མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕར་འཁྲབ་ཚུར་འཁྲབ་ཀྱིས་རྙོག་ཟིང་བྱུང་ན་ཞབས་འདྲེན་ཆགས་ངེས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅལ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ཙམ་ཁེ་ན་ཌར་ལེན་འཆར་གྱི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་ལས་གཞི་དེ་ལག་བསྟར་ཞུ་ཕྱོགས་སྐོར་ལ་བཅར་འདྲི་ཞུས་ཡོད།

 དྲི་བ། ཨ་རུ་ན་ཅལ་མངའ་སྡེ་ནས་ཁེ་ན་ཌར་བོད་མི་ ༡༠༠༠ གནས་སྤོར་ཐད་བཙུགས་པའི་ལས་དོན་ཚོགས་ཆུང་དེའི་མི་སྣའི་གྲུབ་ཆ་དང་འདེམས་སྒྲིག་བྱེད་སྟངས་སྐོར་གང་འདྲ་ཡོད་དམ། 

 ལན། ཨ་རུ་ན་ཅལ་ནས་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ཁེ་ན་ཌར་གཏོང་རྒྱུར་ཆེད་དུ་བཙུགས་པའི་ལས་དོན་ཚོགས་ཆུང་གི་མི་སྣ་རྣམས་ནི། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་དང་ཁེ་ན་ཌ་བོད་ཀྱི་ལས་འཆར་འགན་འཛིན་ཉི་མ་རྡོ་རྗེ་ལགས། དེ་བཞིན། བསྟན་འཛིན་སྒང་དང་མེའོ། ཏེ་ཛུ་བཅས་གཞིས་ཆགས་ཁག་གསུམ་གྱི་སྐུ་ཚབ་མི་སྣ་རེ་བཅས་མི་ ༥ ལས་གྲུབ་ཡོད། གཞིས་ཆགས་ཁག་གསུམ་ལ་མཚོན་ན་ཡན་ལག་ས་གནས་ཡོད་པ་རེད་དེ། གཙོ་བོ་མེའོ་དང་ཏེ་ཛུ། བསྟན་འཛིན་སྒང་གསུམ་ཡིན་སྟབས། ད་ལྟའི་ཆར་ང་ཚོའི་ངོས་ནས་ས་གནས་མགོ་འཛིན་གསུམ་གྱིས་སྐུ་ཚབ་གནང་ན་མ་འགྲིག་པ་མི་འདུག་པར་ངོས་འཛིན་གྱིས་ཐག་གཅོད་བྱས་ཡོད། འོན་ཀྱང་ས་གནས་མི་མང་ནང་དགོངས་ཚུལ་འདྲ་ཡོད་ན་ང་ཚོས་ཨུ་ཚུགས་མི་བྱེད། ང་ཚོས་ས་གནས་མགོ་འཛིན་གསུམ་སྐུ་ཚབ་དུ་བསྐོས་པའི་དམིགས་ཡུལ་གཙོ་བོ་ལས་དོན་ཚོགས་ཆུང་དེའི་ལས་མི་རྣམས་ཡར་མར་འགྲོ་སྐྱོད་ཀྱིས་ལས་དོན་སྒྲུབ་དགོས་ཀྱི་ཡོད་དུས། དེའི་ཐད་འགྲོ་སོང་དང་རྩིས་ཉོག་ལྷག་མ་ཞིག་བཟོ་མ་དགོས་པའི་ཆེད་ཡིན། ང་ཚོ་གཞུང་གི་ལས་བྱེད་ཅིག་བསྐོས་པ་ཡིན་ན་རང་བཞིན་གྱིས་འགན་ཞིག་ཡོད་པར་མ་ཟད། གལ་སྲིད་མ་འགྲིག་པ་ཞིག་བྱུང་ཚེ་ཉེས་པ་གཏོང་ས་ཞིག་ཀྱང་ཡོད་པ་རེད། ཁོ་ཚོ་གསུམ་ས་གནས་མགོ་འཛིན་ཡིན་པ་གང་ཞིག་ལ་ཨ་རུ་ན་ཅལ་དང་འབྲེལ་བ་ཡོད་མཁན་གྱི་མི་གསུམ་ཆགས་འདུག དེར་བརྟེན་ས་གནས་མགོ་འཛིན་གསུམ་སྐུ་ཚབ་ཏུ་བཞག་ན་ཡག་པོར་མཐོང་སོང་།

 དྲི་བ། ད་ལྟའི་ཆར་ནང་སྲིད་ལས་ཁུངས་ཀྱིས་བསྐོ་བཞག་བྱས་པའི་ལས་དོན་ཚོགས་ཆུང་གི་ངོས་ནས་ལས་ཀ་ག་རེ་མགོ་འཛུགས་གནང་ཡོད་དམ། 

 ལན། ཟླ་འདིའི་ཕྱི་ཚེས་ ༢༣ སྟེ་ལོ་གསར་ཚེས་པ་ ༢ ལ་ཨ་སམ་གྷོ་ཧཱ་ཊེ་ལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་འཚོགས་རྒྱུ་ཡིན། ཚོགས་འདི་དེའི་ཐོག་ལས་དོན་ཚོགས་ཆུང་གི་སྐུ་ཚབ་ཚོགས་མི་ ༥ དང་། དམིགས་བསལ་གྱིས་ཊི་ཀྲེང་ས་གནས་ཀྱི་སྐུ་ཚབ་ཏུ་ས་གནས་དེ་གའི་འབྲེལ་མཐུད་པ་དང་། འབུམ་སྡེ་ལ་ས་གནས་ཀྱི་སྐུ་ཚབ་ཏུ་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་བཅས་མི་ ༧ དེ་གྷོ་ཧ་ཊེ་ལ་འཛོམ་རྒྱུ་རེད། ཚོགས་འདུ་ཚོགས་གྲུབ་རྗེས་མེའོ་དང་ཏེ་ཛུ། ཊྲི་ཀྲེང་བཅས་ཀྱི་སྐུ་ཚབ་རྣམས་ཕྱིར་སོ་སོའི་ས་གནས་ལ་ལོག་བཅུག་རྗེས། ཁེ་ན་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་འཆར་འགན་འཛིན་ཉི་མ་རྡོ་རྗེ་ལགས་དང་། འབུམ་སྡེ་ལ་དང་བསྟན་འཛིན་སྒང་གི་སྐུ་ཚབ་ཁོང་ཚོ་གསུམ་མཉམ་དུ་ས་གནས་དེ་གཉིས་ནང་ཕེབས་ཏེ། ས་གནས་མགོ་འཛིན་ལས་ཁུངས་ནང་དེབ་སྐྱེལ་བྱས་ཡོད་པའི་མིང་ཐོ་གཞིར་བཟུང་། ཕར་ཁེ་ན་ཌར་འགྲོ་འདོད་ཡོད་མཁན་ག་ཚོད་ཡོད་མེད་དབྱེ་བ་བགར་དགོས་པ་རེད། དེའི་ཐད་ང་ཚོས་འགེངས་ཤོག་ཅིག་བཟོས་ཡོད། ད་ཐེངས་ས་གནས་སོ་སོའི་ནང་འགེངས་ཤོག་དེ་འགྲེལ་བཤད་བརྒྱབ་སྟེ། ཐོག་མར་འབུམ་སྡེ་ལ་དང་བསྟན་འཛིན་སྒང་ནས་མགོ་བརྩམས་ཏེ། རིམ་པར་མེའོ་དང་ཏེ་ཛུ་བཅས་ཀྱི་མི་མང་ལ་བཀྲམས་ཏེ། ས་གནས་ཁག་ནང་འགྲོ་མཁན་ག་ཚོད་ཡོད་མེད་དང་ནང་མི་གང་དག་ཡིན་མིན་གྱི་གནས་ཚུལ་བླངས་རྗེས། གྲངས་འབོར་དང་དེའི་ཁྲོད་འོས་ཆོས་ཚང་མཁན་ག་ཚོད་ཡོད་མེད་ཧ་གོ་ཡོང་གི་རེད། འགེངས་ཤོག་ཕྱིར་བསྡུ་བའི་དུས་བཅད་ནི་ ༢༠༡༢ ཕྱི་ཟླ་ ༣ ཚེས་ ༡༥ བར་ཡིན། འགེངས་ཤོག་ཚུར་སྤྲོད་སྐབས་དོ་བདག་སོ་སོའི་ས་རྟགས་དང་། ས་གནས་གང་གི་ཐོ་མིང་ནང་དེབ་སྐྱེལ་བྱས་ཡོད་མེད་ཐད། ས་གནས་མགོ་འཛིན་གྱི་བདེན་དཔང་ས་རྟགས་བཅས་བཀོད་རྗེས། མཐའ་མ་དབུས་ནས་ཉམས་ཞིབ་བྱ་རྒྱུ་རེད།

 དྲི་བ། ལས་དོན་འདིའི་ཐད་ནང་སྲིད་ལས་ཁུངས་ཀྱི་འགན་གཙོ་བོ་གང་དག་ཆགས་ཡོད་པ་རེད།

 ལན། སྤྱིར་བཏང་ཁེ་ན་ཌ་ཕྱོགས་ནས་ལག་བསྟར་བྱེད་ཕྱོགས་ཀྱི་གན་རྒྱ་ཞིག་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་འཆར་ཚོགས་ཆུང་(project Tibet society)གི་ལག་ཏུ་བཞག་སྟེ། ཁོ་ཚོས་ནང་སྲིད་དང་མཉམ་དུ་ལས་ཀ་བྱེད་ཕྱོགས་ཐོག་གན་རྒྱ་བཞག་རྗེས། གན་རྒྱ་ལྟར་འོས་ཆོས་ཚང་མཁན་གྱི་བོད་མི་གང་དག་ཡིན་མིན་མིང་འདོན་བྱ་རྒྱུ་དེ་ང་ཚོའི་ལས་འགན་ཆགས་ཡོད། ད་ལྟ་གཞིས་ཆགས་ཁག་གསུམ་ནང་ཁྱོན་མི་ ༧༠༠༠ ལྷག་ཡོད་པའི་ནང་ནས། ཁེ་ན་ཌར་མི་ཆིག་སྟོང་ལས་གཏོང་ཐབས་མེད། དེ་དག་འདེམས་སྒྲིག་བྱེད་སྐབས་དྲང་པོ་དྲང་བཞག་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས། གོ་སྐབས་འདྲ་མཉམ་ལེན་ཐུབ་པ་བྱ་རྒྱུའི་འགན་དེ་ནང་སྲིད་ལས་ཁུངས་ལ་ཡོད་པ་རེད། མི་འགྲོ་དེ་དག་མིང་འདོན་འདེམས་སྒྲིག་བྱས་ཚར་རྗེས། མི་རེ་རེ་བཞིན་གཟུགས་པོར་ན་ཚ་ཡོད་མེད་བརྟག་དཔྱད་དང་གཞུང་ཚབ་ནང་སྐད་ཆ་འདྲི་རུ་འགྲོ་དགོས་པ་རེད། དེ་དག་གི་ཐད་བོད་རིགས་སྤྱི་མཐུན་ཚོགས་པ་(PTS)དང་ལྡི་ལི་ཁེ་ན་ཌའི་གཞུང་ཚབ་བཅས་ཀྱིས་ལས་དོན་བྱ་དགོས་པ་རེད། 

 དྲི་བ། ཁེ་ན་ཌར་གནས་སྤོར་བྱེད་མཁན་དོ་བདག་ལ་འོས་ཆོས་གང་དག་ཚང་དགོས་ཀྱི་ཡོད་དམ།

 ལན། སྤྱིར་བཏང་ལས་གཞི་འདི་ནི་༸གོང་ས་མཆོག་གིས་ཁེ་ན་ཌའི་སྲིད་བློན་ལ་རེ་འདུན་བཏོན་པ་ནང་བཞིན། ཨ་རུ་ན་ཅལ་མངའ་སྡེའི་ནང་གི་གཞིས་ཆགས་ཁག་གསུམ་དང་དེའི་ཁོངས་གཏོགས་བཅས་ནས་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ལེན་རྒྱུ་ཁས་ལེན་གནང་བ་ཞིག་ཡིན་སྟབས། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཁེ་ན་ཌ་གཞུང་དང་། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གཉིས་ཀྱིས་མཐའ་མའི་ལམ་སྟོན་གང་གནང་བ་དེའི་སྒང་ལ་འགྲོ་དགོས་པ་རེད། ད་ལྟའི་ཆར་ཁེ་ན་ཌའི་ཁྲིམས་ཡིག་དེའི་ནང་སོ་སོའི་ལུང་པ་དང་རྒྱལ་ཁབ་ནས་ཕྱི་ལ་ཐོན་དེ་ལྷག་བསྡད་པའི་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་དགོས་པ་བཀོད་ཡོད་སྟབས། གོ་སྐབས་དེ་བོད་མི་སྐྱབས་བཅོལ་བར་རག་ཐུབ་པ་བྱ་དགོས་པ་རེད། ང་ཚོའི་ངོས་ནས་སྐྱབས་བཅོལ་ལག་དེབ་(RC) དང་རང་བཙན་ལག་དེབ་གཉིས་བོད་མི་སྐྱབས་བཅོལ་བའི་དཔང་རྟགས་ཡིག་ཆར་ངོས་འཛིན་བྱེད་ཀྱི་ཡོད། 

 དྲི་བ། ཁེ་ན་ཌར་གནས་སྤོར་རག་ཐབས་ལ་ཆེད་དམིགས་ཉེ་ཆར་སྐྱབས་བཅོལ་ལག་དེབ་དང་དཔྱ་ཁྲལ་ལག་དེབ་བཟོ་མཁན་གྱི་གནད་དོན་ཅི་ལྟར་ཐག་གཅོད་གནང་གི་ཡིན།

 ལན། ༢༠༡༠ ཕྱི་ཟླ་ ༡༠ ཚེས་ ༡༢ སྔོན་ལ་སྐྱབས་བཅོལ་ལག་དེབ་དང་བོད་མིའི་དཔྱ་ཁྲལ་ལག་དེབ་བཟོས་ཡོད་མཁན་ཡིན་ན་འགྲིག་གི་ཡོད་པ་རེད། ཡིན་ནའང་། ས་ཁང་སྒྲིག་གཞིའི་ཆ་རྐྱེན་ལྟར་ཨ་རུ་ན་ཅལ་བོད་མིའི་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ལས་ཁུངས་ནང་དེབ་སྐྱེལ་བྱས་ཡོད་པ་གང་ཞིག་ ༢༠༡༠ ཕྱི་ཟླ་ ༡༢ ཚེས་ ༡༨ སྔོན་ནས་གཞིས་ཆགས་ནང་ཡོད་མཁན། ད་དུང་མི་མཐུད་ནས་བསྡད་ཡོད་མཁན་ཞིག་དགོས་ཀྱི་ཡོད་པ་རེད།

 དྲི་བ། སྔོན་མ་ཨ་རུ་ན་ཅལ་བོད་མིའི་གཞིས་ཆགས་ནང་དེབ་སྐྱེལ་བྱས་ཡོད་པ་གང་ཞིག རྗེས་སུ་ས་གནས་གཞན་ལ་གནས་སྤོར་ཟིན་པ་ཞིག་ཡིན་ཚེ་དེར་ངོས་འཛིན་གང་འདྲ་ཡོད་དམ།  

 ལན། དེ་ཚོའི་རིགས་ལ་དགོངས་དག་ཟེར་རྒྱུ་རང་རེད། གང་ཡིན་ཟེར་ན་ད་ལྟའི་དེབ་སྐྱེལ་ནང་ཡོད་པ་མ་རེད། ང་ཚོའི་སར་དེ་འདྲ་ཁ་ཤས་འབྱོར་སོང་། མ་གཞི་ལས་ཀ་ཟེར་བ་དེ་དྲང་པོ་གཙང་མ་ཞིག་དགོས་སྟབས། དང་པོ་ལས་ཀ་མ་བྱས་སྔོན་ལ་འོས་ཆོས་ག་རེ་ཚང་དགོས་མིན་ཡིག་ཐོག་ལ་ཕབ་དགོས་རྒྱུ་དེ་གལ་ཆེན་པོ་རེད། མི་རེ་རེ་ལ་བལྟས་ཏེ་འགྲེལ་བཤད་བརྒྱབ་ན་འགྲིག་གི་ཡོད་པ་མ་རེད། དེར་བརྟེན། ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་འོས་ཆོས་དོན་ཚན་ ༡༠ ཅན་གྱི་ཟིན་བྲིས་ཤིག་བཟོས་ཏེ་བཀའ་ཤག་ལ་ཕུལ་ཅིང་། བཀའ་ཤག་གིས་རྒྱབ་གཉེར་ཐོབ་པ་ལྟར་ང་ཚོས་རྩ་འཛིན་བྱེད་ས་གཙོ་བོ་དོན་ཚན་བཅུ་དེ་ཆགས་ཡོད། དེ་ལ་འགྱུར་བ་འགྲོ་དགོས་བྱུང་ཚེ་བཀའ་ཤག་ནས་འགྱུར་བ་གཏོང་གི་རེད་མ་གཏོགས། ང་ཚོའི་ངོས་ནས་དོ་བདག་སོ་སོར་འོས་ཆོས་དོན་ཚན་བཅུ་ཚང་ཡོད་མེད་ཁོ་ན་གཞི་ལ་འཇོག་གི་རེད།

 དྲི་བ། གལ་སྲིད་བཟའ་ཟླ་གཉིས་ལས་གཅིག་ལ་རྒྱ་གར་མི་སེར་ལག་འཁྱེར་དང་གཅིག་ལ་བོད་པའི་སྐྱབས་བཅོལ་ལག་འཁྱེར་ཡོད་རིགས་ཇི་ལྟར་ཐག་གཅོད་གནང་འཆར་ཡོད་དམ། 

 ལན། བོད་པ་མ་ཡིན་པའི་ཕྱི་རྒྱལ་མི་རིགས་བོད་མིར་གཉེན་སྒྲིག་བྱས་ཡོད་པ་དེ་འདྲའི་ནང་། བོད་སྤྱི་བའི་རྩ་དོན་ཐོག་ང་ཚོ་ལས་ལྷག་པའི་སེམས་ཤུགས་དང་ལྷག་བསམ་ཅན་མང་པོ་ཡོད་པ་རེད། ཁོ་ཚོ་ཚང་མ་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་ལ་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། འོན་ཀྱང་ཐེངས་འདིའི་ལས་གཞི་ཁོངས་སུ་ཚུད་མ་ཚུད་དེ་ང་ཚོ་གཅིག་པུར་གདམས་ཀ་ཡོད་པ་ཞིག་མ་རེད། རྒྱལ་ཁབ་གཞན་པ་ཞིག་གི་ཐག་གཅོད་ལ་བསྟུན་དགོས་དུས། ང་ཚོར་དེའི་རིགས་ཐག་གཅོད་བྱེད་ཕྱོགས་ལ་དཀའ་ངལ་ཏོག་ཙམ་འདུག ཁེ་ན་ཌ་གཞུང་གིས་བཀའ་གནང་པ་དེ་བོད་མི་སྐྱབས་བཅོལ་བ་ཡིན་དགོས་སྟབས། རྒྱ་གར་གྱི་མི་སེར་ལག་དེབ་ཡོད་པ་ཡིན་ན་དེ་ཁག་པོ་ཆགས་ཡོད་པ་རེད།

 དྲི་བ། ལས་དོན་འདིའི་ཐད་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་འགན་གཙོ་བོ་གང་དག་འཁྱེར་དགོས་ཀྱི་ཡོད་དམ། 

 ལན། བོད་མི་དེ་དག་ཁེ་ན་ཌའི་ནང་འཐེན་པ་ལ་སྦྱིན་བདག་དང་འགན་ལེན་བྱེད་མཁན་ངེས་པར་དུ་དགོས་པ་རེད། དེ་ཐབས་འཚོལ་གྱི་འགན་གཙོ་བོ་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་འཆར་ཚོགས་ཆུང་(PTS)གིས་འཁུར་དགོས་པ་རེད། ཁོ་ཚོས་ཐབས་ཤེས་གནང་བཞིན་ཡོད་པ་རེད། ད་ལྟ་ཁོ་ཚོའི་འགན་འཛིན་ཉི་མ་རྡོ་རྗེ་ལགས་ཀྱང་འདིར་ཕེབས་བསྡད་ཡོད། ཁོང་ལ་སྐད་ཆ་དྲིས་ན་ཁ་གསལ་ཡོང་གི་རེད། དེ་བཞིན། ཁེ་ཎ་ཌ་དང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་གང་ཐུབ་ཀྱི་མཉམ་རུབ་དང་རྒྱབ་སྐྱོར་གནང་བཞིན་པ་རེད།

 དྲི་བ། ཁེ་ན་ཌའི་གཞུང་གིས་སྤྲད་པའི་ཡིག་ཆའི་ནང་མི་ཟླ་སྒྲིལ་གྱིས་གཏོང་དགོས་ཚུལ་བརྗོད་པའི་ཐད་ས་གནས་མང་ཚོགས་ལ་དགོངས་ཚུལ་གང་འདྲ་འདུག་གམ།

 ལན། ས་གནས་མི་མང་གི་མངོན་འདོད་ནི་ཁྱིམ་ཚང་རེ་ནས་མི་རེ་གཏོང་རྒྱུ་དེ་རེད། གལ་སྲིད་དེ་ལྟར་གཏོང་ཐུབ་པ་ཡིན་ན། སོ་སོ་རང་ཉིད་ཀྱི་རྐང་པའི་སྒང་ལ་ལངས་ཐུབ་མཁན་ཤ་སྟག་གཏོང་ཐུབ་རྒྱུ་རེད། ཕར་ཁེ་ན་ཌའི་ནང་བསླེབས་རྗེས་ཀྱང་ས་གནས་སོ་སོའི་ནང་ལས་ཀའི་ཐོག་ནུས་པ་འདོན་ཐུབ་རྒྱུ་རེད་ལ། དེ་དག་གིས་ཚུར་སོ་སོའི་གཞིས་ཆགས་ནང་ལའང་ཕན་ཐོག་གི་རེད། ད་ལྟ་བར་དུ་ང་ཚོས་ངོས་ནས་ཀྱང་དེ་ལ་རྒྱབ་སྐྱོར་དང་རེ་སྐུལ་ཞུ་བཞིན་ཡོད། ཡིན་ནའང་ཁེ་ན་ཌའི་གཞུང་གིས་ད་སྔ་ངོས་ལེན་གནང་ཡོད་པ་མ་རེད། ཁོ་ཚོའི་ཕྱོགས་ནས་ནང་མི་ཁ་བྲལ་གཏོང་བ་དེ་ཡག་པོར་བརྩི་གི་མི་འདུག གཏན་འཇགས་བྱས་ཏེ་ཕར་ཡོང་མཁན་གྱི་ནང་མི་འདིར་ལྷག་པ་ཡིན་ན། ནང་མི་ཁ་བྲལ་དུ་འགྲོ་རྒྱུར་སེམས་འཚབ་བྱེད་ཀྱི་ཡོད་པ་རེད། ནང་མི་ཟླ་སྒྲིལ་ཟེར་བ་དེ་ཡང་ང་ཚོའི་རྩི་སྟངས་དང་ཅུང་མ་འདྲ་བ་ཞིག་ཡོད་པ་རེད། ཕྱི་རྒྱལ་གྱི་ནང་མི་བརྩི་སྟངས་ནི་ཁྱིམ་ཚང་ནང་གི་བཟའ་ཟླ་གཉིས་ཀ་དང་། ལོ་ ༡༨ མན་གྱི་སོ་སོའི་བུ་ཕྲུག་བཅས་ནང་མིར་བརྩི་བཞིན་ཡོད་པ་རེད། ད་དུང་རང་ལོ་ ༡༨ ལས་བརྒལ་ཀྱང་རང་འཚོ་མི་ཐུབ་པར་ཕ་མར་བརྟེན་དགོས་རིགས་ནང་མིའི་ཁྲོད་ཚུད་པར་ངོས་འཛིན་གནང་གི་ཡོད་འདུག དེ་མིན་གྱི་རྒན་འཁོགས་རིགས་ཚུད་ཀྱི་ཡོད་པ་མ་རེད།

 དྲི་བ། ཁ་ན་ཌའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཕར་ལེན་རྒྱུའི་ཐད་དོ་བདག་གི་ལོ་ཚད་ལ་ཚད་བཀག་ཡོད་དམ།

 ལན། ད་ལྟ་ཡིག་ཆའི་ནང་ལོ་ཡི་ཚད་བཀག་གསལ་པོ་མི་འདུག ཡིན་ནའང་། རང་ཁ་རང་གསོ་དང་ནང་མིར་ལྟ་སྐྱོང་བྱེད་ཐུབ་མཁན་ཞེས་བྲིས་ཡོད་པའི་ཚིག་འགྲོས་ལ་བལྟས་ན། སོ་སོའི་ངོས་ནས་ངལ་རྩོལ་བྱེད་ཐུབ་མཁན་གྱི་མི་དར་མ་ཡིན་དགོས་ཀྱི་ཡོད་པ་འདྲ་ཞིག་རང་བཞིན་གྱིས་ཆགས་འདུག ང་ཚོས་ངོས་ནས་ཐོབ་ཐང་སྤྲོད་སྐབས་འདྲ་མཉམ་བྱེད་རྒྱུ་ཡིན།

 དྲི་བ། གལ་སྲིད་ཁེ་ན་ཌའི་འགྲོ་ལུགས་ལྟར་ནང་མི་ཟླ་སྒྲིལ་གྱིས་ཕྱིན་ཚེ་རྒན་འཁོགས་ཚང་མ་ཤུལ་དུ་ལྷག་ཉེན་ཡོད་སྟབས་དེ་ལ་དགོངས་བཞེས་གང་འདྲ་ཡོད་དམ།  

 ལན། ས་གནས་མི་མང་གིས་ག་རེ་བསམ་གྱི་ཡོད་པ་དེ་ང་ཚོས་བརྒྱ་ཆ་བརྒྱ་ཤེས་ཐུབ་ཀྱི་མི་འདུག་སྟེ། ང་ཚོའི་བསམ་ཚུལ་ནི་ཕར་འགྲོ་ས་ཞིག་འདུག་ལབ་སྟེ་བཟའ་ཚང་ལོ་གཞོན་དང་བྱིས་པ་ཆ་ཚང་ཕར་ཕྱིན་ཏེ། ཤུལ་དུ་སོ་སོའི་ཕ་མ་རྒན་རྒོན་ཁོ་ན་གཡུགས་བཞག་པ་ཡིན་ན་དེ་རྩ་བ་ཉིད་ནས་འགྲིག་ས་མ་རེད། ཁྱིམ་ཚང་ཁ་ཤས་ནང་ཕ་གཅིག་པུ་དང་མ་གཅིག་པུ་མ་གཏོགས་མེད་མཁན་དེ་འདྲ་ཡོད་པ་རེད། དེ་དག་ཁང་པ་སྲུང་མཁན་གྱི་བཟོ་ལྟ་བུར་ཤུལ་དུ་གཅིག་པུར་ལྷག་བསྡད་པ་ཡིན་ན། དེ་ག་འདྲ་ཞིག་ཆགས་ཡོང་ན་བསམ་པའི་བློ་འཚབ་འདུག དེར་བརྟེན། ང་ཚོའི་ངོས་ནས་ཁེ་ན་ཌ་གཞུང་ཚབ་ལའང་། ང་ཚོ་བོད་པའི་ནང་མི་བརྩི་སྟངས་དེ་སོ་སོའི་ཕ་མ་གཉིས་ཀ་གཙོ་བོར་བཟུང་ནས་བརྩི་བཞིན་ཡོད་པས། ཕ་མ་གཉིས་ཤུལ་དུ་གཡུགས་ཏེ་སོ་སོའི་བཟའ་ཟླ་ཁྲིད་ནས་འགྲོ་རྒྱུ་དེ་ཡག་པོ་མེད་སྟབས་དགོངས་བཞེས་གནང་དགོས་ཀྱི་འདུག་ཅེས་ཞུས་པ་ཡིན། དེའི་ཐོག་ལ་བསམ་བློ་གཏོང་གི་ཡིན་ཞེས་གུ་ཡངས་པོ་གནང་གི་འདུག ཡིན་ནའང་། ང་ཚོའི་ནང་མིའི་གྲངས་ཀ་དེ་ལ་ངེས་གཏན་མེད་པའི་འགྱུར་བ་འགྲོ་སླ་བའི་དཀའ་རྙོག་ཅིག་ཡོད་པ་རེད། གཙོ་བོ་གཞིས་ཆགས་སོ་སོར་བསམ་ཚུལ་ག་རེ་ཡོད་མེད་ལ་ལྟ་དགོས་པ་རེད། ད་ལྟ་དེར་ཉམས་ཞིབ་ཞིག་བྱེད་བཞིན་ཡོད།

 དྲི་བ། མི་འགྲོ་འོས་ཆོས་ཚང་མིན་གཏན་འབེབས་བྱས་ཟིན་རྗེས་རྒྱན་རྒྱག་སྟངས་ག་འདྲ་ཡིན་ནམ།

 ལན། མི་འགྲོ་འོས་ཆོས་ཚང་མིན་འདེམས་སྒྲིག་བྱས་ཚར་པའི་རྗེས་ལ། ཁེ་ན་ཌ་གཞུང་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། རིམ་པ་བཞིན་མི་ ༡༠༠ རེ་ལ་ཕྱི་སྐྱོད་ཐོངས་མཆན་ས་མིག་སྤྲད་པ་ཡིན་ན། ང་ཚོས་ངོས་ནས་ས་མིག་བརྒྱ་བོ་དེ་ས་གནས་ཁག་གསུམ་ལ་བགོ་བཤའ་བརྒྱབ་སྟེ་རྒྱན་རྒྱག་གི་རེད། དེ་མིན་པར་མི་ ༡༠༠༠ ས་མིག་སྡེབས་གཅིག་ལ་སྤྲད་པ་ཡིན་ན། དེ་ལྟར་སྡེབས་གཅིག་ལ་ས་གནས་ཁག་གསུམ་ལ་བགོ་བཤའ་བརྒྱབ་སྟེ་རྒྱན་རྒྱག་རྒྱུ་ཡིན། སྔ་ཕྱིར་གྲངས་འབོར་ག་ཚོད་རེ་ལ་རྒྱན་རྒྱག་མིན་དེ་ཁེ་ན་ཌ་གཞུང་དང་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་ཐག་གཅོད་གནང་གི་རེད། ང་ཚོས་ངོས་ནས་ཁེ་ན་ཌའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ ༡༠༠༠ ལ་གོ་སྐབས་སྤྲོད་ཀྱི་ཡོད་པ་དེར། འདི་ཕྱོགས་ནས་མཐུན་འགྱུར་ག་རེ་གནང་དགོས་པ་བསྒྲུབ་རྒྱུ་དེ་རེད། ཇི་ལྟར་ཕར་འཐེན་རྒྱུ་ཡིན་མིན་སོགས་ནི་ཁེ་ན་ཌའི་གཞུང་གིས་ཐག་གཅོད་གནང་ཡོང་གི་རེད། ཡིན་ནའང་། ཕར་འགྲོ་སྐབས་སྨན་ཁང་ནང་བརྟག་དཔྱད་དང་འགེངས་ཤོག་བསྐང་རྒྱུ་སོགས་ཀྱི་ཐད་ང་ཚོས་རོགས་པ་བྱེད་རྒྱུ་རེད། 

 དྲི་བ། ལས་འཆར་འདིའི་ཐད་ཀྱི་ཁེ་ན་ཌའི་གཞུང་གི་ཡིག་ཆའི་ནང་གལ་སྲིད་རྙོག་དྲ་རིགས་བྱུང་ཚེ། ལས་གཞི་འདི་མཚམས་འཇོག་བྱེད་སྲིད་པའི་ཉེན་བརྡ་བཏང་འདུག ལས་གཞི་འདི་ལེགས་འགྲུབ་ཡོང་ཆེད་འབོད་སྐུལ་ག་རེ་གནང་རྒྱུ་ཡོད།

 ལན། དང་པོ། མགོ་ཁྲིད་མཁན་གྱིས་སོ་སོའི་འགན་འཁུར་ཐུབ་པ་གནང་སྟེ་མགོ་ཆ་ཚང་བ་ཞིག་འཁྲིད་ཐུབ་རྒྱུ་གལ་ཆེ་ཤོས་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགན་ནང་སྲིད་ལས་ཁུངས་ཀྱིས་འཁུར་བཞིན་ཡོད་པ་རེད། གཞུང་གི་ཐོག་ནས་འདེམས་སྒྲིག་བྱེད་སྟངས་དྲང་པོ་བདེན་པ་གནང་དགོས་པ་རེད་ལ། མི་མང་གི་ངོས་ནས་ཀྱང་བཟང་སྤྱོད་ཀྱི་ཐོག་ནས་ཚུར་གནས་ཚུལ་བདེན་པ་བཤད་དགོས་པ་རེད། ཁྱོ་ག་སྐྱེས་དམན་མེད་མཁན་རྣམས་ཀྱིས་ཡོད་མདོག་གཡོ་འཁྲབ་དང་། ས་གནས་ཐོ་གཞུང་ནང་མིང་ཐོ་མེད་མཁན་གྱིས་མིང་ཐོ་རྫུན་བཟོ་བྱེད་པ་སོགས་ཕར་འཁྲབ་ཚུར་འཁྲབ་ཀྱིས་རྙོག་ཟིང་དེ་འདྲ་བྱུང་བ་ཡིན་ན། ཕྱི་ལོགས་ནས་ཐོས་ནའང་ཞབས་འདྲེན་རང་ཆགས་ཀྱི་རེད། དེར་བརྟེན། མི་མང་གིས་ཀྱང་ག་ཚོད་ཐུབ་ཐུབ་ཀྱིས་མཐུན་འགྱུར་ཞུ་དགོས་པ་དེ་གལ་ཆེན་པོ་རེད། གཉིས་པ། བོད་རིགས་སྤྱི་མཐུན་ཚོགས་པའི་ཐོག་ནས་ད་ལྟ་བར་དུ་ཕྱག་ལས་མང་པོ་གནང་ཡོད་པ་རེད། ཡིན་ནའང་། ཕར་ཁེ་ན་ཌའི་ནང་འགྲོ་སའི་ས་ཆ་དང་ཕར་འཐེན་མཁན་གྱི་སྦྱིན་བདག་རྣམས་ཏག་ཏག་ཅིག་བཟོ་ཐུབ་པ་གནང་དགོས་པ་རེད། གཞན། མཚམས་རེར་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རྙོག་དྲ་ཏོག་ཙམ་རེ་ཡོང་གི་ཡོད་ཀྱང་། ཆེ་ས་ནས་དཀའ་ངལ་དེ་འདྲ་འཕྲད་པ་མ་རེད་བསམ་གྱི་འདུག ད་ཐེངས་ཀྱི་ལས་གཞི་འདི་ང་ཚོར་མཚོན་ན་གོ་སྐབས་ཤིག་ཆགས་ཡོད་སྟབས། གང་ཡག་ཡག་ཅིག་གི་ཐོག་ནས་གོ་སྐབས་བེད་སྤྱོད་གཏོང་ཐུབ་པའི་རེ་བ་དང་འབོད་སྐུལ་བྱེད་ཀྱིན་ཡོད།

 

ཁེ་ན་ཌར་མི་འགྲོའི་འོས་ཆོས་ཐད་བཀའ་ཤག་གི་འཆར་འབུལ་གཏན་འབེབས་དོན་ཚན་བཅུ།

 ༄༅། ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༢༩ ཉིན་ཁེ་ན་ཌའི་སྲིད་བློན་ཧར་ཕཱེར་(Stephen Harper)མཆོག་ལ་ཨ་རུ་ན་ཅལ་གཞིས་ཆགས་ཁག་གི་སྒྲིག་ཁོངས་ནས་སྐྱབས་བཅོལ་གཞིས་མི་གང་འཚམས་ཤིག་ཁེ་ན་ཌར་གཞིས་ཆགས་ངོ་བོར་ལེན་ཐབས་འབོད་བསྐུལ་མཛད་པ་བཞིན། ཁེ་ན་ཌ་གཞུང་གི་(Minister of Citizenship and Immigration) ལས་ཁུངས་ནས། ༢༠༡༡ ཟླ་ ༣ ཚེས་ ༡༧ ཉིན་ཨ་རུ་ན་ཅལ་ཁུལ་གཞིས་ཁོངས་ནས་གཞིས་མི་གྲངས་ ༡༠༠༠ ལས་མ་བརྒལ་བ་ཁེ་ན་ཌར་གཞིས་ལེན་གནང་ཕྱོགས་གཞུང་འབྲེལ་རྩ་འཛིན་ (Temporay Public Policy Concerning Tibetans Living in the State of Arunachal Pradesh in India) ཞེས་པ་ (Section 25.2 of  Immingration and Refugee Protection Act) ཁྲིམས་གཞིའི་འོག་གཏན་འབེབས་ལྟར་ཏི་ཛུ་དར་རྒྱས་གླིང་དང་། ཁྱབ་ཁོངས་ཀྲུ་ཀྲིང་། བསྟན་འཛིན་སྒང་དང་ཁྱབ་ཁོངས་སྦུམ་སྡེ་ལ། མེའོ་ཆོས་འཕེལ་གླིང་བཅས་གཞིས་ཆགས་ཁག་གི་སྒྲིག་ཁུངས་ནས་ཁེ་ན་ཌར་གཞིས་ཆགས་གཏོང་རྒྱུའི་མི་འགྲོའི­­་ཁོངས་སུ་ཚུད་རྒྱུར་ཚང་དགོས་པའི་གལ་ཆེའི་ཆ་རྐྱེན་ཁག་གཤམ་གསལ།

༡༽ མི་གྲངས་ ༡༠༠༠ ལས་མ་བརྒལ་བའི་མི་འགྲོ་གཏན་འབེབས་དེ་ཐད་གཞིས་ཆགས་སོ་སོའི་དེབ་འཁོད་མི་འབོར་ལ་གཞིགས་པའི་གྲངས་ཚད་གཏན་འབེབས་བྱ་རྒྱུ།

༢༽ མི་འགྲོ་གང་ཞིག་བོད་མི་སྐྱབས་བཅོལ་བ་ཡིན་དགོས། (སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་ལག་དེབ་གཉིས་ལ་ཆ་འཛིན་བྱ་རྒྱུ་དང་། ལོ་ཚད་མ་ལོན་པའི་ལག་དེབ་མེད་རིགས་ལ་ཕ་མ་གཉིས་ཀྱི་སྐྱབས་བཅོལ་ལག་འཁྱེར་དང་དཔྱ་ཁྲལ་ལག་དེབ་གཉིས་ལ་ཆ་འཛིན་བྱ་རྒྱུ།)

༣༽ མི་འགྲོ་གང་ཞིག་གཞིས་ཆགས་གང་རུང་གི་སྒྲིག་ཁུངས་སུ་ཡིན་པ་གཞིས་ཆགས་ཀྱི་མིང་གཞུང་མ་དེབ་ནང་མིང་ཐོ་ཡོད་པ་དང་གཞིས་ཆགས་ནང་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ སྔོན་ནས་དང་། དེའི་རྗེས་སུ་མུ་མཐུད་དེ་གཞིས་ཁོངས་སུ་ཡོད་པ་ཞིག་ཡིན་དགོས།

༤༽ དོ་བདག་གི་ངོས་ནས་ཁེ་ན་ཌ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་དང་། ནག་ཉེས་ལས་ཀ་བྱ་དོགས། དེ་སྔ་འགྲོ་བ་མིའི་རིགས་ལ་མནར་གཅོད་བཏང་བའི་ལོ་རྒྱུས་ཡོད་རིགས། ཁྲིམས་འགལ་བྱ་དོགས་ཅན། ནད་གཅོང་ཅན། རང་ཉིད་ཀྱི་ལོ་རྒྱུས་རྫུན་བསྒྲིགས་བྱས་ཏེ་ཁེ་ན་ཌར་འཚང་འཛུལ་བྱ་ཐབས་བྱེད་མཁན་སོགས་མ་ཡིན་པ།

༥༽མི་འགྲོ་གང་ཞིག་གི་བཟའ་ཟླ་དང་རང་ལོ་ ༡༨ མན་གྱི་བུ་ཕྲུག་ཁོ་ན་ལས་གཞན་གང་ཡང་འདོད་ཅིག་ནང་མིར་མི་བརྩི།

༦༽མི་འགྲོ་རང་ཉིད་ལ་ཁེ་ན་ཌའི་ནང་འཚོ་རྟེན་ཐབས་བྱུས་སྐྲུན་ཐུབ་པའི་ནུས་པ་ལྡན་པ་ཞིག་ཡིན་པ།

༧༽ ཁེ་ན་ཌར་གཞིས་ཆགས་སུ་རྡོག་ཐོན་རིགས་ཀྱི་གཞིས་སྐལ་ས་ཁང་གཉིས་ཀ་གྲོང་སྡེའི་བརྒྱ་དཔོན་བརྒྱུད་ས་གནས་ས་ཁང་ཚོགས་ཆུང་ལ་ཀ་ཀོར་གླེང་མེད་ཐོག་རྩིས་འབུལ་བྱ་རྒྱུ།

༨༽ས་གནས་མགོ་འཛིན་ལས་ཁུངས་དང་། བོད་མིའི་མཉམ་འབྲེལ་ལ་བུ་ལོན་འཇལ་དགོས་པ་མ་ཡིན་པ།

༩༽ཕྱི་རྒྱལ་ཡུལ་གྲུ་ཞིག་ཏུ་ནང་མི་ཟླ་སྒྲིལ་གྱི་ལས་རིམ་ནང་ཡོད་རིགས་ལ་ཐེངས་འདིའི་གོ་སྐབས་མི་ཐོབ།

༡༠༽ ནང་སྲིད་ལས་ཁུངས་ནས་མི་འགྲོ་འདེམས་ཐོན་ཁོངས་སུ་ཚུད་རིགས་ལ་དགོས་མཁོའི་ཡིག་ཆ་ཁག་ཞུ་སྟངས་ཀྱི་རྒྱུས་སྟོན་གྱི་མཐུན་འགྱུར་ཞུ་རྒྱུ་ལས། དེ་མིན་ཐོངས་མཆན་ཞུ་རྒྱུ་དང་སྨན་པའི་བརྟག་དཔྱད། ལམ་གྲོན་སོགས་ཀྱི་འགྲོ་གྲོན་ཡོངས་རྫོགས་མི་འགྲོ་རང་ཉིད་ནས་རྒྱག་རང་ཁུར་བྱ་དགོས་པ་བཅས་ཀྱི་རྩ་འཛིན་དུ། ནང་སྲིད་ལས་ཁུངས་ནས་ ༢༠༡༡ ཟླ་ ༡༢ ཚེས་ ༢༠ ལ།

མཁྱེན་རྟོགས་ཆེད་འགྲེལ་བརྗོད།

ཨ་རུ་ན་ཅལ་བོད་མིའི་གཞིས་ཆགས་ཁག་ནས་གཞིས་མི་ཁེ་ན་ཌར་བསུ་ལེན་འགན་ཁུར་བ་ཁེ་ན་ཌར་རྟེན་གཞི་བྱས་པ་ Project Tibet Society (PTS) བོད་རིགས་སྤྱི་མཐུན་ཚོགས་པ་བརྒྱུད་དོ་བདག་ཁེ་ན་ཌར་བསུ་ལེན་བྱ་རྒྱུའི་སྦྱིན་བདག་ཐོབ་ཡོད་པ་ཞིག་དགོས།

  གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་གསར་ཤོག་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༩ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༩ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

མཆན། 7

  1. གུང་རུ་འབྱོར་མཆོག says:
    ལོ་ 13 སྔོན།

    དོན་ཕན་བདེན་པའི་བྱ་བ་ཟིག་རེད་ལ་དབུས་བོད་མི་སྒྲིག་འཛུགས་ནས་ཐུགས་ཁུར་ཆེ་བཞེས་གནང་ནི་དགའ་བ་འོས་པ་རེད་ལ་ཁ་ན་ཏྲ་གཞུང་གི་བོད་མི་དམངས་རོགས་རམ་གནང་དེ་བྱེས་འབྱོར་ལ་དཀའ་ངལ་གཟིགས་གནང་བ་སོང་ཙང་མི་སྐྱོ་པོ་རིགས་གཏོང་ཐུབ་ན་སྙམ།ཡང་མཚམས་རེ་རྡ་ས་འཁོར་ཡུག་དེ་ན་དྲང་བདེན་མིན་པ་ཡོང་གི་ཡོད་ཙང་ད་ལན་དེ་དྲང་བདེན་ཡོང་བའི་རེ་བ་ཡོད།དཔེ་ན་ཆབ་སྲིད་བཙོན་པ་མིན་པ་རྫུན་པ་དེ་འདྲ་ཨོ་སི་ཏྲི་ལེས་ཡ་འགྲོ་ཟིན་པ་སོགས་ལོ་རྒྱུས་བཤད་ཡོད་པས་དེ་དགོངས་འཇགས་འཚལ།

    Reply
  2. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    བོད་ཀྱི་བུ་མོ།
    ཚིག མགོ་ལོག་ཟླ་བ་ཐར །
    བླ་མའི་ཞབས་ཞུ་འགྲུབ་ཡོད ། ། དམངས་ཀྱི་རེ་བ་བསྐངས་ཡོད ། །
    ཨ་ཅག་རྒྱ་རི་སྒྲོལ་མ ། ། ཤེས་འཇོན་ཆར་སྤྲིན་འཁྲིགས་ཡོད ། །

    གཞན་ཕན་སྨོན་ལམ་ཐེབས་ཡོད ། ། རིགས་ཀྱི་སོན་རྩ་བསྐྱངས་ཡོད ། །
    ཨ་མ་རྗེ་བཙུན་པད་མ ། ། ལྷག་བསམ་འོ་མཚོ་འཕྱུར་ཡོད ། །

    གཞིས་བྱེས་འབྲེལ་ཐག་མཐུད་ཡོད ། ། རིགས་ཞེན་སྲོག་མཁར་བཟུང་ཡོད ། །
    ཨ་ཆེ་ཚེ་རིང་འོད་ཟེར ། ། བློ་སྤོབས་གློག་འཕྲེང་འབར་ཡོད ། །

    ཡ་རབས་ཡོན་ཏན་འཛོམས་ཡོད ། ། བྱམས་དང་སྙིང་རྗེ་ལྡན་ཡོད ། །
    ཆོལ་གསུམ་བོད་ཀྱི་བུ་མོ ། ། འཛམ་གླིང་ཁྱོན་ལ་གྲགས་ཡོད ། །

    འདིར་བཀོད་པའི་གཞས་ཚིག་བོད་ནང་གི་གླུ་མ་གྲགས་ཅན་ཞིག་གིས་བདག་ པོ་བརྒྱབ་ཟིན །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཉམ་ཐག་ཚོ་ལ་ཕན་དགོས་རེད་དོ། ཉམ་ཐག་ཚོ་ལ་ཕན་དགོས་རེད་དོ། ཉམ་ཐག་ཚོ་ལ་ཕན་དགོས་རེད་དོ། ཉམ་ཐག་ཚོ་ལ་ཕན་དགོས་རེད་དོ། ཉམ་ཐག་ཚོ་ལ་ཕན་དགོས་རེད་དོ།

    Reply
  4. འཇིགས་མེད says:
    ལོ་ 13 སྔོན།

    ༨༽ས་གནས་མགོ་འཛིན་ལས་ཁུངས་དང་། བོད་མིའི་མཉམ་འབྲེལ་ལ་བུ་ལོན་འཇལ་དགོས་པ་མ་ཡིན་པ། ཞེས་པ་ཅུང་མ་འོས་པ་ཞིག་རེད་ གང་ཡིན་ཟེར་ན་དེ་ལྟར་བྱས་ན་ཉམ་ཐག་ཚོ་རང་བཞིན་གྱིས་ཕྱིར་ཕུད་འགྲོ་བ་ཞིག་ཆགས་ཀྱི་ཡོད་སྟབས་དེ་ལ་ཡང་ངེས་བར་དུ་གཟབ་དགོས་བཞིག་རེད་འདུག་ན་ མཛད་གཙོ་རྣམས་ཀྱིས་དེ་ལ་ཐུགས་སྣང་ཡོང་བ་མཁྱེན་མཁྱེན་མཁྱེན་ལགས་

    Reply
  5. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    མཛད་པ་འཕྲིན་ལས་རྒྱས།། བསྟན་པ་དགུང་དང་མཉམ །།བཞེད་དོན་ལྷུན་གྱིས་གྲུབ ། །སྐུ་ཚེ་རྒྱལ་མཚན་བརྟན ། །

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་རུ་ན་ཅལ་མངའ་སྡེ་ནས་ཁེ་ན་ཌར་བོད་མི་ ༡༠༠༠ གནས་སྤོར་ཐད་བཙུགས་པའི་ལས་དོན་ཚོགས་ཆུང་དེའི་མི་སྣའི་གྲུབ་ཆ་དང་འདེམས་སྒྲིག་བྱེད་སྟངས་གང་ཡིན་ཡང་། འགྲོ་མཁན་ནང་ལ་ཉམས་ཐག་འབྱོར་མེད་དང་། གལ་སྲིད་ཉམ་ཐག་འབྱོར་མེད་དེ་དག་གཞིས་ཆགས་རང་དུ་ལུས་པ་ཡིན་ན་ཡང་། དེ་དག་ལ་རོགས་རམ་ཁ་ཡོད་ལག་ཡོད་བྱང་ན་མི་འདྲ་བོ་ལ་བློ་འཚིམས་ལ། བློ་བདེ་བར་ཡོང་ངེས་འདུག་པས་འགོ་ལས་བྱེད་ཚོས་ཉམ་ཐག་ཚོར་དམིགས་བསལ་ཕན་འདོགས་བྱ་དགོས་མི་འདུག་གམ།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ནང་སྲིད་བཀའ་བློན་མཆོག་གི་གསུང་ལ་རྒྱབ་སྐྱོར་ཡོད། རྒྱུན་པར་བོད་པའི་སྤྱི་ཚོགས་ནང་དུ་བཙན་བྱོལ་བོད་མའི་སྒྲིག་འཛུགས་ཀྱིས་གཅིག་འགྲིག་གི་མི་འདུག་གཉིས་འགྲིག་གི་མི་འདུག་ཟེར་མཁན་མང་པོ་ཡོད་མོད། འགག་རྩ་ངོ་མ་མི་མང་རང་ངོས་ནས་མགོ་བདེ་ཕར་འཁྲབ་ཚུར་འཁྲབ་བྱེད་མཁན་མང་པོ་ཡོད་རེད། དཔེར་ན་ལོ་དུ་མའི་སྔོན་དུ་བལ་ཡུལ་ནས་བོད་མི་ལྔ་སྟོང་ཙམ་ཨ་རིར་སྐྱབས་བཅོལ་དུ་ལེན་འཆར་བྱས་ཀྱང་། ཕྱི་ནས་རྒྱ་མི་གུང་ཁྲན་ཚོགས་པས་ལྐོག་ཤུགས་ཀྱིས་བལ་གཞུང་གིས་བོད་མིའི་ལམ་ཁ་བཀག་པར་བཤད་ཀྱིན་མོད། དོན་ངོ་མ་བོད་མི་ནང་ཁུལ་ནས་འཁྲབ་སྟངས་མི་ཤེས་ཀྱང་འཁྲབ་རྒྱུ་མང་དྲག་པས་འབྲས་བུ་ཅི་ཡང་ཐོན་ཡོད་པ་མ་རེད། དེ་ཐེངས་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པའི་བཀའ་བསུང་ལམ་སྟོན་ལ་རྩི་འཇོག་བྱ་བར་གལ། དེ་མིན་མི་མང་ནང་ཁུལ་ནས་ཕན་ཚུན་བར་ཕྲག་དོག་གི་རྣམ་པ་སྣ་ཚོགས་ཀྱིས་ཀླད་པ་སྟོང་བས་འཁྲབ་རྒྱུ་མང་ན་སྔོན་མར་བལ་ཡུལ་གྱི་གནས་ཚུལ་དང་གཅིག་མཚུངས་ཆགས་ཀྱི་རེད་འདོད་བྱུང་ལ། དེ་ལྟར་འབྱུང་ན་མི་སྒེར་སོ་སོའི་གྱོང་ལས་གཞན་ཡོད་པ་མ་རེད་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese