྱི་སྦྱོང་བརྡར་ཉུང་བ་དང་བོད་ཡིག་གི་ཁྲིད་ཆས་ཉུང་པ་སོགས་ཀྱིས་ལན་པ་ཡིན། བོད་ཀྱི་སྐད་ཡིག་སློབ་ཁྲིད་དེ་བརྡ་སྤྲོད་ཀྱི་གཞུང་ལུགས་དང་དགེ་རྒན་གྱི་འཆད་ཁྲིད་ རྒྱབ་ པ་ཙམ་མ་ཡིན་པར་སློབ་མའི་ཉིན་རེའི་འཚོ་བ་འབྲེལ་པའི་འབྲི་ཀློག་སྤྱོད་གསུམ་ལ་ཤུགས་ནོན་རྒྱག་དགོས་པ་ཡིན། དེ་དག་ཡོང་ཆེད་དུ་དགེ་རྒན་ལ་དེང་དུས་ཀྱི་སློབ་ཁྲིད་ཐབས་ལམ་སོགས་ཀྱི་སྦྱོང་བརྡར་གང་མང་སྤྲོད་དགོས་ལ་སློབ་དེབ་དང་མཐུན་རྐྱེན་གཞན་ཁག་ལ་ཡང་ཡར་རྒྱས་ངེས་པར་གཏོང་དགོས་པ་ཡིན།

 

༤༽སྐད་ཡིག་གསུམ་པར་རྒྱ་སྐད་བསླབ་དགོས།

ད་ལྟའི་བར་བོད་མིའི་སློབ་གྲྭ་ཁག་ནང་ཧིན་དྷིའི་སྐད་དེ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་རམ། གང་ལྟར་ལོ་ གསུམ་ཙམ་གྱི་རིང་ལ་སློབ་ཀྱིན་ཡོད། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གསར་པ་དེས་ཀྱང་རྒྱ་ གར་དང་མཚུངས་བའི་སྐད་ཡིག་གསུམ་ལྡན་གྱི་ལམ་ལུགས་ལ་མོས་མཐུན་བྱས་ཡོད།
དེར་བརྟེན། ཆབ་སྲིད་དང་ རིག་གནས། འཚོ་བ། དཔལ་འབྱོར་སོགས་ཕྱོགས་གང་ནས་བལྟས་ཀྱང་བོད་ཕྲུག་ཚོར་རྒྱ་སྐད་བསླབ་རྒྱུ་གནད་ ཆེར་མཐོང། ད་བར་ཧིན་དྷི་ལོ་གསུམ་བར་སློབ་བཞིན་པ་དེས་ང་ཚོར་ཕན་རླབས་བྱུང་ཡོད་མེད་ཐེ་ཚོམ་རེད། ང་ ཚོར་མཁོ་བའི་ཟ་འཐུང་ཙམ་གྱི་ཧིན་སྐད་དེ་ནི་རང་བཞིན་གྱིས་ཁྲོམ་ར། བརྙན་འཕྲིན་བརྒྱུད་ལམ། དེ་བཞིན་སྤྱི་ ཚོགས་ཀྱི་འབྲེལ་ལམ་སོགས་བརྒྱུད་ནས་ཤེས་ཐུབ་ངེས་ཡིན།

 

༥༽དགེ་རྒན་གྱི་སྤུས་ཚད་ནི་སློབ་མའི་སྦྱང་ཚད་གོང་མཐོར་གཏོང་བའི་ཆ་རྐྱེན་ཨང་དང་པོ་ཡིན།

དགེ་རྒན་ཡག་པོ་དང་ཚད་ལྡན་དགོས་ན་འཛིན་རིམ་བཅུ་གཉིས་མཐར་ཕྱིན་སློབ་མ་ལེགས་གྲས་རྣམས་ཀྱིས་སློབ་གསོའི་སྐོར་ཆེད་སྦྱོང་གནང་སྟེ་དགེ་རྒན་གྱི་ལས་ཀར་ཞུགས་དགོས། འཛམ་གླིང་ནང་སློབ་གསོའི་གནས་བབས་ ལེགས་གྲས་ཡིན་པའི་ཡུལ་གྲུ་སིང་ག་པོར་(Singapore)ལྟ་བུར་མཚོན་ན་དགེ་རྒན་རྣམས་གཞི་རིམ་སློབ་གྲྭ་ཐོན་པའི་སློབ་མ་ལེགས་ཤོས་བརྒྱ་ཆ་༣༠་ཡི་ནང་ནས་ཡོང་གི་ཡོད་ལ། དེ་བཞིན་རྒྱལ་ཁབ་ཀྱི་བློ་རིག་བཀྲ་བའི་སློབ་མ་ མང་པོ་ཞིག་ཀྱང་དགེ་རྒན་གྱི་བྱ་བར་ཞུགས་ཀྱིན་ཡོད་། དེ་ལྟར་ཡོང་དགོས་བའི་རྒྱུ་མཚན་ནི་ཡུལ་གྲུ་དེར་དགེ་ རྒན་ལ་དམིགས་བསལ་མཐུན་རྐྱེན་དང་ཕོགས་ཐོབ་སོགས་མི་ཚེའི་མདུན་ལམ་ཡག་པོ་ཡོད། བཙན་བྱོལ་བོད་མིའི་ སློབ་གྲྭ་ཁག་གི་དགེ་རྒན་རྣམས་ལ་མཚོན་ན་ལས་འཁུར་ལྕི་ཞིང་ཕོགས་ཐོབ་སོགས་ཀྱི་ཆ་ནས་མི་ཚེའི་མདུན་ལམ་དམིགས་བསལ་ཞིག་མེད་ན་ཡང་། ལྷག་བསམ་གྱི་ཐོག་ནས་ལས་ཀར་ཧུར་བརྩོན་གནང་བར་བསྔགས་བརྗོད་ཀྱི་ གནས་སུ་གྱུར་ཡོད། འོན་ཀྱང་། བོད་པའི་སློབ་གྲྭ་ཁག་གི་སློབ་མ་ལེགས་གྲས་རྣམས་འཛིན་རིམ་བཅུ་གཉིས་ཐོན་ རྗེས་མཐོ་སློབ་དུ་སློབ་གསོའི་སྐོར་ལ་ཆེད་སྦྱོང་གནང་མཁན་ཆེས་དཀོན་པོ་ཡིན་ལ། དེ་བཞིན་སློབ་གྲྭར་ཡོད་ སྐབས་སློབ་སྦྱོང་གི་གནས་ཚད་སྐྱོ་བ་མང་པོ་ཞིག་གིས་དགེ་རྒན་གྱི་བྱ་བ་གཉེར་བ་དེ་ཡང་དངོས་ཡོད་ཀྱི་གནས་སྟངས་ཤིག་ཡིན། གལ་སྲིད། དེས་ན་མ་འོངས་པར་བོད་མི་ཤེས་ཡོན་ཅན་དང་ཁྱད་ལས་པ་མང་པོ་སྐྱེད་བསྲིང་བྱེད་ དགོས་ན་ཐོག་མར་དགེ་རྒན་གསོ་སྐྱོང་ཡག་པོ་བྱེད་དགོས་པ་ཡིན།

 

༦༽ སློབ་མ་ཚོར་རྣམ་དཔྱོད་དང་བསམ་བློའི་རང་དབང་སྤྲོད་དགོས།

ང་ཚོའི་སློབ་གྲྭ་ཁག་གི་ནང་དགེ་རྒན་དང་སློབ་དེབ་ལ་མཐའ་གཅིག་དུ་བརྩི་བཀུར་ཞུ་དགོས་པ་དེ་ཡང་སློབ་མར་རང་རྐྱ་འཕེར་བའི་ཤེས་ཡོན་འཇུག་པ་ལ་འགོག་རྐྱེན་ཆེན་པོ་བཟོ་གི་ཡོད། ཤེས་བྱ་ནི་མིའི་རིགསདང་སྤྱི་ཚོགས་ནས་ བསྐྲུན་པ་(Social construction)ཤ་སྟག་ཡིན་པའི་དེ་དག་ལ་མཐའ་ གཅིག་ཏུ་མོས་གུས་དང་ཡིད་ཆེས་བྱེད་དགོས་ དོན་ཅི་ཡང་མེད། དེང་སྐབས་དུས་རབས་ཉེར་གཅིག་ནང་རང་གི་རྣམ་དཔྱོད་བཀོལ་ཏེ་ཤེས་བྱ་ལ་དཔྱད་པ་བྱེད་ པའི་གོམས་གཤིས་(critical thinking)བོད་པའི་སློབ་མ་ཚོར་ངེས་པར་འཇགས་ཐབས་བྱ་དགོས་པ་ཡིན། དེ་མིན་ དགེ་རྒན་གྱི་གང་སླབ་པ་དང་སློབ་དེབ་ཁོ་ན་ལ་སྐྱབས་བཅོལ་ནས་སོ་སོའི་བསམ་བློ་བཀོལ་སྤྱོད་མ་བྱས་ན་གང་ཡང་མ་ཤེས་པ་དང་ཧ་ལམ་མཚུངས་པ་ཡིན། དེས་ན་སློབ་མ་ཚོར་རྣམ་དཔྱོད་ལྡན་པའི་མི་ཞིག་གི་ཆེ་མཐོང་སྤྲད་ནས་ ཁོང་ཚོར་རང་རང་གི་ཆོས་རབ་བྱེད་ཀྱི་བློ་དེ་ངེས་པར་བེད་སྤྱོད་བྱ་རྒྱུའི་གོ་སྐབས་སྤྲོད་དགོས། དེ་འདྲ་ཡོང་བ་ལ་ ཡང་དགེ་རྒན་གྱི་སྤུས་ཚད་དང་སྦྱང་ཚད་ནི་ཤིན་ཏུ་ནས་གལ་འགངས་ཆེ། ང་ཚོའི་སློབ་མ་ཚོ་ངེས་པར་དུ་བསམ་ ཕོད་པ། བྲིས་ཕོད་པ་དང། ཤོད་ཕོད་པ་ཞིག་ཡོང་རྒྱུར་རང་དབང་དང་གོ་སྐབས་སྤྲོད་དགོས་པ་ཡིན།

 

མདོར་ན་ད་ལྟའི་བཀའ་ཤག་གི་སྲིད་བྱུས་གཞིར་བཟུང་མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཁྲོད་དུ་ཁྱད་ལས་པ་ཁྲི་ཚོ་མང་པོ་བསྐྱེད་བསྲིང་བྱེད་དགོས་ན་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་གཞི་རིམ་སློབ་གསོའི་གནས་བབ་ལ་ཤུགས་སྣོན་ཚ་འདེད་བྱེད་དགོས་པ་ཡིན།

 

༼སྐལ་བཟང་དབང་འདུས་ནི་གོ་པལ་པུར་བོད་ཁྱིམ་གྱི་དགེ་ཆེ་ཟུར་པ་དང་ད་ཆ་ཨ་རིའི་ཀོ་ལོམ་བིཡ་སློབ་གྲ་ཆེན་མོའི་ནང་སློབ་གཞི་རྩ་འཛིན་དང་སྐད་གཉིས་སློབ་གསོའི་སྐོར་ལ་ཞིབ་འཇུག་སློབ་གཉེར་གནང་བཞིན་ཡོད།༽

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. ནད་པ says:
    ལོ་ 14 སྔོན།

    སྐལ་བཟང་ལགས་ཐུགས་རྗེ་ཆེ། སློབ་གསོའི་སྐོར་གྱི་ལས་དོན་ནི་རྒྱལ་ཁབ་དང་མི་རིགས་གཅིགལ་མཚོན་ན་ཆེས་ཤིན་ཏུ་ནས་གལ་ཆེའི་གནད་དོན་ཞིག་ཆགས་ཡོད། རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་རླབས་པོ་ཆེ་ཞིག་བསྒྲུབ་པར་བྱ་བ་ལ་དང་ཐོག་མི་ཚད་ལྡན་ཡོང་ཐུབ་པ་དགོས།

    མི་ཚད་ལྡན་ཟེར་བ་དེ་ནི་རང་རང་སོ་སོའི་གཅེས་པའི་རྒྱལ་ཁབ་དང་། བརྩེ་བའི་མི་རིགས་ཀྱི་སྤུན་ཟླ་གྲངས་ལས་འདས་པར་ཚོར་ཕན་ཐོགས་དང་མཛད་རྗེས་རླབས་ཆེན་འཇོག་ཐུབ་མཁན་གྱི་མི་གཅིག་ལ་ཚད་ལྡན་ཟེར་ཆོག

    དེ་འདྲའི་མི་ཚད་ལྡན་ཡོང་བའི་ལམ་བུ་ཉག་གཅིག་ནི་སློབ་གསོ་ཟེར་བ་དེ་ཁོ་ན་རང་ཡིན། སློབ་གསོ་གཏོང་མཁན་ནི་དགེ་རྒན་ཡིན་སྟབས། དགེ་རྒན་ཟེར་བ་དེར་ཕྱིའི་ཤེས་རིག་གི་སྦྱང་ཚད་ལྡན་པ་དང་། ནང་བསམ་བློའི་གནད་ལུགས་སྨིན་པ། སློབ་མ་ཚོར་མིག་དཔེ་སྟོན་ཅིང་མི་ཚད་ལྡན་བཟོ་ཐུབ་མཁན་ཞིག་དགོས།

    སློབ་ཕྲུག་ཚོ་ཡག་པོ་སྨིན་ཐུབ་མིན་དེ་དགེ་རྒན་ལ་རག་ལུས་སྟབས། དགེ་རྒན་ནི་སློབ་གསའོ་ནང་གི་ཆེས་ཐོག་མའི་ཆ་རྐྱེན་ཨང་དང་པོ་དེ་རང་ཡིན།

    དེ་འདྲའི་དགེ་རྒན་ཡག་པོ་ཞིག་དགོས་ན་དེར་མཐུན་རྐྱེན་ཆ་ཚང་ཞིག་དང་མདུན་ལམ་ཡང་དག་པ་ཞིག་སྐྲུན་ཐུབ་པ་དགོས། དེ་འདྲའི་ཆ་རྐྱེན་ཇི་ལྟར་བསྐྲུན་ཐུབ་མིན་དེ་འཛིན་སྐྱོང་ལ་རག་ལུས་ཡོད་པ་ཡིན།

    དབུས་འཛིན་སྐྱོང་། དགེ་རྒན། སློབ་གཞི། སྒྲིག་འཛུགས། མཐུན་རྐྱེན། སློབ་མ། ཨ་མ་བཅས་ཕྱོགས་ནས་ཆ་རྐྱེན་དེ་འདྲ་ཞིག་ཚང་ན་གཞི་ནས་རྒྱུ་ཚོགས་པ་ལས་འབྲས་བུ་སྨིན་པ་ལྟར་སྤྱི་ཚོགས་འཁྲོད་དུ་སློབ་མ་ཚད་ལྡན་སྨིན་ནས་རང་གི་རྒྱལ་ཁབ་དང་མི་རིགས་སྤྱི་ཡོངས་ལ་ཕན་ཐོགས་པའི་མི་སྣ་ཤ་སྟག་ཡོང་ཐུབ་པ་ཡིན།

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    སྐལ་བཟང་དབང་འདུས་ལགས་ནས་ཕ་སྐད་ལ་དུང་བའི་བཀའ་སློབ་རིན་ཐང་ཅན་ཞིག་གནང་འདུག་པར་རྗེས་སུ་ཡིད་རང་ཞུ་རྒྱུ་ལས་བསམ་ཚུལ་མི་མཐུན་པ་གང་ཡང་ཞུ་རྒྱུ་མེད།

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    སྐལ་བཟང་དབང་འདུ་ལགས་ནས་ལེགས་པོ་གསུངས་འདུག སྒེར་གྱི་བསམ་བློ་གཏོང་ཕྱོགས་ནས་ཀྱང་མཐུན་ཐབས་མང་པོ་འདུག

    མ་གཞི་ནས་འདི་ལྟར་གྲུབ་འབྲས་དོན་དངོས་སུ་ཡོང་བར་དང་ཐོག་ཕྱི་ཤུན་མིན་པར་ནང་དོན་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་བསྟི་གནས་ཀྱི་སྡེ་ཚན་ཆེས་ཆེ་ཤོས།

    ཤེས་རིག་དང་བོད་ཁྱིམ་གཉིས་འཆམ་མཐུན་དགོས་པས་དེ་ཧ་ལམ་ཁག་པོ་ཞིག་མངོན་གྱིན་རེད།

    འཐུས་ཤོར་ཚང་མ་འགོ་སྔ་སྒྲིག་འཛུགས་ནས་བཏང་བ་ལས་དགེ་སློབ་ལ་ཁག་དཀྲི་བྱ་ས་གཏན་ནས་མེད་པར་མཐོང་ངོ་།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡིག་ཐོག་ནང་ལ་བོད་སྐད་སློབ་དེབ་ཟུར་དུ་གཏན་འབེབ་་ག་དུས་བྱ་རྒྱུ་རེད། ལས་སྣེ་ཚོ། །

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཕ་སྐད་དང་མ་སྐད་ཀྱི་ཚིག་འདི་གཉིས་གསར་འབྱོར་བ་ཤེས་ཡོན་པ་དེ་ཚོས་འབྲི་འགོ་བཙུགས་སོང་། དེའི་སྔོན་ལ་རང་སྐད་དང་། བོད་སྐད། ཕ་ཡུལ་གྱི་སྐད་ཙམ་གྱིས་ཆོག་པར་བྱས་པ་རེད།
    ད་ཆ་Mother language ལས། མ་སྐད་དང་། Father languageཞེས་མེད་པས་བོད་སྐད་ཐུན་ཐོང་མ་ཡིན་པ་ཞིག་ཚོན་བྱེད་དུ་ཕ་སྐད་དུ་བཏགས་པ་དང་འདོག་བཞིན་འདུག་ལགས། འདི་རིང་དེ་ཙམ་མོ།

    Reply
  6. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཤིན་ཏུ་ལེགས་པས་ཐུགས་རྗེ་ཆེ། དེ་ལྷན་རང་དབང་རྒྱལ་དང་ཆབ་བྲེག་གཉིས་ལ་ཡང་འདིའི་ཐད་དཔྱད་པ་གང་མགྱོགས་ཡོང་བར་རེ་བ་ཧ་ཅང་ཆེན་པས་འབོད་བསྐུལ་ནན་ཏན་ཞུའོ

    Reply
  7. རང་དབང་རྒྱལ། says:
    ལོ་ 14 སྔོན།

    གླེང་གཞི་འདི་རིག་དུས། དངོས་གནས་དགའ་སོང་། ད་ཡིན་ན། འདིའི་སྐོར་ནས་ཕྱོགས་དང་ཟུར་ངོས་མི་འདྲ་བ། ལྟ་ཚུལ་དང་ཐབས་བྱུས་མི་འདྲ་བའི་སྒོ་ནས་ཞིབ་གླེང་བྱེད་དགོས་པ་ནི། སྐྱབས་བཅོལ་བོད་མི་ཡོངས་དང་། ལྷག་པར་དུ། ཤེས་ལྡན་པ་ཚོའི་ཕྲག་ཏུ་བབས་པའི་ལས་འགན་ཞིག་རེད། དེས་ན། བརྗོད་གཞི་འདིའི་སྐོར་ནས་རང་ངོས་ནས་ལྷོད་ཀྱིས་གླེང་འདུན་ཡོད་ལ། བསམ་ཚུལ་དང་ལྟ་སྟངས་མི་མཐུན་ཅི་ཙམ་མང་ན། དེ་ཙམ་གྱིས་དང་བ་འཕེལ་ངེས་སོ།།

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གཞི་ནས་སློབ་གསོའི་སྐོར་ལ་ལམ་སྟོན་གནང་མཁན་ཞིག་བྱུང་བར་ཧ་ཅང་དགའ་བོ་བྱུང། བཀའ་དྲིན་ཆེ། རིམ་པས་བསམ་ཚུལ་འབུལ་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese