ཐེ་བོ་ཤེས་རབ་རྒྱ་མཚོ།
ཁ་རྩང་ཡེ་རྡོར་གྱིས་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་སྟེང་སྤེལ་བའི་རྩོམ་ཡིག་<<དྲག་ཤུགས་ལ་སྐུལ་བ་ནི་ཏཱ་ལའི་ཚོགས་ཁག་འཕྲལ་མར་རྩ་མེད་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན>>་ཞེས་པ་དེའི་ནང་དུ་འཁྱོག་བཤད་རབས་དང་རིམ་པ་བྱས་ཡོད་ནའང་། རྒྱལ་སྤྱིའི་ཐོག་གི་མི་རྣམས་ནི་གུང་ཁྲན་ཏང་གི་གནམ་འོག་ནས་འཚར་ལོང་བྱུང་བའི་སྐམ་ས་ཆེན་པོའི་མི་རྣམས་དང་རྩ་བ་ནས་མི་འདྲ་བས་དེ་ལ་དོ་སྣང་བྱེད་མི་སྲིད་པ་དང་། དེ་བས་ཀྱང་དེའི་གཡོ་འོག་ཏུ་ཚུད་མི་སྲིད་པ་ཡིན་སྟབས། དང་ཐོག་དེར་དོ་སྣང་མ་བྱས་མོད། འོན་ཀྱང་ཞིབ་ཏུ་བསམ་ན་རྩོམ་ཡིག་དེ་ནི་དམིགས་ཡུལ་དང་འཆར་གཞི་ཡོད་པའི་ཐོག་ནས་སྤེལ་བ་ཞིག་ཡིན་པས། ཁ་ཐུག་རྫུན་ཕུག་མ་བརྟོལ་ཚེ་ལོ་འབྱུང་འགྱུར་རྒྱུས་ཐོག་གསེད་བཀྲོལ་བྱ་དཀའ་བའི་གནད་དོན་ཞིག་ཆགས་མི་སྲིད་པ་མ་ཡིན་པར་བརྟེན་འདིར་བདེན་པ་གཞིར་བཞག་གིས། ཡེ་རྡོར་གྱི་རྫུན་ཚིག་རྣམས་ཚིག་གིས་དེད་ནས་སྐད་ཆ་འགའ་བཤད་རྒྱུར་དང་ལེན་བྱ་རྒྱུ་ཡིན།
ངའི་གཡས་གཡོན་གྱི་སྤུན་ཟླ་མང་པོ་ཞིག་གིས་ཡེ་རྡོར་ཟེར་བ་འདིས་འདི་འདྲའི་རྩོམ་ཡིག་སྤེལ་བ་ནི་གང་མིན་ཚད་རེད་ཟེར་ནས་འཁང་ར་ཤུགས་ཆེར་བྱེད་ཀྱིན་ཡོད་ནའང་། བདག་ལ་ཚོར་བ་གང་ཡང་མ་མཆིས་ཏེ། འགྲོ་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ལེའུའི་ནང་ལ་མི་འདྲ་མི་འདྲ་མང་དུ་བྱུང་མྱོང་བ་དང་། ད་དུང་ཡང་འབྱུང་ངེས་ཡིན།
འགྲོ་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཚིག་མཛོད་ནང་དུ་མི་འདི་རིགས་ལ་གནད་དུ་ཁེལ་བའི་འགྲེལ་བརྗོད་སྟབས་བདེ་ཞིག་ཡོང་ཆེད། “རྒྱུག་ཁྱི་”ཟེར་བའི་མིང་ཚིག་འདི་བེད་སྤྱོད་བྱས་ཡོད། “རྒྱུག་ཁྱི་”ནི་ཏག་ཏག་གམ་ནམ་ཡང་ “རྒྱུག་ཁྱི་”ཡིན་པས། དེ་ལ་ང་ཚོས་བློ་ཕམ་བྱེད་དགོས་དོན་གཏན་ནས་མེད།
ཡེ་རྡོར་གྱིས་སྙུག་རྩེ་ས་ལ་འཛུགས་མ་ཉིད་ནས་ “ད་ལོའི་ཚུན་ལ། ཞིང་ཆེན་དང་བོད་ཁུལ་ལ་ལའི་ས་ཆ་ཁག་ནས་རང་སྲེག་དོན་རྐྱེན་དང་རྡུང་འཕྲོག་བཅོམ་གསུམ་གྱི་དོན་རྐྱེན་འགའ་བྱུང༌།” ཟེར་ནས་བོད་མིའི་ཐོག་ལ་སྨྱོ་ཧམ་ཆེན་པོས་སྙོན་འཛུགས་བྱས་ཡོད་པ་དང་། དེ་ནི་བསམ་གཟས་ནས་འཁྱོག་བཤད་བྱས་པ་ཞིག་རེད། “རྡུང་འཕྲོག་བཅོམ་”གསུམ་ཟེར་བའི་ཚིག་འདི་ཡེ་རྡོར་ལ་མཚོན་ན་བཤད་རྒྱུ་སྐྱིད་པོ་ཞིག་རེད་བསམས་ནས་བཤད་པ་འདྲ་སྟེ། “རྡུང་འཕྲོག་བཅོམ་”གསུམ་ཡིན་ངོ་མ་ནི་ཙག་ཙིག་མཁོ་ཆས་ཉོ་བར་འགྲོ་མཁན་དང་དགོན་མཐའི་གླིང་སྐོར་ནང་གི་བོད་མི་རྣམས་ལ་མེ་མདའི་ཞབས་གཞུག་དང་གློག་དབྱུག ལྕགས་དབྱུག་སོགས་གཞུས་ནས་རྐང་ཆག་ལག་ཆག་ཏུ་བཏང་བ་དེ་ལ་ད་གཟོད་ “རྡུང་”ཟེར་བ་རེད། “བཅོམ་”ཟེར་བ་ཡང་རེབ་གོང་གིས་མཚོན་པའི་བོད་ཁུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པའི་སྡོད་ཤག་ནས་དམག་མི་དང་ཉེན་རྟོག་པ་ཚོས་སྒོར་མོ་དང་ཤ་མར་སོགས་བཟའ་བཏུང་རིགས་བཙན་འཁྱེར་བྱས་པ་དེ་ལ་ “འཕྲོག་”ཟེར་བ་རེད། དེ་ག་ནང་བཞིན་ “བཅོམ་”ཟེར་བ་དེ་ཡང་བཙན་ཐབས་དང་དབང་ཡོད་ཀྱིས་རྒྱུ་དངོས་འཕྲོག་འཁྱེར་བྱས་ནས་ཅི་ཡང་ཤུལ་དུ་མ་ལྷག་པར་བྱས་པ་དེ་དག་ལ་ད་གཟོད་ “བཅོམ་”ཟེར་དགོས་པ་རེད།
མདོ་དོན་སྐད་ཆ་གསལ་པོ་བཤད་ན། རང་དབང་ཆེད་ཡི་གེ་སྦྱར་འགྲེམས་དང་ལག་པ་གནམ་ལ་འཕྱར་ནས་སྲང་ལམ་དུ་ཐོན་པ་ཙམ་གྱིས་ཀྱང་བཙོན་དུ་བཅུག་ནས་སྡུག་ལས་སྣ་དགུ་བཏང་བ་དང་། རྒྱ་སྒོར་སྟོང་ཕྲག་དང་ཁྲི་ཕྲག་གིས་ཉེས་ཆད་བཅད་ནས་བཙོན་ཁང་ནས་ཕྱི་ལ་ཐོན་དུས་དབང་བོ་སྐྱོན་ཅན་བཟོས་ཡོད་པ་དེ་དག་ལ་ད་གཟོད་ “རྡུག་བཅོམ་འཕྲོག་”གསུམ་ལབ་ན་དོན་དངོས་དང་ཤིན་ཏུ་ནས་མཐུན་པ་ཞིག་ཡིན།
ད་དུང་ཅི་ཙམ་ཞིག་བཙོན་ཁང་ནང་དུ་བསད་པ་དང་ཅི་ཙམ་ཞིག་གློད་གྲོལ་རྗེས་ནད་གཅོང་གིས་གྲོངས་ཟིན་པའི་མི་མང་པོ་ཞིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གིས་ལོ་རེའི་ལོ་འཁོར་སྙན་ཐོའི་ནང་ཁ་གསལ་བཀོད་ཡོད། ལག་ཏུ་ཁབ་ཙམ་ཡང་འཁྱེར་མྱོང་མ་ཡོད་པའི་མིའི་ཐོག་བྱེད་སྟངས་དེའི་རིགས་ལ་ད་གཟོད་རྒྱལ་སྤྱིའི་ཐོག་དྲག་ལས་དང་དྲག་སྤྱོད་ཟེར་བ་རེད། འོན་ཀྱང་དེ་རིང་ཡེ་རྡོར་གྱིས་དཀར་ནག་གོ་ལྡོག་དང་མ་ཉེས་ཁག་གཡོག་གིས་བོད་མིའི་ཐོག་ལ་ “རྡུང་འཕྲོག་བཅོམ་”གསུམ་བྱས་ཚུལ་སྙོན་འཛུགས་བྱེད་ཀྱིན་ཡོད་པ་རེད།
ཡིན་ཡང་སྐབས་འདི་འདྲ་ཞིག་ལའང་ང་ཚོ་ཚང་མས་ཡེ་རྡོར་ལ་བསམ་ཤེས་བྱེད་ཐུབ་དགོས་ཏེ། ཁོ་ནི་སྦྱིན་བདག་གིས་གསོས་པའི་ “རྒྱུག་ཁྱི་”ཡག་པོ་ཞིག་ཏུ་གྱུར་ཡོད་པ་ལས་གཞན་གང་ཡང་མིན།
ད་དུང་ཡེ་རྡོར་གྱིས་བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཆེན་པོ་འདི་ལ་ “ཏཱ་ལའི་ཚོགས་ཁག་ལ་ཡང་བསྐྱར་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་ཏེ་བོད་ཁུལ་གྱི་གནས་བབ་ཧ་ཅང་ཚབས་ཆེན་ཡིན་ཚུལ་སྐོར་གང་སར་འུད་སྒྲོག་ཤུགས་ཆེན་བྱས་འདུག” ཅེས་ཟེར། དོན་དངོས་ཐོག་བོད་ནང་གི་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་འབྱོར་རེ་བཞིན་ང་ཚོའི་སེམས་ལ་བཟོད་གླགས་མེད་པའི་སྡུག་བསྔལ་དྲག་པོ་འབྱུང་གི་འདུག བོད་ནང་གི་རང་ལུས་མེ་སྲེག་དེས་ང་ཚོ་ལ་སྤྲོ་སྣང་ཆེན་པོ་ཞིག་སྐྱེས་ཡོད་མེད། རྒྱལ་སྤྱིའི་ཐོག་གི་མི་ཚང་མས་གསལ་པོ་ཤེས་ཀྱི་ཡོད་རེད། བོད་ནང་གི་སྤུན་ཟླ་ཚོས་རང་ལུས་མེ་སྲེག་བཏང་བའི་གནས་ཚུལ་འབྱོར་རེས་བཞིན་ང་ཚོའི་སེམས་ལ་བཟོད་གླགས་མེད་པའི་སྡུག་བསྔལ་དྲག་པོ་འབྱུང་གི་ཡོད་སྟབས། ང་ཚོས་དེའི་ཐད་ལ་རྟག་ཏུ་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཡེ་རྡོར་གྱིས་ང་ཚོ་སྤྲོ་སྣང་ཆེན་པོ་སྐྱེས་ཚུལ་བཤད་པར་བརྟེན་ཁོས་རྒྱལ་ཕྱི་ནང་དུ་ང་ཚོ་ལ་སྤྲོ་སྣང་སྐྱེས་པའི་བདེན་དབང་མིག་སྟོན་བྱེད་དགོས་པ་དང་། ཧ་ཅང་སྟབས་བདེ་ཡིན་པའི་སྐད་ཆ་ཚིག་ཀ་རེ་རེ་ལ་རི་རབ་ལྟར་ལྕི་བའི་འགན་ཡང་ཁུར་དགོས་ངེས་རེད། བོད་ནང་གི་གནས་བབ་ཚབས་ཆེན་ཡིན་མིན་ང་ཚོས་བཤད་ནས་ཁུངས་སྐྱེལ་བྱེད་དགོས་ཀྱི་མི་འདུག ཁྱེད་ཚོའི་བྱེད་སྟངས་ལས་ང་ཚོས་བོད་ནང་གི་གནས་ཚུལ་ངོ་མ་གསལ་པོ་མཐོང་གི་འདུག བོད་ལྗོངས་སློབ་གྲྭ་ཆེན་མོ་ཟེར་བ་དེ་ཅིའི་ཕྱིར་ཟླ་གཅིག་གི་རིང་ལ་སྒོ་བརྒྱབ་པ་རེད་དམ། རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་དུ་འགྲོ་རྒྱུ་ཅིའི་ཕྱིར་བཀའ་འགོག་བྱས་པ་རེད་དམ།
ཚང་མས་མཁྱེན་གསལ་ལྟར་ས་ཆ་དང་ཡུལ་ལུང་གང་དུ་མི་རྣམས་ལ་གོད་ཆག་ཕོག་ཚེ་ང་ཚོས་ས་དེ་གའི་འདས་གསོན་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་དང་། གསོལ་འདེབས་བྱས་པ་མ་ཟད། སྔོན་ནས་བོད་ནང་གི་སྤུན་ཟླ་ཚོས་རང་དབང་ལ་གདུང་འབོད་བྱས་ནས་ཁོང་ཚོའི་མགོ་ལ་གོད་ཆག་ཕོག་ཚེ་ང་ཚོས་སྨོན་ལམ་འདོན་པ་དང་། གསོལ་འདེབས་བྱེད་པ། མཆོད་འབུལ་བྱེད་པ་དང་། མར་མེ་ཁྲོམ་སྐོར་བྱེད་པ་སོགས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་བྱས་པ་རྣམས་ལོ་རྒྱུས་ཀྱི་ཡིག་ཆའི་ཁྲོད་དུ་གསལ་པོ་ཡོད་པ་རེད།
མ་ཟད་༢༠༠༨ ལོ་ནས་བཟུང་ྋགོང་ས་མཆོག་དང་བཀའ་སྤྱི་དབུ་བཞུགས་ཐོག་ང་ཚོ་ཚང་མས་སྨོན་ལམ་འདོན་པ་དང་མཆོད་འབུལ་གཞི་རྒྱ་ཆེན་པོ་བྱས་དང་བྱེད་མུས་ཡིན། མཆོད་འབུལ་དང་སྨོན་ལམ་འདོན་པ་ནི་ང་ཚོས་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་དགེ་བསྒྲུབས་དང་མྱ་ངན་ཞུ་སྟངས་ཤིག་ཡིན་ལ། ད་དུང་རྒྱལ་སྤྱིའི་ནང་ལ་ང་ཚོས་དེ་མཚུངས་ཀྱིས་དྲག་གནོན་མཚམས་འཇོག་ཡོང་ཐབས་སུ་འབོད་སྐུལ་རབས་དང་རིམ་པ་ཞུས་དང་ཞུ་མུས་ཡིན། ང་ཚོས་ད་ལྟ་བོད་ལ་ཅི་ཞིག་འབྱུང་གི་ཡོད་པ་དེ་རྒྱལ་སྤྱིའི་སྒང་ལ་གསལ་བཏོན་བྱས་པ་དེར་འུད་སྒྲོག་ཟེར་བ་རེད་དམ། གུང་ཁྲན་ཏང་གི་ཚིག་མཛོད་ནང་དུ་དོན་དངོས་གསལ་བཤད་དང་གསལ་བཏོན་བྱས་པར་འུད་སྒྲོག་ཟེར་ནས་འགྲེལ་བརྗོད་བྱས་ཡོད་པ་རེད་དམ། མི་གཤིས་ཡོད་པའི་ཐོག་ནས་སྐད་ཆ་ཚིག་ཀ་གཅིག་ཤོད་དང་། གོང་གི་གནས་ཚུལ་འདི་དག་ཚང་མ་ང་ཚོ་ལ་དགའ་ཚོར་སྐྱེས་ནས་བྱས་པ་ཞིག་ཡིན་པའི་རྒྱུ་མཚན་གསལ་བཏོན་བྱེད་རོགས་ཞེས་སྙུག་ཐོགས་པ་ལ་རེ་སྐུལ་ཞུ་བཞིན་ཡོད།
ད་དུང་ྋདཔལ་རྒྱལ་པ་ཀརྨ་པ་རིན་པོ་མཆོག་དང་ྋས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གཙོས་བླ་སྤྲུལ་མང་པོ་ཞིག་གིས་བོད་ནང་གི་སྤུན་ཟླ་ཚོར་རང་ལུས་མེ་སྲེག་མི་གནང་བའི་འབོད་སྐུལ་ཞུས་ཡོད་པ་དང་། དེ་བཞིན་ཉེ་ཆར་ྋསྐྱབས་རྗེ་ྋཀིརྟི་རིན་པོ་ཆེ་མཆོག་གིས་ཀྱང་བོད་ནང་གི་སྤུན་ཟླ་ཚོའི་རང་ལུས་མེ་སྲེག་གི་ཞི་རྒོལ་དེ་རིགས་མྱུར་དུ་ཞི་འཇགས་ཡོང་ཐབས་སུ་ཨ་རི་ལ་ཕེབས་ནས་ཞུ་འབོད་གནང་བ་སོགས་ཀྱང་ང་ཚོས་དགའ་ནས་རེད་ཟེར་ན། འཕྲུལ་ཆས་ཅན་དུ་གྱུར་པའི་རྒྱ་ནག་མི་མང་ལས་གཞན་སུའི་རྣ་བར་འགྲོ་སྲིད་དམ། རྒྱུ་མཚན་དེ་འདྲ་ལ་བརྟེན་ “ཁ་དཔེར་ཡང་རྫུན་བཤད་ན་རིག་པ་བཅུམ་དགོས་”ཟེར་བའི་བཤད་ཚུལ་བྱུང་བ་རེད།
ད་ལྟ་ཨ་རི་ལ་བཞུགས་པའི་ཨ་ཀྱཱ་རིན་པོ་ཆེ་དང་། པེ་ཅིན་དུ་བཞུགས་པའི་བོད་རིགས་ཀྱི་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས། ཨ་མདོ་ན་བཞུགས་པའི་ན་གཞོན་སྙན་ངག་པ་གྲགས་ཅན་དགའ་བདེ་ཚེ་རིང་ལགས་བཅས་ཀྱིས་རང་ལུས་མེ་སྲེག་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་ལས་འགུལ་སྤེལ་བཞིན་པ་དེ་ཡང་ཁྱེད་ཅག་ལྟར་ན་དྲག་སྤྱོད་དང་སྤྲོ་སྣང་གིས་ཡིན་ནམ།
ད་དུང་ལོ་སར་མེད་པའི་སྐུལ་མ་བཏང་བ་རེད་ཟེར་ནས་ཧང་སང་སང་བྱེད་ཀྱི་འདུག ཨ་ཅང་ཅང་། ང་ཚོའི་སྤུན་ཟླ་བརྒྱ་ཕྲག་མང་པོ་དེ་རིང་ད་དུང་རྒྱ་ནག་གིས་བཙོན་འཇུག་བྱས་ཡོད་པ་དང་། (ངས་རྩོམ་ཡིག་འདི་འབྲི་བཞིན་པའི་སྐབས་སུའང་ཕྱི་ཚེས་ ༦ ཉིན་རྒྱ་ནག་གི་ཉེན་རྟོག་པས་མགོ་ལོག་པདྨ་མ་རྫོང་དུ་མེ་མདའ་བརྒྱབ་ནས་ལོ་ ༢༨ ཡས་མས་ཡིན་པའི་ཆོས་རིས་དམར་གསོད་བཏང་ཡོད་པ་དང་མི་གཞན་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པའི་གནས་ཚུལ་ཐོན་ཡོད།) དེ་དག་བཙོན་འཇུག་བྱེད་དགོས་པའི་ཉེས་པ་ནི་སྲང་ལམ་དུ་ཐོན་ནས་རྒྱ་ནག་གི་རྩ་ཁྲིམས་དང་ས་གནས་ཀྱི་བཅའ་ཁྲིམས་ནང་བཀོད་ཡོད་པའི་འགྲོ་མིའི་ཐོབ་ཐང་དང་ཆོས་ལུགས་དད་མོའི་རང་དབང་རྣམས་དངོས་སུ་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན་པ་དེ་ཡིན་པ་དང་། ཆ་སྙོམས་བྱས་ན། ཉུང་མཐའ་རྒྱ་ནག་གི་གདུག་རྩུབ་འོག་ཟླ་བ་རེ་རེའི་ནང་ལ་བོད་མི་བཅུ་བཅོ་ལྔ་རེ་བཙོན་འཇུག་འདྲི་རྩད་དང་བཀག་ཉར་བྱེད་ཀྱིན་ཡོད་པ་མ་ཟད། བོད་མི་གཉིས་གསུམ་རེ་དམར་གསོད་དང་གཏོང་གི་ཡོད་པ་དང་འདས་གྲོངས་སུ་འགྲོ་བཞིན་ཡོད། ད་ཁྱོད་ཀྱིས་སོམས་དང་། གནས་སྟངས་འདི་འདྲའི་འོག་ང་ཚོས་ལོ་སར་དུས་སྟོན་ལ་རོལ་འོས་སམ། འདི་ནི་མ་མཐའི་དཔལ་ཡོན་ལྡན་པའི་མི་རིགས་ཤིག་ལ་མཚོན་ནས་བཤད་ན། རྒྱུན་ལྡན་གྱི་བྱེད་སྒོ་ཞིག་ཡིན་པས། ང་ཚོས་དེ་བས་ཀྱང་དེ་ལྟར་བྱེད་དགོས་ངེས་ཤིག་ཡིན།
ད་དུང་ཡེ་རྡོར་གྱིས་ “དེ་ལས་ཀྱང་བློས་དཔོག་དཀའ་བ་ཞིག་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་“མངོན་སུམ་ཡིན་མིན་གྱི་རྟོག་ཞིབ་ཚོགས་པ་”ཞིག་བོད་ཁུལ་དུ་མངགས་ནས་རྟོག་ཞིབ་བྱས་འདུག་ཅེས་འཁྱམ་བཤད་ཅིག་ཀྱང་འདུག” ཅེས་བཤད་ནས་ཧང་སང་ཁུལ་བྱས་འདུག རྔ་བ་ཁུལ་དུ་གསར་འགོད་པ་སོང་ནས་རྟོག་ཞིབ་བྱས་པ་རྣམས་འཛམ་གླིང་ལ་བསྒྲགས་ཟིན་པ་མ་ཤེས་སམ།
ཁྱེད་ཀྱིས་ད་དུང་སྤྱི་ཟླ་༣ ནང་ཁྲག་བཞུར་དོན་རྐྱེན་ཞིག་འབྱུང་བའི་རེ་སྙེག་བྱེད་ཀྱིན་ཡོད་ཚུལ་བཤད་པ་དང་རྒྱལ་སྤྱིའི་ནང་ལ་དོ་སྣང་བྱེད་མཁན་མེད་ཚུལ་བཤད། དོན་ངོ་མ་སྐད་ཆ་འདི་ལྟར་བཤད་ནས་སུ་ལ་མགོ་སྐོར་གཏོང་གི་ཡོད་དམ། ང་ཚོས་སྤྱི་ཟླ་༣ ནང་ཁྲག་བཞུར་དོན་རྐྱེན་འབྱུང་བའི་རེ་སྙེག་གང་ཡང་བྱས་མྱོང་མེད་ནའང་། ང་ཚོས་རྒྱ་ནག་གཞུང་གིས་ཁྲག་བཞུར་དོན་རྐྱེན་བཟོ་བའི་ལས་ཀ་མང་པོ་ཞིག་ལས་བཞིན་པ་གསལ་པོ་མཐོང་གི་འདུག ཉིན་མ་རེ་རེ་བཞིན་དགོན་པའི་ནང་ཆོས་ཀྱི་སློབ་གཉེར་བྱེད་དུ་མི་འཇུག་པར་ཀླད་པ་འཁྲུ་ཐབས་བྱེད་ཀྱིན་ཡོད་པ་དང་། སློབ་གྲྭ་ཁག་ཏུའང་དེ་མཚུངས་ཀྱིས་བྱ་འགུལ་སྤེལ་གྱིན་ཡོད་པ་རེད། ཉིན་མ་རེ་རེ་བཞིན་ལྕགས་འཁྲབ་འཁོར་ལོ་དང་དམག་མི་དབོར་འདྲེན་བྱེད་བཞིན་པ་དེས་ཅི་ཞིག་གསལ་སྟོན་བྱེད་ཀྱིན་ཡོད་མེད་ང་ཚོས་གསལ་པོ་ཤེས་ཀྱི་འདུག
ད་དུང་ཉིན་ཤས་སྔོན་བོད་མི་ཏང་ཡོན་ཞིག་གིས་ད་ལྟའི་བོད་ནང་གི་གནས་སྟངས་མཚོན་པའི་རྩོམ་ཡིག་ཅིག་སྤེལ་བ་དེའི་ནང་ལ་གོམ་པ་ལྔ་རེ་མཚམས་སུ་དམག་སྒར་རེ་དང་གོམ་པ་གསུམ་རེ་མཚམས་སུ་དམག་མི་རེ་ཡོད་པ་དང་། བོད་ཁུལ་ནི་སི་རི་ཡ་ནང་བཞིན་ཆགས་ཡོད་ཚུལ་བཤད་ནས་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱས་པ་སོགས་ཀྱིས། ང་ཚོས་བོད་ནང་ལ་དྲག་གནོན་ཡ་ང་བ་ཞིག་ཡོང་རྒྱུ་ཡིན་པ་གསལ་པོ་ཤེས་ཀྱི་འདུག དེར་བརྟེན་ང་ཚོས་སེམས་འཚབ་ཆེན་པོ་ཐོག་ནས་རྒྱ་ནག་དབུས་གཞུང་ལ་དངོས་ཐོག་བདེན་འཚོལ་བྱེད་དགོས་པའི་རེ་བ་ཤུགས་ཆེར་བཏོན་དང་འདོན་མུས་ཡིན་ལ། རྒྱལ་སྤྱིའི་ནང་ལའང་དེ་དེ་བཞིན་བྱས་ནས་རེ་འབོད་ཤུགས་ཆེར་བྱས་དང་བྱེད་མུས་ཡིན།
འོན་ཀྱང་ཡེ་རྡོར་གྱིས་རྒྱལ་ཁབ་ཕྱི་ནང་ཀུན་ལ་དེར་དོ་སྣང་བྱེད་མཁན་མེད་ཚུལ་བཤད་པ་ནི་རྫུན་གཏམ་སྟེ། རྒྱ་ནག་ནང་ཁུལ་དང་ཕྱི་ལོགས་སུ་ཡོད་པའི་སྙན་གྲགས་ཆེ་བའི་མཁས་པ་དང་རྩོམ་པ་པོ་ཚོས་རྒྱ་ནག་གཞུང་གིས་འདི་ལྟའི་དྲག་གནོན་འདི་མྱུར་དུ་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་ཡིན་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ནང་དུ་ཡང་ཐེངས་གཅིག་མིན་པར་གླེང་སློང་བྱུང་ཡོད་པ་རེད།
ཡེ་རྡོར་གྱིས་བོད་མིའི་ཞི་རྒོལ་འདི་དྲག་ཤུགས་ཀྱི་ཕྱོགས་སུ་འཕོ་འགྱུར་འགྲོ་བའི་ཉེན་ཁ་ཡོད་ཚུལ་བཤད་འདུག་པ་ལྟར་ངས་ཀྱང་དེ་ལྟར་བསམ་གྱིན་འདུག བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་དང་། རྒྱལ་སྤྱིའི་ནང་ལའང་དེ་མཚུངས་ཀྱི་བསམ་ཚུལ་འབྱུང་གི་ཡོད་པ་རེད། གལ་སྲིད་དེ་ལྟའི་དུས་སྐབས་ཤིག་བྱུང་ཚེ་དེའི་འགན་ཚང་མ་རྒྱ་ནག་གཞུང་ཕྱོགས་སུ་ཡོད་པ་ལས་གཞན་སུ་གང་ལའང་མེད་པ་དང་། དེའི་མཇུག་འབྲས་ནི་བོད་རྒྱ་གཉིས་ཆར་ཕན་ཐོགས་གཏན་ནས་མེད་པ་ཞིག་ཀྱང་རེད།
“ཏཱ་ལའི་ཚོགས་ཁག་གིས་སྔ་མོ་ཞིག་ནས་བཟུང་རང་སྲེག་ལ་ངན་ཇུས་དང་ངན་སྐུལ་བྱས་”ཚུལ་བཤད་པ་དེ་ནི་བདེན་པ་རྩ་བ་ནས་མིན། རྒྱ་ནག་གཞུང་གིས་ནམ་རྒྱུན་འུག་པའི་རྫུན་བསྒྲིགས་ལྟ་བུའི་ཁུངས་མི་འཁྱོལ་བའི་སྐྱག་རྫུན་བཤད་ལོབས་སུ་སོང་ཡོད་པ་རྒྱལ་ཕྱི་ནང་ཀུན་ལ་ས་གྲགས་གནམ་གྲགས་སུ་གྱུར་ཡོད་པ་རེད།
བཙན་བྱོལ་བོད་གཞུང་དང་། ྋགོང་ས་མཆོག་གིས་ག་དུས་ཡིན་ནའང་། བོད་ནང་གི་ཞི་རྒོལ་རྣམས་ཕྱི་ལོགས་ནས་བརྒྱུད་སྐུལ་བྱས་པའི་དོགས་པ་ཡོད་ཚེ་རྒྱ་ནག་གཞུང་གིས་དབང་ལྡན་མི་སྣ་ཆེད་མངག་གིས་ཞིབ་འཇུག་བྱ་དགོས་པའི་རེ་བ་ལན་གཅིག་མ་ཡིན་པར་བཏོན་མྱོང་ནའང་། རྒྱ་ནག་གཞུང་ལ་དེ་ལྟའི་ཞིབ་འཇུག་བྱེད་རྒྱུའི་བློ་སྤོབས་གཏན་ནས་ཡོད་པ་མ་རེད། དེའི་རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་ཞིག་སྟེ། རྒྱ་ནག་གཞུང་ནི་རང་ཉིད་ཀྱི་རྫུན་རྐུབ་རྡོལ་རྒྱུར་ཞེད་སྣང་སྐྱེ་ཡོད་པས་རེད།
ད་དུང་ཡེ་རྡོར་གྱིས་གད་མོ་ཤོར་དགོས་པའི་སྐད་ཆ་ཞིག་བཤད་ཡོད་པ་ནི། ཏཱ་ལའི་བླ་མས་སྔོན་ཆད་རང་ལུས་མེ་སྲེག་ལ་དགག་རྒྱག་བྱས་མྱོང་ཡང་ཉེ་བའི་ཆ་ནས་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་བཤད་པ་དང་། དེ་ལྟར་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་བཤད་པའི་རྒྱུ་མཚན་ནི་བོད་ནང་གི་རང་ལུས་མེ་སྲེག་བཏང་བའི་དཔའ་བོ་ཚོར་གདུང་སེམས་མཉམ་བསྐྱེད་དང་། མཆོད་འབུལ་སྨོན་ལམ་ཚོགས་པ་དང་སྙུང་གནས་ལ་བཞུགས་པ་དེ་བགྲངས་འདུག ཁྱེད་ཀྱིས་གཟིགས་དང་། “ལོ་བཅུའི་རྗེས་ཀྱི་ ༢༠༡༡ ལོར་བོད་ཁུལ་གྱི་ས་ཆ་ཁ་ཤས་སུ་ཡང་བསྐྱར་རང་སྲེག་གི་དོན་རྐྱེན་བྱུང༌། ཏཱ་ལའི་བླ་མ་དང་དེའི་ཚོགས་ཁག་གིས་སྒྲོག་གཏམ་སྤེལ་བའི་བྱེད་སྟངས་གཞི་ནས་འགྱུར། ཏཱ་ལའི་བླ་མས་དེ་ལ་དགག་རྒྱག་བྱེད་རྒྱུ་ཕར་ཞོག རང་ཉིད་གཙོ་བྱས་ཏེ་དམིགས་བསལ་གྱི་ཆོས་ཚོགས་འཚོགས་ཏེ་ཉིན་གཅིག་གི་ཟས་ཐུན་བཅད་ནས་རང་སྲེག་དོན་རྐྱེན་ལ་རྒྱབ་སྐྱོར་བྱས།” ཁྱེད་ཀྱིས་གཟིགས་བྱུང་ངམ། ཁོས་དེ་ལྟར་བཤད་པའི་སྐད་ཆ་ཚང་མ་འདིར་དྲངས་ཡོད། བོད་ནང་གི་སྤུན་ཟླ་ཚོས་རང་ལུས་མེ་སྲེག་བཏང་བ་དེར་ྋགོང་ས་མཆོག་དབུ་བཞུགས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་ནས་སྙུང་གནས་ལ་བཞུགས་པ་འདི་རང་སྲེག་དོན་རྐྱེན་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། ཝུན་ཁྲོན་དང་། འཇར་པན། ཐེ་ལན་སོགས་སུ་ས་ཡོམ་དང་ཆུ་ལོག་གི་རང་བྱུང་གོད་ཆག་ཕོག་སྐབས་ཀྱང་། ང་ཚོས་དེ་ལྟར་བྱས་ཡོད་པས། དེས་ན་དེ་ཡང་རང་བྱུང་གོད་ཆག་གི་གནོད་འཚེ་ཕོག་པ་ལ་རྒྱབ་སྐྱོར་བྱས་པ་ཡིན་ནམ། འདི་འདྲའི་རྒྱུ་མཚན་དང་ཁུངས་ལུང་མེད་པའི་བཤད་སྟངས་འདི་ནི་མིའི་སྐད་ཆ་བཤད་སྟངས་ཡིན་ནམ། “བཙན་བྱོལ་སྲིད་གཞུང་དང་བོད་རང་བཙན་གྱི་རྩ་འཛུགས་བཅས་ཀྱི་འགོ་གཙོ་རེ་རེ་ནས་རང་སྲེག་བྱེད་མཁན་ནི་མི་རིགས་ཀྱི་དཔའ་བོ་དང༌། མི་བསོད་ནམས་ཅན། ཡང་སྤྲུལ་ངོས་འཛིན་བྱེད་དགོས་པ་ལ་སོགས་པའི་གསལ་བསྒྲགས་སྤེལ་བ་རེད།” ཟེར། ཡེ་རྡོར་གྱི་སྐད་ཆ་ལྟར་བཤད་ན་བཙན་བྱོལ་སྲིད་གཞུང་དང་བོད་རང་བཙན་རྩ་འཛུགས་ཀྱིས་རང་ལུས་མེ་སྲེག་གཏོང་མཁན་རྣམས་མི་རིགས་ཀྱི་དཔའ་བོ་ཡིན་པར་བཤད་པ་དེ་ནི་དོན་དངོས་ཡིན་པས་དེ་ལ་ཧ་ལས་དགོས་དོན་གཏན་ནས་མེད། སྙན་གྲགས་ཆེ་བའི་རྒྱ་ནག་གི་རྩོམ་པ་པོ་མང་པོས་ཀྱང་ཁོང་ཚོ་ནི་ཆེས་བླ་ན་མེད་པའི་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་མཚོན་རྟགས་སུ་ངོས་འཛིན་བྱས་ཡོད་པ་དང་། རྒྱལ་སྤྱིའི་ནང་ལའང་དེ་ལྟར་ངོས་འཛིན་དང་གདེང་འཇོག་བྱས་ཡོད། འོན་ཀྱང་འདི་ན་བདའ་འདེད་བྱེད་དགོས་པའི་ཚིག་དུམ་ཞིག་ཡོད་པ་ནི། “མི་བསོད་ནམས་ཅན་”དང་། “ཡང་སྤྲུལ་ངོས་འཛིན་བྱེད་དགོས་”ཚུལ་གྱི་སྐད་ཆ་འདི་ཡིན། སྐད་ཆ་འདི་དུས་ནམ་ཞིག་ལ་གང་ནས་སུས་སུ་ལ་བཤད་པ་རེད་དམ། ཁུངས་ལུང་མེད་པའི་སྐྱག་རྫུན་འདི་འདྲ་བཤད་ནས་ཁུངས་འཁྱོལ་ཐབས་བྱེད་པ་ནི་འུ་ཐུག་པའི་རྟགས་བསྟན་པ་ཙམ་ལས་གཞན་ཅི་ཡང་མིན། ད་དུང་“རང་བཙན་གྱི་དོན་ཆེན་ལ་རང་གི་ཚེ་སྲོག་འབུལ་བ་ནི་ནང་བསྟན་གྱིས་ཆེས་དར་སྤེལ་བྱེད་བྱ་ཉག་ཅིག་ཡིན་ཞེས་བརྗོད་འདུག” ཟེར་ནས་ང་ཚོ་ལ་སྙོན་འཛུགས་མཁན་འདི་ཡང་ཡེ་རྡོར་རེད། སྐད་ཆ་འདི་ག་དུས་གང་གིས་གང་དུ་གང་ལ་བཤད་པ་རེད་དམ། སྐད་ཆ་བཤད་པར་ཁུངས་དགོས་པ་རེད། རུའུ་ལུགས་པ་རྣམས་ཀྱིས་རྫུན་གཅིག་ཐེངས་བརྒྱ་ལ་བཤད་ནས་བདེན་པ་བཟོ་བའི་དུས་སྐབས་དེ་ད་ཆ་རྫོགས་ཟིན་པ་རེད།
དེ་མིན་ད་དུང་“ཀིརྟི་རིན་པོ་ཆེ་ནས་ཀྱང་ན་ནིང་གི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་ཨ་རི་ནས་མཚམས་སྦྱོར་ཚན་པར། རང་སྲེག་གི་བྱེད་སྟངས་དེ་ནི་ནང་བསྟན་གྱིས་དར་སྤེལ་བྱེད་པའི་གཞན་ཕན་གྱི་དགོངས་པ་ཡིན་” ཞེས་པའི་གསུངས་བ་དེ་ནི་བདེན་པ་ཡིན་པ་དང་། སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་ལ་མཇལ་མྱོང་ཡོད་ཚེ་ད་གཟོད་ཤེས་རྒྱུ་ཞིག་ཡོད་པ་རེད། དེ་མིན་ནང་བསྟན་གྱི་དོན་སྙིང་མ་རྟོགས་པར་ནང་བསྟན་གྱི་གཞུང་ལུགས་དང་འགལ་ཚུལ་བཤད་པ་ནི་གཞན་གྱིས་བལྟས་ན་གད་མོ་ཤོར་དགོས་པ་ཞིག་ལས་གཞན་ཅི་ཡང་མེད།
ད་དུང་ཁོས་“རྒྱལ་ཕྱིའི་ཀིརྟི་དགོན་གྱི་གསར་འགྱུར་འབྲེལ་གཏུག་ཚོགས་ཆུང་གིས་བཅར་འདྲི་གནང་སྐབས། རང་སྲེག་དོན་རྐྱེན་འབྱུང་བའི་དར་ལུགས་འདི་ལྡོག་ཐབས་མེད་ལ། བཙན་བྱོལ་བོད་པ་རྣམས་ཀྱིས་རང་སྲེག་མཁན་གྱི་ཚེ་སྲོག་ཆུད་ཟོས་སུ་མི་གཏོང་བར་ཁག་ཐེག་བྱེད་ངེས་ཞེས་བརྗོད་བྱུང༌།” ཞེས་པའི་སྐད་ཆ་འདི་ཡང་བདེན་པ་ཞིག་སྟེ། སྤྲིན་པའི་འཁྲིགས་སྟངས་ལ་བལྟས་ནས་ཆར་བ་འབབ་རྒྱུ་ཚོད་དཔག་གིས་ཤེས་པ་ལྟར་ད་ལྟའི་རྒྱ་ནག་གཞུང་གི་བྱེད་སྟངས་འདི་ལ་བལྟས་ན་རང་ལུས་མེ་སྲེག་གི་དོན་རྐྱེན་འདི་ལྡོག་ཐབས་ཡོད་པ་ཞིག་མ་ཡིན་པའང་ང་ཚོས་ཚོད་དཔག་གིས་ཤེས་ཐུབ་སྟེ། “གང་ན་དྲག་གནོན་ཡོད་ན་དེ་ན་ངོ་རྒོལ་ཡོད་པ་”དེ་ང་ཚོས་ཁྱེད་ཅག་ལ་གསལ་འདེབས་བྱེད་དགོས་པ་ཞིག་མ་ཡིན་པར་ཁྱེད་ཅག་གི་སེམས་ན་ཁྲིགས་ཁྲིགས་ཡིན་པ་རེད།
དེར་བརྟེན་བོད་མི་ས་ཡ་དྲུག་གི་བདེ་སྡུག་ཆེད་ཁོང་ཚོས་སྙིང་སྟོབས་ཆེན་པོས་རང་ལུས་མེ་སྲེག་གིས་ཚེ་སྲོག་ཀྱང་འབུལ་བཞིན་པ་དེ་ང་ཚོས་ཆུད་ཟོས་སུ་བཏང་ན་དེ་ནི་ནང་པ་ཞིག་གི་ངོས་ནས་བཤད་ན། ལས་རྒྱུ་དང་འབྲས་དང་མཐུན་པ་ཞིག་མིན་ལ། ཆབ་སྲིད་འཐབ་རྩོད་པ་ཞིག་གི་ངོས་ནས་བཤད་ན་འཐབ་རྩོད་ཀྱི་གོ་སྐབས་བླ་ན་མེད་པ་ཞིག་ཤོར་དུ་བཅུག་པ་ཡིན་པས་དེ་བས་ཀྱང་འགྲིག་ཐབས་གཏན་ནས་མེདཔ་ཞིག་ཡིན། དེར་བརྟེན་ཁོང་ཚོས་ཚེ་སྲོག་ཕུལ་བ་དེ་ང་ཚོས་ཆུད་ཟོས་སུ་མི་འགྲོ་བའི་ཁག་ཐེག་བྱེད་དགོས་པ་ནི་ལྡོག་ཏུ་མེད་པའི་ཤུལ་ལུས་གཞིས་བྱེས་བོད་མི་སྤུན་ཟླ་ཡོངས་ལ་འཁྲི་བའི་འགན་རླབས་ཆེན་ཞིག་ཡིན།
ཡེ་རྡོར་གྱིས་ད་དུང་ད་ལྟ་ཏཱ་ལའི་ཚོགས་ཁག་གིས་དྲག་ཤུགས་ལ་གསོལ་འདེབས་བྱེད་ཀྱིན་ཡོད་ཚུལ་བཤད་འདུག ག་དུས་གང་དུ་ག་འདྲ་བྱས་ནས་གསོལ་འདེབས་བྱས་པ་རེད་དམ། སྐད་ཆ་ནི་བཤད་རྒྱུ་ཁོ་ན་ཙམ་མ་ཡིན་པར་བཤད་པའི་སྐད་ཆ་དེ་ལ་ག་དུས་ཡིན་ཡང་ཁུངས་སྐྱེལ་བྱེད་དགོས་པ་དང་འགན་འཁུར་དགོས་པ་རེད། ང་ཚོས་དྲག་ཤུགས་ལ་གསོལ་འདེབས་ཇི་ལྟར་བྱས་ཡོད་མེད་ང་ཚོར་ཉན་འདོད་ཆེན་པོ་ཡོད་ལ། དེ་ག་ནང་བཞིན་རྒྱལ་སྤྱིའི་ཐོག་དྲང་བདེན་ལ་དགའ་བའི་མི་ཚང་མའང་ཉན་འདོད་ཆེན་པོ་ཡོད་པ་རེད།
ཡེ་རྡོར་གྱིས་གསེར་རྟ་ནས་མེ་སྲེག་གི་དོན་རྐྱེན་བྱུང་བར་བཤད་པ་དེ་རྫུན་བཟོ་བྱས་ཚུལ་ལབ་པ་ལྟར་ད་ལྟ་མི་མང་པོ་ཞིག་གིས་དེ་ནི་རྒྱ་ནག་གཞུང་གིས་ཆེད་བཟོས་བྱས་པ་ཞིག་ཡིན་པའི་དོགས་པ་སྐྱེས་ཡོད་པ་དང་། གནས་ཚུལ་མང་པོ་ཞིག་གི་ཐོག་ནས་བལྟས་ནས་དེ་ལྟར་དོགས་པ་སྐྱེས་པ་ལ་རྒྱུ་མཚན་འདང་ངེས་ཡོད་པ་རེད།
༢༠༠༨ ལོའི་སྤྱི་ཟླ་༣ ནང་ལྷ་ས་ནས་ལྷ་སའི་ཉེན་རྟོག་ལས་ཁུངས་ཀྱིས་འཆར་བཀོད་ཀྱིས་ནམ་རྒྱུན་འཚོ་བའི་ཁྲོད་གཏན་ནས་མཐོང་མྱོང་མེད་པའི་མི་མང་པོ་གློ་བུར་དུ་ཁྲོམ་སྲང་ལ་བསླེབས་ནས་མེ་སྲེག་དང་རྡུང་གཅོག་འཕྲོག་གསུམ་བྱས་པར་མ་ཟད། ད་དུང་ཉེན་རྟོག་པར་བོད་ལྭ་གོན་དུ་བཅུག་ཅིང་ལག་ཏུ་གྲི་རིང་ཐོགས་ནས་ཁྲོམ་སྲང་དུ་དོན་རྐྱེན་བཟོ་རུ་མངགས་པ་དེ་པར་ལེན་བྱས་ནས་རྒྱལ་སྤྱི་ནང་ལ་བོད་པས་དྲག་སྤྱོད་སྤེལ་རབས་བཤད་པ་རེད། འོན་ཀྱང་སྟབས་ལེགས་ནས་གནས་ཚུལ་དེའི་བརྒྱུད་རིམ་ཆ་ཚང་ཐེ་ལན་ཌི་ནས་ཡིན་པའི་བུ་མོ་ཞིག་གིས་མཐོང་ནས་མོས་རྒྱལ་སྤྱིའི་ནང་ལ་གསལ་བཤད་བྱས་པར་བརྟེན། “གཅིན་རྡོ་ཐོག་བཏང་བ་བརླ་ཐོག་”ཅེས་པའི་དཔེ་ལྟར་གྱུར་མཛུབ་མོ་ཁ་ལ་བཅུག་ནས་སྡོད་དགོས་པ་བྱུང་ཡོད་པ་རེད། མ་གཞི་རྒྱ་ནག་གཞུང་གིས་དེ་ལྟའི་རྫུན་བསྒྲིགས་བྱས་པ་ཐེངས་གཅིག་མ་ཡིན་པར་མང་དུ་བྱས་མྱོང་ཡོད་པ་རེད།
དེར་བརྟེན་ད་ལན་གྱི་གནས་ཚུལ་དེ་ཡང་དེ་མཚུངས་ཀྱི་མི་རྣམས་དོགས་པ་སྐྱེས་པར་ཡང་ཁག་ཡོད་པ་མ་རེད། ད་དུང་ཁོས་ “ང་ཚོ་ལྷག་བསམ་ཅན་གྱི་མི་ཡོད་དོ་ཅོག་ལ་ཏཱ་ལའི་ཕྱོགས་ཀྱི་སྐད་ཆར་བདེན་ལུགས་མེད་པས་དེར་རེ་བ་མི་བཅངས་པར་མཁྱེན།” ཞེས་གསོལ་འདེབས་བྱེད་སྟངས་འདི་ལ་གཅིག་གཟིགས་དང་། སྐད་ཆ་བཤད་སྟངས་འདི་འདྲ་བྱས་ན་དེ་ལ་འུ་ཐུག་པའི་རྫུན་བསྒྲིགས་ལབ་པ་རེད། གོང་ནས་རྒྱལ་ཕྱི་ནང་ཀུན་ལ་ཏཱ་ལའི་ཕྱོགས་ཀྱི་སྐད་ཆར་ཡིད་ཆེས་བྱེད་མཁན་མེད་ལུགས་བཤད་མཁན་དེ་ཁྱེད་རང་མིན་ནམ། ད་ཡང་ཏཱ་ལའི་ཕྱོགས་ཀྱི་སྐད་ཆར་རེ་བ་མི་བཅངས་པར་མཁྱེན་ཅེས་གསོལ་འདེབས་བྱེད་ཀྱི་འདུག ཉན་མཁན་མེད་ན་ཁྱེད་ཀྱིས་དེ་ལྟར་འུ་ཐུག་པའི་གསོལ་འདེབས་དེ་ཅི་ཕྱིར་བྱས་པ་ཡིན་ནམ།
ྋགོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བ་ནི་ནང་ཁུལ་དབང་ཤུགས་འཐབ་རྩོད་ཅིག་ཡིན་ཚུལ་བཤད་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། དེ་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་མ་རྟོགས་པ་དང་། མང་གཙོའི་ལྟ་གྲུབ་ཀྱི་ཕྱོགས་སུ་རྒྱུས་མངའ་སྤུ་ཙམ་མེད་པའི་རྟགས་ཡང་དག་སྟེ། སྐད་ཆ་དེ་ལྟར་བཤད་ན་རྒྱལ་ཕྱི་ནང་གི་ཤེས་ཡོན་པ་རྣམས་གད་མོ་ཤོར་ནས་རྒྱུ་མ་ཡང་ན་རྒྱུ་རེད། མ་གཞི་བདེན་དོན་གྱི་མདུན་དུ་ལངས་ནས་སྨྱོ་ཧམ་ཆེན་པོས་འཁྱོག་བཤད་བྱེད་མཁན་གྱི་ཡེ་རྡོར་ཟེར་བའི་མི་འདིས་སྐད་ཆ་འདི་ལྟ་བུ་ཞིག་བཤད་རྒྱུ་སེམས་ལ་ཇི་ལྟར་དྲན་པ་ཡིན་ནམ།
“བཙན་བྱོལ་སྲིད་གཞུང་”གི་གཙོ་འཛིན་ནི་སྤོབས་པ་ཆེ་ལ་ཡོན་ཚད་ཆུང་བས། མི་རྗེས་སུ་ལུས་པར་གཡོལ་ཐབས་བྱ་ཆེད། གཙོ་འཛིན་འཁུར་མ་ཐག་གི་གཏམ་བཤད་ཅིག་ཏུ་འཛམ་གླིང་ཡོངས་ལ་ཏཱ་ལའི་སྟོབས་ཤུགས་ཀྱི་གཏིང་མ་ཕྱིར་མངོན། བོད་རང་བཙན་ནི་རྩ་བའི་དམིགས་འབེན་ཡིན། བོད་རང་སྐྱོང་ནི་དངོས་ཡོད་ཀྱི་དམིགས་འབེན་ཡིན་ཞེས་བཤད་པས། ཏཱ་ལའི་བླ་མར་བསམ་བློ་གཏོང་ས་ཏིལ་ཙམ་ཡང་མེད་པའི་སར་བསྐྱལ།” སྐད་ཆ་འདི་ས་ཆ་གང་ནས་སྨྱན་བྱེད་སྡེ་ཚན་གང་ལ་ག་དུས་བཤད་པ་རེད་དམ། སྐད་ཆ་འདིས་རྒྱལ་སྤྱིའི་ནང་གི་མི་རྣམས་མགོ་སྐོར་གཏོང་མི་ཐུབ་པ་ཡེ་རྡོར་རང་ཉིད་ཀྱང་གསལ་པོ་ཤེས་ཀྱི་ཡོད་ནའང་། དེ་ལྟར་བཤད་པའི་རྒྱུ་མཚན་ནི་རྒྱ་ནག་མི་མང་རྣམས་མགོ་སྐོར་གཏོང་ཐབས་ཀྱི་གཡོ་ཇུས་ཤིག་ཡིན་པ་རེད། ཐུགས་རྗེ་གཟིགས། རྒྱ་ནག་མི་མང་ལ་དངོས་ཡོད་གནས་ཚུལ་ཤེས་རྟོག་བྱེད་རྒྱུའི་ཐོབ་ཐང་དང་ཡོད་པས། ཁྱེད་ཀྱིས་རྒྱ་ནག་མི་མང་ལ་ཡོད་པའི་ཐོབ་ཐང་དེ་མི་འཕྲོག་རྒྱུར་བདག་གིས་ཁྱེད་ལ་རེ་སྐུལ་བྱེད་ཀྱིན་ཡོད།
བློ་བཟང་སེང་གེ་བཀའ་ཁྲིར་བཞེངས་མ་ཐག་དབུ་མའི་ལམ་ལ་བསྒྱུར་བ་མེད་ཅེས་ཡང་དང་ཡང་དུ་ཁ་གསལ་པོ་བྱས་ནས་བཤད་ཡོད་པ་དང་ཐེངས་དང་པོ་འོས་གཞིར་བཞེངས་སྐབས་སུའང་སྐད་ཆ་དེ་རང་བཤད་ཡོད་པ་རེད།། འོན་ཀྱང་རྒྱ་ནག་གི་མི་མང་རྣམས་མགོ་སྐོར་གཏོང་ཐབས་སུ་ཁོ་ཚོས་ག་དུས་ཡིན་ན་ཡང་སྐྱག་རྫུན་ཁོ་ན་བཤད་ཀྱི་ཡོད་པ་རེད། “ད་ལོའི་ཟླ་ ༡ པོའི་ཚེས་ ༢༡ ཉིན་མཚམས་སྦྱོར་ཚན་པས་བཅར་འདྲི་བྱེད་དུས་སུ་ཡང་“ཏཱ་ལའི་བླ་མས་ཆབ་སྲིད་ཀྱི་དབང་ཆ་དེ་ང་ལ་སྤྲད་རྗེས་ང་རང་བོད་མི་དམངས་ཀྱི་ཆབ་སྲིད་ཀྱི་གཙོ་འཛིན་དུ་གྱུར། ”ཞེས་བསྒྲགས་ཏེ། ཚོགས་ཁག་དེའི་མི་སུ་ཞིག་ཡིན་རུང་མིག་ནང་དུ་བཞག་མེད་པ་རེད།” ཅེས་ཟེར། ཡེ་རྡོར་གྱི་སྐད་ཆ་འདི་ལ་ཚང་མས་གཟིགས་དང་། བཀའ་ཁྲི་བློ་བཟང་སེང་གེ་ལགས་ཀྱིས་གསུངས་པའི་སྐད་ཆ་དེ་ནི་བདེན་པ་རེད། འོས་འདེམ་ལམ་ནས་མི་ཁྲི་ཕྲག་ཁ་ཤས་ཀྱིས་ཁོང་ལ་འོས་ཤོག་གིས་རྒྱབ་སྐྱོར་བྱས་ཡོད་སྟབས། ཁོང་ནི་མིང་དོན་མཚུངས་པའི་བོད་ཀྱི་བཀའ་ཁྲིའམ་སྲིད་སྐྱོང་དུ་གྱུར་པ་རེད། སྲིད་དོན་ལོ་རྒྱུས་ཀྱི་འཕེལ་རིམ་ལ་བལྟས་ན་བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་དེ་དག་བཀའ་ཁྲིའམ་སྲིད་སྐྱོང་བློ་བཟང་སེང་གེ་ལ་མཚུངས་བསྡུར་བྱེད་ས་ཞིག་ལྷག་ཡོད་དམ།
གཙོ་འཛིན་ནམ་འགོ་ཁྲིད་དེ་དག་ལ་མི་མང་ཅི་ཙམ་གྱིས་འོས་འཕེན་བྱས་ཡོད་པ་རེད་དམ། གཅིག་གིས་ཀྱང་བྱས་ཡོད་པ་མ་རེད། དེ་བས་བཀའ་ཁྲིའམ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ནི་མི་མང་ཁྲི་ཕྲག་ཁ་ཤས་ཀྱིས་རང་དབང་གི་འོས་འཕེན་གྱིས་རྒྱབ་སྐྱོར་བྱས་ཡོད་སྟབས། མིང་དོན་མཚུངས་པའི་ཆབ་སྲིད་ཀྱི་གཙོ་འཛིན་ངོ་མ་ཞིག་ཏུ་གྱུར་ཡོད་པ་རེད། འོན་ཀྱང་ཚོགས་ཁག་དེའི་མི་སུ་ཞིག་ཡིན་རུང་མིག་ནང་དུ་བཞག་མེད་པ་རེད་ཅེས་པ་དེ་ནི་ཁུངས་ལུང་མེད་པའི་འཆལ་གཏམ་སྟེ། མི་གཤིས་ཐོག་ནས་ཁོང་བཀའ་ཁྲིར་མ་བསླེབས་གོང་དང་བསླེབས་རྗེས་བཅས་སུ་ཞི་དུལ་དང་བག་ཡོད། རྩེ་དགོད་ཀྱི་རྣམ་པས་ཁེངས་པའི་ཁོང་གི་ཞལ་རས་དེ་དུས་རྟག་ཏུ་མི་མང་གི་ཕྱོགས་སུ་འཁོར་ནས་བསྡད་ཡོད་པ་རེད།
སྐད་ཆ་བཤད་སྟངས་འདི་ལ་བལྟས་ན་ལྐོག་ཟ་རུལ་བསུངས་དང་ཁྱོད་ཤི་ང་གསོན་གྱིས་གོ་གནས་འཕྲོག་རྩོད་བྱེད་པའི་རྒྱ་ནག་གི་འགོ་ཁྲིད་དེ་ཚོ་ངའི་མིག་ལམ་དུ་འཁོར་ཡོང་གི་འདུག “བདག་དང་བསྟུན་ན་དར་བ་དང་། བདག་དང་འགལ་ནས་རྒུད་པ་”ཞེས་པའི་སྐད་ཆ་འདི་ཚོ་ཡང་སྙུག་ཐོགས་པས་ལོས་མཁྱེན། འདི་ནི་རུའུ་ལུགས་པ་ཚོས་ཕ་མེས་ཡང་མེས་ནས་བུ་རབས་ཚ་རྒྱུད་ཀྱི་སེམས་ཁོང་དུ་ཨ་འཐས་སུ་བརྐོས་པའི་མི་གཤིས་ངོ་མ་དེ་ཡིན་པ་རེད། སྐད་ཆ་འདི་ནི་རྒྱ་ནག་གཞུང་གིས་སྔོན་ཆད་ཁྲིན་ཏུའུ་ནས་གསང་བའི་ཚོགས་འདུའི་ཐོག་ལ་བོད་གཞུང་གི་འགོ་ཁྲིད་པ་དང་མི་མང་བར་ལ་འགལ་ཟླ་བཟོ་དགོས་པའི་གྲོས་ཆོད་བཞག་པ་དེའི་མཇུག་སྐྱོང་བྱས་པ་ཞིག་ཡིན་སྟབས། བོད་མི་མང་གིས་དུས་ནམ་ཡང་ཡིད་ཆེས་བྱེད་སྲིད་དམ།
ད་དུང་ཁྱོད་ཀྱི་ཚིག་འདི་ཚོའི་གོང་འོག་ཀུན་ཏུ་རྐང་རྗེས་ལག་བསུབས་ཀྱི་ཆ་མང་དུ་འདུག་སྟེ། རྒྱལ་སྤྱིའི་ནང་ལ་ཏཱ་ལའི་ཚོགས་ཁག་ལ་ཡིད་ཆེས་བྱེད་མཁན་ཞིག་མེད་ཚུལ་བཤད་ཚར་མ་ཐག་ཡང་། “ནུབ་ཕྱོགས་ཀྱི་སྟོབས་ཤུགས་ཁག་ཅིག་གི་བློ་ཁ་དེ་ཏཱ་ལའི་ཚོགས་ཁག་གི་དྲག་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སུ་འཁོར་ཡོད།” ཅེས་བཤད་འདུག འོན་ཀྱང་སྐད་ཆ་འདིའི་ནང་ལ་ཁོས་ཅི་ཕྱིར་ “དྲག་ཤུགས་”ཞེས་པའི་ཡིག་འབྲུ་འདི་གཉིས་བཙན་འཇུག་བྱས་པ་ཡིན་ནམ།
ད་སྔ་འཛམ་གླིང་སྟེང་གདུག་རྩུབ་ཅན་གྱི་སྲིད་གཞུང་དག་གི་མདུན་ལ་རང་ལུས་མེ་སྲེག་གིས་ཞི་རྒོལ་གནང་མཁན་མང་དུ་བྱུང་མྱོང་ཡོད་པ་དང་། དེ་དག་ལ་ད་སྔ་སུས་ཀྱང་ “དྲག་ཤུགས་”ཡིན་པའི་ངོས་འཛིན་བྱས་མྱོང་མེད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལྟར་བཤད་པའི་རྒྱུ་མཚན་ནི་ལས་སླ་བོ་ཞིག་སྟེ། དེ་ནི་བོད་པའི་ཞི་རྒོལ་བའི་སྟེང་ལ་དྲག་གནོན་བྱེད་ཐབས་སུ་ཁ་གཡོར་ས་འཚོལ་སྟངས་ཤིག་རེད།
ངོ་མཚར་ཞིང་ཐོས་འདོད་པའི་སྐད་ཆ་ཞིག་ནི་ཡེ་རྡོར་གྱིས་ “ཚེ་སྲོག་ལ་གཅེས་དགོས་ཚུལ་”ཞིག་བཤད་འདུག འོན་ཀྱང་དོན་དངོས་ནི་དེའི་ལྡོག་ཕྱོགས་ཏེ། “ཚེ་སྲོག་ལ་གཅེས་དགོས་ཚུལ་”བཤད་མཁན་ཁྱེད་ཅག་ཡིན་པ་དང་། “ཚེ་སྲོག་ལ་རྡོག་བརྫིས་གཏོང་མཁན་”ཡང་ཁྱེད་ཚོ་རེད། དོན་དངོས་ཐོག་ཁྱེད་ཅག་གིས་ “ཚེ་སྲོག་”ཅི་ཙམ་ལ་གཅེས་སྐྱོང་བྱས་ཡོད་མེད་དང་། “ཚེ་སྲོག་”ཅི་ཙམ་ལ་རྡོག་བརྫིས་བཏང་ཡོད་མེད་འཛམ་གླིང་འགྲོ་མིའི་ཐོབ་ཐང་གི་ལོ་རྒྱུས་ཐོག་ཡིག་འབྲུ་རེ་རེ་བྱས་ནས་གསལ་པོ་བྲིས་ཡོད་པ་རེད། “ད་ལྟ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་དཔལ་འབྱོར་ཡར་ངོའི་ཟླ་བཞིན་འཕེལ་ཞིང༌། སྤྱི་ཚོགས་བརྟན་ལྷིང་ཡིན་ལ། མི་དམངས་རྣམས་བདེ་སྡོད་ལས་ལ་བརྩོན་བཞིན་མཆིས། སེར་སྐྱ་ལས་རིགས་ཁག་གིས་ཏཱ་ལའི་ཚོགས་ཁག་གི་གཏུམ་སྤྱོད་ལ་ཧ་ཅང་སྡང་སེམས་ཆེན་པོ་སྐྱེས་ཏེ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད།” ཅེས་པའི་སྐད་ཆ་འདི་བདེན་པ་ཡིན་ཚེ་རྒྱལ་ཕྱི་ནང་གི་གསར་འགོད་པ་དང་རྩོམ་པ་པོ་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་ཐེངས་མ་གཅིག་རང་དབང་གི་སྒོ་ནས་ལྟ་སྐོར་ལ་འགྲོ་རུ་ཆུག་དང་། དེ་འདྲའི་བརྟན་ལྷིང་དང་འཕེལ་རྒྱས་ཡིན་ན། སེར་སྐྱ་ལས་རིགས་ཁག་གིས་དེ་ལྟར་ངོ་རྒོལ་བྱེད་ཀྱི་ཡོད་པ་དེ་བདེན་པ་ཡིན་ན། དེ་ནི་འཛམ་གླིང་སྟེང་མིག་གཉིས་དང་རྣ་བ་གཉིས་བེད་སྤྱོད་བྱེད་རྒྱུ་ཡོད་པའི་འགྲོ་མི་རྣམས་ལ་དངོས་སུ་ལྟ་རུ་འཇུག་དགོས་པ་རེད། ད་དུང་ངས་སྔོན་ཆད་ཀྱང་བཤད་མྱོང་ལ། དེ་རིང་ཡང་དེ་ག་རང་ཤོད་ཀྱིན་ཡོད། ཁྱེད་ཚོ་ལ་དངོས་གནས་བདེན་པ་དང་རྒྱུ་མཚན་ཡོད་ཚེ། རང་དབང་གི་ཐོག་ནས་བོད་ནང་གི་བོད་མི་རྣམས་ལ་བསམ་ཚུལ་ལམ་འོས་འཕེན་ཐེངས་གཅིག་བྱེད་དུ་ཆུག་དང་། དེས་གནད་དོན་ཡོངས་རྫོགས་རྦད་དེ་ཐག་ཆོད་ཚར་བ་རེད། འོན་ཀྱང་ངས་གཅིག་འདྲི། ཁྱེད་ཅག་ལ་དེ་ལྟའི་བློ་སྟོབས་དང་གདེང་ཚོད་ཡོད་དམ།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༩ ཉིན།
འཁྱོག་པོའི་གཏམ་གྱི་གཤེད་མ་མགྲིན་སྔོན་གྱིས།།
ཤེས་རབ་རྒྱ་མཚོ་སྲུབས་པའི་རྟེན་འབྱུང་དུ།།
རྣོ་ངར་ལན་གྱི་ནོར་བུ་ཀེ་ཏ་ཀ།
ཡེ་རྡོར་རྙོག་པའི་ཆུ་དེ་བཀྲུངས་ཕྱིར་བརྟས།།
ཧ་ཅང་གནད་ལ་ཁེལ་བ་རྣོ་བའི་གཏམ།།
གཡོ་སྒྱུའི་སྲོག་ལ་རྔམས་པའི་དམར་ཡག་སྟག།
རིག་པའི་ཚང་ཚང་འཁྲིགས་པའི་ཕ་ས་ནས།།
ལན་མང་རྩལ་གྱིས་ལྡང་ལ་སྙིང་ནས་རང་།།
འཁྱོག་པོའི་གཏམ་གྱི་གཤེད་མ་མགྲིན་སྔོན་གྱིས།།
ཤེས་རབ་རྒྱ་མཚོ་སྲུབས་པའི་རྟེན་འབྱུང་དུ།།
རྣོ་ངར་ལན་གྱི་ནོར་བུ་ཀེ་ཏ་ཀ།
ཡེ་རྡོར་རྙོག་པའི་ཆུ་དེ་བཀྲུངས་ཕྱིར་བརྟས།།
ཧ་ཅང་གནད་ལ་ཁེལ་བ་རྣོ་བའི་གཏམ།།
གཡོ་སྒྱུའི་སྲོག་ལ་རྔམས་པའི་དམར་ཡག་སྟག།
རིག་པའི་ཚང་ཚང་འཁྲིགས་པའི་ཕ་ས་ནས།།
ལན་མང་རྩལ་གྱིས་ལྡང་ལ་སྙིང་ནས་རིངས།།
ངན་པ་ངན་རབས་མ་བཤད་ན་ངན་པ་ངོ་ལྡིང་། བཟང་པོ་བཟང་རབས་མ་བཤད་ན་བཟང་པོ་ཁོ་ཆད་ཅེས་པ་ལྟར་ངན་པ་རྒྱ་ཡན་དུ་མ་བཏང་བར་ངན་མཚང་གནད་ལ་ཁེལ་བ་བརྟོལ་བར་ཐུགས་རྗེ་ཆེ།
ཐེ་བོ་ཤེས་རབ་རྒྱ་མཚོས་དུས་ཐོག་ཆར་བ་འབེབས་པར་ཧ་ཅང་གི་དགའ་སྤྲོ་ཆེ། ད་དུང་ཡང་རྒྱུན་ཆད་མེད་པའི་སྨོན་འདུན་ཡོད།
ཐེ་བོ་ཤེས་རབ་རྒྱ་མཚོའི་རྩོམ་ཡིག་ལ་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། མ་གཞི་ནས་ཡེ་རྡོར་ཟེར་བའི་མི་དེ་དངོས་གནས་སུ་ཡིན་ངོ་ཤེས་མཁན་འདྲ་ཡོད་དམ།
ངོ་མ་ཚེ་རིང་རྒྱུ། ལན་ཡག་པོ་ཞིག་བྲིས་འདུག འབྲི་སྟངས་ཡང་དོན་ལ་གནས་པ། གནད་ལ་ཁེལ་བ། འུད་ཤོབ་དང་སྡང་ཟུག་གཙོར་འདོན་མ་བྱས་པ། ཚིག་སྦྱོར་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་འདུག ཞིབ་ཏུ་བཀླག་པ་ཡིན། ཉེ་བའི་དུས་རིམ་ནང་གི་སྣང་བ་འགྲོ་ཤོས་ཀྱི་རྩོམ་ཡིག་ཅིག་ཆགས་སོང་།
ང་ཚོས་དེ་རིགས་ལ་དུས་ཐོག་ལན་འདེབས་བྱ་རྒྱུ་དང་དེ་ཡང་ཚོར་བ་གཙོར་འདོན་མིན་པར་ཞིབ་འཇུག་དང་ཁུངས་ལུང་ལྡན་པ་ཧ་ཅང་གལ་ཆེ་གི །
ཉེ་སྔོན་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་བོད་པའི་གྲྭ་པ་བླ་མ་ཚོར་ཐོངས་མཆན་རག་དཀའ་བའི་སྐོར་ལ་ཡར་ཞུའི་ཚོགས་འདུ་ཞིག་ཆེད་སྐོང་ཐོག་ཐོངས་མཆན་ལ་དུས་བཀག་དང་དམ་བསྒྲགས་ངེས་ཅན་བཟོ་རྒྱུ་གཡོལ་ཐབས་མེད་པའི་རྒྱུ་མཚན་བགྲངས་སྐབས་ཁོང་ཚོས་བོད་པའི་གྲྭ་པ་བལ་ཡུལ་གྱི་ལག་འཁྱེར་ཐོགས་པ་ཞིག་ཐའེ་ཝན་ནས་བལ་ཡུལ་དུ་མ་སོང་བར་བོད་ལ་ཐེངས་མང་པོ་ཕྱིན་པ་དེར་ཁོང་བལ་ཡུལ་ལ་མ་སོང་བར་རྟག་ཏུ་རྒྱ་ནག་ལ་ཕྱིན་འདུག་ཅེས་དེ་རྒྱུ་མཚན་དུ་བགྲངས་ནས་གསང་ཉུལ་ཡིན་ས་རེད་ཅེས་ལབ་པ་རེད་ཟེར། དེ་ལོ་མང་སྔུན་རེད་བཞག དེ་ང་ཚོ་བོད་པ་བལ་ཡུལ་གྱི་ལག་འཁྱེར་ཉོས་ནས་ཕྱི་ལ་འགྲོ་མཁན་ཞིག་ཡིན་ན་རྩ་བའི་དམིགས་འབེན་བོད་ལ་འགྲོ་རྒྱུ་ཙམ་རེད། ང་ཚོའི་གནས་བབ་ཧ་གོ་མཁན་ཞིག་ཡིན་ན་དེ་ཙམ་ལ་གསང་ཉུལ་ཡིན་པའི་རྒྱུ་མཚན་དངོས་གནས་མེད་པ་རེད། ཡིན་ན་ཡང་ཁོང་ཚོར་འགྲེལ་བཤད་བྱེད་སྐབས་དུས་ཐོག་ལན་འདེབས་བྱེད་མཁན་མ་བྱུང་སྟབས་གསང་ཉུལ་ཡིན་པར་ཆ་བཞག་པ་རེད། དེ་རྩ་ཁྲིམས་ཀྱི་འགྲོ་སྟངས་ཤིག་རེད་ཅེས་ལབ་འདུག དེས་ད་ལྟའི་བར་དུ་ཕྱི་སྲིད་ཀྱི་ལྟ་སྟངས་ལ་ཤུགས་རྐྱེན་ཐེབས་མུས་རེད་འདུག
དེས་ན་ང་ཚོས་འདི་རིགས་ལ་དུས་ཐོག་ལན་འདེབས་དགོས་པ་དེ་ཁྲིམས་ལུགས་དང་བྱུང་རབས་གཉིས་ཀྱི་ངོས་ནས་ཧ་ཅང་གལ་ཆེ་གི