མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝེན་ཇ་པའོ་ལགས། ཁྱེད་ཀྱི་བཅོས་བསྒྱུར་ཟེར་བ་ལག་ལེན་མེད་པའི་འབོད་སྒྲ་ཙམ་ཞིག་ཡིན་ནམ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཇིགས་མེད་བློ་གྲོས། རིགས་སློབ།

རྒྱ་ནག་གི་མཐོ་རིམ་མི་སྣའི་ཁྲོད་ནས་རང་དབང་དང་ཆབ་སྲིད་བཅོས་བསྒྱུར་ཐད་སྐད་ཆ་མང་ཤོས་དང་ཤུགས་ཆེ་ཤོས་ཤོད་མཁན་ནི་སྲིད་བློན་ཝེན་ཇ་པའོ་ཁོ་ན་ཡིན། འོན་ཀྱང་དཔྱད་ཞིབ་པ་ཚོས་རྒྱ་ནག་གི་འགྱུར་ལྡོག་སྤྱི་དང་ལྷག་དོན་ལོ་ངོ་དུ་མའི་རིང་སྔ་རྗེས་སུ་ཆབ་སྲིད་བཅོས་བསྒྱུར་ཐད་སྐད་ཆ་ཤུགས་ཆེ་ཤོས་ཤོད་མཁན་སྲིད་བློན་ཝེན་གྱི་བྱ་སྤྱོད་ལ་གཅིག་མཐུན་གྱི་སྡོམ་ཚིག་ཅིག་ད་ལྟ་ཡང་རྒྱག་ཐུབ་མེད། ཝེན་རང་ཉིད་ཀྱིས་ཀྱང་དོན་གནད་འདི་ཤེས་ཚོར་བྱུང་ཡོད་པ་ཡིན་ནམ། གང་ལྟར་ཉེ་ཆར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་མཇུག་སྡོམ་གསར་འགོད་གསལ་བསྒྲགས་སྐབས། “ངས་བྱས་པའི་ལས་དོན་ལ་ཡིད་རང་བྱ་མཁན་གྱི་མི་སྣ་ཡང་ཡོང་ངེས་ཤིང་། སྐྱོན་བརྗོད་བྱ་མཁན་ཡང་ཡོང་ངེས། འོན་ཀྱང་དོན་དངོས་ནི་ལོ་རྒྱུས་ཀྱིས་ཁ་གྲགས་པར་འགྱུར་ངེས།” ཞེས་རང་ཉིད་དཀར་ནག་གང་དུ་གཏོགས་མིན་ལོ་རྒྱུས་ཀྱིས་དཔང་པོ་བྱ་རྒྱུ་ཡིན་པ་བཤད་འདུག

ཝེན་གྱི་སྐད་ཆ་ཁ་ཁོག་མཐུན་མིན་ཐད་ལྟ་ཚུལ་མི་འདྲ་བ་མང་དག་ཅིག་ཡོད་ངེས་ཀྱང་སྙིང་དོན་བསྒྲིལ་ན་དོན་ཚན་གཉིས་ནང་མི་འདུས་པ་མེད།  

 

ལྷག་བསམ་རྣམ་དག་གི་ཝེན།

གཅིག ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་ཝེན་གྱི་སྐད་ཆ་ནི་ལྷག་བསམ་རྣམ་དག་དང་འབྱུང་འགྱུར་རྒྱ་ནག་གི་མདུན་ལམ་ལ་འགན་འཁུར་གྱི་འདུ་ཤེས་ཤུགས་དྲག་ཅིག་གིས་ཤོད་བཞིན་ཡོད་པ་དངོས་ཡོད་ཡིན་མོད། འོན་ཀྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གཙོས་པའི་མཐོ་རིམ་མི་སྣའི་ཁྲོད་ནས་དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་སྟབས། ད་ལྟ་ཁོ་པ་ལོ་ན་ཡང་རྒས་པར་གྱུར་ཅིང་། སྲིད་སྟེགས་ལས་བུད་ལ་ཉེ་བར་སོང་འབྱུང་འགྱུར་འཕྲད་སྲིད་པའི་ཉེན་ཁར་འཛེམས་མེད་ཀྱིས་རང་གི་ལྟ་ཚུལ་དང་གནས་བབ་ལོ་རྒྱུས་ཀྱི་ཐོག་ནས་གཙང་བཟོ་བྱ་ཆེད་བློ་ཁོག་ཆེན་པོས་གསལ་སྟོན་བྱེད་ཀྱིན་ཡོད་པར་འདོད།

ཚོད་དཔག་འདིར་རྒྱུ་མཚན་ཧ་ཅང་ཆེན་པོ་ཡོད། ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་གྲགས་ཅན་གྱི་སྐད་ཆ་ཅིག་ནི་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༠ ཚེས་ ༣ ཉིན་ཨ་རིའི་སི་ཨན་ཨན་བརྙན་འཕྲིན་གྱི་བཅར་འདྲིའི་སྐབས་བཤད་ཡོད། དེ་ཡང་སྐབས་དེ་དུས་ཁོ་པས། “མང་གཙོ་དང་རང་དབང་ལ་ཕྱོགས་པའི་མི་མང་གི་དགོས་འདུན་ནི་འགོག་ཐབས་མེད་པ་ཞིག་ཡིན།” ཞེས་བཤད། ང་ཚོས་དོ་སྣང་བྱ་དགོས་པ་ནི་བཅར་འདྲི་དངོས་གཞིའི་ལན་འདེབས་འདི་ཙམ་མ་རེད། བཅར་འདྲི་འགོ་འཛུགས་མ་བྱས་པའི་སྔོན་དེར་ཝེན་གྱིས་རྒྱུན་ལྡན་མིན་པའི་སྐད་ཆ་ཞིག་ནན་ཏན་གྱིས་བཤད་ཡོད། དེ་ཡང་ཝེན་གྱིས། “ང་ཚོའི་བཅར་འདྲི་འགོ་འཛུགས་མ་བྱས་པའི་སྔོན། ངས་ཁྱེད་ཀྱི་དྲི་བ་ཡོངས་རྫོགས་ལ་རང་གི་སེམས་ཀྱི་གཏིང་རིམ་ནས་ཐོན་པའི་ཚིག་དག་སྤྱད་དེ་དྲང་པོ་དྲང་བཞག་གི་ལན་བརྒྱབ་རྒྱུ་ཡིན་པ་ཤེས་སུ་འཇུག་འདོད་བྱུང་།” ཞེས་གསལ་བཤད་ནན་པོ་བྱས། སྐད་ཆ་འདིས་ག་རེ་སྟོན་གྱི་ཡོད་དམ། ངས་བསམ་ན་རྒྱ་ནག་གི་དབང་འཛིན་པ་ཚོར་གོམས་ལོབ་ཏུ་གྱུར་ཟིན་པའི་འཆར་ཅན་གྱི་སྐྱག་རྫུན་དེ་ལྟ་བུ་ཞིག་མིན་པར་ཐེངས་འདི་ནི་དོན་དངོས་རིགས་ཤིག་གང་ཐུབ་ཀྱིས་དྲང་པོ་བྱས་ཏེ་བཤད་རྒྱུའི་བཟོ་ལྟ་བསྟན་པ་ཡིན་སྙམ། ད་དུང་བཅར་འདྲི་འདི་ཉིད་དུས་ཡུན་གང་འཚམ་བར་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་འགོག་སྡོམ་ཀྱང་བྱས་ཡོད་པ་རེད།

བཅོས་བསྒྱུར་སྐོར་གྱི་སྐད་ཆ་གྲགས་ཅན་ཅིག་ནི་ཉེ་དུས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་གསར་འགོད་གསལ་བསྒྲགས་སྐབས་རེད། སྐབས་དེ་དུས་ཁོ་པས་བཅོས་བསྒྱུར་གླེང་སྐབས་དགོས་མཁོ་ཙམ་གྱི་ངོ་བོའི་ཆ་ནས་མིན་པར། ད་ལྟའི་རྒྱ་ནག་ལ་མཚོན་ན་འགྲོ་ལམ་གཅིག་རང་ལས་མེད་པའི་ཛ་དྲག་གི་གདམ་ཁའི་རང་བཞིན་ནས་གླེང་འདུག དེ་ཡང་ཁོ་པས་གདམ་ཀའི་མཐའ་གཞན་བཀག་ཡོད་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་དུ་ཕྱིར་ལོག་མི་རུང་བ་དང་ད་ལྟའི་གནས་བབ་ལ་གནས་མི་རུང་བ་གཉིས་ལ་ནན་ཏན་གྱིས་གླེང་ཡོད། ཁོ་པས་རྒྱ་ནག་གིས་ཆབ་སྲིད་བཅོས་བསྒྱུར་དང་ལེན་མ་བྱས་ཕྱིན་གདམ་ཀའི་ལམ་ཁ་འདི་གཉིས་ལས་མེད་པ་མཐོང་གི་ཡོད་པ་འདྲ།                                                “གྲུབ་འབྲས་ལྡན་པའི་ཆབ་སྲིད་ཀྱི་བཅོས་བསྒྱུར་མ་བྱུང་ཕྱིན། རྒྱ་ནག་ནང་རིག་གནས་གསར་བརྗེ་ལྟ་བུའི་ལོ་རྒྱུས་ཀྱི་ཆག་སྒོ་དག་བསྐྱར་དུ་འབྱུང་ངེས།” ཞེས་གནའ་བོའི་ལམ་ཁ་རྙིང་པར་ཞུགས་མི་རུང་བའི་ཉེན་བརྡ་བཏང་ཞིང་། ལག་ལེན་གྱི་ཐོག་ནས་ཀྱང་ཁྲུང་ཆིང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་པའོ་ཞི་ལའེ་ཆབ་སྲིད་ཀྱི་གར་སྟེགས་ནས་བྲོ་གར་འཁྲུགས་པོ་འཁྲབ་ཁ་མ་ནས་ཕྱིར་འབུད་བཏང་པ་རེད།

ཝེན་གྱིས་ད་ལྟའི་གནས་བབ་ལ་བསྡད་པ་ཡིན་ན་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་མཐོང་གི་ཡོད། དེ་ཡང་ཁོ་པས། “དཔལ་འབྱོར་ཡར་རྒྱས་མུ་མཐུད་ནས་འགྲོ་བ་དང་མཉམ་དུ་དབུལ་ཕྱུག་གི་ཧེ་བག་དང་ལྐོག་ཟའི་དཀའ་ངལ་འབྲལ་མེད་དུ་ཡོང་གི་རེད། ལྐོག་ཟ་དང་དབུལ་ཕྱུག་བར་ཁྱད་ཀྱི་དཀའ་ངལ་ནི་དཔལ་འབྱོར་དང་ཆབ་སྲིད་ཀྱི་བཅོས་བསྒྱུར་ཁོ་ནས་མ་གཏོགས་སེལ་ཐུབ་ཀྱི་མ་རེད།” ཅེས་བཤད། 

ལྐོག་ཟ་དང་དབུལ་ཕྱུག་གི་བར་ཁྱད་ནི་རྒྱལ་ཁབ་ཅིག་ལ་མཚོན་ན་ཆབ་སྲིད་དང་དཔལ་འབྱོར། འཕྲོད་བསྟེན་དང་ཤེས་རིག་དར་འཕེལ་སོགས་དོན་དག་མང་ས་ནས་འགལ་རྐྱེན་ཆེས་ཆེ་བའི་དཀའ་ངལ་ཞིག་ཡིན། ཉེ་དུས་རྒྱ་གར་གྱི་ལོ་རྒྱུས་སྨྲ་བ་ར་མ་ཅནྡྲ་གོ་ཝས་ཀྱང་། རྒྱ་གར་ནམ་ཡང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་འགྱུར་མི་ཐུབ་པའི་རྒྱུ་རྐྱེན་ཁག་ལྔ་བགྲངས་ཡོད་པའི་གྲས་སུ། ལྐོག་ཟ་དང་དབུལ་ཕྱུག་གི་བར་ཁྱད་གཉིས་ཀྱང་བགྲངས་འདུག

ད་དུང་ཝེན་གྱིས་ཆབ་སྲིད་བཅོས་བསྒྱུར་མ་བྱས་ཚེ་ལྐོག་ཟ་དང་དབུལ་ཕྱུག་བར་ཁྱད་སོགས་ཀྱི་དཀའ་ངལ་འཕྲད་རྒྱུ་ཙམ་མིན་པར། ད་ལྟའི་ཆར་ཚད་མཐོན་པོས་གོང་འཕེལ་དུ་འགྲོ་བཞིན་པའི་དཔལ་འབྱོར་གྱི་གནས་བབ་ཀྱང་འཕེལ་ཁ་རྫོགས་མི་ཐུབ་པ་དང་། ད་སྐབས་ཐོབ་ཟིན་པའི་དཔལ་འབྱོར་གྱི་སྟོབས་ཤུགས་ཁག་ཀྱང་ཉམས་རྒུད་དུ་འགྲོ་སྲིད་པའི་ཉེན་བརྡ་བཏང་ཡོད། དེ་ཡང་ཁོ་པས། “གྲུབ་འབྲས་ལྡན་པའི་ཆབ་སྲིད་ཀྱི་བཅོས་བསྒྱུར་ཞིག་མ་བྱུང་ཕྱིན། རྒྱ་ནག་ལ་འཕེལ་ཁ་ཡོངས་སུ་རྫོགས་པའི་དཔལ་འབྱོར་གྱི་བཅོས་བསྒྱུར་ཞིག་ཡོང་མི་སྲིད་ཅིང་། འཐོབ་ཟིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དེ་ཡང་བརླག་སྲིད།” ཅེས་བཤད་ཡོད།                                                                                            གང་ལྟར་ཝེན་གྱིས། “ལེགས་ལམ་ཞིག་རྩ་བ་ནས་མེད་པའི་ཆ་ནས་ནམ་ཡང་འདི་མུར་སྡོད་པའམ་ཕྱིར་ལོག་བྱེད་པ་གཏན་ནས་མི་རུང་། བཅོས་བསྒྱུར་ནི་མདུན་བསྐྱོད་བྱ་རྒྱུ་ཁོ་ན་ཡིན།” ཞེས་སེམས་ཐག་ཆོད་པོས་བཤད།   རྒྱ་ནག་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་དང་ཁྲིམས་ལུགས་སྡེ་ཁག་གི་འགན་འཛིན་གཞོན་པ་མཱ་ཧུའེ་སྡེ་ཡིས། “སྲིད་བློན་ཝེན་གྱིས་སྐད་ཆས་ཆོད་སེམས་བླ་མེད་ཅིག་སྟོན་གྱི་འདུག་ཅིང་། ཁོང་གིས་སྤྱི་ཚོགས་དང་མི་རྣམས་ཀྱིས་འགྱུར་ལྡོག་རིགས་ཤིག་འདྲེན་དགོས་པར་སྐུལ་སློང་གནང་གི་འདུག” ཅེས་གདེངས་འཇོག་བྱས་འདུག ཡང་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད་ཀྱིས། “ཝེན་གྱིས་བར་སྐབས་ལོ་ངོ་མང་པོའི་རིང་ཆབ་སྲིད་བཅོས་བསྒྱུར་སྐོར་སྐད་ཆ་མང་དག་བཤད་ཡོད་ཅིང་དེང་སང་ཤོད་ཤུགས་ཆེ་རུ་གཏོང་བཞིན་ཡོད། འོན་ཀྱང་ཁོ་པར་ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་འབོད་སྐུལ་ཙམ་ལས་བཅོས་བསྒྱུར་ག་རེ་གཏོང་དགོས་པ་དང་ཇི་ལྟར་གཏོང་དགོས་པའི་ཞིབ་ཕྲའི་འཆར་གཞི་ཅི་ཡང་མི་འདུག འདིས་ག་རེ་སྟོན་གྱི་ཡོད་རེད་ཟེར་ན། ཝེན་རང་ཉིད་ལ་ཆབ་སྲིད་བཅོས་བསྒྱུར་གཏོང་རྒྱུར་ལྷག་བསམ་རྣམ་དག་གི་འདུན་མོས་ཆེན་པོ་ཡོད་པ་གསལ་པོ་ཡིན་ཡང་། མི་གཞན་གྱི་རྒྱབ་སྐྱོར་ཇི་ཙམ་ཡོད་པ་དང་ཁོ་ཚོ་ནང་ཁུལ་དུ་གནད་དོན་དེ་ཚོའི་སྐོར་མི་མཐུན་པའི་འཐབ་རྩོད་ཤུགས་ཆེན་པོ་ཞིག་མེད་དམ་བསམ་པ་ཞིག་འདུག” ཅེས་དབྱེ་ཞིབ་གནང་ཡོད།

 

འཁྲབ་སྟོན་ལ་ཞུགས་པའི་ཝེན།

གཉིས་པ། ཝེན་ནི་འཁྲབ་སྟོན་པ་ཞིག་ཡིན་པས་ཁོས་བཤད་པའི་སྐད་ཆར་བདེན་ཆ་ཅི་ཡང་མེད་ཅིང་། འཁྲབ་སྟོན་དེ་ཡང་ཧུའུ་ཡི་བཀོད་འདོམས་འོག་འཁྲབ་ཀྱི་ཡོད། དེ་ཡང་དམར་ཤོག་གི་ཚོགས་མི་དང་རྒྱལ་ཡོངས་ཀྱི་མི་སེར་ཁྲོད་རང་དབང་དང་བཅོས་བསྒྱུར་ལ་དགའ་མོས་དང་རྒྱབ་སྐྱོར་བྱ་མཁན་ཇི་ཙམ་ཡོད་མེད་རྟོག་ཞིབ་སོགས་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་ཀྱིན་ཡོད་པར་འདོད།

ཉེ་ཆར་གསུམ་བཅུའི་དུས་དྲན་ཉིན་རྒྱ་རིགས་ཁག་ཅིག་གིས་༸གོང་ས་མཆོག་ལ་མཇལ་ཁ་དང་གཅར་འདྲི་ཞུ་སྐབས་༸གོང་ས་མཆོག་ནས། “ད་ནངས་སྔ་དྲོ་གསུང་བཤད་༼གྲོས་ཚོགས་ཀྱི་གསུང་བཤད་ལ་གོའམ་སྙམ། རྒྱུ་མཚན་ནི་གྲོས་ཚོགས་གསུང་བཤད་ནང་། རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ཡིས་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་རྐྱེན་ཏིལ་འབྲུ་ཙམ་ཡང་བཟོས་མེད་པའི་བློས་བཏང་དེ་རིགས་འཇིགས་སྐུལ་རིང་ལུགས་པར་བརྩི་གི་ཡོད་ཅེས་བསྒྲགས་པ་ནི་འབྲེལ་མེད་འཁྱོག་བཤད་ཀྱིས་དོན་དངོས་སྦ་འགེབས་དང་གཡོལ་ཐབས་ཀྱི་བཤད་སྟངས་ཤིག་ལས་མ་འདས།ཞེས་བཀོད་ཡོད།༽ ནང་གི་སྐད་ཆ་དེ་གོ་རྗེས་ཝེན་ཇ་པའོ་ཡིས་དེ་སྔ་མང་གཙོ་དང་རང་དབང་ཟེར་ནས་བཤད་པ་དེ་ཚོ་སྐྱག་རྫུན་མིན་ནམ་སྙམ་པའི་དྭོགས་པ་བྱུང་།” ཞེས་གསུངས། 

སྤྱི་ཟླ་དང་པོའི་ནང་ཨ་རིར་ཕྱིན་པའི་རྒྱ་རིགས་རྩོམ་འབྲི་བ་ཡུ་ཇི་ཡིས་ཀྱང་། ཝེན་གྱི་ཁ་བཤད་དང་ལག་ལེན་མཐུན་གྱི་མེད་ཅེས་སྐྱོན་བརྗོད་བྱས།   ཏན་ཏན་རྒྱུ་མཚན་ཡོད་སྲིད། ད་ལྟ་བར་ཝེན་གྱིས་བཅོས་བསྒྱུར་སྐོར་གྱི་འབོད་སྒྲ་ཙམ་ཞིག་བསྒྲགས་པ་ལས་དོན་དམ་ལག་ལེན་ཐོག་གི་བྱས་འབྲས་གང་ཡང་སྟོན་དུ་མེད་པ་རེད། འོན་ཀྱང་། དབུས་སྤྱི་ཚོགས་རིང་ལུགས་སྒྲིག་འཛུགས་ཀྱི་ཆབ་སྲིད་ཚན་རིག་སྡེ་ཁག་གི་འགན་འཛིན་ཝེང་གིས། “ཆབ་སྲིད་ནང་། བཤད་པ་དེ་ག་ལག་བསྟར་ཡིན།” ཞེས་ཝེན་ལ་རྒྱབ་སྐྱོར་བྱས་འདུག གང་ལྟར་ཡང་དམར་ཤོག་ཚོགས་མི་སྤྱི་དང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་མི་དགུའི་ནང་རང་དབང་དང་མང་གཙོར་འདུན་མོས་ཡོད་པའི་མི་སྣ་གཅིག་ཀྱང་མེད་ཅེས་ཐག་གཅོད་བྱ་རྒྱུ་ཡང་ཅུང་ཁག་པོ་རེད།

 

བོད་དང་ཝེན།

རྒྱལ་ཡོངས་འཐུས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྐབས་ཧྥ་རན་སིའི་གསར་འགོད་པ་ཞིག་གིས་ད་ལྟའི་བོད་ནང་གི་གནས་བབ་དང་འབྲེལ་བའི་སྐོར་དྲི་བ་ཞིག་བཏོན་པར། ཝེན་གྱིས། “ལོ་ཆུང་བོད་མི་དེ་ཚོར་ཁག་མེད། ང་ཚོ་ཁོང་ཚོར་སེམས་འཚབ་ཧ་ཅང་ཆེན་པོ་ཡོད།” ཅེས་ལན་བཏབས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་ང་ཕོད་འཇིགས་མེད་ལགས་ཀྱིས། “སེམས་འཚབ་ཧ་ཅང་ཆེ་ཟེར་བའི་ཝེན་གྱི་སྐད་ཆ་འདིར་སྙིང་རྗེ་དང་སེམས་འཁུར་གྱི་ཚོར་བ་ཡོད་པའི་ནང་དོན་ལྡན་འདུག” ཅེས་ཝེན་གྱིས་བོད་དོན་ལ་སེམས་འཁུར་བྱེད་ཀྱི་ཡོད་པ་ལྟ་བུའི་སྒྲུབ་ཕྱོགས་ནས་དཔྱད་གླེང་བྱས། 

ཡང་དེང་སང་ཨ་རིར་བཞུགས་པའི་བོད་རྒྱའི་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས། “ལོ་ཆུང་བོད་མི་ཚོར་ཁག་མེད་ཅེས་པས། ཁོང་ཚོར་ཁག་མེད་པ་རེད། ཕྱི་ཕྱོགས་ནས་བརྒྱུད་བསྐུལ་བྱེད་ཀྱི་ཡོད་པ་རེད་ཅེས་བསྟན་གྱི་ཡོད།” ཟེར་ནས་དགག་ཕྱོགས་ཀྱི་ལྟ་སྟངས་བཟུང་ཡོད།  

འདི་དང་མཚུངས་པར་ཟླ་བ་ ༣ ཚེས་ ༡༥ ཉིན་རྒྱ་གར་གྱི་དུས་བབ་ཅེས་པའི་གསར་ཤོག་ནང་དུ་ཡང་། [རྒྱ་ནག་སྲིད་བློན་གྱིས་བོད་མིའི་རང་སྲོག་གཅོད་པའི་རྒྱབ་ལོགས་སུ་ཏཱ་ལའི་བླ་མ་ཡོད་ཅེས་ཟེར།]ཞེས་པའི་འགོ་བརྗོད་ལྡན་པའི་འཐུས་ཚོགས་གསར་འགོད་གསལ་བསྒྲགས་སྐབས་ཝེན་གྱིས་བོད་དོན་ཐད་ཅི་བཤད་སྐོར་གྱི་གསར་འགྱུར་སྤེལ་འདུག   དོན་དངོས་ཝེན་གྱིས་མེར་སྲེག་ལས་འགུལ་གྱི་རྒྱབ་ལོགས་སུ་༸གོང་ས་མཆོག་ཡོད་ཅེས་མངོན་གསལ་དོད་པོས་བཤད་པ་བྱུང་མེད་ཀྱང་། ཁོ་པའི་གཏམ་བཤད་ལ་གོ་བ་ལེན་ཕྱོགས་ཀྱིས་གསར་འགྱུར་ནང་འདི་ལྟ་བུའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད། 

འོ་ན་བོད་ནང་གི་མེར་སྲེག་གིས་འཆི་བཞིན་པའི་སྤུན་ཟླ་ཚོར་ཝེན་གྱིས་སེམས་འཁུར་དང་སྙིང་རྗེའི་ལྟ་སྟངས་འཛིན་གྱི་ཡོད་དམ། ཡོད་ན་གསུམ་དུས་གྲོས་ཚོགས་གསུང་འཕྲིན་ནང་བསྟན་པ་ལྟར་ཝེན་གྱིས་ཚེ་སྲོག་མེར་སྲེག་གི་ལས་འགུལ་སྤེལ་མཁན་རྣམས་འཇིགས་སྐུལ་རིང་ལུགས་པར་བརྩི་གི་ཡོད་ཅེས་བསྒྲགས་པ་དང་འགལ་གྱི་འདུག 

ཡང་སྙིང་ཝེན་གྱིས་རྒྱ་ནག་གི་འབྱུང་འགྱུར་ལ་སེམས་འཁུར་བྱེད་པ་ལྟར་བོད་ལ་སེམས་འཁུར་བྱེད་ཀྱི་ཡོད་དམ།

མི་དམངས་འཐུས་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྐབས། ཝེན་གྱིས་དམིགས་བསལ་རྒྱལ་ཁབ་དང་ཏང་གི་འཛིན་སྐྱོང་གི་སྒྲོམ་གཞིར་བཅོས་བསྒྱུར་དགོས་སྐོར་བཤད། ཏང་གི་འཛིན་སྐྱོང་གི་སྒྲོམ་གཞི་འདི་ཉིད་འབྱུང་འགྱུར་རྒྱ་ནག་གི་རྒྱལ་ཁར་བར་ཆད་བྱེད་མཁན་ཞིག་ཏུ་འགྱུར་ཉེན་གཟིགས་ཀྱི་ཡོད་ན། བོད་ཁུལ་གྱི་འཛིན་སྐྱོང་ལས་དོན་ནི་དེ་བས་ཀྱང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཆེ་བའི་དོན་དག་ཅིག་ལ་ངོས་འཛིན་ཅིའི་ཕྱིར་བྱེད་ཐུབ་ཀྱི་མེད་པ་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་ས་བྱི་ཞི་རྒོལ་ཆེན་མོ་ཡོང་རྐྱེན་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲེན་ཀོན་ཆུས་ཀྱི་བྱེད་སྤྱོད་དང་ངེས་པར་འབྲེལ་ཡོད་པ་གསུངས་འདུག ད་ལྟའི་དམར་ཤོག་དྲུང་ཆེ་ཁོ་པ་ནི་ཁྲེན་ཀོན་ཆུས་ལས་དྲག་རྩུབ་ཆེ་བ་ལྟ་བུ་ཞིག་ཏུ་མངོན་གྱིན་ཡོད། དེས་ན་ས་བྱི་ཞི་རྒོལ་དང་། ལྕགས་ཡོས་མེ་མཆོད་ཀྱི་ལས་འགུལ་དག་བོད་ཁུལ་འཛིན་སྐྱོང་གི་སྒྲོམ་གཞིར་འཐུས་ཤོར་དང་སྐྱོན་ཆ་ཆེན་པོ་ཞིག་ལས་བྱུང་བ་ཡིན་ན། ཝེན་གྱིས་རྒྱ་ནག་དབུས་གཞུང་གི་འཛིན་སྐྱོང་སྒྲོམ་གཞིར་འགྱུར་ལྡོག་གཏོང་བའི་འདོད་འདུན་ཤུགས་དྲག་བཏོན་པ་ལྟར། བོད་ཁུལ་གྱི་འཛིན་སྐྱོང་ཐད་ལ་ཡང་གུ་ཡང་དང་རང་དབང་གི་བཅོས་བསྒྱུར་དགོས་པར་ཏན་ཏན་གླེང་དགོས་ངེས་རེད།  

༸གོང་ས་སྐྱབས་མགོན་ཆེན་པོ་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་དགོས་འདུན་དང་འབྲེལ་བའི་སྐད་ཆ་བསླེབས་སྐབས། ཝེན་གྱི་བསམ་བློ་ནི་ཏང་མི་གཞན་ལྟར་ཧ་ཅང་མཁྲེགས་པོ་ཡིན་པའི་རྣམ་པ་མངོན་གྱི་ཡོད། ཉེ་ཆར་གསར་འགོད་གསལ་བསྒྲགས་སྐབས་སུ་ཡང་དེ་སྔོན་ ༢༠༡༠ ཟླ་བ་ ༡༠ ནང་ཨ་རིའི་བརྙན་འཕྲིན་གྱི་བཅར་འདྲིར་བཤད་པ་ལྟར། “རྒྱ་གར་ནང་ཡོད་པའི་བཙན་བྱོལ་བའི་གཞུང་དེར་དངོས་བརྒྱུད་ཅི་རིགས་ནས་ཏཱ་ལའི་བླ་མའི་ཐེ་བྱུས་ཡོད་མིན་ལ་མི་ལྟོས་པར། དེ་ནི་ཆོས་སྲིད་ཟུང་འབྲེལ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་བོད་དེ་མེས་རྒྱལ་ནས་ཁ་བྲལ་གཏོང་རྒྱུ་དེ་ཡིན་ཅིང་། དོན་དག་དེའི་ཐོག་ང་ཚོའི་རྩ་དོན་དང་ལང་ཕྱོགས་ནམ་ཡང་བརྟན་པོ་ཡིན།” ཅེས་བཤད། དེ་ལྟ་ན་ཡང་། ཝེན་གྱིས་བོད་མིའི་བསམ་བློའི་མགོན་སྐྱབས་བྱེད་པར་གུང་ཁྲན་ཏང་གིས་༸གོང་ས་སྐྱབས་མགོན་ཆེན་པོའི་ཚབ་ནམ་ཡང་བྱེད་མི་ཐུབ་པའི་རྟག་བརྟན་གྱི་གནས་ལུགས་དེ་གསལ་པོ་བྱས་ནས་རྟོགས་ཀྱི་ཡོད་དེ། ས་བྱི་ཞི་རྒོལ་སྐབས་༸གོང་ས་སྐྱབས་མགོན་ཆེན་པའི་ནུས་ཤུགས་བེད་སྤྱོད་དགོས་པའི་བསམ་ཚུལ་གླེང་ཡོད་པས་གསལ། 

ལོ་ངོ་བརྒྱ་ཕྲག་འགའི་བྱུང་རབས་ཁྲོད་ནས་དམ་པོར་སྦྲེལ་བའི་༸གོང་ས་སྐྱབས་མགོན་ཆེན་པོའི་མགོན་སྐྱབས་དང་བོད་མི་རིགས་ཀྱི་ཡིད་ཆེས་དད་འདུན་དབར་གྱི་འབྲེལ་བ་དེ་ཇི་ཙམ་རྟག་བརྟན་དང་གཏིང་ཟབ་ཡིན་པ་ཤེས་ཚོར་ཡོད་ན། ཅིའི་ཕྱིར་ཝེན་གྱིས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་འཛིན་སྐྱོང་གཅིག་གི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་གནས་བབ་བསྐྲུན་རྒྱུར་ལྟ་ཚུལ་མཁྲེགས་པོ་འཛིན་གྱི་ཡོད་དམ། ཏང་གི་འཛིན་སྐྱོང་གི་སྒྲོམ་གཞིར་བཅོས་བསྒྱུར་དགོས་པའི་འབོད་སྒྲ་དེ་ཙམ་ཤུགས་ཆེན་པོས་བསྒྲགས་ཐུབ་སར་གདུག་རྩུབ་ཆེ་བའི་བོད་ཁུལ་གྱི་འཛིན་སྐྱོང་སྒྲོམ་གཞིར་བཅོས་བསྒྱུར་དགོས་པའི་༸གོང་ས་སྐྱབས་མགོན་ཆེན་པོ་དང་བོད་མིའི་སྒྲིག་འཛུགས་ཀྱི་དགོས་འདུན་ལ་ཅིའི་ཕྱིར་དང་ལེན་བྱ་ཐུབ་ཀྱི་མེད་པ་རེད།

ཝེན་གྱིས་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་ཚུལ་བཅངས་ཏེ་རྒྱ་མི་རིགས་ལ་བཅོས་བསྒྱུར་དགོས་པ་དང་བོད་མི་རིགས་སོགས་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་ས་ཁུལ་དུ་བཅོས་བསྒྱུར་མི་དགོས་པར་འདོད་ཀྱི་ཡོད་དམ།

དམིགས་བསལ་ས་བྱི་ཞི་རྒོལ་གྱི་རྗེས་ནས་རྒྱ་ནག་གཞུང་གིས་རྒྱ་བོད་མི་རིགས་དབར་འགལ་ཟླའི་སེམས་ཚོར་ཆེར་གཏོང་གི་ལས་དོན་ཁག་དངོས་བརྒྱུད་ཅི་རིགས་ནས་ཤུགས་ཆེར་སྤེལ་བའི་ངང་ཚུལ་ལ་བསམ་ན། གོང་གི་དྭོགས་པ་འདིར་རྒྱུ་མཚན་ཆེན་པོ་ཡོད། དེང་སང་ཏང་གི་མཐོ་རིམ་མི་སྣ་འགའ་ཞིག་གིས་བོད་མིའི་སྙིང་སྟོབས་དང་ཡར་ལངས་ཀྱི་སྟོབས་ཤུགས་རྩ་མེད་གཏོང་བའི་ཐབས་ལམ་དུ་རྒྱ་མི་རིགས་རྒྱབ་ལངས་སུ་དྲུད་ཡོང་གི་ཡོད་ཅིང་། བོད་ཡུལ་རྒྱའི་མི་སེར་སྤེལ་ཡུལ་དུ་བསྒྱུར་བཞིན་ཡོད། མདོར་ན་ལོ་ངོ་སྟོང་ཕྲག་གི་འཚོ་བ་དང་ལེགས་བྱང་གི་ཁྲོད་ནས་གཉུག་སེམས་དང་ལྷན་ཅིག་ཏུ་འདྲེས་པའི་‘ང་བོད་པ་ཡིན་’བསམ་པའི་ལྷན་སྐྱེས་ཀྱི་འདུ་ཤེས་དེ་ཡང་བརྗེ་བསྒྱུར་གྱིས་ ‘ང་རྒྱ་རིགས་ཡིན་’བསམ་པའི་འདུ་ཤེས་ཅན་ཞིག་ཏུ་བསྐྱེད་སྲིང་བྱ་དགོས་པའི་ཧམ་སེམས་འཆང་གི་ཡོད།

ཁྲུང་ཆིང་གྲོང་ཁྱེར་གྱི་སྤྱི་ཁྱབ་དང་བོད་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་གཉིས་ལ་ཅིའི་ཕྱིར་ལྟ་ཚུལ་མ་འདྲ་བ་འཛིན་གྱི་ཡོད་དམ།

པའོ་ཞི་ལའེ་ཡིས་ཁྲུང་ཆིང་གི་མི་སེར་རྣམས་ལ་མའོ་ཡི་གླུ་གཞས་གཏོང་དུ་བཅུག་པ་ཙམ་རེད། བོད་ལྗོངས་ཀྱི་དམར་ཤོག་དྲུང་ཆེས་མའོ་ཡི་འདྲ་པར་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་དང་མཉམ་དུ་དགོན་པའི་ནང་སྒྲིག་ཏུ་འཇུག་གི་ཡོད། པའོ་ཞི་ལའེ་ཡིས་འབྱོར་བདག་གི་རིགས་རྣམས་ལ་རྡུང་རྡེག་ཚ་ནན་བཏང་བ་ཙམ་རེད། བོད་ལྗོངས་ཀྱི་དམར་ཤོག་དྲུང་ཆེས་བོད་མི་འབྱོར་བདག་ཙམ་མིན་པར་ཤེས་ཡོན་ཅན་དང་། རྩོམ་འབྲི་བ། ཁོར་ཡུག་སྲུང་སྐྱོབ་པ། གཞས་པ། ཉམས་ཐག་ལྟ་སྐྱོང་བ་སོགས་ལ་རྡུང་རྡེག་ཚ་ནན་གཏོང་བ་ལས་བརྒལ་ཏེ་འགའ་ཞིག་དམར་གསོད་བཏང་ཞིང་། འགའ་ཞིག་གར་སོང་ཆ་མེད་དུ་བཏང་ཡོད། པའོ་ཞི་ལའེ་ཡིས་དབུལ་ཕྱུག་གི་བར་ཁྱད་ཕྱེ་ནས་རིས་བཅད་ཀྱི་ལས་འགུལ་སྤེལ་བ་ཙམ་རེད། དེ་ཡང་དཔལ་འབྱོར་ཆ་སྙོམ་གྱི་མའོ་ཡི་ལྟ་གྲུབ་ལ་གཞི་བཅོལ་ཡོད། བོད་ལྗོངས་ཀྱི་དམར་ཤོག་དྲུང་ཆེས་བོད་རྒྱ་མི་རིགས་ཀྱི་བར་ཁྱད་ཕྱེ་ནས་རིས་བཅད་ཀྱི་ལས་འགུལ་སྤེལ་གྱིན་ཡོད་ལ། དེ་ནི་གུང་ཁྲན་ཏང་གི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་གཉིས་ཆ་དང་རྒྱབ་འགལ་དུ་སོང་བ་ཙམ་མིན་པར། སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་འགལ་ཟླ་ཆགས་ཡོད། འོན་ཀྱང་པའོ་ཞི་ལའེ་ཡི་ཤུགས་རྐྱེན་དང་གོ་གནས་ལ་འཛེམ་གཟོན་མེད་པར་སྲིད་སྟེགས་ལས་ཕྱིར་འབུད་བཏང་ཞིང་། བོད་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཚོར་དམིགས་བསལ་གྱི་གཟིགས་བཟོས་དང་བདག་རྐྱེན་གྱ་ནོམ་པ་སྦྱར་བ་ཙམ་མིན་པར། སྐབས་རེ་སྲིད་སྟེགས་ཀྱི་གོ་བབ་ཀྱང་མཐོ་རུ་གཏོང་གི་ཡོད། ཝེན་ཇ་པའོ་ཡིས་པའོ་ཞི་ལའེ་ཕྱིར་འབུད་གཏོང་ཐུབ་སར་བོད་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཚོར་བཀའ་བཀྱོན་ཞིག་ཀྱང་ཅིའི་ཕྱིར་གཏོང་ཐུབ་ཀྱི་མེད་པ་རེད། ཐ་ན་ཁོང་ཚོའི་བྱེད་སྤྱོད་མ་མཐར་ཡང་ནོར་འཁྲུལ་གྱི་བྱེད་སྤྱོད་ཅིག་ཏུ་ཅིའི་ཕྱིར་བརྩི་གི་མེད་པ་ཡིན་ནམ།

མང་གཙོ་དང་རང་དབང་ལ་ཕྱོགས་པའི་ཆབ་སྲིད་བཅོས་བསྒྱུར་གྱི་བཀག་རྡོ།

དེང་སང་ཨ་རིས་གཙོས་པའི་ནུབ་ཕྱོགས་ཀྱི་མང་གཙོའི་རྒྱལ་ཁབ་མང་པོ་ཞིག་ཏུ་དཔལ་འབྱོར་ཉམས་རྒུད་ཀྱི་དོན་རྐྱེན་ཞིག་བསྟུད་མར་འབྱུང་གི་ཡོད་ཅིང་། ཐག་ཉེ་ས་ནས་བཤད་ན་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་གྲས་ཀྱི་རང་རེའི་གནས་ཚང་རྒྱལ་ཁབ་ལྟ་བུར་མཚོན་ན་དཔལ་འབྱོར་གྱི་འཕེལ་རྒྱས་ཙམ་མིན་པར་གཞི་རིམ་སྤྱི་ཚོགས་ཀྱི་ཁྱབ་ཁོངས་མང་སའི་ནང་དཀའ་ངལ་ཧ་ཅང་ཆེན་པོ་ཞིག་མངོན་གསལ་དང་ལྐོག་གྱུར་ཅི་རིགས་ནས་འཕྲད་བཞིན་ཡོད། ཤེས་ཡོན་དང་འཕྲོད་བསྟེན། ཡུལ་མིའི་དཔལ་འབྱོར་གནས་བབ་སོགས་རེད། ཤེས་ཡོན་གྱི་ཆ་ནས་བཤད་ན་རྒྱ་གར་ནང་ཡར་རྒྱས་མྱུར་པོ་འགྲོ་བཞིན་ཡོད་ཀྱང་། གཞོན་སྐྱེས་ཀྱི་བརྒྱ་ཆ་ ༧༤ ཙམ་གྱིས་མ་གཏོགས་ཡི་གེ་འབྲི་ཀློག་ཤེས་ཀྱི་མེད་ཅིང་། རྒྱ་ནག་ནང་བརྒྱ་ཆ་ ༩༤ འབྲི་ཀློག་ཤེས་ཀྱི་ཡོད། རྒྱ་གར་བའི་ཆ་སྙོམས་ཚེ་ཚད་ལོ་ ༦༤་༤ ཡིན་ཞིང་རྒྱ་ནག་པའི་ཆ་སྙོམ་ཚེ་ཚད་ལོ་ ༧༣་༥ ཡིན། རྒྱ་གར་དུ་བྱིས་པའི་ཆ་སྙོམས་འཆི་ཚད་སྟོང་ཚོ་གཅིག་ཁྲོད་ལྔ་བཅུ་ཡིན་ཞིང་། རྒྱ་ནག་ཏུ་སྟོང་ཚོ་གཅིག་ཁྲོད་བཅུ་བདུན་ལས་སོན་གྱི་མེད། འདི་ལ་སོགས་པའི་གཞི་རྩའི་སྤྱི་ཚོགས་ཀྱི་དགོས་མཁོ་འབྱོར་མིན་གྱིས་འཕྲོད་བསྟེན་དང་ཤེས་ཡོན་སོགས་ལ་ཧེ་བག་ཆེན་པོ་ཤོར་གྱི་ཡོད་པའི་གནས་བབ་རྒྱུ་མཚན་དུ་བཟུང་སྟེ། མང་གཙོའི་ལམ་སྲོལ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྡོ་ཡིན་པའི་ལྟ་ཚུལ་ཤུགས་ཆེ་འདོན་མཁན་རྒྱ་ནག་སྤྱི་དང་ཏང་གི་འགོ་འཁྲིད་རིམ་པའི་ནང་ཡོང་བཞིན་ཡོད་པ་རེད། འདིས་རྒྱ་ནག་མང་གཙོར་ཕྱོགས་པར་འགོག་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།  

བཀག་རྡོ་ཆེན་པོ་གཞན་ཞིག་ནི་ད་ལྟའི་ཏང་གི་སྒྲོམ་གཞིའི་ནང་ནས་སྙན་གྲགས་དང་རྒྱུ་འབྱོར། དབང་ཆ་དང་སྟོབས་ཤུགས་ཀྱི་ཁེ་ཕན་བླ་མེད་ཐོབ་དང་འཐོབ་བཞིན་པའི་དཔོན་ཁག་དང་འབྱོར་བདག་ཅན་རྣམས་ཡིན་ཏེ། ཆིང་ཧཱ་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་མཁས་དབང་སྐུ་ཞབས་སུན་ལི་པིང་གིས། “དམར་ཤོག་གི་ཁྱིམ་རྒྱུད་རྙིང་པ་ཁག་དང་འབྱོར་ཕྱུག་ཅན་གྱི་གཞུང་གཉེར་བཟོ་ཚོང་སྡེ་ཁག གཞུང་གཉེར་དངུལ་ཁང་མ་ལག་ཁག གཞི་རྒྱ་ཆེ་ལ་སྲ་བརྟན་དུ་གྱུར་པའི་གཞུང་སྲིད་པ་བཅས་ནི་བཅོས་བསྒྱུར་གྱི་བཀག་རྡོ་གཙོ་བོ་ཡིན།” ཅེས་དང་། “ཚན་པ་འདི་དག་དང་འབྲེལ་ཡོད་ཀྱི་སྒེར་སེམས་ཆེ་བའི་མི་སྣ་ཚོས་ཚད་མཐོ་བའི་བཅོས་བསྒྱུར་དང་ད་ལྟའི་གནས་བབ་ཉམས་རྒུད་དུ་འགྱུར་རྒྱུ་གཉིས་ཀ་འདོད་ཀྱི་མེད། རྒྱུ་མཚན་ནི་ཁོང་ཚོར་ད་ལྟའི་གནས་བབ་འདིའི་འོག་ནས་བླ་ན་མེད་པའི་ཁེ་ཕན་དག་ཐོབ་བཞིན་ཡོད་པ་རེད།” ཅེས་བཤད།

ད་ལྟའི་གུང་ཁྲན་ཏང་གི་སྒྲོམ་གཞི་གནས་བབ་འདི་འདྲ་ཞིག་གི་རྨང་གཞིའི་སྟེང་ནས་གྲུབ་ཡོད་པ་བདེན་ན། ཌི་ཌི་ཀིརྶ་ཊན་གྱིས། “ཚོགས་པ་གཅིག་གི་དབང་བསྒྱུར་གྱི་རྒྱལ་ཁབ་འདི་ཆག་གྲུམ་ཤོར་སླའི་རང་བཞིན་ཞིག་ལས་དོན་དམ་གྱི་མཁྲེགས་སྟོབས་ཅན་ཞིག་མིན།” ཞེས་བཤད་པ་དོན་ལ་གནས་པ་ལྟ་བུར་མཐོང་གི་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༩ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱརིགས་དཔོན་ངན་བཞི་ནི།

    ཆེ་བདུག་རྩུབ། མའོ་ཙེ་ཏུང་།
    ཆེས་ཀླ་ཀློ། ཏིང་ཤའོ་་ཕིང་།
    ཆེས་མུན་ནག ཛང་ཛིན་་མིན།
    ཆེས་རྗེས་ལུས། ཧུའུ་ཆིན་ཐའོ།

    ཝེན་ཇ་པའོ་ནི། རྒྱ་དཔོན་གུ་ཡངས་ཤོས་ཅིག་ཡིན་ཡང་། ་་་་་་་་་ཧ་ཧ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese