སྦྲ་རིགས་ཐོགས་མེད།
ལོ་ངོ་གཉིས་གསུམ་རིང་བོད་ཀྱི་རྒྱལ་གཅེས་དཔའ་བོ་ཕོ་མོ་ལྔ་ནས་བཅུ་དང་བཅུ་ནས་ཉི་ཤུ་བརྒལ་ཏེ་རང་དབང་དང་བདེན་དོན་གྱི་ཆེད་དུ་འཇིགས་ཞུམ་མེད་པར་དམར་བོ་མེ་ལ་བསྲེགས་སོང་ལ། དེ་བཞིན་རྒྱ་གཞུང་གིས་གསོན་པོའི་རྐང་ལག་ལྕགས་འཛེར་གྱིས་བཅག་ཅིང་ཉེས་མེད་མི་སེར་གྱི་ཞི་རྒོལ་ཁྲོད་དུ་ཡ་ང་སྤུ་ཙམ་མེད་པར་མེ་མདའི་འཁོར་ལོ་བསྐོར་སོང་། ད་དུང་ཁོ་ཚོ་རང་གི་གསར་ལམ་ཡོད་ཚད་ན་ལས་འགུལ་དེ་དག་བོད་རིགས་དྲག་སྤྱོད་པའི་གཏོར་རྒོལ་ཡིན་ཚུལ་ས་བསྒྲགས་གནམ་བསྒྲགས་བྱས་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་བར་འབད་བརྩོན་བྱེད་བཞིན་འདུག་ལ། ཐབས་ལམ་འདྲ་མིན་བརྒྱུད་ཉིན་རེ་བཞིན་རྒྱ་ནག་གི་མི་སེར་ཁྲོད་དུ་བོད་མི་རིགས་ལ་འཛིན་པའི་ལྟ་ཚུལ་སྡུག་ནས་སྡུག་ཏུ་གཏོང་བཞིན་ཡོད། མི་རིགས་བར་གྱི་མཐུན་ལམ་དང་མི་རིགས་བར་གྱི་མཉམ་གནས་ལ་འདི་ལས་ལྷག་པའི་གཏོར་བཤིག་གཏོང་ཚུལ་ཞིག་ལྷག་མེད་ལ། གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ་ང་ཚོས་ད་དུང་དཔའ་རྒོད་ག་ཚོད་ཅིག་མེ་བསྲེགས་གཏོང་རྒྱུ་ཡིན་ནམ། ཡང་ན་དཔའ་རྒོད་མེ་རུ་བསྲེགས་པའི་འཐབ་རྩོད་འདིས་རྒྱ་གཞུང་ལ་གནོན་ཤུགས་ག་ཚོད་ཅིག་སྤྲོད་ཐུབ་བམ། ཡང་ན་རྒྱ་ནག་གཞུང་ལ་གྱོང་གུད་ག་ཚོད་ཅིག་སྤྲོད་ཐུབ་བམ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་ཨ་རིའི་གཞུང་ཚབ་གཙོས་ཕྱི་འབྲེལ་ཚན་པ། དེ་བཞིན་ཧྥ་རན་སི་དང་འཇར་མིན་སོགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཀྱང་རྒྱ་གཞུང་ལ་སྔར་བཞིན་འབོད་སྐུལ་རེ་ཡང་ཞུས་སོང་། འོན་ཀྱང་། རྒྱ་ནག་ལྟ་བུའི་གཞུང་ཞིག་ལ་འབོད་སྐུལ་ཙམ་གྱིས་ནུས་པ་ག་ཚོད་ཅིག་འཐོན་ཐུབ་བམ་ཡང་ན་འབོད་སྐུལ་ཙམ་གྱིས་རྒྱ་གཞུང་ལ་གནོན་ཤུགས་ག་ཚོད་ཅིག་ཐེབས་ཐུབ་བམ། ཨ་རིའི་སྲིད་འཛིན་སྔ་ཕྱི་གསུམ་གྱིས་རྒྱ་ནག་གི་དབུ་ཁྲིད་རིམ་པ་དང་ཐུག་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་ཐེངས་དུ་མར་ཞུས་མྱོང་ལ། དེ་བཞིན་ཧྥ་རན་སིའི་ནེས་ཁོ་ལ་དང་དབྱིན་ལན་གྱི་གྲོ་ནས་བྷུ་ལེར་དང་བྷུ་རོན་སོགས་ཀྱིས་ཀྱང་སྔ་ཕྱིར་འབོད་སྐུལ་རིམ་པར་ཞུས་མྱོང་། ཐ་ན་ཡུ་རོབ་མཐུན་ཚོགས་སོགས་ཀྱིས་བོད་དོན་སྐོར་གྱི་གྲོས་ཆོད་ཀྱང་སྔ་ཕྱིར་བཞག་མྱོང་བ་མ་ཡིན་ནམ། འོན་ཀྱང་། འབོད་སྐུལ་དེ་དག་དང་སྐྱོན་བརྗོད་དེ་ཙམ་གྱིས་རྒྱ་གཞུང་ལ་ག་ཚོད་འགྱུར་བ་འགྲོ་སྲིད་དམ། བོད་མི་བརྒྱ་སྐོར་ཞིག་དང་ཡང་ན་བརྒྱ་ཕྲག་ཁ་ཤས་རིམ་བཞིན་མེ་རུ་བསྲེགས་ན་རྒྱ་གཞུང་ལ་འགྱུར་བ་ཞིག་ཐེབས་ཨེ་སྲིད། སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་གཙོས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་ཉེ་ཆར་ལི་བྷི་ཡའི་རང་དབང་འཐབ་རྩོད་དང་ད་ལྟའི་སེ་རི་ཡའི་གནད་དོན་བཞིན་དངོས་སུ་བོད་མི་རིགས་ཀྱི་རྒྱབ་ཏུ་ལངས་ཏེ་རྒྱ་གཞུང་ལ་དྲག་པོའི་སྦྱོར་བ་བཤམས་ཨེ་སྲིད།
འདི་ལྟར་ཕྱོགས་མང་བོ་ཞིག་ནས་བལྟས་ན་ད་ནི་ང་ཚོས་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་འདི་ལྟར་སྣེ་གཅིག་རང་བཞིན་ཅན་དུ་བསྐྱོད་རྒྱུ་མི་འདུག འཛམ་གླིང་གི་སྟོབས་ཆེན་དུ་བགྲང་བའི་རྒྱལ་ཁབ་དག་རྒྱ་ནག་གི་ཚོང་འབྲེལ་གནོན་ཤུགས་ཀྱི་མདུན་དུ་ལངས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མ་ཐུབ་པ་ལས་རྒྱལ་ཁབ་དེ་དག་གིས་བོད་ཀྱི་ཛ་དྲག་གནས་སྟངས་དང་བོད་མི་རྣམས་ཨུ་ཐུག་ཐབས་ཟད་དུ་གྱུར་ཡོད་པ་ཤེས་མེད་པ་གཏན་ནས་མ་རེད། འོ་ན་ད་ང་ཚོ་རང་ཉིད་ཀྱི་ངོས་ནས་གང་ཞིག་བྱས་ན་གཞི་ནས་རྒྱ་གཞུང་ལ་ཟུག་གཟེར་དང་འདུག་བཟོད་མི་བདེ་བ་བཟོ་ཐུབ་བམ།
ངས་བལྟས་ན་ད་ནི་ང་ཚོས་ཞི་དྲག་གཉིས་ཀྱི་ལམ་ནས་ལས་འགུལ་སྤེལ་དགོས་ཀྱི་འདུག གལ་སྲིད་རང་ཉིད་མཆོད་མེ་རུ་སྤར་ནས་བདེན་དོན་རྩོད་གནང་མཁན་བོད་ཀྱི་དཔའ་རྒོད་ཉི་ཤུ་ལྷག་དེས་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གི་མི་སེར་སྤེལ་བའི་ལས་འགུལ་དང་གཏེར་ཁ་བསྔོག་འདོན་ཆེད་དུ་འཛུགས་བསྐྲུན་བྱས་པའི་མེ་འཁོར་ལྕགས་ལམ་དང་བཟོ་གྲྭ་ཁག་ཉི་ཤུ་ལྷག་ལ་གཏོར་རྒོལ་བྱས་པ་ཡིན་ན། མ་མཐའ་ཡང་རྒྱ་གཞུང་གི་སྒོར་མོ་ཐེར་འབུམ་ཁ་ཤས་ཀྱི་འཛུགས་བསྐྲུན་གཏོང་བཤིག་ཏུ་བཏང་ཟིན་ལ། དེ་ལ་བརྟེན་ནས་རྒྱ་གཞུང་གིས་བོད་ཀྱི་གཏེར་ཁ་ཁག་རྒྱ་ནག་ཏུ་དབོར་འདྲེན་དང་རྒྱ་མི་འབོར་ཆེན་བོད་དུ་གནས་སྤོར་བྱེད་པའི་སྲིད་བྱུས་ཀྱི་མྱུར་ཚད་དེ་མ་མཐར་ཡང་ལོ་གཅིག་གི་འགོར་འགྱང་ཐུབ་པར་རེ་བ་དང་ཚོད་དཔག་བྱ་ཆོག་པ་ཞིག་རེད།
རྒྱ་ནག་ལ་བོད་གལ་ཆེ་ཚུལ་དང་རྒྱ་ནག་གིས་བོད་བློས་མི་གཏོང་དོན་ཡང་གཙོ་བོ་ཚོང་དང་ཁེ་སྤོགས་ཀྱི་ཆེད་དུ་ཡིན་པས། ཇི་སྲིད་ཁོ་ཚོའི་བདག་དབང་ཁེ་གྱོང་གཉིས་ལས་གྱོང་གི་ཕྱོགས་སུ་མ་ལྷུང་བར་དུ་བོད་ནམ་ཡང་བློས་གཏོང་མི་སྲིད། དེའི་ཕྱིར། ང་ཚོ་བོད་ཕྱི་ནང་གཉིས་ནས་མཉམ་འབྲེལ་གྱིས་ད་ནི་ཐབས་ལམ་དང་ངོ་བོ་འདྲ་མིན་གྱི་ལམ་ནས་རྒྱ་ནག་གཞུང་ལྕགས་ལེབ་ཚ་བོའི་ཐོག་གི་གྲོག་མ་བཞིན་འདུག་བཟོད་མི་ཐུབ་པ་ཞིག་བཟོ་རན་རེད། ལི་བྷི་ཡའི་མེ་མདའ་དང་སྒྱོགས་མདེལ་བཀོལ་ནས་རང་དབང་འཐབ་རྩོད་ཀྱི་དཔའ་དར་ལེན་ཆོག་ན། བོད་མི་དག་གིས་ཀྱང་རང་ཉིད་ཀྱི་ཕ་ས་ཕ་ཡུལ་གྱི་ཆེད་དུ་ཞི་དྲག་ཟུང་འབྲེལ་གྱི་ལས་འགུལ་ཅི་ལ་སྤེལ་མི་ཆོག་གམ།
ད་ལྟ་ཡང་ང་ཚོས་འཐབ་རྩོད་ཀྱི་ལམ་ཁ་ཞི་འགུལ་ཉག་ཅིག་བདམ་དགོས་འདུག་ལགས།
ཁང་གསར་ལགས་ཕེབས་པ་དགའོ། ཡིན་ན་ཡང་། ཅི་འདྲའི་ཨུ་ཐུག་ཅིག་བསླེབས་འདུག དོན་ཚན་རེ་རེ་བྱས་ནས་བཀླགས་པ་ཡིན། སྔོན་གྱི་རྣོ་ངར་དེ་དག་བརླག་འདུག གཅིག་བྱས་ན་ང་རྒས་པ་མིན་འགྲོ།
༡། དོན་ཚན་དང་པོ་དེ་རང་གིས་གང་ལ་འཁྱེར་འདོད་ན་ཁྱེར། གོ་རྒྱུ་འདྲ་མི་འདུག དཔེ་མཚོན་ཆུང་ཆུང་ཞིག་ཡོད། གལ་སྲིད་་་་ཅི་ཡིན་འདི་ཡིན་མེད་པར་ཁྱེད་ཀྱི་བཟའ་ཟླ་མེ་མདས་རྫོག་བཞག་ན་ཁང་གསར་ཁྱོད་ཀྱིས་ད་དུང་འཚེ་མེད་ཞི་བ་བཤད་ཐུབ་བམ། གལ་སྲིད་ཁྱེད་ཀྱི་ཁྱིམ་ཚང་གི་ནང་དུ་མེ་མདའ་བསྐོར་ན་་་ཁྱེད་རང་ད་དུང་འཚེ་མེད་ཞི་བ་བཤད་མཁན་གྱི་སྐྱེས་ཆེན་དམ་པ་དེ་ཡིན་ནམ། དེང་སྐབས་འཚེ་བ་མ་རིག་མཁན་གྱི་ཁ་རྒྱག་བཤད་མཁན་མང་བོ་འདུག རང་ཐོག་ལ་མ་བབས་བར་དུ་ཁ་རྒྱག་པ་དང་འཚེ་མེད་ཞི་བ་དང་དེ་ལས་ལྷག་པའི་ལྟ་བ་བཤད་མཁན་འདུག
༢། གཉིས་པ་དེའི་ནང་ན་དོན་ཚན་གཉིས་འདུག དང་པོ་དེ་༼ཞེད་སྣང་༽རེད། ༼བླ་འཐོར་༽རེད། གལ་སྲིད་མི་རིགས་ཤིག་ལ་འཐབ་རྩོད་ཅིག་ཡོད་ན་ནི་དེ་ལ་༼བློས་གཏོང་༽ཞེས་པ་ཞིག་དགོས་པ་རེད། དེེ་མེད་པར༼་ཕར་ཕྱོགས་སུ་ཉི་མ་གཅིག་ལ་འཇའ་ཤར་ན་ཚུར་ཕྱོགས་སུ་སྤང་ནས་མེ་ཏོག་འཐུ་རྒྱུའི་༽རེ་བ་བརྒྱབ་མཁན་ཡོད་ན་སྙིང་རྗེ། འཕྲུལ་སྣང་གིས་འཐབ་རྩོད་ཅིག་བརླག་བཞིན་པ་ཡ་མཚན།
གཉིས་པ་དེ ། རྒྱ་གཞུང་ལ་གྱོང་ག་ཚོད་བཟོ་ཐུབ་པ་མི་ཤེས་རུང་། ཁབ་སྐུད་པ་ཚུན་ནས་གྱོང་སྤྲོད་དགོས་པ་ཞིག་རེད་འདོད། ཁྱེད་ཀྱིས་བཤད་པ་ལྟར། ད་ལྟའི་ཞི་བ་ཙམ་གྱིས་ཁོ་ཚོར་གྱོང་གུད་དཔག་མེད་ཅིག་སྤྲོད་གིན་ཡོད་ན་ནི། དེ་ལས་ལྷག་པའི་དྲག་པོར་སོང་ན་ནི་གྱོངགུད་ཅི་འདྲ་ཞིག་ཡོད་པ་རེད་དམ། རང་གི་མི་རིགས་ཀྱི་སྲོག་ལས་ཁྱོད་རྒྱ་ནག་གི་རྒྱུ་ལ་སེར་སྣ་འདུག་གམ།
གལ་སྲིད་ཤི་རྒྱུ་ནི་གཅིག་པ་ཡིན་ཚེ། རྒྱལ་སྤྱིའི་དོ་སྣང་ཡོད་ནས་ཤི་ན་དགའམ་མེད་ནས་ཤི་ན་དགའ། ཁྱེད་ཀྱིས་དྲི་བ་གཏོང་ཤེས་ན་དང་པོ་དྲི་བ་དེ་སོ་སོར་མ་བཏང་བ་གང་ཡིན་ནམ།
༣༽ དྲག་འཐབ་ཀྱི་སྐོར་ནས་སྐད་ཆ་མང་པོ་རེད། དཔེར་ན། ད་སྐབས་རྡུལ་མཚོན་དང་སྒྱོགས་མདེལ་གྱི་དུས་རབས་མ་རེད། སྤྱིར་བཏང་གོ་མཚོན་ཕྱིར་བསྡུའི་དུས་ཚོད་ཅིག་རེད། འགོག་སྡོམ་གྱི་དུས་ཤིག་རེད གོ་མཚོན་ཡོད་མཁན་དེ་ཚོ་ཡང་བེད་མེད་དུ་གོམ་པ་སྤོ་བཞིན་པའི་སྐབས་ཤིག་རེད། སྤྱིར་བཏང་ཚང་མས་བསྡུས་དང་མ་བསྡུས་ཁ་ཁ་རེད། ཡིན་ན་ཡང་། དུས་ཚོད་ངེས་ཅན་ཞིག་རེད།འདི་ཁྱེད་ལ་ཐུགས་སྣང་མེད་པའི་ཕྱོགས་གཅིག་མིན་འགྲོ་སྙམ།
རྒྱ་ནག་གི་ཕྱོགས་ནས་ཁྱེད་ལ་དེ་ལས་ཀྱང་ཐུགས་རྒྱུས་མེད་པ་འདྲ་བོ་རེད། ཁྱེད་ཀྱིས་བོད་མི་རིགས་ཀྱི་མི་འབོར་ཕྱོགས་ནས་ང་ཚོར་རེ་བ་མེད་པ་འདྲ་བོ་བཤད་སོང་། ངས་བལྟས་ན། རྒྱ་ནག་གིས་༼འཆར་ལྡན་བུ་སྐྱེས་༽ཞེས་ཁྱིམ་ཚང་གཅིག་ལ་བྱིས་པ་གཅིག་མ་གཏོགས་སྐྱེས་མི་ཆོག་པ་བཟོས་པ་ནས་ད་བར་དུ་ལོ་ ༣༠ ལྷག་འགོརབ་རེད། ད་སྐབས་ཧྲང་ཧེ་ལ་རྒན་འཁོགས་གྲོང་ཁྱེར་འབོད་གིན་ཡོད་པ་རེད། ད་དུང་གྲོང་ཁྱེར་མང་པོ་བང་སྒྲིག་བསྡད་འདུག ད་དུང་དཀའ་རྙོག་ཆེ་ཤོས་དེ་བུ་མ་གཏོགསབུ་མོ་མི་དགོས་པའི་དུས་ལ་བསླེབས་འདུག བུ་ཞིག་ཡིན་ན་ཕལ་ཆེར་དམག་ལ་སྐྱེལ་དགོས་རུང་བུ་གཅིག་པུ་དམག་ལ་སྐྱེལ་འདོད་མེད་པའི་སྐབས་ཤིག་རེད། དེས་ན་ཁྱེད་ཀྱི་ཚོད་རྩིས་དེའང་ལ་ཕྱིན་པ་རེད་དམ།
ཁྱེད་ཀྱི་དྲི་བ་ཚང་མར་ལན་འདེབས་ལོངས་མ་བྱུང་བས་གནས་སྐབས་འདི་ཙམ་ཡིན། དུས་ཚོད་བྱུང་ན་ད་དུང་ཁ་སྣོན་གང་འཚམ་ཡོད།
ཡུན་རིང་ཞིག་སྐུ་ཞབས་ཁང་གསར་ལགས་དྲ་ཐོག་ཏུ་མཇལ་འཕྲད་རྩ་བ་ནས་མ་བྱུང་སྟབས། ངས་དེར་ཡང་ཡང་བསམ་གཞིགས་མང་ཙམ་བྱས་མྱོང་།
སྐབས་གཅིག་རིང་ངའི་བསམ་པར་བཀའ་ཁྲི་གསར་པ་འདི་སླེབས་མ་ཐག་པའི་དུས་ནས་བཟུང་སྐུ་ཞབས་ཁང་གསར་དྲ་ཐོག་ནས་རྩ་ནས་མཇལ་རྒྱུ་མ་བྱུང་བས་མ་ཚད་དཔྱད་རྩོམརིགས་གཅིག་ཀྱང་མ་ཐོན་སྟབས། ཁོང་ལའང་རང་དབང་གི་གོ་སྐབས་དེ་གནས་སྐབས་གཅིག་རིང་བརླག་པ་མིན་འགྲོ་བསམས།
ཡང་ཡང་མཇལ་བའི་སྨོན་འདུན་གྲངས་མེད་ཞུ།
རྒྱ་ནག་ལ་གནོན་ཤུགས་སྤྲོད་ཐུབ་པའི་ལས་འགུལ་རིགས་མིན་ཕྱིན། ཞི་དྲག་གང་དུ་སོང་ཡང་ཕན་འབྲས་མེད་ཁར། དྲག་ལམ་དུ་སོང་ན་རྒྱ་ནག་གི་འདོད་ཐོག་ལ་རྟ་རྒྱུག་པ་རེད། ཡིན་མའང་། ངོ་དགའ་སྤྲེལ་ལད་དང་། བདེན་དོན་ཟུར་འཇོག་གཏན་ནས་གཏན་དུ་བྱེད་མི་འོས་སོ།།
སྟོབས་ཤུགས་ལྡན་པའི་ལམ་ནི་མང་པོ་ཞིག་ལ་ངོས་ཟིན་ཟབ་མོ་མ་ཐེབས་པ་མ་གཏོགས་རྩ་བའི་ཆ་ནས་རྙེད་ཡོད། དེ་ནི་དྲང་ཞིང་བདེན་པའི་ལམ་ཆེན་འདི་ཉག་གཅིག་གོ།
ཐབས་ནི་ཞི་དྲག་ཅི་ཡིན་རུང་སྐབས་བསྟུན་གྱིས་ལམ་དེར་ཤར་སྐྱོད་བྱེད་དགོས། གོ་སྐབས་དང་དུས་ཚོད་ནི་རང་ངོས་ནས་བརྩོན་ལེན་བྱེད་དགོས་པ་ལས་རེ་སྒུག་བྱ་ཡུལ་གང་ཡང་མེད་པ་རྟོགས་དགོས།
གཞན་ཞིག་ནི། བོད་པ་མི་རིགས་རང་ཉིད་རྩ་སྟོང་དུ་འགྲོ་ལ་ཉེ་བ་འདི། རྒྱུན་གནས་ཡོང་ཐབས་ལ་འབད་དགོས། མི་རིགས་རྩ་སྟོང་དུ་འགྲོ་མིན་དེ་སྐད་ཡིག་གནས་མིན་ལ་ཐུག་ཡོད། སྐད་ཡིག་མ་ནུབ་བར་དུ་བོད་མི་རིགས་ནུབ་མི་སྲིད། གལ་སྲིད་ད་ལྟ་བཞིན་བོད་མི་རྣམས་རེ་རེ་བཞིན་རྒྱ་མི་ལ་ཐིམ་སོང་ན། ང་ཚོའི་ལས་དབང་རྫོགས་ནི་རེད།ང་ཚོའི་འཐབ་རྩོད་འདི་ལོ་ངོ་བརྒྱ་ཕྲག་སོང་རུང་མུ་མཐུད་ནས་རྒྱུན་སྲིང་ཐུབ་པ་དགོས་ན། མི་རིགས་གནས་དགོས། མི་རིགས་གནས་པར་སྐད་ཡིག་གནས་དགོས།
སྐད་ཡིག་གནས་ཐབས་ལ་བརྩོན་ན་མི་རིགས་ཀྱི་ལས་དོན་དེ་ལས་ལྷག་གཅིག་མེད་དོ།།
ཡུན་རིང་ཞིག་ལ་འདིར་ཡོང་མ་ཁོམ། དེ་རིང་གཅིག་ཡོང་དུས་གླེང་གཞི་འཁྲུག་པོ་ཞིག་འདུག
ཞི་བ་དང་དྲག་པོ་ཟེར་དུས་བསམ་བློ་གཏོང་དགོས་ས་ཁ་ཤས་འདུག
༡) ཞི་བའི་ལམ་ལ་འགྲོ་བ་དེ། དྲག་འཐབ་མ་འཇོན་པས་ཨུ་ཐུག་སོང་བ་མ་རེད། ཕ་རོལ་པོ་ཉིན་གཅིག་ལ་བཅོམ་ཐུབ་པའི་དྲག་པོའི་སྟོབས་ཤུགས་ཡོད་རུང་། ཞི་བ་ཁོ་ན་ལ་བསྟེན་ནུས་པའི་དམ་བཅའ་ཞིག་གི་ཐོག་ནས་འགྲོ་གི་ཡོད། དེ་ཞི་བའི་སྐད་ཅ་བཤད་མཁན་ཚོས་ཧ་ཅང་གསལ་པོ་དང་ནན་པོ་བྱས་ཏེ་བཤད་དགོས་པ་ཞིག་རེད།
༢) དྲག་པོ་ལ་ག་རེ་བྱས་ནས་འགྲོ་གི་ཡིན་ཟེར་བ་རེད། དེ་བསམ་དགོས་ས་གཙོ་བོ་དེ་རེད། ཞི་བ་ལ་རྒྱལ་སྤྱིས་དོ་སྣང་བྱེད་ཀྱི་མི་འདུག ད་དྲག་པོ་བྱེད་དགོས། ཞི་བ་ལ་རྒྱ་ནག་གིས་བརྡ་ལན་སྤྲོད་ཀྱི་མི་འདུག ད་དྲག་པོ་བྱེད་དགོས་ཟེར་བ་རེད། སྙིང་པོ་འདྲ་བོ་དེ་རེད།
ཡིན་ནའང་། བོད་ཕྱི་ལ་དྲག་པོ་བྱས་པས་ནི་མི་ཕན། བོད་ནང་ལ་དྲག་པོ་བྱས་ན། རྒྱལ་སྤྱིས་དོ་སྣང་བྱེད་ཐུབ་པའི་ཁོར་ཡིག་སུས་བསྐྲུན་ཐུབ། བོད་དེ་སྔར་བས་དམ་དྲག་འོག་ལ་བཞག་སྟེ། དྲག་པོས་དྲག་པོ་ལ་ཁ་གཏད་བཅག་བཞག་ན། བོད་དོན་ལ་རྒྱལ་སྤྱིས་དོ་སྣང་ད་ལྟ་ལས་ལྷག་ཅིག་ཡོང་བའི་ལམ་ཁ་འདུག་གམ།
ད་ལྟ་བོད་ཀྱི་ཞི་བའི་འཐབ་རྩོད་ཀྱིས་རྒྱ་གཞུང་ལ་བཟོས་པའི་གྱོན་གུན་དེ་ཆུང་ཆུང་མ་རེད། ང་རང་ཚོ་ཕྱི་ལ་ཡོད་པ་ཚོས་དེ་ཤེས་ཀི་རེད། ཐ་ན་ཚགས་པར་གྱི་ཟུར་ཞིག་དང་། སློབ་ཆེན་གྱི་དཔེ་མཛོད་ཚུན་ཆད་དུ་ང་ཚོའི་འཚེ་མེད་ཞི་བ་ལ་ཁ་གཏད་གཅོག་ཆེད་རྒྱ་གཞུང་གིས་འགྲོ་སོང་ཁ་མེད་སྣ་མེད་གཏང་དགོས་ཆགས་བཞིན་ཡོད། བོད་ནང་ལའང་བརྟན་ལྷིང་ཟེར་བའི་ཚིག་དེའི་འོག་ནས་འགྲོ་སོང་ཧ་ཅང་ཆེན་པོ་གཏོང་བཞིན་ཡོད། དྲག་པོའི་ལམ་དུ་སོང་ན། ཧོབ་སྟེ་རྒྱ་གཞུང་ལ་གྱོང་གུན་ཆེན་པོ་བཟོས་པ་འདྲ་ཞིག་མངོན་གྱི་རེད། རྒྱ་གཞུང་གིས་ཀྱང་དེ་ཚོ་རྩིས་བསྐོར་ནས་གསལ་བསྒྲགས་བྱེད་ཀི་རེད། ཡིན་ནའང་དོན་དམ་པར་རྒྱ་གཞུང་ལ་གྱོང་ག་ཚོད་བཟོ་ཐུབ་བམ།
༣) དྲག་འཐབ་བྱེད་པར་གཞི་རྩ་གཙོ་བོ་འཐབ་མོ་བ་དང་། གོ་མཚོན། འཐབ་ར་བཅས་གསུམ་དགོས་པ་རེད། ང་ཚོ་བོད་མི་ས་ཡ་དྲུག་ཡོད་པར་ཆ་བཞག དེ་ནས་ས་ཡ་གཅིག་དང་ཕྱེད་ཀ་རྒན་འཁོག་རེད། སེམས་ཀྱིས་བསམས་ཀྱང་ལུས་ཀྱིས་ལྕོགས་ཀི་མ་རེད། ས་ཡ་གཅིག་དང་ཕྱེད་ཀ་ནི་བྱིས་པ་རེད། ད་ས་ཡ་གསུམ་ལྷག་ཡོད། ས་ཡ་གསུམ་གྱི་ནང་ནས་སྡར་མ་དང་དབང་པོ་སྐྱོན་ཅན། དྲག་པོར་མི་མོས་པ་ཕར་ཕུད་ན། དྲག་འཐབ་བྱེད་ནུས་མཁན་ས་ཡ་གཉིས་ལྷག་ཨ་ཡོང་། འཐབ་མོ་བའི་གནས་སྟངས་དེ་རེད། དེ་ཡང་མང་མཐའ་ཡིན། དེ་ནས་གོ་མཚོན་དང་འཐབ་ར་གང་དུ་འཛིན་དགོས་མིན་དེ་ཚོ་ཡང་ཤེས་ཐུབ་ཀི་རེད། རྒྱ་ནག་ལ་གོང་གི་གནད་དོན་དེ་ཚོར་མཐུན་རྐྱེན་ཇི་ཙམ་འཛོམས་འདུག
༤) དེ་ནས་དྲག་པོའིོ་འཐབ་རྩོད་དེར་རྒྱ་ཕྱོགས་ཙམ་དུ་མ་ཟད། བོད་རིགས་རང་གི་ནང་ནས་ཀྱང་མོས་མཐུན་མེད་མཁན་ཡོང་གི་རེད། དེ་དྲ་རྒྱ་འདི་རང་གི་སྒང་ནས་ལམ་སང་ཤེས་ཐུབ་པ་ཞིག་རེད། ཡང་རྒྱ་ནག་གཞུང་གིས་བོད་པས་བོད་པར་དྲག་གནོན་ཡང་བྱེད་འཇུག་གི་རེད། དེ་ཚོ་ཡང་དྲན་དགོས།
ངས་འདི་ཚོ་བཤད་དུས། དྲག་འཐབ་ལ་ངོ་རྒོལ་ལྟ་བུས་བརྗོད་པ་མིན། འཐབ་རྩོད་ཀྱི་ཆ་ནས་དེ་ཏན་ཏན་གདམས་ཀ་ཞིག་རེད། གདམས་ཀ་དེར་འགྲོ་བའི་ནུས་པ་ཡོད་མེད་དང་། སོང་ན་ཕན་ཐོགས་ཡོད་མེད་ཏན་ཏན་བགྲོ་གླེང་ཞིབ་ཚགས་བྱེད་དགོས་པ་ཞིག་རེད། ད་དུང་མ་འོངས་པར་ད་ལྟ་སྟོབས་ཆེན་གྱི་རྒྱ་ནག་འདི་འཐོར་སྲིད་པ་རེད། དེ་དུས་གོ་སྐབས་འཛིན་དགོས། དེའི་ཆེད་དུ་བོད་རིགས་གཞོན་ནུ་ཚོར་དྲག་པོའི་སྦྱོང་བརྡར་དགོས་རེད།
སྦྲ་རིགས་ཐོགས་མེད་ཟེར་བ་དེ་ཅང་བཤད་རྒྱུ་མེད། སློབ་གྲྭའི་ཨ་བ་ཞིག་རེད་ཟེར་གྱིན་འདུག་པས། བསམ་ཚུལ་འདི་འདྲ་འཁོར་ལག་ནས་འཁྱོང་སོང་བ་ཙམ་ལ་བསྟོད་བསྔགས་ཡོད།
ཐུགས་རྗེ་གཟིགས་ཤིག། ད་ཡིན་ན་དུས་བསླེབས་ཤག་བསླེབས་ཤག། དབུ་མའི་ལམ་ནས་རང་བཙན་གྱི་ཐབས་ལམ་ལ་བསྒྱུར་དགོས་པའི་དུས་ཤིག་བསླེབས་འདུག། གཞིས་བྱེས་གཉིས་ནས་སྐུ་ལུས་མེ་མཆོད་མཁན་སུ་འདྲ་ཞིག་ཡིན་ཡང་བོད་རང་བཙན་ཞེས་པའི་ཁ་ནས་འབོད་ནས་སྐུ་ལུས་མེ་ལ་སྲེག་འདུག། ༡༩༥༩ ནས་བཟུང་ད་བར་དབུ་མའི་ལམ་ཐོབ་དགོས་ཞེས་པའི་སྐུ་ལུས་མེ་སྲེག་གཏོང་ནམ་ཡང་བྱུང་མེད་ལ་བྱུང་ཡང་མི་སྲིད་དོ།།།།།།། ད་ཡིན་ན་༧གོང་ས་མཆོག་ཁ་གཡོག་ས་མེད། ལས་ཀྱི་གནད་མོ་བ་རྣམས་མཁྱེན་པར་མཛོད།
ཨ་རིའི་དམག་གི་སྟོབས་ཤུགས་ཀྱི་ཁ་ཕྱོགས་དེ་དེ་སྔ་དང་མི་འདྲ་བར་ད་ལྟའི་འཆར་ལྷ་་ཤར་ཨ་ཤེ་ཡའི་ཕྱོགས་སུ་ཁ་བསྒྱུར་བྱེད་བཞིན་པ་རེད།
ཞི་བདེ་རྒྱ་རྒྱ་མཚོའི་མངའ་ཁུལ་དུ་སྟོབས་ཆེན་ཨ་རིའི་དམག་ཤུགས་དང་དྲག་ཤུགས་ཀྱིས་འཛམ་གླིང་ཞི་བདེའི་ཆེད་དམག་འཁྲུགས་ཀྱི་ཁ་ཕྱོགས་ཡོངས་སུ་མངོན་དུ་ཕྱོགས་པ་རེད།
དེ་རིང་ནས་བཟུང་ཏེ་མི་རིང་ལོ་ཤས་ནང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དྲག་སྤྱོད་རིང་པའི་གནས་གཞི་པྰ་ཀེ་སི་ཐིན་ནང་དམག་འཁྲུགས་གཅིག་སློང་ངེས་རེད། དེ་བཞིན་ཨིན་ཌ་ནི་ཤི་ཡ། ཨབ་གྷན་སི་ཐིན་སོགས་ཀྱི་ལྷོ་ཤར་ཨ་ཤི་ཡའི་ཁུལ་དུ་ཨ་རིའི་དམག་གི་གཙོ་ཤུགས་ཁ་ཕྱོགས་གསལ་སྟོན་བྱས་པ་ཡོད་པ་རེད།
འདིའི་གྲུ་ཟུར་དུ་མི་མངོན་པའི་རྒྱ་ནག་དེར་ཁ་གཏད་གཅིག་གཅོག་རྒྱུའི་དམིགས་འབེན་གཙོ་གཅིག་ཆགས་ཡོད་པ་རེད། སྟོབས་ཆེན་ཨ་རིའི་ངོས་ནས་བརྗོད་ན་རང་ཉིད་ནི་ཆེས་འཛམ་གླིང་ནང་གི་སྟོབས་ཆེན་ཨང་དང་པོ་དེ་ཡིན་ལ་ད་དུང་ནམ་ཡང་ཨང་དང་པོ་བསྐལ་པ་ཇི་སྲིད་བར་གནས་དགོས་པ་དང་། གནས་ཐུབ་པའི་ཆེད་དུ་ཡོད་ཚད་ཐམས་ཅད་བློས་བཏང་དགོས་པ་དང་། བྱེད་ཕོད་པའི་སྙིང་སྟོབས་ཀྱང་བཟུང་ཡོད།
རྒྱ་ནག་གིས་ངོས་ནས་བརྗོད་ན་ཤེས་ཡོན་པ་དང་། ཆེས་ལས་པ། རིགས་གཅིག་མཁས་དབང་སོགས་ཞིབ་འཇུག་པ་སྟོང་ཕྲག་མང་པོས་ལོ་ངོ་བཅུ་མང་པོའི་རིང་དུ་དུས་ཚོད་དང་འགྲོ་གྲན་ཕོན་ཆེན་བཏང་ནས་ཨ་རི་དེ་འཛམ་གླིང་ནང་ཆེས་སྟོབས་ཆེན་ཇི་ལྟར་ཆགས་མིན་གྱི་སྐོར་ལ་ཞིབ་འཇུག་མཐིལ་པ་བྱས་ཡོད་པ་རེད།
ཨ་རི་དེ་འཛམ་གླིང་ནང་དམག་དོན་དང་། ཚན་རྩལ། ཤེས་ཡོན། ཆེ་མཐོང་སོགས་ཕྱོགས་གང་ས་ནས་གང་འདྲ་བྱས་ནས་ཆགས་མིན་དེར་ཞིབ་འཇུག་གིས་ཐ་མའི་འབྲས་བུར་སྤྱི་ཡོངས་ནས་བསྡོམས་ཚིག་གཅིག་བརྒྱབ་པ་ལྟར་ན་མཐར་གཏུགས་ན་ཨ་རིའི་ཌོ་ལོར་ཟེར་ཤོག་དངུལ་དེར་ཐུག་ཡོད་པའི་འགྲེལ་བརྗོད་གཅིག་མཚུངས་སུ་བྱུང་ཡོད་པ་རེད།
དེ་ཡང་ཨ་རིའི་ཌོ་ལོར་དེ་འཛམ་གླིང་རྒྱལ་སྤྱའི་དངུལ་ཞིག་ཆགས་ཐུབ་ཡོད་པ་དང་དངུལ་དེ་འཛམ་གླིང་གི་རྒྱལ་ཁབ་མང་ཆེའི་ནང་དུ་འགྲོ་རྒྱུག་བྱེད་བཞིན་པའི་དབང་གིས་རེད། ཨ་རིའི་ཌོ་ལོར་གྱི་ངོས་ནས་བཤད་ན་ཛ་ཐང་ཆེན་པོའི་སྒང་ནས་ཨ་རིའི་དམག་མིའི་མཐུན་རྐྱེན་དང་། འགྲོ་སོང་། ཚན་རྩལ། ཤེས་ཡོན། འཕྲོད་བསྟེན། བདེ་སྲུང་ལ་སོགས་པའི་ཕྱོགས་གང་ས་ནས་ཤེས་རིག་བཀྲ་བའི་མི་སྣ་ཚད་ལྡ་ཤ་སྟག་གསོ་སྐྱོང་བྱེད་ཐུབ་པའི་དབང་ལས་བྱུང་བ་རེད་ཅེས་བསྡོམས་ཚིག་བཀོད་པ་རེད།
དེ་འདྲ་སོང་སཙང་རྒྱ་ནག་གིས་ངོས་ནས་བཤད་ན་རིང་པོར་མ་ཐོགས་པར་གང་མགྱོགས་གོམ་པ་མདུན་སྤོས་བྱས་ཏེ་རྒྱ་ནག་གི་དངུལ་དེ་ཨ་རིའི་ཌོ་ལོར་གྱི་གནས་སྟངས་དང་གཅིག་མཚུངས་འཛམ་གླིང་གི་རྒྱལ་ཁབ་གང་སར་འགྲོ་རྒྱུག་བེད་སྤྱོད་གཏོང་ཐུབ་པའི་དམིགས་འབེན་གཙོ་བོར་བཟུང་ཡོད་པ་རེད།
གོང་གསལ་དམག་དོན་དང་། ཙན་རྩལ། རྒྱལ་སྲུང་། བདེ་འཇགས། ཤེས་ཡོན། མང་དངུལ་སོགས་ཀྱི་ཐད་ལ་ཨ་རི་ལྟར་གཅིག་མཚུངས་འགྲོ་ཐུབ་རྒྱུའི་ཆ་རྐྱེན་དེ་རྒྱ་ནག་ལ་ཡོངས་སུ་ཚང་ཡོད་པའི་འགྲེལ་བརྗོད་གཅིག་མཚུངས་སུ་བྱུང་ཡོད་པ་རེད།
ཡིན་ནའང་འཛམ་གླིང་རྒྱལ་ཁབ་ཚང་མས་ཡིད་ཆས་དང་། བརྩི་བཀུར། ཆ་འཇོག་བཅས་ཀྱི་རིན་ཐང་དེ་རྒྱ་ནག་ལ་ཡོང་ཐབས་རྩ་བ་ནས་མེད་པའི་གནས་སྟངས་ཆགས་ཡོད་ཅེས་པ་དེ་རེད། དེའི་རིན་ཐང་དེ་ཇི་ལྟར་བསྐྲུན་ཐུབ་མིན་དེ་རྒྱ་ནག་གི་སྲིད་ཁྲིམས་དང་མི་དམངས་ཀྱི་རང་དབང་བཅས་ལ་ཐུག་ཡོད་སྟབས་ཨང་དང་པོར་རྒྱ་ནག་གཞུང་གིས་ངོས་ནས་རྒྱ་ནག་མི་དམངས་དུང་ཕྱུར་ ༡༤ ཙམ་གྱིས་གཞུང་དེར་ཡད་ཆེས་དང་བྲཙི་བཀུར་ཐོབ་ཐུབ་པ་ཞིག་བཟོ་རྒྱུ་ཨང་རིམ་པའི་གནས་དོན་གལ་ཆེ་ཞིག་ཆགས་ཡོད་པའི་ལྟ་ཚུལ་འཚིན་བཞིན་ཡོད་པ་རེད།
དེ་འདྲ་སོང་ཙང་ད་ལྟ་ཨ་རིས་ངོས་ནས་བཤད་ན་རྒྱ་ནག་གི་སྤྱི་ཚོགས་དེ་ཕྱོགས་ཡོངས་ནས་བརྟན་ལྷིང་མེད་པ་ཞིག་དང་། དེ་དང་བསྟུན་ནས་གོ་སྐབས་དམ་འཚིན་བྱས་པའི་ཐོག་ནས་རྒྱ་ནག་དེ་ཡང་སྔོན་མའི་ར་ཤི་ཡ་ལྟ་བུ་ཞིག་ཏུ་བསྒྱུར་ཐུབ་རྒྱུའི་དམིགས་འབེན་བཟུང་ཡོད་པ་རེད།
རྒྱལ་སྤྱིའི་གནད་དོན་འདི་དག་གི་འཕྲོད་དུ་ཨ་རྒྱ་གཉིས་འགྲན་རྩོད་དེའི་ནང་དུ་བོད་ལྗོངས་དང་། ཐེ་ཝན། ནང་སོག། ཤིང་ཅང་་སོགས་གྲངས་ཉུང་མི་རིགས་རྣམས་ཀྱང་རང་བཞིན་གྱིས་ཚུད་བཞིན་པ་རེད།
དེ་འདྲའི་དུས་ཚོད་གཅིག་དང་བསྟུན་ནས་བོད་མི་ཚོས་ཀྱང་སུན་ཙིའི་དམག་དོན་གྱི་བསྟན་བཅོས་ནང་དུ་བཤད་པ་ལྟར་ཆུའི་ངོ་བོ་དང་ཆུའི་རང་བཞིན་ཤེས་དགོས།
ཆུ་ཟེར་བ་དེ་རི་མཐོ་སར་ཡོད་ཀྱང་དམའ་སར་བབ་བཞིན་ཡོད། མཐོ་སར་གཡོལ་ནས་དམའ་ས་ཐམས་ཅད་གནོན་ཐུབ་པ་དགོས་པ་རེད།
དེ་དུས་ང་ཚོས་ཀྱང་མཐོ་སར་གཡོལ་ནས་དམའ་སའི་ཁུལ་གནོན་ཐུབ་པ་བྱེད་དགོས། དེ་ནི་གོ་སྐབས་ཤིག་ཡིན་སྟབས་གོ་སྐབས་དམ་འཛིན་བྱེད་ཐུབ་པ་དགོས།
གོ་སྐབས་དེ་འདྲ་ཞིག་ག་དུས་ཡོང་མིན་དེ་སུས་ཀྱང་བཤད་མི་ཐུབ་པ་ཞིག་རེད།
གོ་སྐབས་དེ་འདྲ་ཞིག་ཤར་དུས་ཞི་དྲག་ཟེར་བའི་ཚིག་གཉིས་ཀར་རིན་ཐང་ཧ་ཅང་གིས་ཆེན་པོ་ལྡན་ཡོད་པ་རེད། གང་ལ་གང་མཚམས་པའི་སྐབས་དང་བསྟུན་ནས་འགྲོ་དགོས་པ་ལས་ཐ་གཅིག་ཏུ་ཞི་བ་དང་། ཡང་ན་ཐ་གཅིག་ཏུ་དྲག་པོར་འགྲོ་དགོས་པའི་ངེས་པ་གཏན་ནས་མེད།
ཚང་མས་མཁྱེན་གསལ་ལགས། དྲག་པོའི་ལམ་ནས་གཏོགས་ཙམ་འགྲོ་མ་ཐུབ་ན་རང་བཙན་ཕར་ཞོག་སྐལ་པ་སྟོང་སོང་ན་ཡང་དབུ་མའི་ལམ་འཐོབ་རྒྱུ་མེད་པ་ཞིག་ཡིན་པ་རྒྱ་དམར་གྱིས་བྱས་སྟངས་ལ་བལྟས་ནས་ཤེས་ཐུབ། ང་རང་ལྟ་བུ་ཞིག་ཡིན་ན་ཞི་དྲག་གཉིས་ལམ་འགྲོ་ཐུབ་མཁན་ཞིག་ཡིན། དྲག་པོའི་ལས་འགུལ་སྤེལ་བ་ལ་ཐབས་སྣ་ཚོགས་ཡོད། དཔེར་ན་ཨ་རིའི་ཁང་པ་ཐོགས་རྩེགས་རིང་པོ་གཏོར་སྟངས་ལ་ལྟོས་དང༌། ཁང་ཐོགས་ཆེན་པོ་དེ་འདྲ་གཏོར་བ་ལ་མི་འབུམ་ཕྲག་མང་པོ་གང་ཡང་དགོས་པ་མེད། གལ་ཏེ་དྲག་པོའི་ལས་འགུལ་ཞིག་སྤེལ་བ་ཡིན་ན། བོད་མི་རེ་གཉིས་ཀྱིས་བོད་ནང་གི་རྒྱ་མི་དཔོན་པོ་དང་རྒྱ་མི་ཚོང་དཔོན་ལ་བརྡབ་ཟིང་བཏང་ནས་རྒྱ་མི་ཚོང་པ་ཆེན་པོ་རྣམས་བོད་ནང་བསྡད་མ་ཐུབ་པ་ཟོས་ཐུབ། ང་རང་ཚོ་ལ་རང་བཙན་ཞིག་ལེན་པ་ལ་ཞི་དྲག་གཉིས་ལམ་ནས་འགྲོ་དགོས་སོསསསོ།།
སྦྲ་རིགས་ལགས། ཁྱེད་ཀྱིས་ཟུར་སྣེ་མང་པོ་ཞིག་ནས་འཇུས་ཏེ་མཐར་གཏུགས་ས་དེ་ཞི་དྲག་གཉིས་ཀྱི་ལམ་བུ་དེར་བསྐྱོད་ཐབས་བྱ་རྒྱུ་ཡིན་པ་འདྲ། ང་ཚོས་རྒྱའི་དངུལ་ལོར་ཐེར་འབུམ་གྱི་ལས་གཞི་གཏོར་ནས་ང་ཚོའི་འཐབ་བརྩོད་ལ་ནུས་པ་ཅི་ཞིག་ཐེབས་྄ངེས་རེད་དམ། ང་ཚོས་དྲག་ཐབས་དེ་ལྟར་སྤྱད་པར་རྒྱས་ལས་གཞི་མཚམས་འཇོག་བྱེད་སྲིད་དམ། དྲག་སྤྱོད་དེ་དག་གིས་ང་ཚོའི་འཐབ་བརྩོད་ལ་གཞོགས་འདེགས་ཡོང་རྒྱུའི་ཚབ་ཏུ་དེར་གནོད་ངེས་ཡིན། རྒྱ་ནག་ངོས་ནས་བོད་མི་རྣམས་རྩ་མེད་བཟོ་བར་ཁ་གཡར་ས་མ་རག་པར་བསྡད་ཡོད་པ་རེད། གལ་ཏེ་ང་ཚོས་དྲག་ལས་དེ་དག་སྤེལ་ཚེ་རྒྱ་དམར་གྱིས་དྲག་པའི་མིང་ཐོག་ནས་ང་ཚོར་སྔོན་དང་མི་འདྲ་བའི་དྲག་གནོན་བྱེད་སྲིད་ལ་དྲག་གནོན་དེར་རྒྱ་སྤྱིའི་ངོས་ལེན་ཡང་ཡོང་སྲིད་པ་རེད། དེར་བརྟེན་ང་ཚོས་མེ་དོང་ནང་དུ་མཆོངས་རྒྱུའི་དགོངས་འཆར་དེ་རིགས་མ་གསུངས་རོགས་གནང་།
གསེར་འབྲུག་སྡེ་ལྔ་ལགས། ཨབ་གྷན་གྱི་དམག་འཁྲུག་དེ་ཤར་ནུབ་གྲང་དམག་གི་དུས་དང་འབྲེལ་བ་ཡོད། ད་དུང་ཐ་ཝན་གྱི་གནས་ཚུལ་ཡང་༡༩༤༩ ནས་རང་བཙན་གཙང་མར་གནས་ཡོད། སྟབས་ཉེས་ནས་ལོ་རབས་བརྒྱད་བཅུའི་ནང་རྒྱ་ནག་གི་གནོད་ཤུགས་འོག ཨ་རིས་རྒྱབ་སྐྱོར་གྱིས་རྒྱལ་ཚོགས་ལས་མར་ཕབ་པ་རེད།
གོང་གི་གནས་ཚུལ་འདི་དག་དང་བོད་ཀྱི་གནས་ཚུལ་རྩ་བ་ནས་མི་འདྲ་ལ། ད་དུང་རྒྱལ་སྤྱིའི་གནས་བབ་ཀྱང་གནམ་ས་གཡོ་བ་ལྟར་གྱི་འགྱུར་བ་ཕྱིན་ཡོད། དེར་བརྟེན་དཔེ་མཚོན་རྙིང་པ་དེ་ཚོས་ཅི་ཡང་མི་འཁྱོངས། དེ་ནི་གླུད་ནུབ་སྒོ་དང་འདྲེ་ཤར་སྒོ་རང་རེད།
(སྤྱིར་འཐབ་རྩོད་ཁྲོད་ནས་རང་གིས་མི་འཇོན་པ་རྒྱུ་མཚན་དུ་བྱས་ནས་གཞན་གྱི་སེམས་གསོད་པ་ནི་གྱོང་གི་གྱོང་ཡིན་པ་ཤེས་དགོས་པ་དེ་ཙམ་ཡིན་་་་་་)
གོང་གི་སྐད་དེ་ཀླུ་བྱམས་ཀྱི་རེད། རེད་རེད། བདེན་པ་རེད། འཐབ་རྩོད་དང་གཡུལ་སའི་ཁྲོད་ན། རྒྱབ་ལྗོངས་དང་མཁོ་སྒྲུབ་སོགས་ཀྱི་འཆར་གཞི་ཏིལ་འབྲུ་ཙམ་ཡང་མེད་ཀྱང་། རང་ཉིད་ཕག་ཏུ་ཡིབ་ནས། ཡོད་རབས་རྐྱང་བརྗོད་དེ་གཞན་དོང་དུ་སྐྱུར་མཁན་གྱི་སྐབས་འཚོལ་བ་བགྲང་གིས་མི་ཆོད།
ང་ཚོལ་ཧོལ་རྒྱུགས་བྱེད་མི་ཉན། མེ་མདའ་ལག་ཏུ་འཛིན་པའི་ཉིན་དེ་ནས་བཟུང་། ང་ཚོའི་འཐབ་རྩོད་མཇུག་སྒྲིལ་བ་རེད་ལ། ང་ཚོའི་རིག་གཞུང་དང་མི་རིགས་ཀྱང་མཇུག་སྒྲིལ་ངེས་རེད།
དེ་རིང་བར་ང་ཚོས་མེ་མདའ་ལག་ཏུ་མ་བཟུང་པ་དེས་རྒྱ་ནག་གཞུང་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། ད་དུང་ཁོ་པ་ཚོས་བོད་མའི་སྐེད་གྲི་ཆུང་ངུ་ཡན་ཆད་རྒྱལ་སྤྱིར་བཏོན་ནས། དྲག་པོ་བྱེད་ཀྱིན་འདུག་ཟེར། འོན་ཀྱང་འཁྱོག་བརྗོད་ཀྱི་གནས་ཚུལ་དེར་སུས་ཀྱང་ཡ་ལན་སྤྲོད་མཁན་མེད།
འོ་ཡ་ད་དབུ་ལམ་པ་ཚོ་གཅིག་རྗེས་གཉིས་མཐུད་བྱས་ནས་ཐོན་སླེབས་སོང་། ཧ་ཧ། ད་ནི་རང་དང་ལྟ་གྲུབ་གཅིག་པའི་གྲོགས་རྣམས་ལ་གྲོས་འདི་འདེབས་པར་བྱ་སྟེ། ང་ཚོར་ལག་ཆ་མི་འཐོབ་པའི་ཐུགས་ཁྲལ་རྩ་བ་ནས་གནང་དགོས་མ་རེད་འདོད། དཔེར་ན་སྔ་མོ་ཨབ་གྷཱན་ནང་ཏ་ལི་བྷཱན་སྲིད་གཞུང་སྔོན་གྱི་གཞུང་རྙིང་པ་དེར་རཱ་ཤི་ཡཱས་རོགས་འདེགས་དང་རྒྱབ་སྐྱོར་ཡོད་པ་རེད། སྐབས་དེ་དུས་རཱ་ཤི་ཡཱ་ཨ་རིའི་ཁ་གཏད་དུ་ལངས་བསྡད་པའི་སྒང་རེད། བྱས་ཙང་ཨ་རིས་ཏཱ་ལི་བྷཱན་ཤོག་ཁག་གིས་གྱེན་ལོག་བྱེད་བཞིན་པའི་གོ་སྐབས་དེ་འཇུས་ནས་འགོ་གཙོ་བྷིན་ལཱ་ཏཱན་དང་གྲོགས་འདྲིས་བྱས་ནས་རོགས་འདེགས་ཀྱིས་ལག་ཆ་ཆ་་ཚང་ཨ་རིས་སྤྲད་པ་རེད་ལ། ཏཱ་ལི་བྷཱན་གྱིས་ཨ་རིའི་ལག་ཆ་བེད་སྤྱད་དེ་རཱ་ཤི་ཡ་སྐད་ངན་ཤོར་དགོས་པ་བཟོས་པ་རེད་ལ་རཱ་ཤི་ཡཱ་ཨབ་གྷཱན་ནས་ཕྱིར་འཐེན་མ་བྱེད་དཀའ་མེད་བྱུང་བ་རེད།
དེ་ལྟར་ད་ཆ་རྒྱ་ནག་ཨ་རིའི་ཁ་གཏད་དུ་སྒྲེང་སྒྲེང་ལངས་ཀྱི་ཡོད་པ་རེད་ལ་འཛམ་གླིང་གཙོ་འཛིན་ཡང་བྱེད་འདོད་ཡོད་པ་རེད། འོན་ཀྱང་ཨ་རི་སེམས་གཏིང་ནས་འཁོན་འཛིན་ཆེན་པོ་ཡོད་པ་རེད་ལ་འཛམ་གླིང་གཙོ་འཛིན་ནས་བབས་འདོད་རྕ་བ་ནས་ཡོད་པ་མ་རེད། མ་ཟད་ཨ་རིས་རྒྱ་ནག་ལ་ཨ་སྒོར་ཐེར་འབུམ་ཉིས་བརྒྱ་ལྷག་གི་བུ་ལོན་དེ་སྤྲད་འདོད་ཡོད་ཀྱི་མ་རེད། འོན་ཀྱང་ཨ་རིས་མངོན་གསལ་དོད་པོས་རྒྱ་ནག་གི་ཁ་གཏད་ལངས་ནས་དམག་བརྒྱགས་རྒྱུ་ཁག་པོ་ཡོད་པ་རེད་ལ་རྒྱལ་སྤྱིའི་བལྟ་ཚུལ་དང་རྒྱབ་སྐྱོར་ཡང་ཁག་པོ་བྱས་པ་རེད། བྱས་ཙང་ང་ཚོར་དཔའ་བོ་མང་པོ་ཡོད་ཀྱང་དཔའ་བོ་ཚང་མ་ལག་རྡུམ་རྐྱང་རྐྱང་རེད་པ། དེར་བརྟེན་ཨ་རིས་ང་ཚོར་ལག་ཆའི་ཐད་རོགས་འདེགས་བྱེད་རྒྱུར་མོས་མཐུན་ཏན་ཏན་ཡོད་ཀྱི་རེད། དེ་དུས་ཨ་རིས་རང་ཉིད་ཀྱི་ཁ་གཏད་དུ་ལངས་མཁན་དེ་མེད་པར་བཟོ་རྒྱུར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་འདོན་རྒྱུ་བཤད་མི་དགོས་པ་རེད། མ་ཟད་བཙན་བྱོལ་ནང་གི་རྒྱ་གར་གྱི་རྐུབ་གཡོག་དམག་སྒར་ཨང་ཉེར་གཉིས་པ་དེ་ཨ་རིར་དམིགས་བསལ་གྱི་འཇབ་དམག་སློབ་སྦྱོང་རགས་རྒྱུར་འབད་བརྩོན་བྱེད་དགོས་པ་རེད། དཔེར་ན་ཐེ་ཝན་ལ་རྒྱ་ནག་གིས་ཚུར་རྒོལ་བྱེད་ཅིག་བྱེད་གཉིས་ལ་ཨ་རིས་དམག་གྲུ་ཆེན་པོ་དེ་ཐེ་ཝན་རྒྱ་མཚོའི་ནང་བཏང་ཡོང་དུས་གང་འདྲ་བྱས་སོང་། མ་ཟད་ནུབ་ཕྱོགས་ཡུལ་གྲུ་ཕལ་ཆེ་བས་རྒྱ་ནག་ལ་འཚོང་འབྲེལ་ཆེད་བསྟུན་མཁས་བྱས་པ་མ་གཏོགས་སེམས་གཏིང་ནས་རྒྱ་ནག་འདི་མགོ་རྟིང་ལོག་རྒྱུར་ངང་བསྒུག་བྱེད་བཞིན་པ་གསལ་པོ་རེད། བྱས་ཙང་ང་ཚོས་གོ་སྐབས་ལ་འཇུས་དགོས་པ་རེད་ལ་ལག་པ་ཞིག་འཆང་ན་ཡག་ཉེས་ཅིག་འཐོན་ཡོང་གི་རེད་མ་གཏོགས་གང་ཡང་མ་བྱས་པར་ཁ་ནས་རང་སྐྱོང་དགོས་ག་ཚོད་ལབ་ཀྱང་ནམ་ཡང་རག་གི་མ་རེད་དོ། མ་གཞི་ངའི་བསམ་ཚུལ་འདི་དབུ་ལམ་པ་ཚོ་དང་འབྲེལ་བ་མེད་ལ་ཇུས་ཏོགས་ཀྱང་མེད།
དྲག་པོའི་གསར་བརྗེ་ཡིན་ན་ཡག་པོ་ཡིན་པས་ག་ལ་ཁྱབ། དཔེར་ན་རྒྱ་ནག་གུང་ཁྲན་ཏང་གི་གསར་བརྗེ་ལྟ་བུ། ཡིན་ན་ཡང་ང་ཚོས་ཅི་ཞིག་གསར་བརྗེ་བྱེད་དགོས་མིན་རྩོད་ཀྱིན་ཡོད་མ་རེད། ང་ཚོར་ཐོག་མཐའ་བར་གསུམ་དུ་དྲག་གནོན་བྱས་ནས་བསྡད་པས་མགོ་ཡར་ལ་འགྱོག་པའི་རང་དབང་སྟེ། མི་རིགས་འཚོ་གནས་ཀྱི་རང་དབང་ཆ་ཚང་ཞིག་དགོས་པའི་རེ་བ་འདོན་གྱིན་ཡོད་པ་རེད། དེའི་སྲིད་བྱུས་ནི་ལམ་དབུ་མ་རེད། འདི་ད་ལྟའི་བོད་གཞུང་དམངས་ཀྱི་ཞི་རྒོལ་འཐབ་རྩོད་ཀྱི་དར་ཆ་རེད།
མ་གཞི་ནས་ང་ཚོས་འཇོན་ན་དམག་རྒྱག་ཆོག་པ་རེད། རྒྱ་གཞུང་གིས་ཐོག་མ་ནས་ད་བར་ལ་བོད་ཀྱི་ཀླད་པར་མེ་མདའ་གཏད་ནས་བསྡད་ཡོད་པ་རེད། ང་ཚོས་རང་སྲུང་ཙམ་ལས་འདས་དེ་ཕར་རྒོལ་བྱེད་ཆོག་པ་རེད། བོད་ནས་ཕར་ལ་བསྐྲད་ཀྱང་ཆོག་པ་རེད། རྒྱ་དམག་ཅི་ཙམ་གསོད་ཐུབ་ན་བསད་ཀྱང་ཆོག་པ་རེད། འོན་ཀྱང་སྟོང་བསམ་རེད། ཕར་ལ་གཅིག་བསད་ན་ཚུར་བཅུ་གསོད་གི་རེད། རྒྱ་དམག་སྟོང་ཕྲག་གཅིག་གི་ལག་ནས་བོད་མི་ས་ཡ་མང་པོ་སྐད་ཅིག་ལ་སར་འཐིམ་འགྲོ་གི་རེད།
མདོར་ན་ང་ཚོས་བོད་མི་ཚོར་འཆི་ལམ་ཞིག་སྟོན་རྒྱུ་བཞག་ནས་གསོན་ལམ་ཞིག་འཚོལ་དགོས་པ་རྩ་དོན་ལ་འཛིན་དགོས། འོན་ཀྱང་མི་རིགས་ཤིག་གི་འཐབ་རྩོད་ཡིན་དུས་ཚེ་སྲོག་གང་འཚམ་ཞིག་གི་ལེགས་སྐྱེས་ཀྱང་འབུལ་དགོས་ངེས་ཡིན་པ་སུས་ཀྱང་ལོས་ཤེས།
མའོ་ཙེ་ཏུང་གིས་ཀྱང་མི་འུ་ཐུག་ན་འཆི་རྒྱུ་དྲན་པ་དེས་རྒྱལ་ཁབ་སྐྱོང་མི་ཐུབ་ཟེར་གྱིན་ཡོད་པ་རེད།
དེ་བཞིན་དབུས་གཙང་པ་ཚོས་ཀྱང་ཁོང་ཁྲོ་ལངས་ན་ལག་པ་ཀྱག་དུས་ད་ཚར་སོང་བ་རེད་ཅེས་སྡོམ་ཚིག་ཅིག་བཞག་མྱོང་བ་རེད། བོད་ནང་རང་ལུས་མེར་བསྲེགས་བཏང་ན་ང་ཚོས་ལམ་ཁ་བརྗེ་དགོས་ཀྱི་འདུག རྒྱ་ནག་གཏོར་དགོས་ཀྱི་འདུག་ལབ་ན། དངོས་གནས་ད་ཚར་གྱིན་པའི་རྟགས་མ་རེད་དམ། མིན། བསམ་ཚུལ་བཤད་མི་ཆོག་ཟེར་བ་མེད་ཀྱང་། བསམ་ཚུལ་དེ་འདྲ་ད་ ་དཀོན་མཆོག ང་ཡིན་ན་ཡིད་དུ་ཤར་ཡང་ཁ་ནས་བཏོན་ས་མ་རེད།
སྐྱ་ཐིག་དོན་ཚན་བཅོ་ལྔ་ཅན་པོ་གནམ་ལ་འཕྱར་ཏེ་པེ་ཅིང་མིག་ནང་གི་ཀླུ་མཁར་བྱམས་ཀྱིས་དབུ་ཁྲིད་ན། སྐབས་དེར་ཏན་ཏན་གཞོན་ནུ་དང་དེ་མིན་གཞན་པ་དེ་ཚོས་ཁྱེད་ལ་མཐུན་རྐྱེན་སྦྱོར་ཐག་ཆོད་ཡིན་ནི་རེད།
ཀླུ་མཁར་བྱམས་འདིའི་སྙིང་ཁ་ནང་དུ་ལྷུང་གྲབས་མེད་འགྲོ དེང་སང་ཅིག་ཆགས་འདུག
རང་སྲུང་བྱེད་པ་དང་གཏོར་རྒོལ་བྱེད་པ་གཉིས་ཀྱི་ཁྱད་པར་ཁྱེད་ནས་མཁས་གཏམ་མ་བཤད་ན་ང་ཚོས་ཀྱས་ལོས་ཤེས། སློབ་མ་དེའི་ལྕགས་ལམ་གཏོར་རྒྱུ་སོགས་ལ་ཕལ་ཆེར་ཁྱེད་ནས་དབུ་ཁྲིད་ན་ཆ་རྐྱེན་མ་འཛོམས་པ་ག་རེ་ཡོད་ན། ལས་དེ་འདྲ་བྱེད་རྒྱུ་ཞེ་དྲག་ཅིག་ཆ་རྐྱེན་དགོས་ཀྱི་ཡོད་ན། རྒྱ་གར་དུ་ཡོང་བའི་རྒྱ་མི་ཆོས་ཞུ་བ་བཅོ་ལྔ་ཉི་ཤུ་ཙམ་ཁྱེད་ནས་མེ་མདའ་གཅིག་གིས་གསོད་ཐུབ་ཀྱི་རེད་པཱ། དེ་ན་སྦྲ་རིགས་ཐོག་མེད་ཟེར་བ་དང་ཁྱེད་གཉིས་ཀྱིས་འགོ་བཙུགས་ན། ཧཧཧཧཧ དངོས་གནས་ཡིན། ཉོག་གཏམ་མིན། ཧཧཧཧ
དྲག་རྒོལ་བྱེད་པ་ལ་དེང་རབས་ཀྱི་དྲག་མཚོན་ལ་བྱང་ཆུབ་པའི་དམག་སྡེ་ཞིག་དང། དེ་ལ་ངེས་ཅན་ས་གནས་ཞིག་དགོས་རྒྱུ་མ་རེད་འདོད་གི དཔེར་ན། ང་ཚོའི་ཕ་ཡུལ་ལ་བཞག་ཡོད་པའི་རྒྱ་དཔོན་ཚོ་དང་། བོད་ལ་གནས་སྤོར་བྱེད་བཞིན་པའི་རྒྱ་མི་ཚོ་ལྐོག་གསོད་བྱས་ནས་འདུག་མི་བཟོད་པ་གཏོང་ཐུབ་ན་ཡང་དྲག་རྒོལ་རེད། དྲག་རྒོལ་འདི་འདྲ་ཞིག་སྤེལ་བ་ལ་གྲི་དང་། ཐུང་མདའ་རེ་ཡོད་ན་འགྲིགས་གི་རེད། དྲག་རྒོལ་ཟེར་དུས་དེང་རབས་ཅན་གྱི་གོ་མཚོན་གྱིས་དྲག་རྒོལ་བྱེད་སྟངས་ཙམ་ཞིག་ལས་མེད་པ་འདྲ་ཞིག་བཤད་ནས། དེ་འདྲ་ང་ཚོས་བྱེད་མི་ཐུབ་པ་བདེན་ཡང་། ང་ཚོས་བྱེད་ཐུབ་པའི་དྲག་རྒོལ་བྱེད་སྟངས་མང་པོ་ཡོད།
ཉོག་གཏམ་པ་ཚོས་ཉོན། ང་དྲག་སྤྱོད་འདོད་མཁན་ཚོའི་གྲོས་ལ་མ་འཇོག ངས་དེ་ལྟར་བྱ་དགོས་པའི་སྐུལ་མའང་གཏོང་མྱོང་མེད། ངས་བརྗོད་འདོད་པ་ནི་དྲག་སྤྱོད་པ་དང་། དྲག་པོའི་འཐབ་རྩོད་བར་གྱི་དབྱེ་བ་འབྱེད་སྟངས་སྐོར་ཡིན། ཁྱོད་ཚོའི་ཚིག་མཛོད་ཚད་ལྡན་ཁག་གི་ནང་དྲག་སྤྱོད་པ་དང་དྲག་པོའི་གསར་བརྗེ་བར་གྱི་དབྱེ་བར་ཅིག་གཟིགས་རོགས།
རང་སྲུང་གི་ཆེད་དྲག་པོར་དྲག་པོའི་ཁ་གཏད་གཅོག་ཆོག་པ་ནི་ཆོས་སྲིད་གང་ནངའ་དགག་བྱ་མེད་ལ། དེའི་དཔེ་མཚོན་ནི་ཨ་རིའི་མི་སེར་རེ་ནས་མེ་མདའ་རེ་ཉར་ཆོག་པ་ལྟ་བུ་རེད།
གཞན་དྲག་པོའི་གསར་བརྗེ་བྱས་ན་ཕན་པ་ཡོད་མེད་དང་། བྱ་རྒྱུའི་དུས་ལ་སླེབས་ཡོད་མེད་སོགས་ནི་བརྗོད་གཞི་གཞན་ཞིག་རེད་ལ། དེ་ནི་དྲ་ཐོག་ནས་ཁ་སྟོང་ནང་གི་ཚིག་སྟོང་བཤད་ནས་ཡོང་རྒྱུ་ཞིག་ཀྱང་མ་རེད།
སྤྱིར་འཐབ་རྩོད་ཁྲོད་ནས་རང་གིས་མི་འཇོན་པ་རྒྱུ་མཚན་དུ་བྱས་ནས་གཞན་གྱི་སེམས་གསོད་པ་ནི་གྱོང་གི་གྱོང་ཡིན་པ་ཤེས་དགོས་པ་དེ་ཙམ་ཡིན་་་་་་
རྒྱ་གཞུང་གིས་ང་ཚོ་དམངས་གཙོ་མིན། དམངས་གཙོ་མི་འདོད་ཟེར་གྱིན་མེད། དམངས་གཙོ་ནི་ཁོ་རང་ཚོས་ཀྱང་རྩ་ཆེན་ལ་འཛིན་ཁུལ་བྱེད་ཀྱིན་ཡོད། དེ་བཞིན་དུ་ལོ་རེ་ནས་ལོ་རེ་བཞིན་རྒྱ་རིགས་མི་དམངས་ནང་ལ་ཡང་དམངས་གཙོའི་འདུ་ཤེས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ། དམངས་གཙོའི་ལས་འགུལ་པ་ཡང་ཇེ་མང་ལ་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ཐོག་ནས་ཀྱང་དམངས་གཙོ་དོན་གཉེར་གྱི་འཐབ་རྩོད་པ་དང་ལྷག་པར་དུ་ཡང་ཞི་རྒོལ་ལས་འགུལ་ལ་མཐོང་ཆེན་བྱེད་ཀྱིན་ཡོད། དེ་བས་ང་ཚོའི་ཞི་རྒོལ་གྱི་འཐབ་རྩོད་འདི་ལ་ཕྱི་ནང་གང་ནས་མཐུན་རྐྱེན་ཇེ་འཛོམས་ཡིན་པས་འུ་ཐུག་དགོས་པ་ཞིག་གཏན་ནས་མ་རེད། དཔེར་ན་གཡུལ་ས་ཞིག་ནས་བརྒྱ་དཔོན་ཞིག་གིས་དམག་རྒྱག་དུས་དམག་མི་རེ་རེ་བཞིན་ཤི་ན་དམག་མི་ཚང་མ་འཆི་རྒྱུར་མི་སྐྲག་པ་དང་འཆི་འདོད་པའི་ཚོར་སྣང་ཞིག་ཡོང་གིན་ཡོད། གལ་ཏེ་དམག་དཔོན་གླེན་པ་ཞིག་ཡིན་ན་དམག་མི་ཚང་མ་མཉམ་དུ་འཆི་ལམ་ལ་སྐྱེལ་ངེས་ཡིན། གལ་ཏེ་དམག་དཔོན་མཁས་མཛངས་ལྡན་པ་ཞིག་ཡིན་ན་དམག་མི་གཅིག་ཙམ་ཡིན་ཡང་ལྷག་ཐབས་ལ་འབད་ངེས་ཡིན། གནས་ལུགས་འདི་ང་ཚོར་མཚོན་ན་ཡང་གཅིག་པ་རེད། ཁ་ཤས་ཤིག་སྐུ་གཤེགས་པ་ན་ད་མང་པོ་ཞིག་འཆི་དགོས་པར་བསམ་པ་འདི་ལམ་ནོར་རེད། བོད་མི་རིགས་འདི་ཤི་བ་མང་མེད་ན་ཉུང་མེད། རང་སྲུང་གཙོ་བོར་འཛིན་དགོས། གསོན་ནས་བྱས་རྗེས་འཇོག་ཐབས་གཙོ་བོར་འཛིན་དགོས། གཙོ་ཕལ་གྱི་ཁྱད་པར་ཤེས་དགོས། དེ་བས་སྐུ་གཤེགས་དམ་པ་ཚོས་གལ་ཏེ་དྲག་སྤྱོད་གནང་ཡོད་ན་དེ་ལས་ལྷག་ཚུལ་གྱི་སྐད་ཆ་འདྲ་བོ་མ་བཤད་རོགས། དེ་ལས་སོ་སོས་ཅི་བྱེད་ནུས་ན་གནང་རོགས། དགག་བྱ་མེད་ལ་བཀག་ཀྱང་མི་ཁོག
ད་དུང་ཀུ་རེ་ཞིག་རྩེད་འདོད་པ་ནི། དྲག་སྤྱོད་འདོད་མཁན་ཚོས་མང་པོ་མཐོང་ཚར་བའི་ཀླུ་མཁར་བྱམས་ལ་སྙན་ཞུ་ཕུལ་སྟེ། ལས་དེ་ལྟར་བྱེད་རྒྱུའི་འགོ་བཙུགས་ན་འཛིན་མཁན་འགོག་མཁན་གྲོག་མ་འདྲ་ཞིག་མི་བྱུང་ཁོ་ཐག་ཡིན། རང་རང་གི་བསམ་ཚུལ་རང་གིས་ལས་ཐུབ་ན་ཨ་མའི་བུ་ཡིན་ནི་རེད།
ཁ་སང་དེ་རིང་བོད་ནང་མེར་བསྲེགས་བྱུང་བ་དང་། མེར་བསྲེགས་ཟིན་པའི་ཕུང་པོའི་པར་རིས་བཅས་བོད་མི་ཚོའི་མིག་ལམ་དུ་མངོན་ཡོང་སྐབས། བོད་ཀྱི་མི་རབས་གསར་བ་ཚོར་ཧ་ལས་ཤིང་ཧོན་འཐོར་གྱི་ཡོད། དེ་འཐོར་ན་ཆོག་གི་འདུག ཡིན་ནའང་། རྒྱ་ནག་གཞུང་གིས་ལས་འགུལ་དེ་སྤྱི་ཚོགས་བདེ་འཇགས་གཏོར་བཤིག་མཁན་དུ་བསྒྲགས་ནས་མེ་མདའ་རྒྱབ་ཡོང་སྐབས། རྦད་དེ་ཧ་ལས་ཤིང་ཧོན་འཐོར་གྱི་ཡོད། ཧ་ལས་སྟངས་གོང་འོག་གཉིས་ཀར་མི་འདྲ་ས་ཡོད་ནའང་། མདོ་དོན་ཆབ་སྲིད་འཐབ་རྩོད་སྤྱི་དང་། མིའི་རིགས་ཀྱི་ལོ་རྒྱུས། ཡང་ན་དེ་རིང་སང་ཉིན་གྱི་རྒྱ་བོད་འབྲེལ་བའི་གནས་བབ་ལ་བསམ་ཤེས་ཅུང་ཙམ་ཡོད་ཚེ། གནད་དོན་འདི་དག་ལྷག་སྐབས་དེ་ལ་ངང་རིང་དང་བབ་བརླིང་གི་གྲྭ་སྒྲིག་ཅིག་དང་། མ་མཐར་རང་གི་ཤེད་ཤུགས་རང་ཉིད་ལ་ཧ་ཅང་གསལ་བོ་ཡིན་པའི་ཐོག་ནས་འདི་དང་གན་བྱེད་དགོས་ཀྱི་རེད་བསམས་པ་ཞིག་བློར་སྐྱེ་ངེས་རེད།
ཡིན་ནའང་། བསམ་བློ་གློ་བུར་བ་དང་ཆབ་སྲིད་ཀྱི་འཁྲུག་ཆེན་ནང་ཞུགས་མ་མྱོང་མཁན་ཞིག་ཡིན་ན་འདི་ལྟར་ད་དྲག་སྤྱོད་པའི་ལས་ཤིག་གཉེར་ན་ཡག་པོ་མི་འགྲོ་བསམ་པ་ནི་ཆོས་ཉིད་རེད། འོན་ཀྱང་སྐབས་འདིར་ཕ་ཡུལ་དུ་ནོར་རྫི་ཡིན་པའི་གྲོགས་པ་དེ་དྲན་སོང་། ཁོར་ངས་ཁ་པར་གཏོང་སྟངས་རེར། ཁོང་གིས་བོད་མི་རིགས་དང་རྒྱལ་དབང་ཚང་གི་སྐོར་ལ་ཅིག་ཤེས་ཨེ་ཐུབ་ལྟ་གྱིན་ཡོད། ཉེ་སྔོན་རྔ་བའི་གནས་ཚུལ་ཁོང་གིས་གོ་འདུག ངས་སྐབས་དེར་ཁོང་ལ་བསམ་ཚུལ་དྲིས་པ་ཡིན། ཁོང་གིས་ཅང་དྲན་གྱི་མི་འདུག་སྟེ། འདི་ལྟར་དྲག་གནོན་བྱས་ན་མེ་མདའ་ལག་པ་འཆང་ཉན་འདོད་ཀི་ཞེས་བཤད་སོང་། ཁོང་ལ་ཅི་ཁག སྤྱིར་རྒྱབ་ལྗོངས་ཀྱི་གནས་བབ་གསན་རྒྱུའི་མཐུན་རྐྱེན་གང་ཡང་མེད། ཁོང་གིས་ཟོག་རྫི་ནས་མེ་མདའ་རྒྱག་རྒྱུ་དྲན་པ་རེད། ཡིན་ནའང་། བཙན་བྱོལ་ནང་ཅུང་ཕར་ཁ་ཚུར་ཁ་ཐོས་རྒྱུའི་གོ་སྐབས་ཡོད་མཁན་ཞིག་ལའང་། དེ་རིང་ཛ་དྲག་གི་སྐབས་སུ་དྲག་ལས་དེ་དག་བྱ་རྒྱུའི་བསམ་བློ་འཁོར་བ་རེད། བསམ་བློ་འཁོར་ཆོག་གི་རེད། ཡིན་ནའང་། བོད་ནང་གི་ཟོག་རྫི་ཞིག་དང་བཙན་བྱོལ་ནང་གི་སློབ་མ་ཞིག་ཛ་དྲག་གི་སྐབས་ཀླད་པའི་ལས་ཀ་གཅིག་པ་ཆགས་འདི་ཅུང་ཡ་མཚན་ཞིག་རེད།
དེ་མིན་ཅང་ཞུ་རྒྱུ་མི་འདུག བསམ་ཚུལ་ག་རེ་ཡོད་ན་བཏོན་རྒྱུའི་རང་དབང་ཡོད་པ་རེད།
ཨ་རོགས་ཀླུ་བྱམས། ངོ་མ་ཨ་ཕོ་ལུག་རྫི་སྲིད་ལ་ཞུགས་པ་རང་རེད། རང་གི་གནས་བབས་དང་མཇུག་འབྲས་ལ་དབྱེ་ཞིབ་མེད་པར། དྲག་པོའི་གཡུལ་ངོ་ཞིག་ཇི་ལྟར་གཤོམ་རྒྱུ་ཡིན།
ད་དུང་ཁྱེད་ཀྱིས་ང་ཚོའི་གནས་བབས་དེ་འདྲ་ཞིག་ལ་སླེབས་ཡོད་པ་ཚོར་གྱིན་འདུག་གམ། སྲིད་དོན་པ་གླེན་པ་ཧ་ཅང་མང་གི།
ས་སྐྱ་པན་ཆེན་གྱིས་འདི་འདྲ་ཞིག་གསུངས་ཡོད།
ཞིང་པས་ལོ་ཟླ་འབད་པ་དེ།།
སེར་བས་སྐད་ཅིག་ཉིད་དུ་བརླགས།།
ཞེས་པར་མི་འགྲོ་བའི་ངེས་པ་མེད།
ཡང་གཅིག་བཤད་ན་འདི་ནི་ཞུ་བར་གཤེགས་མཁན་ཚོར་འཁང་ར་དང་ཟུར་བཟའ་གང་ཡང་མ་རེད། འཐབ་རྩོད་ཀྱི་གཞུང་ལུགས་ན་འདི་ལྟར་བཤད་ཚུལ་ཡོད་པའི་གསལ་འདེབས་ཙམ་རེད། མི་ཤེས་ན་མ་བཤད་་་་་་ཨ་ཁུ་ལོ་ལོ་ཆ་བོ་་་་
ཡང་ཐོགས་མེད་ཀྱི་རྩོམ་འདི་དང་འབྲེལ་ནས་བཤད་རྒྱུ་ཤིག་ལ། རྒྱ་རིགས་རྩོམ་པ་པོ་ཚོ་ཁྲིང་ཆིན་ལགས་ཀྱིས༼འདི་ལྟར་བཤད་ན། མི་ཁ་ཤས་ཀྱིས་གྷན་དྷེ་དང་། མཱ་དེན་ལོ་ཏི་ཁན་སོགས་ལུང་དྲངས་ཏེ་ཁོ་བོ་ཅག་གི་ཞི་བདེ་དང་། འཚེ་བ་མེད་པ་སོགས་ཀྱི་ལྟ་གྲུབ་ལམ་སློངས་བྱུང་ཡོད་པས། ང་ཚོ་ཅིས་ཕྱིར་ཁོང་ཚོའི་རྗེས་སུ་འབྲངས་མ་ཆོག་པ་རེད་ཟེར་སྲིད་མོད། འདི་ལྟར་བཤད་མཁན་ཚོས་གནད་དོན་གྱི་ཕྱོགས་གཞན་ཞིག་ལ་དོ་སྣང་མ་བྱུང་བའམ། ཡང་ན་རྐང་བཙུགས་ནས་གཡོལ་ཐབས་བྱས་ཡོད་པའི་དོན་དངོས་ཤིག་ནི། གྷན་དྷེ་སོགས་ཀྱིས་ཁ་གཏད་གཅོག་ས་དམངས་གཙོའི་གཞུང་ཡིན་ལ། གཙོ་བོ་བསམ་བློ་གཏོང་ཤེས་པའི་དམངས་གཙོའི་གཞུང་ཞིག་ལ་གདོང་གཏད་པ་ཡིན་སྟབས། ད་གཟོད་བྱེད་ཐབས་དེ་ལམ་འགྲོ་བྱུང་བ་ལས། ཁོ་ཚོར་བཟོད་བསྲན་གྱི་ནུས་ཤུགས་ཡན་གར་བ་ཞིག་ཡོད་པས་ག་ལ་ཡིན། སྒེར་གཅོད་གཞུང་གི་ལ་ཁ་གཏད་གཅོག་དགོས་ཕྱིན་གནས་སྟངས་རྦད་དེ་ཐ་དད་རེད། དཔེར་ན་དུས་རབས་ཕྱེད་ཀ་ཞིག་ལ་འཚེ་མེད་ཞི་བ་རྐྱང་གསུངས་མཁན་ཏཱ་ལའི་བླ་མ་མཆོག་གི་ཐུགས་རེ་ད་དུང་འགྲུབ་མི་འདུག་གཱ༽ཞེས་བརྗོད་འདུག
རྩོམ་དེ་ཆ་ཚང་ཀློག་འདོད་ན་ངའི་ཟིན་བྲིས་ནས་ཡོད། ལྷན་རྒྱས་དེར་ཕེབས་རོགས་་་་་
ང་ཚོས་དམག་འཐབ་བྱས་ནས་རྒྱལ་ཕམ་རྩོད་རྒྱུ་ཞིག་རྨི་ལམ་ནང་ན་མ་གཏོགས་མེད། ད་འཇིགས་སྐུལ་རིང་ལུགས་པའི་རྗེས་འཇུག་བྱེད་དགོས་ཟེར་བ་རེད་ལ། དེ་ཡང་བོད་ནང་ནས་སྐུ་གཤེགས་དང་གཤེགས་རྒྱུ་ཡིན་པ་དེ་ཚོར་དྲག་པོའི་ངོ་རྒོལ་བྱེད་འོས་པའི་གསལ་འདེབས་བྱེད་ཀྱིན་ཡོད་པ་རེད། དེ་འོས་པ་ཞིག་རེད་དམ།
རྭ་ལོ་ལགས། ང་ཚོའི་དམིགས་ཡུལ་གཅིག་ཀྱང་ཐབས་ཚུལ་མི་གཅིག་པས། དྲག་པོར་རེ་བ་མཐོང་མཁན་ཚོས་ཞི་རྒོལ་བ་ཚོར་དྲག་པོ་བྱེད་དགོས་ཞི་བར་གཤེགས་ན་རིན་ཐང་མེད་པ་འདྲ་བོ་མ་ལབ་རོགས། དེ་བཞིན་ཞི་རྒོལ་བ་ཚོས་ཀྱང་དྲག་རྒོལ་བ་ཚོར་ངན་ཅང་མ་བཤད་ན་བཟང་ཞེས་པ་འདི་ལས་ངས་གཞན་ཅང་བཤད་མེད། གཅིག་གཅིག་ལ་འཁང་ར་མ་བྱེད། སོ་སོས་གང་ཐུབ་པ་དེའི་ཐོག་ལ་ཤུགས་རྒྱོབ། བསམ་བློ་ཐོངས། ལྷག་པར་དུ་ལག་ལེན་གང་ཞིག་ཐུབ་མིན་དང་མཇུག་འབྲས་གང་ཞིག་ལེགས་མིན་ལ་དཔྱད་པ་ཞིབ་མོ་རེ་གནང་རོགས་ཞུ།
མི་ཆུང་གིས་མི་ཆེན་སྐད་ཆ་གནད་འགག་ཅན་གསུང་འདུག སྤྲ་རིགས་ཐོགས་མེད་ལགས་ང་ཚོས་འདས་པའི་ལོ་ལྔ་བཅུའི་ནང་དུ་བོད་དོན་རྩོད་པ་འདི་འཚེ་མེད་ཞི་བ་ཁོ་ནའི་ལམ་ནས་ཕྱིན་པ་རེད།
དེར་འཛམ་གླིང་རྒྱལ་སྤྱིའི་སྟེང་དུའང་བོད་དང་བོད་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མའི་མཛན་སྙན་གང་སར་ཡར་ངོའི་ཟླ་ལྟར་རྒྱས་ཐུབ་པ་བྱུང་བ་རེད། གལ་སྲིད་ང་ཚོས་དྲག་པོའི་ལམ་ནས་རྩོད་ནའང་འགྲིག་པ་རེད། ཡིན་ནའང་བསམ་བློ་གཏོང་དང་། ང་ཚོ་བཙན་བྱོལ་བའི་ནང་ནང་དུ་ཆ་བཞག་ན་མི་འབོར་འབུམ་གཅིག་ཁྲི་ལྷག་ཙམ་ལས་མེད།
མི་འབུམ་གཅིག་དང་ཁྲི་ལྔའི་ནང་དུ་ལོ་ན་རྒས་པའི་མི་རྒན་ག་ཚོད་ཙམ་ཞིག་ཡོད། དེ་ནས་ལོ་ན་ཆུང་བའི་བྱིས་པ་ག་ཚོད་ཙམ་ཞིག་ཡོད། དེ་མིན་སློབ་ལོ་སོན་པའི་སློབ་ཕྲུག་ག་ཚོད་གཅིག་ཡོད། དེ་ནས་དབང་པོ་སྐྱོན་ཅན་ནད་པ་ཇི་ཙམ་ཡོད། ད་དུང་བུད་མེད་ཀྱི་གྲངས་ཀ་ག་ཚོད་ཙམ་ཞིག་ཡོད།
རྒན་ཁོག་དང་གཅིག བྱིས་པ་དང་གཉིས། སློབ་ཕྲུག་དང་གསུམ། ནད་པ་དང་དབང་སྐྱོན་ཅན་བཞི། བུད་མེད་དང་བཞི་བཅས་ཀྱི་མི་དམངས་འདི་དག་གིས་གཡུལ་སར་དྲག་པོའི་དམག་འཐབ་ལ་བཞུགས་ཐབས་བྲལ་བ་ཞིག་རེད།
དེ་ནས་གོང་གི་མི་འབོར་འདི་དག་ལས་ལྷག་མ་ལུས་པའི་དར་མའི་ཕོ་གསར་བཏང་འགྲོ་བཞག་ཕོད་ཅན་གྱི་མི་གྲངས་ག་ཚོད་ཙམ་ཞིག་ཡོད་དམ། ཕོ་གསར་དར་མ་འདི་ལའང་དམག་སྦྱོང་གི་སྦྱོང་བརྡར་ཞི་ཙམ་ཡོད། སློབ་སྦྱོང་གི་ཆ་ནས་འཕྲུལ་ཆས་དང་གོ་མཚོན་གང་བྱུང་བེད་སྤྱོད་གཏོང་ཤེས་པའི་ཚད་ལྡན་གྱི་ཤེས་བྱ་ཡོད་དམ་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་གོ་མཚོན་སུས་མཁོ་སྤྲོད་བྱེད་ཀྱི་རེད།
གོ་མཚོན་ཚད་ལྡན་རག་པའི་དབང་དུ་བཏང་ཡང་ས་ཆ་གང་ནས་དྲག་པོའི་དམག་འཁྲུགས་བསླང་ཐུབ་བམ། ང་ཚོ་ནི་ས་སྦ་ར་གང་མེད་པའི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་ཏུ་གནས་ཚང་གཡར་ནས་སྡོད་བཞིན་པ་རེད།
ད་དུང་བཙན་བྱོལ་ནང་དུ་གྲྭ་བཚུན་ག་ཚོད་ཙམ་ཡོད་དམ། ཁོང་ཚོ་མང་ཆེ་བ་ནི་འཚེ་མེད་ཞི་བའི་ནང་ཆོས་ཉམས་ལེན་བྱེད་མཁན་ཡིན་སྟབས། གལ་སྲིད་དྲག་པོའི་ལམ་ནས་འགྲོ་ན་གྲྭ་བཙུན་ཚོས་དེའི་ནང་དུ་མཉམ་བཞུགས་ག་ཚོད་ཙམ་བྱེད་ཀྱིན་རེད།
དྲག་པོའི་ལམ་ནས་འཐབ་རྩོད་བྱེད་པར་ཕྱོགས་གང་ས་ན་ཆ་རྐྱེན་གཅིག་འཛོམས་མེད་ཅེས་བརྗོད་ན་འང་མ་འགྲིག་པ་མེད། ཡིན་ནའང་རྒྱ་ནག་ལ་དམག་མི་ས་ཡ་མང་པོ་ཡོད། དམག་མི་ཚོར་འཕྲུལ་ཆས་དང་གོ་མཚོན་རིགས་བེད་སྤྱོད་བྱེད་ཐུབ་པའི་སྦྱོང་བརྡར་ཆ་ཚང་བ་ཡོད། ས་དམག་དང་། གནམ་དམག ཆུ་དམག་སོགས་ཐམས་ཅད་ཡོད། ས་ཆ་ཡང་སོ་སོའི་ལག་ཏུ་ཡོད།
བོད་ཀྱི་ནང་དུ་བོད་མི་ཚོར་མེ་མདའ་ཆུང་ཆུང་ཞིག་ཀྱང་མེད་ལ། གོ་མཚོན་གཞན་གང་ནས་ཡོང། ཡོད་ཀྱང་བེད་སྤྱོད་གཏོང་ཤེས་མཁན་གཅིག་མེད། ད་དུང་སྦྱོང་བརྡར་རིགས་གཅིག་ཀྱང་ཤེས་ཀྱི་མེད།
མིག་ལོང་སྤར་ཇུས་ལྟ་བུའི་ངང་ནས་དྲག་པོའི་ལམ་དུ་འགྲོ་ན་ཤི་བ་ལས་གཞན་ཅི་ཡང་མེད། དེར་བརྟེན་ང་ཚོར་དྲག་པོའི་ལམ་ནས་འཐབ་རྩོད་བྱེད་པའི་ནུས་པ་ཞིག་འདུག་གམ། བསམ་བློ་གཏོང་དགོས།
རྒྱ་མིས་ཐོས་ན་ཁྲེགས་གོད་ཤོར། ཕྱི་མིས་ཐོས་ན་གད་མོ་ཤོར། བོད་པས་ཐོས་ན་སྐྱི་ཡ་ཞིང་། རང་གིས་བསམ་ན་ངུ་ཡང་ཤོར་བའི་ངང་ཚུལ་ཙམ་ལས་གཞན་ཅི་བྱེད་ཐུབ་བམ།
སྦྲ་རིགས་ཐོགས་མེད་ནི་སྲིད་དོན་རིག་པ་དང་ཁྲིམས་ཀྱི་སྐོར་ལ་སློབ་སྦྱོང་བྱེད་ཀྱིན་ཡོད་པའི་སློབ་མ་ཞིག་རེད། ཁོང་གིས་བཤད་པ་ལྟར་ང་ཚོར་དྲག་ཤུགས་ཀྱི་ལམ་ནས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་ནུས་པ་ཡོད་ཕྱིན། ཁ་གཏད་གཅོག་ཆོག་པའི་ཐོབ་ཐང་ཡོད་པ་ནི་རྒྱལ་སྤྱིའི་སྤྱི་ཆངས་ཁག་གི་འགྲོ་ལུགས་རེད་ལ། དེ་གསལ་བཤད་བྱས་པ་ཙམ་རེད། འོན་ཀྱང་། ཨ་ཕོ་ནོར་རྗི་སྲིད་ལ་ཞུགས་པའི་གཡུལ་ས་ནས་སྐད་ཆ་འདིའི་གྲས་གོ་ན་ཧང་སངས་འགྲོ་བ་དང་། དེ་མིན་ན་སྐྲག་འགྲོ་བ་རེད། ཁྱོད་ཚོར་ཅི་ཁག་ཅང་མཐོང་མ་མྱོང་ཙང་་་་་
ད་མང་པོ་མི་བཤད། དྲག་པོའི་མཇུག་འབྲས་ནི་ཧ་ཅང་གི་ཚབས་ཆེན་ཞིག་ཡིན་པ་སུས་ཀྱང་འགྲེལ་བྱེད་མ་དགོས་ཀྱང་། སྐབས་འདིར་དགོས་དབང་གིས་སྦྲ་རིགས་ཐོགས་མེད་གཙོས་དྲག་པོ་བྱེད་མི་རྣམས་ཀྱིས་བྱེད་སྟངས་བྱེད་ལུགས་ཤིག་ཤོད་དང་།
༡ མི་ཇི་ཙམ་ཡོད།
༢ གོ་མཚོན་སུས་མཁོ་སྒྲུབ་བྱེད།
༣ ས་ཆ་གང་དུ།
༤ རྒྱབ་གནོན་སུས་བྱེད།
༥ དུས་ནམ་ཞིག་བར།
༦ རེ་བ་ཇི་ཙམ་ཡོད།
ངོ་མ་སྐད་ཆ་འདི་ཀོ་ནི་ལྷག་བསམ་ཚེ་རིང་ལྟར་སེམས་ཤུགས་ཙམ་ལས། བོད་ཀྱི་ས་ཁམས་དང་མི་འབོར། རྒྱབ་རྩ་དང་དཔལ་འབྱོར། ཤེས་ཡོན་དང་མིའི་རང་གཤིས་གང་དུ་ཡང་བསམ་བློ་ཞིབ་པར་མ་བཏང་བའི་ནོར་འཁྲུལ་ཚབས་ཆེན་ཞིག་རེད།
ཨ་རིས་དེ་སྔོན་ལོ་རབས་ལྔ་ཅུ་དྲུག་ཅུའི་ནང་བོད་དུ་འཁྱུག་ཙམ་རོགས་པ་བྱས་པ་རེད། དེ་ནི་ཨ་རི་རང་ཉིད་ཀྱི་ཁེ་ཕན་འབའ་ཞིག་གི་ཆེད་དུ་རེད། རང་ཉིད་ཀྱིས་ཁེ་ཕན་སྒྲུབ་པའི་ནུས་པ་ཤོར་བ་དང་དུས་མཚུངས་རྒྱབ་སྐྱོར་བཅད་པ་རེད།
དེང་ཁ་ཆེའི་རྒྱལ་ཁབ་ཚོས་དྲག་པོའི་འཐབ་རྩོད་བྱེད་ཀྱི་ཡོད། ཁོང་ཚོར་མི་འབོར་ཡོད་ལ། བསམ་བློའི་ལྟ་ཚུལ་ཡོད། དེ་མིན་གཙོ་བོ་རྒྱལ་ཁབ་གཡས་གཡོན་གྱི་ཁ་ཆེའི་རྒྱལ་ཁབ་དང་མི་དམངས་ས་ཡ་མང་པོས་རྒྱབ་སྣོན་བྱེད་ཀྱི་ཡོད།
ཆབ་བྲག་ལྷ་མོ་སྐྱབས་ལགས། ༼ཟུར་ཟ་༽ཞེས་པའི་ཚིག་འདིའི་གོ་དོན་ཁྱེད་ཀྱིས་གསལ་བོ་དག་པོ་མཁྱེན་གི་རེད། ཚིག་དེ་འདྲ་ཞིག་ངག་ནས་ཐོན་པ་ལ་ཐོག་མར་སེམས་ནང་ན་ཟུར་ཟ་བྱ་དགོས་པའི་རྒྱུ་རྐྱེན་ཞིག་ཡོད་དགོས་པ་རེད། འདི་ཁྱེད་ཀྱིས་ཁས་ལེན་ནམ།
དེ་ནས་གཞན་པ་ཞིག་ནི། ཁོང་ཚོ་དང་ང་ཚོ་ཞེས་པའི་ཕྱོགས་ཁག་དང་། དེ་གཉིས་སོ་སོས་སྤེལ་བའི་ལས་འགུལ་ལ་ངོས་བཟུང་སྟེ་༼ཁོ་རང་ཚོའི་༽དང་༼ང་ཚོའི་༽ཞེས་པའི་བསམ་བློ་ཞིག་འཁྱེར་ས་འདུག་གམ། བསྡད་གིན་བསྡད་གིན་ཚང་མ་རྒྱུས་མེད་དང་བར་ཐག་གིས་ཆོད་དོན་ག་རེ་རེད།
བོད་ཕྱི་ལོག་ན་ཡང་ཤི་ཐུབ་མཁན་དང་། སྲོག་འབེན་ལ་བཙུགས་ནས་འདིར་སླེབ་མཁན་མང་བོ་རེད། ཡུལ་དུས་ཀྱི་གོ་སྐབས བྱུང་ན་གཅིག་མཆོང་གཉིས་མཆོང་བྱེད་མཁན་མང་བ་ཡང་ཤེས་གསལ་རེད། འདི་ཕལ་ཆེར་ཁྱེད་རང་ལས་ཀྱང་རྒྱ་ནག་གཞུང་གིས་གསལ་བོ་ཤེས་ཡོད་པ་་འདྲ་བོ་རེད། ད་ནི་ཕྱི་ནང་གཉིས་ཕར་སློག་ཚུར་སློག་མང་པོ་མ་བྱས་ན་མི་ལེགས་སམ། ད་སྐབས་ཁྱོད་ཀྱིས་ཀྱང་གཞིས་ལུས་མི་དམངས་ཀྱི་སེམས་ལ་མ་ཤར་བ་རྐྱང་བཤད་གིན་ཡོད་པ་འདི་ཅི་རེད། བྱེས་ཀྱི་བོད་པ་ཚོའི་སེམས་ལ་ནག་ཐོག་མང་པོ་འཕབ་དོན་ཅི་རེད།
འཚེ་བ་དང་འཚེ་མེད་ཀྱི་ས་མཚམས་ཤིག་བཟུང་ནས་ལས་འགུལ་སྤེལ་སྟངས་ལ་བསམ་ཚུལ་བཏོན་ན་དགའ་བསུ་ལོས་ཡོད་ཀྱང་། རྩ་བ་འཛུགས་ས་མི་རེག་པའི། རང་ལ་ཡང་གདེང་ཚོད་མེད་པའི། མུག་ཤི་ལྟ་བུའི་ལབ་རྡོལ་དེའི་རིགས་ཀྱིས་ཕན་ཐོགས་གང་འདུག་ད་དུང་གཞིས་ལུས་མི་དམངས་ལ་༼ཟུར་ཟ་༽མ་བྱེད་ལབ་ན་ཅི་བཤད་གིན་ཡོད་པ་རེད། འདི་ལྟར་སེམས་ལ་འཁོར་བ་ཙམ་གྱིས་ཅུང་ཡ་མཚན་རེད།
” གལ་སྲིད་རང་ཉིད་མཆོད་མེ་རུ་སྤར་ནས་བདེན་དོན་རྩོད་གནང་མཁན་བོད་ཀྱི་དཔའ་རྒོད་ཉི་ཤུ་ལྷག་དེས་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་གི་མི་སེར་སྤེལ་བའི་ལས་འགུལ་དང་གཏེར་ཁ་བསྔོག་འདོན་ཆེད་དུ་འཛུགས་བསྐྲུན་བྱས་པའི་མེ་འཁོར་ལྕགས་ལམ་དང་བཟོ་གྲྭ་ཁག་ཉི་ཤུ་ལྷག་ལ་གཏོར་རྒོལ་བྱས་པ་ཡིན་ན།”
གོང་གི་སྐད་ཆ་འདིས་ཆེས་རླབས་ཆེན་གྱི་སྐུ་གཤེགས་དམ་པ་ཚོར་ཟུར་ཟ་བྱས་འདུག་པ་ཞིག་ཏུ་མཐོང་སོང།
འདིར་ནན་གྱིས་ཞུ་བ་བྱེད་འདོད་པ་ཞིག་ཡོད་པ་ནི། གུས་ཀྱེ། ཨ་ཁུ་ལོ་ལོ་ཆ་བོ། ཁྱེད་རང་ཚོ་དྲག་འཐབ་བྱེད་འདོད་མཁན་དང་ཐུབ་མཁན་ཚོས་སོ་སོ་རང་གིས་བྱེད་མ་ཐུབ་ན་ཡང་འཚེ་མེད་ཞི་བར་གཤེགས་མཁན་དམ་པ་རྣམ་པར་འཁང་ར་དང་ཟུར་ཟ་མ་གནང་རོགས། ཁོང་རྣམ་པས་གང་གནང་བ་དེ་བླ་ན་མེད་པའི་མཛད་རྗེས་ཤིག་རེད། གལ་ཏེ་ཁོང་རྣམ་པས་ཁྱོད་རང་ཚོའི་འདོད་པ་བཞིན་གྱི་འཇིགས་སྐུལ་བྱས་ཡོད་ན་ད་ལྟ་ཁོང་ཅག་གིས་གཙོས་ང་ཚོའི་གཟི་བརྗིད་ལྡན་པའི་མཚན་མཐོང་ས་ལ་བསྲེས་པར་མ་ཟད་རྒྱ་གཞུང་གིས་འཇིགས་སྐུལ་པར་ཁ་གཡར་ནས་བོད་མི་ཅི་ཙམ་ཞིག་དམར་གསོད་བྱས་ཡོད་མིན་ལ་བསམ་བློ་རེ་འཁོར་ཐུབ་བམ། ཅི་འདྲའི་་་་་
བསམ་ཚུལ་བཟང་གི་མོད། འགས་གཏོརཆེན་པོ་ཞིག་བྱེད་པ་ལ་འགད་རྫས་མཁོ་སྒྲུབ་བྱེད་ཐུབ་པ་དགོས། རྒྱ་ནག་གི་དམག་དཔུང་གིས་མི་ཚང་རེ་རེ་དང་ཐ་ན་མི་རེ་རེ་བཞིན་ཉིན་ལྟར་སྔོག་བཤེར་བྱེད་པར་ཡང་དཀའ་ལས་དེ་ཙམ་མེད་པས་མཐུན་རྐྱེན་མ་འཛོམས་ན་ལག་ཆ་མེད་པའི་དམག་མི་ཞིག་གིས་ཅི་ཞིག་བྱེད་ནུས་སམ། ཕྱི་སྡོད་བོད་མི་ཚོས་རོགས་རམ་བྱེད་རྒྱུའང་ཕ་རིའི་སྤང་རྒྱན་རང་ཡིན། གལ་ཏེ་འགལ་རྫས་རིགས་མཁོ་སྒྲུབ་ཐུབ་ན་ནི་དེ་ལྟར་བྱེད་རན་རེད་འདུག
བོད་ཁ་ཅིག་གིས།
་་་་། ལི་བྷི་ཡའི་མེ་མདའ་དང་སྒྱོགས་མདེལ་བཀོལ་ནས་རང་དབང་འཐབ་རྩོད་ཀྱི་དཔའ་དར་ལེན་ཆོག་ན། བོད་མི་དག་གིས་ཀྱང་རང་ཉིད་ཀྱི་ཕ་ས་ཕ་ཡུལ་གྱི་ཆེད་དུ་ཞི་དྲག་ཟུང་འབྲེལ་གྱི་ལས་འགུལ་ཅི་ལ་སྤེལ་མི་ཆོག་གམ། ཟེར།
ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་ནོ།
འོན་ཀྱང་དབུ་ལམ་པ་ཚོས་ཁྱོད་ལ་སྨོད་རྒྱུ་མ་ཟད་མདུང་རྩེ་ཁྱོད་ལ་གཏད་རྒྱུ་དོན་མི་ཟ་བས། ཐུགས་ཞུམ་པ་མ་མཛད་གྲོགས་པོ་ལགས།