མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིགས་སྐུལ་དྲག་སྤྱོད་དུ་འགྱུར་སྲིད་པའི་བོད་ཀྱི་མེ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཟླ་བ།

འགྲོ་བ་གཞན་དང་སེམས་ཅན་གཞན། ཡང་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ། བསྟན་པ་ཆབ་སྲིད་ཀྱི་དོན་དུ། བྱང་ཆུབ་སེམས་དཔའི་མཛད་པ་རླབས་ཆེ་ཤོས་ཤིག་དང་། འཚེ་མེད་ཞི་བའི་ལག་ལེན་ཚད་མཐོ་ཤོས་ཤིག་སྟེ། ཐུ་བྷོད་བཙན་པོའི་སྙིང་སྟོབས་ཀྱི་དྲོད་མ་ཉམས་ཤིང་། སྙིང་རྗེ་རྩ་བ་ཅན་གྱི་བསྟན་པའི་རྩི་མ་ཡལ་བའི་བོད་པ་མེ་ཡིས་རྒོལ་མཁན་འདི་ཚོ། ཕྱི་ལོ་ ༡༩༩༨ ནས་ད་བར་བོད་ཕྱི་ནང་གཉིས་སུ་མེ་ཡིས་རྒོལ་མཁན་ཉི་ཤུ་རྩ་གྲངས་ཤིག་གིས་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་མེ་རྒོལ་བྱས་ཏེ་མིའི་རིགས་ཀྱི་འཚེ་མེད་ཞི་བའི་ལོ་རྒྱུས་ནང་མེ་རྒོལ་གྱི་ལམ་བུ་ཆེས་ཆེར་ཕྱེ་སོང་། རང་དབང་དང་བདེན་པའི་དོན་དུ་ཅི་སྙམ་པར་གཅེས་པའི་ཚེ་སྲོག་དྲོན་པོ་མེ་ལྷའི་ཞལ་དུ་བསྟབས་སོང་། གཅེས་པའི་ཕ་མ་དང་དུང་བའི་གཉེན་གྲོགས་ཐམས་ཅད་ལ་སྡུག་གི་ཁུར་བོ་བཀལ་ནས་ཕྱི་མའི་འཕྲང་རིང་འགྲིམས་སོང་། ད་དུང་མེ་ཀློང་ནས་ཞི་བའི་སྐད་འབོད་འདོན་ཞིང་། ཤི་ཁུང་ན་རེ་བའི་མིག་ཟུང་ཅེར་བཞིན་དམག་དང་མཚོན་ལ་རྒོལ་སོང་།

 

དེ་བས་དེ་རིང་བདག་ཀྱང་ལས་དབང་གཅིག་པའི་རིགས་རྒྱུད་འདི་ལ་གཏོགས་ཕྱིེར་མེ་རྒོལ་བ་འདི་ཚོར་གདུང་སེམས་མཉམ་སྐྱེད་ཞུ་ཞིང་། ནང་མི་ཉེ་འབྲེལ་ཚོར་སྐྱོ་བའི་སེམས་གསོ་ཞུ་བ་དང་འབྲེལ་ནས་རེ་འབོད་ཅིག་ཞུ་སྙིང་བྲོ་སོང་། ངའི་རེ་འབོད་གཅིག་ནི་རྒྱ་ནག་གི་མཁས་པ་ཚོ་དང་ལྷག་པར་དེང་གི་དམར་ཤོག་གི་དབང་འཛིན་པ་ཚོ་ཡིན་ལ། གཅིག་ཤོས་ནི་རང་རེ་བཙན་བྱོལ་བོད་མི་ཚོར་ཡིན། ད་ནི་ཅིས་ཀྱང་རྒྱ་ཕྱོགས་ནས་ཤེས་དགོས་པ་ནི་བོད་དོན་འགྲིག་འཇགས་ཀྱི་བསམ་བློ་གཏོང་བའི་དུས་ལ་བསླེབས་ཡོད་ཅིང་། ས་གནས་ཀྱི་ལས་བྱེད་པ་བླུན་པོ་ཚོའི་ཁར་ཉན་ནས་མུ་མཐུད་དེ་མགོ་བོ་ནག་ཁུང་ནང་བཅུག་ནས་བསྡད་ན་དེ་ནི་བོད་རྒྱ་མི་རིགས་གཉིས་ཀའི་མ་འོངས་པའི་ལོ་རྒྱུས་ཁྲག་དང་མིག་ཆུའི་ནང་དུ་འཁྲིད་བཞིན་པ་སྟེ། མེ་ཡིས་རྒོལ་མཁན་འདི་ཚོས་རང་གི་ལུས་སྲོག་ལ་ཅི་མི་སྙམ་པར་འབར་བ་མེ་ཡི་ཞལ་དུ་བསྟབ་ཐུབ་པ་ལ་བསམ་ན། ད་ལྟའི་ཆར་སྔར་དང་མི་འདྲ་བར་ཆ་རྐྱེན་ཅི་ཡང་འཛོམས་པས་ལུས་ལ་འབར་རྫས་ཐོགས་ཏེ་རང་སྲོག་བློས་གཏོང་གི་དྲག་རྒོལ་ནི་དེ་ལས་ཀྱང་བྱ་ཐུབ་ངེས་ཡིན་པར་སྙམ།

 

དེའི་ཕྱིར་རང་ཉིད་ནི་མི་དཀྱུས་མ་ཞིག་ཡིན་མིན་ལ་མ་ལྟོས་པར་མི་རིགས་འདི་གཉིས་ཀྱི་མ་འོངས་འདུན་ལམ་ལ་བསམ་ན་འཇིགས་སྣང་སྐྱེས་འོང་གི་འདུག དེ་ལྟ་ནའང་ད་སྔ་དེ་ལྟར་བྱུང་མེད་པ་ནི་ཏཱ་ལའི་བླ་མའི་འཚེ་བའི་ཞི་བའི་ལམ་སྟོན་ཁོ་ནས་བསྲུངས་པ་བྱས་ཡོད་པ་འདི་རྒྱ་གཞུང་གིས་ཤེས་དགོས་པ་གལ་ཆེ་བར་སྙམ་པ་མ་ཟད། བོད་རྒྱ་ཕྱོགས་གཉིས་ཀའི་ངོས་ནས་གཟབ་གཟབ་མ་བྱས་ན་མི་རིགས་འདི་གཉིས་ཀྱི་ལས་དབང་ཡོངས་རྫོགས་སྐབས་འཚོལ་བ་ཚོའི་ལག་ཏུ་ཤོར་ཉེན་ཡོད་པར་འདོད། རྒྱ་གཞུང་གིས་རང་དབང་རང་ལག་ལ་ཡོད་དུས་ངེས་པར་དུ་བསམ་གཞིག་བྱ་དགོས་པ་ལས་རྒྱ་ནག་འཐོར་ཞིག་གི་ལེ་ཚན་གྱི་མགོ་བཙུགས་པ་ནས་ཚར་སོང་བར་སྙམ།

 

དྲག་པོ་མཚོན་གྱིས་མི་ཐུལ་ཅིང་། ཞི་བ་རྒྱུ་ཡིས་མི་འབྲིད་པའི་ཐུ་བྷོད་མི་རིགས་འདི་ལས་སླ་བོར་ཁྱུར་མིད་གཏོང་མི་ཐུབ་པའི་གནས་ལུགས་ར་འཕྲོད་ཡོད་པར་འདོད་ལ། ད་ནི་རང་མགོ་རང་གིས་མ་བསྐོར་བར་རྒྱ་གཞུང་ལ་གོ་སྐབས་གཅིག་ཡོད་པ་ནི་མི་རིགས་འདིའི་སེམས་ལ་ན་ཚ་གསར་བ་མི་སློང་རྒྱུ་རང་ཡིན་པར་སྙམ་ལ། དེ་ནི་བོད་རྒྱ་གཉིས་ཀའི་མ་འོངས་བདེ་སྐྱིད་ཀྱི་ལམ་བུ་ཡིན་པར་སྙམ།

 

མ་གཞི་ནས་འདི་ག་བཙན་བྱོལ་ནང་ནས་ལས་འགུལ་སྤེལ་ན་བོད་ནང་གི་བོད་མི་ཚོར་མི་བཟང་བར་བཤད་མཁན་དང་། ཡང་མ་སྤེལ་ན་བོད་ནང་བློ་ཕམ་འབྱུང་རྒྱུ་ཡིན་པའི་བསམ་ཚུལ་ཕྱོགས་གཉིས་ཤིག་ཡོད་མིན་ལ་མ་ལྟོས་པར་ང་རང་ལ་འདོད་པ་མི་ཚིམ་ས་ཞིག་ཡོད་པ་ནི་བོད་གཞུང་དང་ཚོགས་པ་ཁག་གི་ཁྱབ་བསྒྲགས་འདི་ཚོ་ཡིན། ཁོང་ཚོ་ཚང་མས་མགྲིན་གཅིག་དབྱངས་གཅིག་གིས་བོད་མི་མེ་རྒོལ་བ་ཚོས་འ་ཆད་འུ་ཐུག་གིས་རང་ལུས་མེ་རུ་བསྲེགས་ཚུལ་གསུང་གིན་པ་ལས། འདིའི་འགན་སུ་ལ་ཡོད་མེད་དང་། ལས་འགུལ་འདི་གང་འདྲ་ཞིག་ཏུ་འགྱུར་གྱིན་ཡོད་མེད་སོགས་ལ་གསུང་བཤད་གནང་མཁན་སུ་གང་མི་འདུག འདི་ཅི་ཞིག་ཡིན་ནམ།

 

ངའི་བསམ་ཚོད་ལ་ང་ཚོས་ངེས་པར་དུ་རྒྱ་གཞུང་ལ་ར་སྤྲོད་བྱ་དགོས་པ་ནི་ལས་འགུལ་འདིའི་འབྱུང་རྩ་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་ཐུག་ཡོད་པ་དང་། གལ་སྲིད་འདི་དྲག་སྤྱོད་ཅིག་ཏུ་མི་འགྱུར་བའི་ངེས་པ་མེད་ན་དེའི་འགན་ཡོངས་རྫོགས་རྒྱ་གཞུང་རང་གིས་ཁུར་དགོས་པ་འདི་ཅིས་ཀྱང་གསལ་སྟོན་གནང་དགོས་བསམ། ང་ཚོས་དམག་དང་མཚོན་གྱིས་མི་ཁེགས་པའི་དཀྱིལ་ཤར་ཡུལ་གྲུའི་གསར་བརྗེའི་འོས་ལངས་དང་། རུལ་སུངས་སུ་གྱུར་ཟིན་པའི་དམར་བོའི་སྲིད་གཞུང་ཁག་ལ་བསམ་ན་ད་ནི་དངོས་གནས་བོད་རྒྱ་མི་རིགས་གཉིས་ཀའི་ལོ་རྒྱུས་ཀྱི་འགག་མདོ་ཞིག་སྟེ། གཉེན་དང་གྲོགས་ཀྱི་ལག་འཇུ་བྱས་ཏེ་འཛམ་གླིང་ཤར་ཕྱོགས་ཀྱི་སྟོབས་ལྡན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་རྒྱུ་ཡིན་ནམ། འཁོན་དང་འགྲས་ཀྱི་ཞེ་རྩ་བཅད་དེ་སྟོབས་ལྡན་གཞན་ཞིག་གི་གཡོག་པོར་འགྲོ་རྒྱུ་ཡིན་པའི་ལམ་གྱི་གཞི་མདོ་ཏག་ཏག་དེར་སླེབས་འདུག་སྙམ། ལོ་རྒྱུས་ཀྱི་འགན་ལྕི་མོ་འདི་བསམ་ཤེས་གཏན་ནས་མེད་པའི་རྒྱ་གཞུང་ལ་ཡོད་པའི་གནས་ཚུལ་ཅིས་ཀྱང་འཛམ་གླིང་གི་གཟུར་གནས་ཚོར་ཤེས་སུ་འཇུག་དགོས་པ་ཡིན།

 

ང་ཚོའི་སྨྱུ་གུ་ཐོགས་མཁན་ཡིན་ཟེར་མཁན་ཚོ་ཡང་འདིའི་ཕྱོགས་ལ་ལྐུགས་པའི་རྟུལ་ཞུགས་འཛིན་གྱི་འདུག ནང་ཁུལ་ནས་ཉོག་དྲ་མེད་ས་ནས་བཙལ། ཡོད་ས་ནས་ཆེ་རུ་གཏོང་བ་སོགས་ལ་ཁྱོད་མཁས་ང་མཁས་རེད་ལ། གནད་ཡོད་མི་སྣ་ཞིག་གམ་གྲྭ་བ་ཞིག ཡང་ན་ཚོགས་པ་ཞིག་གི་སྐྱོན་རེ་མཐོང་ན་དེའི་ཡོན་ཏན་ཐམས་ཅད་བསྒྲིབས་ནས་དེ་ལ་ཉེས་སྐྱོན་ལུང་བ་གང་བགྲང་རྒྱུ་ཡོད། ད་འདི་ལྟ་བུའི་གནས་སྐབས་སུ་ཡོད་དགོས་པ་ལ་གོ་མེད་ཚོར་མེད་དུ་འདུག ངས་སྐུར་བ་བཏབ་པ་དེ་འདྲ་གང་ཡང་མིན། གནད་འགག་འདི་ཚོ་རྩོམ་པ་པོ་ཡིན་ཟེར་མཁན་ཚོས་ཤེས་དགོས་པར་མ་ཟད། རྒྱ་ཆེ་མང་ཚོགས་ཀྱིས་དེ་བས་ཀྱང་ཤེས་དགོས་ཀྱི་འདུག་སྙམ།

 

དེ་བཞིན་དུ་སྲིད་དོན་ཤེས་ཟེར་མཁན་དང་ནམ་རྒྱུན་གཞུང་དང་༸རྒྱལ་བ་རིན་པོ་ཆེར་ཁ་བཏང་ནས་སྡོད་མཁན་ཚོས་ཀྱང་ད་ནི་ཅི་ཞིག་བྱེད་ཀྱི་ཡོད་དམ། ཕྱི་དགྲ་བོར་ཐུག་ན་ཝ་འབྲོས་འབྲོས། ནང་ཕུ་ནུར་ཐུག་ན་སྟག་ངར་ངར་བྱེད་པའི་མི་འདི་ཚོའི་གཤིས་ཀ་ཞིག་ལྟོས་དང་། བོད་མི་ག་ཚོད་ཅིག་གིས་རང་ལུས་མེ་ལ་བསྒྲོན་སོང་། སྤུན་ཟླ་ག་ཚོད་ཅིག་ལ་རྒྱ་མིས་མནར་གཅོད་བཏང་སོང་། ད་ནི་དངོས་གནས་རུས་པའི་ནང་ན་རྐང་ཡོད་ན་སྟོབས་ཤུགས་གཅིག་ཏུ་སྤུངས་པའི་དུས་ལ་བབ་ཡོད་སྙམ། འདི་ནི་ངས་བོད་ཕྱོགས་ལ་ཞུས་པའི་རེ་བ་དང་འབོད་པ་ཡིན།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༧ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 14

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ངས་འདི་ལ་དུས་རབས་ཉེར་གཅིག་པའི་ཤེས་རབ་ཀྱི་མེ་ལྕེ་ཟེར་བཞིན་ཡོད། སྤུན་ཟླ་ཁྱེད་ཅག་གིས་ག་རེ་འདོད་མིན་ངས་མི་ཤེས། གང་ལྟར། ཤེས་རབ་ཀྱི་མེ་ལྕེ་ནི་ཤེས་རབ་ཀྱི་དུས་རབས་ཉེར་གཅིག་པའི་ནང་དུ་བོད་ལ་བྱུང་གི་ཡོད་པ་དེ་རེད། མུ་མཐུད་དུ་འབར་ནས་སོང་ན་་་་ ད་བཤད་དཀའ་ནི་རེད།

    Reply
  2. མིག་གསུམ་པ། says:
    ལོ་ 14 སྔོན།

    ངས་བསམ་ན་རྩོམ་ཡིག་འདིའི་ནང་དུ་སྐད་ཆ་གསར་བ་ཞིག་དང་། ཐབས་ལམ་གསར་བ་ཞིག་གང་ཡང་མེད་མོད། རང་ཉིད་ཀྱི་སེམས་པའི་ནང་དུ་ཇི་ཡོད་པ་ཐད་ཀར་བརྗོད་འདུག་པའི་ཚོར་སྣང་ཞིག་ངང་གིས་སྟེར་ཀི ཡིན་ནའང་། ཁོ་རང་གི་བསམ་ཚུལ་དེ་བསམ་ཚུལ་ཡིན་པའི་ངོས་ཐད་ནས་བལྟས་ན་རིན་ཐང་ཡོད་ཀི ཁོ་བའང་བོད་མི་ཞིག་གི་གྲལ་མཐའ་ནས་ལངས་ཏེ་ཁ་སང་དེ་རིང་གི་ཆེས་ཛ་དྲག་གི་གནས་བབ་འདིའི་ཐད་ནས་སྐད་ཆ་ཁ་ཤས་བརྗོད་ཡོད་པས་སོ། ཐད་ཀར་དུ་རྩོམ་པ་པོའི་སྐྱོན་ཆ་ཐེར་འདོན་མ་གནང་བར་རང་ཉིད་ཀྱིས་ཀྱང་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེས་ཏེ་ཐབས་ལམ་དང་དཔྱད་གཏམ་སྤེལ་ཚེ་མཉམ་རུབ་ཀྱི་འདུ་ཤེས་ཤིག་སྐྱེས་ཡོང་རྒྱུ་རེད། དེ་མིན་རང་གཞན་གཉིས་ཀྱི་ཁོར་ཡུག་ནས་མ་འདའ་ན་སྐྱོ་ཞིང་སྐྱོ་ཞིང་སྡོད་དགོས་པ་ཞིག་གོ

    Reply
  3. མིག་གསུམ་པ། says:
    ལོ་ 14 སྔོན།

    ངས་བསམ་ན་རྩོམ་ཡིག་འདིའི་ནང་དུ་སྐད་ཆ་གསར་བ་ཞིག་དང་། ཐབས་ལམ་གསར་བ་ཞིག་གང་ཡང་མེད་མོད། རང་ཉིད་ཀྱི་སེམས་པའི་ནང་དུ་ཇི་ཡོད་པ་ཐད་ཀར་བརྗོད་འདུག་པའི་ཚོར་སྣང་ཞིག་ངང་གིས་སྟེར་ཀི ཡིན་ནའང་། ཁོ་རང་གི་བསམ་ཚུལ་དེ་བསམ་ཚུལ་ཡིན་པའི་ངོས་ཐད་ནས་བལྟས་ན་རིན་ཐང་ཡོད་ཀི ཁོ་བའང་བོད་མི་ཞིག་གི་གྲལ་མཐའ་ནས་ལངས་ཏེ་ཁ་སང་དེ་རིང་གི་ཆེས་ཛ་དྲག་གི་གནས་བབ་འདིའི་ཐད་ནས་སྐད་ཆ་ཁ་ཤས་བརྗོད་ཡོད་པས་སོ། ཐད་ཀར་དུ་རྩོམ་པ་པོའི་སྐྱོན་ཆ་ཐེར་འདོན་མ་གནང་བར་རང་ཉིད་ཀྱིས་ཀྱང་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེས་ཏེ་ཐབས་ལམ་དང་དཔྱད་གཏམ་སྤེལ་ཚེ་མཉམ་རུབ་ཀྱི་འདུ་ཤེས་ཤིག་སྐྱེས་ཡོང་རྒྱུ་རེད། དེ་མིན་རང་གཞན་གཉིས་ཀྱི་ཁོར་ཡུག་ནས་མ་འདའ་ན་སྐྱོ་ཞིང་སྐྱོ་ཞིང་སྡོད་དགོས་པ་ཞིག་གོ

    Reply
  4. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    དྲ་གྲོགས་ལགས་ཁྱོད་ཡང་རང་སྐྱོན་གླེང་ན་ཧ་ཅང་མི་དགའ་བའི་གྲལ་ཏེ་རེད་འདུག་ག བཙན་བྱོལ་ནང་ནས་བཙན་བྱོལ་བའི་སྐྱོན་གླེང་དགོས་དཱ་དགོས། ལྷག་པར་ཞབས་འདྲེན་གང་ནས་ཞུ་ན་དེ་དག་ཞིབ་མོར་གླེང་དགོས་བ་དཔེར་ན་ཁྱོད་ཀྱི་(དེ་ལྟ་ནའང་ད་སྔ་དེ་ལྟར་བྱུང་མེད་པ་ནི་ཏཱ་ལའི་བླ་མའི་འཚེ་བའི་ཞི་བའི་ལམ་སྟོན་ཁོ་ནས)འདི་ཟོ་བཅོས་ན་མི་བཟང་གི་ནས་ཧཧཧཧཧཧཧ

    Reply
  5. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    དྲ་གྲོགས་ལགས་ཚིག་འདི་ཟོ་བཅོས་ན་མི་བཟང་ངམ་(དེ་ལྟ་ནའང་ད་སྔ་དེ་ལྟར་བྱུང་མེད་པ་ནི་ཏཱ་ལའི་བླ་མའི་འཚེ་བའི་ཞི་བའི་ལམ་སྟོན་ཁོ་ནས)བལྟ་ཡག་བྱས་ན་བཟང་གི་རེད་པ།

    Reply
  6. རྭ་ལོ། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་ན་དཔའ་བོ་ཡོད་ཀྱི་མ་རེད། གལ་སྲིད་ཡོད་ན་བཙན་བྱོལ་བྱེད་ཀྱི་མ་རེད། སྔར་ནས་རང་ལུས་འབེན་ལ་འཇོག་པའམ་ཡང་ན་མེ་ལ་སྒྲོན་ཚར་ཡོད་པ་རེད། ད་ནི་དཔའ་བོ་བོད་ནང་ནས་སྐྱེས་གིན་ཡོད་དུས་བཙན་བྱོལ་ནང་ན་དཔའ་བོ་སུ་དང་སུ་ཡོད་ལབ་ན་ལན་སྐྱོན་ཤེས་ས་མ་རེད། གང་ལྟར་ང་ནི་དཔའ་བོ་ཞིག་མིན། ལོ་རེ་ཟུང་ཞིག་ནས་མི་ཁ་ཤས་ཀྱིས་བཙན་བྱོལ་བ་ཚོས་མ་འཇོན་མ་བྱུང་བའི་སྐོར་མང་པོ་བགྲང་གི་འདུག བཙན་བྱོལ་བ་ཚོ་བཙན་བྱོལ་བ་ཡིན་པའི་ངེས་ཤེས་དེ་ཙམ་ཡང་མི་འདུག འོན་ཀྱང་། སོ་སོས་གང་འཇོན་ཚོད་དང་ནུས་ཚོད་ཀྱི་ལས་ཀ་རེ་བྱེད་ཀྱིན་འདུག་སྙམ།

    སྤྱིར་བཏང་བོད་མིའི་འཐབ་རྩོད་འདི་ལ་གོ་བ་མ་ལོན་མཁན་བརྒྱ་ཆ་ ༧༠ ཙམ་ཟིན་གྱི་ཡོད་པ་འདྲ། འགྲེལ་བཤད་བརྒྱབ་ཀྱང་མི་གོ་མཁན་བརྒྱ་ཆ་ ༤༠ ཡིན་ས་རེད། དེ་ནས་ལས་འགུལ་སྤེལ་སྟངས་མ་ཤེས་མཁན་ནི་བརྒྱ་ཆ་ ༩༩ ཡིན་པ་འདྲ། འདི་འདྲ་བའི་དཀའ་རྙོག་གི་འོག་ནས་ནང་ཁུལ་དུ་དམའ་འབེབས་དང་ཁྱད་གསོད། ཕུད་རྒྱག གཡོ་བཙོང་སོགས་མང་པོ་ཡོང་གི་འདུག

    རྩོམ་ཡིག་སྤེལ་དང་མ་སྤེལ་ལ་ད་ནི་ཁྱད་པར་མི་འདུག དེང་སྐབས་སྤེལ་བཞིན་པ་དེ་ཚོ་སྔར་ནས་སྤེལ་་ཟིན་པ་རྐྱང་རེད། བློ་སྐྱེད་གསར་པ་ཞིག་མི་འདུག ཐབས་ལམ་མ་འདྲ་བ་ཞིག་མི་འདུག སྡུག་སྨྲེ་མང་པོ་བཏོན་རུང་འབབ་རྒྱུ་ནི་གཅིག་པ་རེད།

    གནས་སྐབས་རིང་ཕྱི་རྩོམ་མ་གཏོགས་བོད་རྩོམ་རིགས་མཚམས་བཞག་ན་ཡག་པོ་ཡོད་ས་རེད། གནས་སྐབས་རིང་དེ་ཙམ་ཡིན།

    Reply
  7. རིག་པ་རང་གྲོལ། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་ན་དཔའ་བོ་མང་ནི་རེད། དྲག་སྤྱོད་བྱེད་ན་འདྲ་རང་ལུས་བསྲེགས་ན་འདྲ། ཅིག་གནོང་དང་ང་ཚོས་ལྟ་ཆོག

    Reply
  8. ཨ་འཇིགས། says:
    ལོ་ 14 སྔོན།

    ད་ལྟ་བོད་མིའི་ཞི་བའི་ངོ་རྒོལ་ལ་རྒྱ་གཞུང་གིས་ཡ་ལན་བྱེད་སྟངས་ལ་གཞིགས་ན། ཟིང་འཁྲུག་དང་གཏོར་རྒོལ།གཞུང་དང་མི་མང་བར་འཐབ་འཛིང་ཡོང་ངེས་ཀྱི་ཉེན་ཁ་རྒྱ་གཞུང་གིས་ཁྲིད་ཡོང་གི་འདུག་་་དེ་དག་ཡོང་སྲིད་པ་རེད།
    ཡིན་ནའང་དེ་དག་ལ་འཇིགས་སྐུལ་དྲག་སྤྱོད་ཅེས་བརྗོད་ཐབས་མེད།ད་ལྟ་གཏོར་རྒོལ་དང་གཏུབ་རེས་གསོད་རེས་རང་བྱེད་བཞིན་པའི་སི་རི་ཡ་སོགས་ཨ་རབ་ཀྱི་ལུང་པ་དག་གི་མི་མང་ཡར་ལངས་ཀྱི་ངོ་རྒོལ་ཚང་མར་འཇིགས་སྐུལ་དྲག་སྤྱོད་པ་རེད་ཟེར་གྱི་མེད།བྱས་ཙང་ཚིག་འདི་ཚོ་གང་བྱུང་དུ་གསུང་རྐྱང་མ་གནང་རོགས།

    Reply
  9. རིན་ཆེན་གྲགས་པ། says:
    ལོ་ 14 སྔོན།

    རྩོམ་ཡིག་འདི་ནི་བྱིས་པ་གཉིད་ལོག་གི་གཏམ་དུ་གྱུར་བ་དང་སྔ་འདང་ཕྱིར་འདང་རྒྱབ་ནས་བོད་དོན་ལ་ལས་དོན་བསྒྲུབ་རྒྱུ་ནི་དུས་ལ་བབ་པའི་འོས་འགན་ཡིན།

    Reply
  10. ཀུན་དགའ། says:
    ལོ་ 14 སྔོན།

    གྲོགས་པོ་ལགས། ཁྱེད་ཀྱིས་རང་རིགས་ཆེད་སེམས་ཁུར་ལྩི་མོ་དང་ཀུན་སློང་གཙང་བྲིས་པར་ཡིད་ཆེས་ཡོད། འོན་ཀྱང་། འཇིགས་སྐུལ་དྲག་སྤྱོད་པ་ཞེས་པར་གོ་དོན་ཟབ་མོ་ཞིག་མ་ལོན་ན་འོད་ཚོད་ཀྱིས་མཆོང་རྒྱུགས་མ་གནང་རོགས། ཕན་པ་ལས་གནོད་པ་ཡོང་སྲིད།

    Reply
  11. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    [ཐུ་བྷོད་བཙན་པོའི་སྙིང་སྟོབས་ཀྱི་དྲོད་མ་ཉམས་ཤིང་། སྙིང་རྗེ་རྩ་བ་ཅན་གྱི་བསྟན་པའི་རྩི་མ་ཡལ་བའི་བོད་པ་མེ་ཡིས་རྒོལ་མཁན་འདི་ཚོ]
    ཐ་སྙད་འདིར་ལྟོས་དང་། གོ་བརྡ་འཕྲོད་ཀི་མི་འདུག་མོད། ད་དུང་ཆེན་པོ་བཤད་ཀྱིན་འདུག

    མེ་ཡིས་རྒོལ་མཁན་ཞེས་པ་འདི་ནི་ཇི་འདྲའི་ཐ་སྙད་རྣ་ལ་གཟན་ཞིང་སྐྱུག་མེར་ལངས་པ་ཞིག་རེད་ཨང་། མེ་ཡིས་སུ་ལ་རྒོལ་གྱིན་ཡོད་པ་རེད། མེ་ཡིས་རང་གི་རིན་ཆེན་མི་ལུས་ལ་དང་དོན་ལྔ་སྣོད་དྲུག་ལ་རྒོལ་གི་ཡོད་པ་ཨེ་རེད། ་སྤྱིར་བཏང་དཔྱདང་གཏམ་སྤེལ་ན་ཐ་སྙད་རེ་རེ་བཞིན་ཁུངས་དང་རྒྱུན་མཚན་དགོས་པ་རེད། མགོ་ཆག་གིས་སྐད་ཆ་བཤད་བཤད་བྱས་ན་འགྲིག་ནི་མ་རེད།

    Reply
  12. གནམ་ལྕགས། says:
    ལོ་ 14 སྔོན།

    དྲང་མོར་བཤད་ན། རང་རེའི་མེ་རྒོལ་འདི་དག་འཇིགས་སྐུལ་དུ་འགྱུར་བའི་ཉེན་ཁ་ཞིག་ཡོང་སྟངས་མེད། དགྲ་བོའི་ལུས་ཀྱི་བ་སྤུ་གཅིག་ཀྱང་མ་བསྲེགས་པར་རང་གི་ཚེ་སྲོག་སྐྱེས་སུ་ཕུལ་ན་འཇིགས་སྐུལ་དུ་འགྱུར་བའི་ཉེན་ཁར་མཐོང་བ་ནི་དགོད་བྲོ་བ་རང་རེད།

    དགྱ་ནག་གིས་འཇིགས་སྐུལ་རེད་ཅེས་ཟེར་ངེས་ལ། ཐ་ན་ཏཱ་ལའི་བླ་མའི་ངན་སྐུལ་རེད་ཀྱང་ཟེར་ངེས། དེར་འཛམ་གླིང་མི་མང་གིས་ཡིད་མི་ཆེས་ལ། དགྱ་རིགས་མི་མང་གིས་ཀྱང་ཡིད་ཆེས་བྱེད་ཀྱི་མ་རེད། དགྱ་ནག་གུང་ཁྲན་ཏང་གིས་ཚུར་འཇིགས་སྐུལ་རེད་ཟེར་ན། ང་ཚོས་ཀྱང་དེ་དང་ཐག་ཉེའི་སྐད་ཆ་བཤད་མཁན་འདིའི་རིགས་ལ་ཧང་སངས་སོང་།

    འཇིགས་སྐུལ་ཟེར་བའི་དོན་དག་མགོ་མ་ཚེས་པར་སྐད་ཆ་འདིའི་རིགས་དུས་ནམ་ཡང་མ་བཤད་ན་ཡག

    Reply
  13. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་རིགས་འཇིགས་སྐུལ་དྲག་སྤྱོད་པ་མེད་ན། མེད་པ་ཡང་ཡག་བགྱིད་རེད་དོ། གཞོན་སྐྱེས་ཚོ། ང་རྒད་པོའི་ཁ་འཆེམས་ཡང་འདི་ལྷག་མེད་དོ། བོད་རིགས་ཚོ།

    Reply
  14. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    དྲ་གྲོགས་བསྟན་འཛིན་ཟླ་བ་ལགས་ དངོས་ནས་ཡག་པོ་བྲིས་འདུག་ མུ་མཐུད་དུ་ཕྲིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese