མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་གསར་ལ་བཀྲ་ཤིས་བདེ་ལེགས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

འོད་ཟེར་གྱིས་བརྩམས། དགེ་རབ་ཀྱིས་བསྒྱུར།

དེ་རིང་ནི་ ༼ ཕྱི་ཟླ་གཉིས་པའི་ཚེས་ ༢༣ ༽ བོད་རྒྱལ་ལོ་ ༢༡༣༩ ཆུ་འབྲུག་ལོའི་ལོ་སར་ཚེས་པ་གཉིས་རེད། ངས་བོད་མི་ཁྲི་གཅིག་ཙམ་དང་ལྷག་པར་དེའི་ཁྲོད་ཀྱི་རྒན་རྒོན་ནང་པའི་གནས་བསྐོར་ལ་ཕེབས་པའི་རྒྱུ་རྐྱེན་གྱིས་ཉེས་ཅན་པ་ཆགས་པ་རྣམས་ལ་ “ལོ་སར་བཀྲ་ཤིས་བདེ་ལེགས་”ཞེས་བརྗོད་འདོད་སྐྱེས། འོན་ཀྱང་བོད་མི་ཞིག་གིས་འདི་ལྟར། “ད་ང་ཚོས་ཕན་ཚུན་འཚམས་འདྲི་བྱེད་དུས། ང་ཚོས་ “ལོ་སར་བཀྲ་ཤིས་བདེ་ལེགས་”ཞེས་ལབ་རྒྱུ་མི་འདུག ང་ཚོ་ལ་ “བཀྲ་ཤིས་”མི་འདུག་ལ། ང་ཚོ་ལ་ “བདེ་ལེགས་”ཀྱང་མི་འདུག ང་ཚོས་ཕན་ཚུན་ལ་ “གཟབ་གཟབ་བྱོས་”ཞེས་ཕན་ཚུན་ལ་ལྟ་རྟོག་བྱེད།”ཅེས་འགྲེལ་བརྗོད་ཧ་ཅང་ཡག་པོ་བྱས་འདུག་པ་ཇི་བཞིན་རེད།

ལོ་འདིའི་སྤྱི་ཟླ་དང་པོའི་ཚེས་པ་ ༡ ནས་ ༡༠ བར་དུ་རྒྱ་གར་གྱི་ནང་པའི་གནས་ཆེན་ སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན་དུ་༧རྒྱལ་བ་རིན་པོ་ཆེས་དུས་འཁོར་དབང་ཆེན་ཐེངས་ ༣༢ པ་དེ་བསྩལ་པ་རེད། འཛམ་གླིང་ཁྱོན་ནས་ཧ་ལམ་ནང་པ་འབུམ་ ༥ ཙམ་གསུང་ཆོས་ཞུ་བར་བཅར་ཡོད་ལ། བོད་ཀྱི་ས་ཁུལ་གང་ས་ནས་བོད་མི་ཆོས་ཞུ་བ་ཁྲི་གཅིག་མ་ཟིན་ཙམ་དང་། རྒྱ་ནག་ནང་ཁུལ་གྱི་ས་ཆ་གང་ནས་རྒྱ་མིའམ་དེ་མིན་གྱི་ཆོས་ཞུ་བ་སྟོང་གཅིག་མ་ཟིན་ཙམ་ཆོས་ཞུར་བཅར་ཡོད། རྒྱུན་ལྡན་ནས་བོད་ཀྱི་ས་ཁུལ་ཏུ་ཕྱིར་བསྐྱོད་ལག་འཁྱེར་ཞུ་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་ཡིན་ལ། ༢༠༠༨ ལོར་བོད་ཀྱི་ས་ཁུལ་ཁག་ཏུ་ངོ་རྒོལ་བྱུང་བའི་རྐྱེན་བྱས་ཏེ། ཕྱིར་བསྐྱོད་ལག་འཁྱེར་ཞུ་སྟེར་བྱེད་པ་ནི་ཧ་ལམ་མཚམས་འཇོག་བྱས་པའི་ཚོད་ལ་སླེབས་ཡོད།

འདས་པའི་ལོ་ངོ་གཉིས་ཙམ་ལྷག་གི་རིང་ལ་ལྷ་སའི་ནང་བྱུང་བ་ཇི་བཞིན་གཞུང་འཛིན་པ་དག་གིས་ལོ་ན་ ༦༠ དང་དེ་ཡན་གྱི་རྒན་རྒོན་རྣམས་ལ་བཟང་པོའི་རྣམ་འགྱུར་བསྟན་ནས་ཕྱིར་བསྐྱོད་ལག་འཁྱེར་སྟེར་རྒྱུའི་མོས་མཐུན་བྱས་པ་རེད། དེར་བརྟེན་བོད་ནང་ནས་རྡོ་རྗེ་གདན་དུ་དུས་འཁོར་དབང་ཆེན་ཞུ་བར་ཕེབས་མཁན་གྱི་ཁྲོད་དུ་རྒན་རྒོན་ཧ་ཅང་མང་པོ་ཡོད་རེད་ལ། དེ་ཚོ་ཚང་མ་ཡང་རང་རང་གི་ཚེའི་ལྷག་མ་འདིའི་རིང་ལ་རང་གི་རྩ་བའི་བླ་མའི་ཞལ་རས་འཁྱུག་ཙམ་མཇལ་རྒྱུ་ལ་རེ་ལྟོས་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཁོང་ཚོའི་རྩ་བའི་བླ་མ་ནི་ལོ་ ༥༣ རིང་བཙན་བྱོལ་དུ་བཞུགས་པའི་༧རྒྱལ་བ་རིན་པོ་ཆེ་ལས་གཞན་སུ་ཡང་མ་རེད། དུས་འཁོར་དབང་ཆེན་གྲུབ་པ་དང་། བོད་ནས་ཕེབས་པའི་དད་ལྡན་མང་ཚོགས་རྣམས་དེ་ནས་གྱེས་ཏེ་སླར་རང་གི་ཕ་ཡུལ་ལ་ལོག་ཕེབས་ཡོད་པ་རེད། ཁོང་ཚོས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཀྱི་བདུད་རྩི་མ་ཐོབ་པ་དེ་སྲིད་དུ་ ཕྱིར་བསྐྱོད་ལག་འཁྱེར་ཞུ་རྒྱུའི་དཀའ་ལས་མྱངས་པ་དང་། དེ་བཞིན་འགྲུལ་བཞུད་ཀྱི་ལམ་ཁ་དེ་ཡང་དཀའ་སྡུག་གིས་ཁེངས་ཡོད། ཁོང་ཚོས་དུས་ཡུན་གཅིག་གི་རིང་བདེ་སྐྱིད་ལ་རོལ་ཡོད་ཅིང་། ཕྱིས་སུ་ལུས་སེམས་གཉིས་ཀར་ “དཀའ་རྙོག་སྣེ་མང་”ཞིག་བརྒྱུད་ནས་མནར་གཅོད་མྱོང་དགོས་པ་དེ་སེམས་ལའང་འཁོར་གི་མེད། ཐོག་མར་ཁོང་ཚོ་བལ་ཡུལ་བརྒྱུད་ནས་གནམ་ཐང་གང་རུང་ཞིག་དང་ཡང་ན་འགྲམ་གྱི་འགག་སྒོ་བཅས་ལ་འབྱོར་སྐབས་རྒྱ་མིའི་དམག་མི་དང་ཉེན་རྟོག་པས་སྔོག་བཤེར་དང་འདྲི་བརྩད་བྱས་ཡོད། ཁོང་ཚོས་འཁྱེར་ཡོང་བའི་ནང་པའི་སྐུ་རྟེན་དཔེར་ན་སྐུ་འདྲ་ལྟ་བུ་དང་། དེ་བཞིན་ཁོང་ཚོས་ལག་རྟགས་སུ་ཉོས་པའི་ལེགས་སྐྱེས་དཔེར་ན་བོད་སྨན་ལྟ་བུ་རྣམས་ཚང་མ་གང་བྱུང་དུ་འཕྲོག་བཅོམ་བྱས་པ་རེད།

ཁམས་དང་ཨ་མདོ་ནས་ཡིན་པའི་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་སྐོར་ཁག་བྱས་ཏེ་ལྷ་སར་འཁྱེར་ཞིང་དེ་ནས་མཚོ་བོད་ལྕགས་ལམ་བརྒྱུད་ལྷན་ཅིག་ཏུ་རང་རང་གི་ཡུལ་ལ་བཏང་འདུག དེའི་རྗེས་ལ་མི་རེ་རེ་ནས་རང་རང་གི་ས་གནས་ལས་བྱེད་གཉིས་ཀྱིས་དག་སྐྱེལ་བྱས་རྗེས་གཞི་ནས་རང་རང་གི་ཁྱིམ་ལ་ལོག་བཅུག་ཡོད་པ་རེད། དེ་ཙམ་དུ་མ་ཟད། ཉེ་ཆར་རྒྱ་གར་དང་བལ་ཡུལ་ནས་ལོག་ཡོང་བའི་ཨ་མདོ་དང་ཁམས་ཀྱི་དད་ལྡན་རྣམས་སྒྲིག་ཆས་ཅན་གྱི་ལྟ་རྟོག་འོག་བཞག་ནས་གཞིས་ཀ་རྩེར་བཏང་ཞིང་། དེར་ཉིན་བདུན་རིང་ “སློབ་གསོ་”སྤྲད་ཡོད་འདུག དེའི་རྗེས་ནས་སོ་སོའི་ཁྱིམ་ལ་ལྷན་གཅིག་ཏུ་བཏང་འདུག

ལྷ་ས་རུ་དུས་འཁོར་དབང་ཆེན་ལ་བཅར་མཁན་གྱི་བོད་མི་རྣམས་ལ་དེ་ལས་ཆེ་བའི་རྙོག་དྲ་འཕྲད་འདུག འདིའི་གྲས་ཀྱི་མང་ཆེ་བ་ཞིག་ནི་རྒན་རྒོན་རེད་ལ། གཞུང་ཞབས་བགྲེས་ཡོལ་དང་དེ་བཞིན་གྲོང་ཁྱེར་ལ་སྡོད་མཁན། ཡང་གྲོང་ཁྱེར་ཉེ་འཁོར་ན་ཡོད་པའི་ཞིང་པ་རྣམས་རེད། ད་དུང་དར་མ་དང་ལོ་ཆུང་དེ་འདྲ་ཡང་འདུག ཐོག་མར་ཁོང་ཚོ་རང་རང་གི་གྲོང་སྡེ་ལས་ཁུངས་དང་ཡང་ན་འབྲེལ་ཡོད་ཉེན་རྟོག་ལས་ཁུངས་ཀྱིས་མཉམ་འབྲེལ་བྱས་པའི་ལས་དོན་རུ་ཁག་དག་གང་རུང་ཞིག་གིས་འབོད་འགུག་བྱས་ཤིང་། མི་རེ་རེ་བཞིན་ཉེན་རྟོག་ལས་ཁུངས་དང་མཉམ་འབྲེལ་བྱས་པའི་ལས་དོན་རུ་ཁག་གམ་ཡང་ན་གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་འདྲི་བརྩད་བྱས། དྲི་བ་གལ་ཆེན་དེ་དག་གི་ཁྲོད་དུ། དུས་འཁོར་དབང་ཆེན་གྱི་སྐབས་སུ་སུ་མཐོང་བྱུང་། ༧རྒྱལ་བ་རིན་པོ་ཆེ་དང་ཡང་ན་ཟམ་གདོང་རིན་པོ་ཆེ། བཀའ་བློན་ཁྲི་པ་གསར་པ་བཅས་ཀྱིས་ཏག་ཏག་ག་རེ་ལབ་གི་འདུག ས་ཁུལ་འདི་ནས་ཡིན་པའི་མི་སུ་འདྲ་ཞིག་ལ་དུས་འཁོར་དབང་ཆེན་སྐབས་ཐུག་བྱུང་། ༧རྒྱལ་བ་རིན་པོ་ཆེ་དང་དེ་མིན་གྱི་བླ་མ་ཁག་ལ་མཆོད་འབུལ་མཚོན་དོད་དུ་སྒོར་མོ་ག་ཚོད་སྤྲད་པ་ཡིན། དེ་ལ་སོགས་པ་རེད།

ཐོག་མའི་སྐབས་སུ་ཁོང་ཚོ་མི་རེ་ངོ་རེ་ནས་འབོད་འགུག་བྱས་ཤིང་། དེའི་དུས་ཡུན་ཡང་དམིགས་བསལ་གྱིས་རིང་པོ་དེ་འདྲ་ཡང་མིན་པ་འདྲ། གོ་ཐོས་ལ་གྲོང་སྡེ་ལས་ཁུངས་དང་ཡང་ན་ལས་དོན་རུ་ཁག་གིས་བཏང་བའི་མི་ཁ་ཤས་ཀྱི་རྣམ་འགྱུར་ནི་འགྲིག་ཙམ་ཡིན་པ་དང་། མི་ཁག་གཅིག་གི་རྣམ་འགྱུར་ནི་ཧ་ཅང་སྐྱོ་པོ་དང་དེ་ཡང་གདོང་ལ་བལྟས་ནས་གཤེ་གཤེ་གཏོང་བ་དཔེར་ན། “ཁྱེད་རང་ཚོ་མི་འདི་དག ཁྱེད་རང་ཚོས་ང་ཚོའི་ལྟོ་ཟས། ཡིན་ན་ཡང་། ཁྱེད་རང་ཚོའི་རང་གི་མགོ་དེ་ཕྱོགས་གཞན་དེ་ལ་བསྙལ། འདིའི་རྒྱབ་ལོགས་ཀྱི་འཆར་གཞི་ག་རེ་ཡོད།” རྒྱ་གར་ལ་ནང་པའི་གནས་སྐོར་ལ་ཕྱིན་ནས་ལོག་མཁན་དང་དེ་ནས་ “གསོལ་ཇ་ལ་གདན་དྲངས་པའི་”མི་དེ་ཚོ་ཚང་མའི་ཕྱིར་བསྐྱོད་ལག་འཁྱེར་རྣམས་གཞུང་བཞེས་བཏང་ཡོད་འདུག

མི་མང་པོའི་བསམ་ཚུལ་ལ་ཕྱིར་བསྐྱོད་ལག་འཁྱེར་གཞུང་བཞེས་བཏང་རྗེས་མནར་གཅོད་རྣམས་མཇུག་སྒྲིལ་གི་རེད་དྲན་པ་རེད། ཡིན་ན་ཡང་། ཁོང་ཚོས་དེ་ལས་ཀྱང་ཆེ་བའི་འཇིགས་དངངས་ཤིག་གིས་ཁོང་ཚོ་ལ་སྒུག་བཞིན་པ་དེ་སེམས་ལ་འཁོར་ཡོད་མ་རེད། ཕྱི་ཟླ་གཉིས་པའི་ཟླ་མགོ་ཙམ་ལ་ལྷ་སར་སྡོད་མཁན་གྱི་བོད་རིགས་དུས་འཁོར་དབང་ཆེན་ལ་ཕྱིན་གྲས་ཀྱི་ཕོན་ཆེ་བ་ཞིག་གི་སྒོ་འགྲམ་དུ་ཉེན་རྟོག་པ་ཡོང་ནས། “སློབ་སྦྱོང་རུ་ཁག་”དང་ཡང་ན་ “སློབ་སྦྱོང་བྱེད་སླད་”འགྲོ་དགོས་པར་བསྙད་ནས་འཁྲིད་ཡོད་པ་རེད། ད་དུང་ཁོང་ཚོ་མུ་མཐུད་ནས་གཅིག་རྗེས་གཉིད་མཐུད་ཀྱིས་འཁྲིད་སྟབས་ཁོང་ཚོའི་མིང་དེ་ཚོ་ཡང་ “ནོར་འཁྲུལ་ངོས་ལེན་”གྱི་ཡིག་ཆའི་ནང་ཐོན་གི་འདུག་ཟེར། དེས་ཁོང་ཚོ་ལ་སྐྲག་སྣང་དང་དངངས་འཚབ་སྐྱེས་བཅུག་པ་རེད། “སློབ་སྦྱོང་རུ་ཁག་”དེའི་འཐབ་བྱུས་གང་ཞིག་ལག་བསྟར་བྱེད་བཞིན་པ་དང་། ཁོང་ཚོས་མི་ལ་ “ནོར་འཁྲུལ་ངོས་ལེན་”ཇི་ལྟར་བྱེད་བཅུག་པ་དེ་སུ་གང་གིས་ཀྱང་ཤེས་ཀྱི་ཡོད་མ་རེད།

རང་གི་ནང་མི་རྒན་གྲས་རྣམས་འཁྲིད་ཚར་བའི་བོད་མི་ཚོས་གནད་དོན་དེ་དག་ཝེ་པའོ་དྲ་རྒྱའི་སྟེང་བགྲོ་གླེང་བྱས་ཡོད་ཅིང་། གང་མྱུར་བགྲོ་གླེང་དེ་ཚོ་ཡང་ཕྱིར་འདོན་བྱས་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ། གྲོགས་པོ་ཞིག་གིས་ནག་གསུབ་བཏང་ཟིན་པའི་གནས་ཚུལ་དག་ཉར་འདུག་པའི་ཁོངས་སུ་གཤམ་གསལ་འདི་འདྲ་འདུག

@木雅公主后人:ཁ་སང་གི་ལྷ་སའི་དགུན་རླུང་ནི་ཧ་ཅང་རྩུབ་ལ་ནམ་མཁའ་ནི་ཐལ་མདོག་རེད་ཅེས་ངས་སྤུན་མཆེད་རྣམས་ཀྱིས་བརྗོད་པ་ངས་གོ་བྱུང་། ཁ་སང་ཞོགས་ཀར་ཨ་མ་ལགས་འགྲོ་དགོས་པའི་བཀའ་རྒྱ་བཏང་བ་དང་། ཉིན་གུང་མོ་རང་ཉལ་ཆས་ཤིག་ལེན་དུ་སླེབས་སོང་། དེ་ནས་བཟུང་ཚུར་ལོག་མ་བྱུང་། མོ་རང་རྒྱ་གར་ལ་གནས་མཇལ་དུ་ཕྱིན་པ་དེ་ལ་ཁོང་ཚོ་དགའ་གི་མེད་པ་ང་ཚོས་ངོས་འཛིན་བྱེད་གི་ཡོད། མོ་རང་འདི་འདྲའི་དུས་ཚོད་རིང་པོ་ཞིག་ལ་སློབ་སྦྱོང་བྱེད་དགོས་པ་རེད་དམ། མཐའ་ན་མོས་རྒྱ་ཡིག་ཀྱང་ཀློག་ཤེས་ཀྱི་ཡོད་མ་རེད།

@旺秀才丹:ལྷ་ས་རུ་དགུང་ལོ་ ༨༠ ཡན་ལ་སོན་པའི་རྒན་མོ་ཞིག་ཀྱང་ཨ་མ་ལགས་དང་ལྷན་དུ་སློབ་སྦྱོང་ཁྲོད་བཞག་འདུག སྐྱིད་རིའི་(Kirey)ཉེན་རྟོག་ལས་ཁུངས་གཅིག་པུ་ནས་ཀྱང་ཁ་སང་ཉིན་རྒྱབ་སྦ་སི་ཆུང་གྲས་གསུམ་བཏང་སོང་། ཉི་མ་ཉི་ཤུ་ཙམ་ལ་རེད་ཟེར་གྱི་འདུག བོད་ནང་དུ་ལྷིང་འཇགས་ཡོང་རྒྱུ་ལ་དམིགས་པའི་གནོན་ཤུགས་དང་ཚོར་བ་དེ་ཚོ་ངས་ཤེས་ཀྱི་འདུག ཁོང་ཚོས་ནང་པའི་ཆོས་ལ་དད་པ་བྱེད་མཁན་གྱི་རྒན་རྒོན་འདི་ཚོ་ལ་གཅར་རྡུང་དང་། མནར་གཅོད། ཐུབ་ཚོད་གཏོང་བ་བཅས་མི་བྱེད་རྒྱུར་ངས་རེ་བ་བྱེད་ཀྱི་ཡོད། ཨ་མ་ལགས་ཀྱིས་དངོས་གནས་རྒྱ་སྐད་གོ་གི་མ་རེད་ལ། ཡི་གེ་ཀློག་ཐུབ་གི་མ་རེད། མོ་རང་འཛིན་གྲྭ་ལ་ཕེབས་ནས་མི་རིགས་སྲིད་ཇུས་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྡེ་ཚན་དག་ལ་སློབ་སྦྱོང་ཙམ་ཞིག་བྱེད་དགོས་པར་ངས་རེ་བ་བྱེད་ཀྱི་ཡོད།

@木雅公主后人: ཨ་མ་ལགས་ནི་ཁྱིམ་ལ་སྡོད་མཁན་གྱི་ཆུང་མ་ཞིག་རེད། མོས་རྒྱ་ཡིག་ཀློག་ཐུབ་གི་མ་རེད། མོ་རང་གི་བྱིས་པ་ཚང་མ་འཆང་ས་བརྒྱབ་ཟིན་པ་རེད། སྤྱིར་བཏང་བྱས་པ་ཡིན་ན། ཨ་མ་ལགས་ཀྱིས་རང་གི་ཕྱག་འཚལ་བ་དེ་ཚོ་འཚལ་གི་རེད། མཱ་ཇང་རྩེད་མོ་རྩེ་ཏོག་ཙམ་རྩེ་གི་རེད། དེ་ག་རེད། ངའི་གོ་ཐོས་ལ་ཁོང་ཚོ་ལྷ་སའི་ནུབ་ཁུལ་དུ་ཡོད་པའི་ས་མཚམས་བདེ་སྲུང་བཀོད་འདོམས་རུ་ཁག་གི་དམག་ཁང་དུ་བཀག་སྐྱིལ་བྱས་འདུག་ཟེར། དེ་རིང་ནི་ཉི་མ་གཉིས་པ་རེད་ལ་མོ་རང་ད་དུང་ཡང་ནང་ལ་སླེབས་མ་སོང་། མནར་གཅོད་འདི་ག་ཚོད་བར་དུ་འགྲོ་གི་རེད། རྒན་རྒོན་ཚོའི་སེམས་དང་གཟུགས་པོ་ལ་ཡང་བསྐྱར་མནར་གཅོད་མ་གཏོང་དང་།

@木雅公主后人:ངས་དོ་ནུབ་རང་གི་ཁྱིམ་དུ་གཟིམ་མི་ཐུབ་ཅིང་རང་གི་ནང་མི་དྲན་བཞིན་པའི་སྤུན་ཟླ་རྣམས་ལ་སྨོན་ལམ་རྒྱག་གི་ཡོད། དཀོན་མཆོག་གིས་ཉེས་མེད་ཀྱི་མི་ཕལ་བ་འདི་ཚོ་ལ་སྲུང་སྐྱོབ་དང་བྱིན་རླབས་གནང་རོགས། དེ་ལ་བརྟེན་ནས་ཁོང་ཚོ་རང་རང་གི་ཁྱིམ་ལ་བདེ་འཇགས་ངང་གང་མྱུར་ལོག་ཐུབ་པ་ཤོག ལྷག་པར་དུ་དགུང་ལོ་ ༨༠ ལ་ཕེབས་པའི་ང་ཚོའི་ཨ་མ་ལགས་ལ་དེ་ལྟར་གནང་རོགས། ང་ཚོ་ཚང་མས་ཁྱེད་རང་ཚོ་ཚང་མ་ལོག་ཕེབས་རྒྱུ་ལ་སྒུག་བསྡད་ཡོད། @旺秀才丹:ང་ཚོས་ཡིད་ཆེས་བྱེད་ཆོག་སའི་ཁྲིམས་ཤིག་ཡོད་རེད་དམ། ཆུ་ཚོད་ ༢༤ རིང་ལ་བཀག་སྐྱིལ་བྱས་པ་དེ་ལ་ག་རེ་ཟེར་དགོས་རེད། དེ་ལས་རིང་བ་ཞིག་འགོར་པ་ཡིན་ན་ང་ཚོས་དེ་ལ་ག་རེ་ཟེར་དགོས་པ་རེད།

@木雅公主后人:མཚན་མོ་གཉིས་པའི་ཕྱི་པོ་འདི་ལ་གནམ་གཤིས་ནི་སྐད་གོ་རྒྱུ་མེད་པའི་རླུང་བུ་ཅན་ཞིག་ཏུ་གྱུར། ཨ་མ་ལགས་ཚང་མ་ཧ་ཅང་གྲང་གི་ཡོད་ལས་ཆེ། ཁྱེད་ཅག་གི་བྱིས་པ་རྣམས་ཀྱིས་བཟོད་མི་ཐུབ་པ་འདི་བཟོད་དགོས་པ་རེད་ལ། ཁྱེད་ལ་མུ་མཐུད་ནས་སྡུག་བསྔལ་མྱང་འཇུག་དགོས་པ་རེད།

@云那边:ད་ཡང་བསྐྱར་ཅིག་བཤད། རྒྱུ་མཚན་གང་ཡང་མེད་པར་ཡལ་བར་གྱུར་པའི་ལྷ་སའི་ནང་གི་ཐག་རིང་མོ་ན་ཡོད་པའི་རྒན་རྒོན་འདི་ཚོའི་ཆེད་དུ། མི་འདི་ཚོ་ལུང་པ་བཞག་ནས་འགྲོ་སྐབས་བྱེད་སྒོ་ཚང་མ་ཁྲིམས་མཐུན་གྱི་ཐོག་ནས་ཕྱིན་ཡོད་པ་རེད། ངའི་བསམ་ཚུལ་ལ་ཁོང་ཚོ་མ་ཐོན་གོང་ལ་ཡང་འབྲེལ་ཡོད་ལས་ཁུངས་ཁག་གིས་ཁོང་ཚོའི་སྐོར་ལ་ཚང་མ་ཤེས་ཤེས་པ་རེད་དྲན། ཡིན་ན་ཡང་། ཅིའི་ཕྱིར་ཁོང་ཚོ་ཚུར་ལོག་རྗེས་ཀྱི་འདི་འདྲའི་མནར་གཅོད་སྣ་ཚོགས་དང་མི་རེ་ངོ་རེ་བྱས་ཏེ་འདྲི་བརྩད་བྱེད་པ་འདི་ལ་སྒུག་པ་རེད། ལྷིང་འཇགས་ཉར་རྒྱུ་ལ་བཀོལ་བའི་ཐབས་ཇུས་དེ་ཚོ་རྟག་པར་རེ་བཞིན་འདི་འདྲ་གཡོ་སྒྱུ་ཅན་དང་ཡིད་དུ་མི་འོང་བ་ཞིག་ཆགས་རྒྱུ་ཡིན་ནམ།

@格桑小巫:སྤྱིར་བཏང་གི་ཁྲིམས་ལ་བསྟུན་ནས་དུས་འཁོར་དབང་ཆེན་ལ་ཕྱིན་པའི་རྒན་རྒོན་འདི་དག་དང་། ངེས་ཅན་གྱི་བཀོད་འདོམས་མེད་འོག་ནས་ཉལ་ཆས་ཤིག་འཁྱེར་ཏེ་ཁྱིམ་ནས་བཏོན་དགོས་བྱུང་ཞིང་སློབ་སྦྱོང་ཆེད་འདུ་འཛོམས་བྱས་པའི་རྒན་རྒོན་འདི་ཚོ་ལ་མཚོན་ན། འབྲེལ་ཡོད་སྡེ་ཁག་དག་གིས་ཡིག་རྨོངས་མཚོན་ཆ་མེད་པའི་རྒན་རྒོན་འདི་ཚོས་རྒྱལ་ཁབ་ལ་གྱེན་ལོག་བྱེད་ཐུབ་པར་བསམས་ཡོད་དམ་ཞེས་ངས་འདྲི་འདོད་བྱུང་།

@没有你的雪域:དགུང་ལོ་ ༦༠ ནང་ཡོད་པའི་ང་ཚོའི་ཨ་མ་ལགས་འཛིན་བཟུང་བྱས་སོང་། ཁོང་ཚོས་བཤད་པ་ལྟར་ན། ཨ་མ་ལགས་ཟླ་བ་གཉིས་ནས་གསུམ་བར་དུ་ལོག་གི་མ་རེད་ཟེར། དེ་རིང་རྒན་རྒོན་བརྒྱ་ཕྲག་ཁ་ཤས་བཀག་ཡོད་སའི་ཁང་པའི་ཁང་པའི་སྒོ་འགྲམ་ན་ཁྱིམ་མི་མང་པོ་ངུ་གི་འདུག ནང་ལོགས་ན་ཡོད་པའི་རྒན་རྒོན་ཚོས་ཤུགས་ཀྱིས་རང་གི་ལག་པ་གཡུགས་ཤིང་དེས་ཁོང་ཚོ་ལ་མ་ངུ་ཞེས་བརྡ་སྟོན་གི་ཡོད་པ་རེད། ཁ་ཕར་ལོག་ནས་འགྲོ་ཐུབ་མཁན་གྱི་རྒན་རྒོན་དེ་དེ་ཚོས་གཟབ་གཟབ་བྱས་ཏེ་མིག་ཆུ་ཕྱིས་གི་འདུག འདི་མཐོང་མཁན་གྱི་མི་ཚང་མ་སེམས་སྐྱོ་འདུག ང་ཚོ་ ལོ་སར་སྲུང་བརྩི་བྱེད་ཡག་མེད་པར་སེམས་སྟོང་པར་ཁྱིམ་ལ་ལོག་པ་ཡིན། བོད་ལུགས་ཀྱི་ལོ་འདིའི་ཡུན་ལ་ང་ཚོའི་ཁྱིམ་མི་གཅིག་གིས་གནས་རྩ་ཆེན་ཞིག་ལ་གནས་སྐོར་བྱེད་རྒྱུའི་ཐག་གཅོད་བྱས་པ་ཡིན།

ཝེ་པའོ་ཐོག་བཀོད་པའི་རྩོམ་ཡིག་དང་དེ་བཞིན་ཁུངས་ལྡན་གནས་ཚུལ་ཁག་ལ་གཞི་བཅོལ་ན། ལྷ་ས་གཅིག་པུའི་ནང་མ་མཐའ་ལའང་ “སློབ་སྦྱོང་གི་སྐོར་ཁག་”བདུན་ནམ་བརྒྱད་ཙམ་ཞིག་བཙུགས་ཡོད་པ་རེད། ཁག་ཅིག་ནི་དཔེར་ན་ལྷ་སའི་ནུབ་ཁུལ་དུ་ཡོད་པའི་ས་མཚམས་སྲུང་སྐྱོབ་བཀོད་འདོམས་རུ་ཁག་གི་དམག་སྒར་ལྟ་བུའི་དམག་སྒར་ཁག་ཏུ་བཙུགས་ཡོད་པ་རེད། ཁག་ཅིག་ནི་དཔེར་ན་ལྷ་སའི་ནུབ་ཁུལ་འབྲས་སྤུངས་དགོན་པའི་གཤམ་འོག་ཏུ་ཡོད་པའི་ཁྲིན་ཀོན་ཆུས་དགེ་འོས་སློབ་གྲྭ་ལྟ་བུའི་ལས་དོན་རུ་ཁག་ཏུ་བཙུགས་འདུག ཁག་གཅིག་ནི་སེ་རའི་ལམ་དང་ཅང་སུའུ་ལམ་དུ་ཡོད་པ་ལྟ་བུའི་མགྲོན་ཁང་ཁག་ཏུ་བཙུགས་འདུག ཁག་གཅིག་ནི་མཐའ་ན་ཆབ་སྲིད་ཀྱི་བཙོན་པ་བཀག་སྡོམ་བྱས་ཡོད་སའི་སྟོད་ལུང་བདེ་ཆེན་རྫོང་དང་ཆུ་ཤུལ་རྫོང་དུའང་བཙུགས་འདུག དུས་འཁོར་དབང་ཆེན་ལ་ཕེབས་པའི་བོད་མི་ཧ་ལམ་སྟོང་ཕྲག་མ་ཟིན་ཙམ་ཞིག་ད་ནི་ “སློབ་སྦྱོང་རུ་ཁག་”དག་ཏུ་ཁ་བཙུམས་ཡོད་པ་རེད། བཙན་གནོན་འདི་དག་གིས་ཁོང་ཚོའི་ཁྱིམ་མི་དང་ཁྱིམ་མཚེས་རྣམས་ལ་ཧ་ལས་པའི་གནོན་ཤུགས་སྤྲད་པ་ཙམ་དུ་མ་ཟད། ཁོང་ཚོ་ལ་ཧ་ལས་པའི་འཇིགས་སྐུལ་ཐེབས་ཡོད། འདི་ནི་ལྷ་ས་གཅིག་པུའི་གནས་ཚུལ་རེད། བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ས་ཁུལ་གཞན་དག་གི་གནས་ཚུལ་ནི་ད་ཆ་གསལ་ཁ་མི་འདུག ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ལ་ཁྱབ་པའི་བོད་ཀྱི་ས་ཆ་དག་གི་གནས་ཚུལ་ནི་ད་ཆ་གསལ་ཁ་མི་འདུག

ད་དུང་། “སློབ་སྦྱོང་”གི་དུས་ཡུན་སྐོར་གྱི་ཚིག་འབྲུ་ཡང་གཅིག་མཐུན་མི་འདུག ཁ་ཤས་ཀྱིས་ཉི་མ་ ༢༠ རིང་རེད་ཟེར་ལ། ཁ་ཤས་ཀྱིས་ཟླ་གསུམ་པའི་ཟླ་མཇུག་དང་ཟླ་བཞི་པའི་ཟླ་སྟོད་རེད་ཟེར། ཁ་ཤས་ཀྱིས་དེ་ནི་ཟླ་བ་གཉིས་ནས་གསུམ་གྱི་ཡུན་ལ་རེད་ཟེར། སློབ་སྦྱོང་གི་དུས་ཡུན་འདི་འདྲའི་རིང་པོ་ཞིག་དགོས་པ་དེ་ནི་བོད་ཀྱི་ཚོར་བ་རྣོ་བའི་དུས་ཚོད་དེ་ཟླ་བ་གསུམ་པ་འབྲེལ་བ་ཡོད་སྲིད་དམ། འོན་ཀྱང་། འདི་ནི་གང་ཞིག་འབྱུང་བཞིན་པ་དེ་ཡིན་ན། དེ་ནི་ཟླ་བ་གསུམ་པའི་ཚོར་བ་རྣོ་བའི་དུས་ཚོད་འདི་ལ་གཡོལ་ཐབས་ཤིག་ཡིན་ནམ། ཡང་ན་ དེ་ནི་ཟླ་བ་གསུམ་པའི་ནང་དོན་དག་ཅིག་འབྱུང་དུ་འཇུག་རྒྱུའི་ཆ་རྐྱེན་བཟོ་སླད་ཡིན། འདི་ནི་དྲ་རྒྱའི་སྟེང་གི་བོད་མི་གྲོགས་པོ་ཞིག་གིས་ཇི་ལྟར་བཀོད་པ་ལྟར་ཡིན་ཏེ། “བརྟན་ལྷིང་དེ་འདི་ལྟར་ཉར་བ་ཡིན་ན་དེས་ལྡོག་ཕྱོགས་ཀྱི་འབྲས་བུ་ཁོ་ན་འབྱིན་གྱི་རེད།” “སློབ་སྦྱོང་”འདི་ནི་ཁེར་རྐྱང་དུ་བྱས་ཡོད་པ་རེད་ཅེས་གནས་ཚུལ་ཐོན་འདུག

ཐོག་མའི་སྐབས་སུ་ཁྱིམ་མིའི་ཐུག་འཕྲད་བྱེད་པའང་བཀག་ཡོད་པ་རེད། གྱོན་པ་དང་ཁ་ལག་བསྐུར་བ་ཡང་བཀག་པ་རེད་ལ། ལག་འཁྱེར་ཁ་པར་ཡང་འཁྱེར་མི་ཆོག་པ་རེད། ཅང་མ་འགོར་བར་དབང་འཛིན་པ་ཚོས་གྱོན་པ་དང་ཁ་ལག་བསྐུར་རྒྱུ་ལ་མོས་མཐུན་བྱེད་མགོ་བཙུགས་པ་རེད། དེ་ནི་གཅིག་བྱས་ན་ཕྱི་ལོགས་ཀྱི་གསར་འགྱུར་ནང་ཐོན་པ་དང་དེ་མཚུངས་ཀྱི་དོ་སྣང་སྤྲད་པ་ལ་བརྟེན་ནས་ཡིན་པ་རེད། “སློབ་སྦྱོང་རུ་ཁག་”གི་སྐོར་ཅིག་ལ་ཁྱིམ་མི་རྣམས་ལ་ཐུག་འཕྲད་བྱེད་བཅུག་ཅིང་། “སློབ་སྦྱོང་རུ་ཁག་”གི་སྐོར་ཅིག་ལ་དེ་ལྟར་བྱེད་བཅུག་མི་འདུག “སློབ་སྦྱོང་རུ་ཁག་”རེ་རེ་ཡིས་སྟངས་འཛིན་བྱེད་སྟངས་མི་འདྲ་བ་རེད། “སློབ་སྦྱོང་རུ་ཁག་”འགའ་རེར་ཁང་མིག་ཅིག་ནང་ཉལ་ཁྲི་སྟེང་འོག་གཉིས་རེ་བྱས་ཏེ་མི་བཅུ་ལས་བརྒལ་བ་ཡོད་པ་རེད།

“སློབ་སྦྱོང་རུ་ཁག་”འདི་དག་གི་ “སློབ་སྦྱོང་”གི་ལེ་ཚན་ནང་ “རྒྱལ་གཅེས་ཆོས་གཅེས་”དང་ “ཁྲིམས་ཀྱི་སློབ་སྦྱོང་”། རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་སོགས་འདུག་ཅེས་གནས་ཚུལ་ཐོན་འདུག མཐའ་ན་ “བོད་རྙིང་པའི་”མུན་ནག་ཐེར་འདོན་དང་། “བོད་གསར་པའི་”བདེ་སྐྱིད་ལ་བསྟོད་པ་བྱེད་སླད། ༡༩༦༠ ལོའི་དྲིལ་བསྒྲགས་གློག་བརྙན་ “བྲན་གཡོག་”ཅེས་པས་མཚོན་པའི་གློག་བརྙན་གནའ་སྔ་མོའི་སྡུག་བསྔལ་དང་དེང་དུས་བདེ་སྐྱིད་དྲན་སྐུལ་བྱེད་པའི་གློག་བརྙན་ཁག་ཅིག་ཀྱང་བསྟན་ཡོད་པ་རེད། དུས་མཚུངས་སུ་མི་རྣམས་ཚད་གཞི་ངེས་ཅན་འགའ་ཚང་དགོས་པ་སྟེ། “སློབ་སྦྱོང་”བརྒྱུད་ནས་ཁོང་ཚོར་ཅི་ཞིག་ཐོབ་པ་དེ་ཡོངས་གྲགས་ཀྱིས་སྒྲོག་དགོས་པ་དང་། དེ་ལ་བརྟེན་ནས་ཁོང་ཚོའི་བསམ་བློ་ལ་འགྱུར་བ་གང་འདྲ་ཐེབས་ཡོད་པ་དེ་འགྲེལ་བཤད་བྱེད་པ། སྔོན་མ་དང་ད་ལྟ་གཉིས་བསྡུར་ནས་ “སྔོན་གྱི་སྡུག་དྲན་པ་དང་ད་ལྟའི་བདེ་སྐྱིད་ལ་བསམ་བློ་གཏོང་བ།” ཏང་གི་བཀའ་དྲིན་ལ་བསམ་ཤེས་བྱེད་པ་བཅས་ཡིན་པ་རེད། དེ་དག་ལས་གལ་ཆེ་བ་ཞིག་ནི་ཁོང་ཚོ་མུ་མཐུད་ནས་དྲི་བ་འདྲི་བའི་བརྒྱུད་རིམ་ནང་འགྲོ་དགོས་པ་དེ་རེད། དེ་ནི་ཁོང་ཚོས་ཇི་ལྟར་ “སློབ་སྦྱོང་བྱེད་པ་”དེ་རེད། དེས་ “རིག་གནས་གསར་བརྗེ་”དང་དེ་མིན་གྱི་ཆབ་སྲིད་ལས་འགུལ་བརྒྱུད་མྱོང་བའི་རྒན་རབས་མང་པོ་ཞིག་བཟོད་བསྲན་དཀའ་བའི་གནས་ལ་བསྐྱལ་ཏེ་ན་ཚ་ཕོག་པའི་མཚམས་ལ་བསྐྱལ་ཡོད་པ་རེད། རིམ་གྱིས་ན་ཚ་ཕོག་མཁན་གྱི་རྒན་རྒོན་གྲངས་ཀ་འཕར་བ་དང་། གཅིག་བྱས་ན་སྔོན་དཔག་དཀའ་བའི་གནས་ཚུལ་ཞིག་ལ་འབྱུང་བར་སྐྲག་ནས་རྒན་རྒོན་ཚོའི་ཁྲོད་ནས་བསྙུན་གཞི་ཕོག་མཁན་རྣམས་སྨན་ཁང་ལ་བསྙལ་ནས་སྨན་བཅོས་བྱེད་བཅུག་ཡོད་པ་རེད། ཡིན་ན་ཡང་། ཁོང་ཚོ་བོད་ཀྱི་དམག་མིའི་སྤྱི་དམངས་སྨན་ཁང་དང་ཡང་ན་སྤྱི་བདེ་ལས་ཁུངས་ཀྱི་སྨན་ཁང་ཁོ་ནར་སྨན་བཅོས་བྱེད་བཅུག་ཅིང་། དེར་དམག་ཆས་གོན་མེད་པའི་མི་སྣས་ཁྱམས་རྭ་ནས་ལྟ་རྟོག་བྱས་ཡོད་པ་རེད། གང་ལྟར་ཡང་། ནང་མི་དང་གྲོགས་པོ་རྣམས་ལ་ཐུག་འཕྲད་བྱེད་བཅུག་ཡོད་ཅིང་། ནང་མི་རྣམས་དེར་གནས་སྡོད་བྱེད་བཅུག་ཡོད་མ་རེད། ངས་གོ་ཐོས་ལ། ན་ཚ་ཚབས་ཆེ་བའི་རྒན་རྒོན་ཅིག་ཡིད་མུག་ཐག་ཆོད་པའི་དབང་གིས་རྐྱེན་འདས་སུ་གྱུར་ཡོད་པ་རེད་ཟེར།

སྨན་ཁང་དུ་བསྙལ་བའི་རྒན་རྒོན་ནད་པ་ཞིག་གིས་ཁུ་སིམ་མེར་རང་གི་ཁྱིམ་མི་ཞིག་ལ་བརྗོད་དོན། “ཁོང་ཚོས་ “སློབ་སྦྱོང་རུ་ཁག་”གི་སྐབས་སུ་ང་ཚོ་ལ་འདྲི་བརྩད་བྱེད་སྐབས། ངས་མཐའ་ན་ཁོང་ཚོས་རེ་སྐུལ་ཞུས་ནས། ང་ཚོ་ནི་ཤི་ལ་ཉེ་བའི་རྒན་རྒོན་རེད། ང་ཚོ་ལ་ “ཀླད་པ་བཀྲུ་བའི་”སློབ་གསོ་དེ་འདྲ་སྤྲོད་དགོས་ཡག་ཡོད་མ་རེད།”ཅེས་ལབ་པ་ཡིན། ཞེས་ཟེར། སྐད་ཆ་བཤད་ཞོར་མི་འདིའི་མིག་ཆུ་ནི་ཆར་པ་ནང་བཞིན་བབས་ཡོང་གི་འདུག

མཚམས་འདི་ལ་ངས་གྲགས་ཅན་གྱི་ཁྲིམས་རྩོད་པ་ཞིག་ལ་སྐད་ཆ་དྲིས་པ་ཡིན། ངས་ཁོང་ལ་ འདི་འདྲའི་ “སློབ་སྦྱོང་”ནི་འཛིན་བཟུང་དང་བཀག་ཉར་ལ་བརྩིས་ན་རུང་ངམ་ཞེས་དྲིས་པ་ཡིན། ཁྲིམས་རྩོད་པས་ལན་བརྒྱབ་དོན། “འདི་དག་ཚང་མ་ལ་ཁྲིམས་འགལ་གྱི་འཛིན་བཟུང་ལྡན་འདུག འདིས་ཁྲིམས་གང་ཡིན་ཚང་མ་ལ་གཏན་ནས་རྩིས་མེད་བྱས་པ་སྟོན་གི་འདུག” ཅེས་ཟེར། ངས་ང་ཚོས་ཅི་ཞིག་བྱེད་ཐུབ་ཀྱི་རེད་དྲིས་པ་ཡིན། ཁོང་གིས་དབུགས་རིང་ཞིག་བཏང་ནས། “ཕྱོགས་བཟང་ས་དེ་ནས་ལྟོས་དང་། ཉེན་ཁ་མེད་པའི་རྒན་རྒོན་རྣམས་འཛིན་བཟུང་བྱེད་པ་ནི་སྨྱོན་པའི་ལས་ཀ་རེད། ཁོང་ཚོ་གང་མྱུར་གློད་གྲོལ་ཡོང་བ་དང་དེ་ཡང་གོ་སྐབས་སྔ་ཤོས་དེའི་ནང་གློད་གྲོལ་ཡོང་བར་ངས་རེ་བ་བྱེད་ཀྱི་ཡོད།” ཁོང་གིས་ཡང་བསྐྱར་བསྣན་ནས། “གུང་ཁྲན་ཏང་ལ་སྤྱང་གྲུང་དང་སྙིང་སྟོབས་ཅན་གྱི་སྐད་ཆ་ཡོད་པ་རེད། ཁོང་ཚོས་མི་མང་དང་འདུམ་སྒྲིག་བྱེད་དགོས་པ་རེད་ལ། འཁོན་འཛིན་བརྗེད་དགོས་པ་རེད། ཡིན་ན་ཡང་། ཁོང་ཚོས་མི་མང་ལ་ཁག་ཐེག་ཅིག་སྤྲོད་དགོས་པ་རེད། ཏང་རང་གིས་བྲིས་པའི་རྩ་ཁྲིམས་ལ་རང་གིས་སྲུང་བརྩི་བྱེད་དགོས་པ་རེད།”ཅེས་ཟེར།

གསར་འགྱུར་གསར་ཤོས་ནི་བོད་ཀྱི་ལོ་གསར་ལ་དམིགས་ནས་ལྷ་སའི་ “སློབ་སྦྱོང་རུ་ཁག་”ཏུ་བཏང་བའི་མི་ཆིག་སྟོང་མ་ཟིན་ཙམ་གྱི་ཁྲོད་ནས་རྒན་རྒོན་རྣམས་མཐའ་མར་ “ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་བའི་”གོ་སྐབས་ཤིག་བྱུང་བ་རེད། ལོ་ན་ ༦༥ བརྒལ་ཟིན་པའི་རྒན་རྒོན་རྣམས་ལ་ཉི་མ་བདུན་གྱི་གུང་གསེང་བཏང་སྟེ། གནས་སྐབས་རིང་ “སློབ་སྦྱོང་རུ་ཁག་”ནས་ཐོན་ཏེ་ཁྱིམ་དུ་ལོག་པ་དང་། རང་གི་སྤུན་ཉེ་ཚོ་དང་ལྷན་དུ་བོད་ཀྱི་ལོ་གསར་གཏོང་བཅུག་ཡོད་པ་རེད། ཡིན་ན་ཡང་། འདི་ནི་གུང་ཁྲན་ཏང་ཡོན་མ་ཡིན་པ་ཁོ་ན་ལ་བྱེད་བཅུག་པ་ཞིག་རེད་ལ། གུང་ཁྲན་ཏང་ཡོན་ཡིན་པ་ཚང་མ་སློབ་སྦྱོང་གི་རུ་ཁག་ཏུ་སྡོད་བཅུག་པ་རེད། གློ་བུར་གྱི་ “བྱམས་བརྩེ་”བརྡོལ་བ་དེ་ནི་ བོད་མི་ཚོས་ “དགའ་སྐྱིད་ལྡན་པའི་ཐོག་ནས་བོད་ཀྱི་ལོ་གསར་གཏོང་གི་འདུག”ཅེས་པའི་མདུན་གྱི་གདོང་པ་རྫུན་མ་ཞིག་བཟོ་རྒྱུ་ཁོ་ནའི་ཆེད་ཡིན་པ་རེད་ལ། དེ་བཞིན་རྒྱལ་སྤྱི་དང་བོད་ནང་གི་བོད་མི་ཚོས་བོད་མི་ ༢༣ གྱིས་རང་ལུས་མེར་སྲེག་བཏང་བ་ལ་རྗེས་དྲན་ཆེད་ལོ་སར་སྲུང་བརྩི་བྱེད་རྒྱུ་མིན་པའི་འབོད་སྒྲ་སྒྲོག་པ་དེ་ལ་ལན་འདེབས་ཤིག་ཡིན་པ་རེད།

འོན་ཀྱང་། འདི་འདྲའི་ “བྱམས་བརྩེ་”ནི་ལག་ལེན་དང་མཐུན་པ་ཞིག་རེད་དམ། “གུང་གསེང་”གི་ཉིན་མོ་ལ་དྲ་རྒྱའི་ཐོག་གི་བོད་མི་ཞིག་གིས་བྱིའི་སྐད་བརྡ་འཕྲིན་ཐོག་འདི་ལྟར་བྲིས་འདུག “ཐེངས་འདིར་དབང་འཛིན་པ་ཚོས་མི་མང་དཀྱུས་མ་རྣམས་ལ་ཁོང་ཁྲོ་བསླངས་པ་ཙམ་ཞིག་མ་རེད། ད་དུང་རྒྱུན་དུ་ནས་དབང་འཛིན་པ་ཚོས་ཡིད་འཆེས་འཕེར་བའི་མི་མང་པོ་ལ་ཡང་དོ་ཕོག་བཏང་ཡོད་པ་རེད། དེ་རིང་ངས་ལས་བྱེད་པ་ཡིན་པ་འདྲ་བའི་མི་མང་པོ་ཞིག་རང་གི་སྤུན་མཆེད་ལེན་དུ་ཡོང་བའང་མཐོང་བྱུང་། ཧ་ཅང་གཟབ་ནན་དུ་བསྡད་ཡོད་པའི་དམག་མི་དང་ཉེན་རྟོག་པ་འདི་ན་ཡོད་པ་རྣམས་མ་གཏོགས། ནང་ལོགས་ན་ཡོད་པའི་ལས་བྱེད་རྣམས་ཧ་ཅང་དགའ་ཡོད་པ་འདྲ་པོ་འདུག” ཅེས་བྲིས་འདུག ར་སྐོར་ནང་ལོགས་ན་འཕྲེད་དར་དམར་པོ་ཞིག་གི་སྟེང་དུ་རྒྱ་བོད་སྐད་གཉིས་ཀྱི་ནང་། “སློབ་གསོ་ལ་ཤུགས་བརྒྱབ་ནས། ཤེས་ཡོན་གོང་མཐོར་གཏོང་།” ཞེས་པ་དང་། “རྒྱ་ནག་གུང་ཁྲན་ཏང་མེད་ན་་་་”སོགས་བྲིས་འདུག “བྱམས་བརྩེ་”དེ་ལོ་ཚོད་གཞི་ལ་བཞག་ནས་སྤྲད་ཡོད་སྟབས། བཟའ་ཚང་ཁ་ཤས་ཀྱི་ཁྲོད་དུ་བཟའ་ཟླ་གཉིས་ཀ་ “སློབ་སྦྱོང་རུ་ཁག་”ཏུ་བཏང་ཡོད་མོད། ཁྱོ་ག་ལ་ཁྱིམ་དུ་ལོག་པའི་ “གུང་གསེང་”ཐོབ་ཡོད་མོད་ཆུང་མ་དེ་ “སློབ་སྦྱོང་རུ་ཁག་”ཏུ་བཀག་པའི་གནད་དོན་བྱུང་ཡོད་པ་རེད། གང་ཡིན་ཟེར་ན། ཆུང་མ་དེ་གུང་ཁྲན་ཏང་ཡོན་ཡིན་པས་རེད།

བོད་ཀྱི་ལོ་སར་གྱི་ཉིན་དང་པོའི་ཉིན། སི་ནཱ་ཝེ་པའོ་སྟེང་གི་རྩོམ་ཞིག་ཏུ་འདི་ལྟར། “ཨ་མ་ལགས། ཁོང་རྡོ་རྗེ་གདན་ལ་གནས་སྐོར་ལ་ཕེབས་ནས་ཚུར་ཕེབས་པ་དང་། ཟླ་བ་གཅིག་ནས་གཉིས་བར་གྱི་སློབ་སྦྱོང་གི་ལས་རིམ་ནས་ཉིན་བདུན་གྱི་གུང་གསེང་ཐོབ་སྟེ་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་ཆེད་ཁྱིམ་དུ་ལོག་ཕེབས་ཡོད། དེར་བརྟེན་ང་ཚོས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ལ་ཁོང་ཚོའི་མཁྱེན་ཡངས་ཀྱི་རྣམ་འགྱུར་ལ་ཐུགས་རྗེ་ཆེ་ཞུ་དགོས་འདུག འདི་འདྲའི་མཁྱེན་ཡངས་ཀྱི་ཚད་དང་བཀའ་དྲིན་བསམ་ཤེས་དེ་གནམ་འོག་གི་ཡོད་ཚད་ཚང་མ་ཡོང་བ་ཤོག ད་ལོའི་ལོ་གསར་འདི་ནི་དཀྱོགས་མཚམས་ཀྱི་ལོ་ཞིག་ཡིན་པ་ཤོག མི་ཚང་མས་སྡུག་བསྔལ་རྒྱབ་ཏུ་བསྐྱུར་ནས་བདེ་སྐྱིད་ཐོབ་པ་དང་། མི་ཚང་མས་སྐུ་ཁམས་བཟང་ཞིང་མཛད་འཕྲིན་རྒྱས་པ་དང་། ཁོང་ཚོས་གཏན་གྱི་བདེ་སྐྱིད་ཐོབ་པ་ཤོག་ཅེས་ངས་རེ་བ་བྱེད།”ཅེས་བྲིས་འདུག “ཁོང་ཚོའི་མཁྱེན་ཡངས་ཀྱི་རྣམ་འགྱུར་ལ་ཐུགས་རྗེ་ཆེ་”སོགས་ཀྱི་ཡི་གེ་འདི་དག་ངས་ཀློག་སྐབས། མདུན་ངོས་ཀྱི་འོག་ན་སྡུག་བསྔལ་དང་རྫུན་མ་ཡོད་པ་ཚོར་བྱུང་།

ལོ་སར་ཚེས་ ༢ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༢ ཚེས ༢༣ ལ།

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 1

  1. སྐར་མདའ། says:
    ལོ་ 14 སྔོན།

    བོད་སྒྱུར་གནང་མཁན་དགེ་འདུན་རབ་གསལ་ལ་ཐུགས་རྗེ་ཆེ་ཞུ། གོ་བདེ་ཁ་གསལ་ཞིག་བསྒྱུར་གནང་འདུག རྩོམ་ཡིག་འདི་ཀློག་ཡོང་དུས་རིག་གནས་གསར་བརྗེ་ཞེས་པ་དེ་དྲན་ཡོང་གི་འདུག རྒྱ་གཞུང་གི་རུལ་སུངས་ཀྱི་ལུགས་ངན་དེ་དག་ཇི་འདྲའི་སྙིང་ལ་གཟན་པ་ཞིག་འདུག་ཨང་། དངོས་གནས་ངོ་ཚ་གཏན་ནས་མེད་པའི་སྒེར་གཅོད་རང་རེད། རྒྱ་གཞུང་གི་མགོ་རྟིང་མྱུར་དུ་སློག་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese