འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་རྒྱ་རིགས་ཤེས་ཡོན་པ་དང་དམངས་གཙོ་དོན་གཉེར་བ། གསར་འགོད་པ་ཁག་ཅིག་བཞུགས་སྒར་དུ་བསླེབས་ཡོད་སྟབས། འདི་གའི་གསར་འགོད་པས་རྒྱ་ནག་ཧོང་ཀོང་གི་༼ཨེ་ཤ་ཡའི་བདུན་རེའི་དུས་དེབ༽ ཀྱི་གསར་འགོད་པ་ཅི་ཧྲའོ་མེན་ལགས་སུ། བོད་དོན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་གི་ཐད་བཅར་འདྲི་བྱས་ཡོད།
དྲི་བ། ཐོག་མར་ཁྱེད་ཀྱིས་རྩོམ་སྒྲིག་གནང་བཞིན་པའི་དུས་དེབ་དང་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས་ཞུ།
ལན། ངའི་མིང་ལ་ཅི་ཧྲའོ་མེན་ཟེར། ཆུང་དུས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་ནང་འཚར་ལོངས་བྱུང་བ་དང་། ཕྱིས་སུ་ཧྲང་ཧེ་སློབ་ཆེན་ནས་མཐར་ཕྱིན་རྗེས་དུས་ཡུན་གང་འཚམ་རིང་དེ་གར་ལས་ཀ་བྱས་པ་ཡིན། ༡༩༩༡ ལོར་ཧོང་ཀོང་ལ་གནས་སྤོར་གྱིས་ད་ལྟའི་བར་ལོ་ ༢༠ ལྷག་འགྲོ་བཞིན་ཡོད། ཨེ་ཤ་ཡའི་བདུན་རེའི་དུས་དེབ་ཀྱི་གསར་འགོད་བྱས་ཏེ་ལོ་ ༡༥ འགྲོ་བཞིན་ཡོད། ༼ཨེ་ཤ་ཡའི་བདུན་རེའི་དུས་དེབ༽ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱ་རིགས་ཚོར་ཤུགས་རྐྱེན་ཆེ་ཤོས་ཀྱི་དུས་དེབ་ཅིག་ཆགས་ཡོད། དུས་དེབ་ཀྱི་བསྟི་གནས་ཧོང་ཀོང་དུ་ཡོད། ང་ཚོས་རང་དབང་གི་སྒོ་ནས་གསར་འགྱུར་མཁོ་སྤྲོད་དང་བརྒྱུད་སྒྲོག་བྱེད་ཀྱི་ཡོད། ལྷག་པར་དུ་རྒྱ་ནག་ནང་ཁུལ་གྱི་ཤེས་ལྡན་པ་དང་པེ་ཅིན་གྱི་མགོ་ཁྲིད་མང་པོ་ཞིག་གིས་ང་ཚོའི་གསར་འགྱུར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་བར་གནད་དོན་གལ་ཆེན་གྱི་རིགས་མང་པོ་ཞིག་འདོན་སྤེལ་བྱས་པར་བརྟེན་ནས། དུས་དེབ་འདིར་སྔ་ཕྱིར་འཇར་མན་དང་ཨེ་ཤ་ཡའི་གསར་འགྱུར་བརྒྱུད་ལམ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་ཕུལ་བྱུང་གསར་འགོད་པའི་གཟེངས་རྟགས་ ༩ ཙམ་རག་མྱོང་ཡོད། དེ་བཞིན། ༢༠༠༩ ལོར་ཕྲན་ལའང་ཨེ་ཤ་ཡའི་ཕུལ་བྱུང་གསར་འགོད་པའི་གཟེངས་རྟགས་ཐོབ་མྱོང་། ང་རང་གི་ངོས་ནས་ཀྱང་ད་ལྟའི་བར་གནད་དོན་གལ་ཆེ་རིགས་ཀྱི་གསར་འགྱུར་མང་པོ་ཞིག་ཀློག་མཁན་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ཡིན།
དྲི་བ། ཁྱེད་ཀྱིས་ག་དུས་ཤིག་ནས་བོད་དོན་ཐད་དོ་སྣང་བྱེད་མགོ་བརྩམས་པ་ཡིན། དྷ་རམ་ས་ལར་ཡོང་འདོད་ཀྱི་འདུན་པ་ཇི་ལྟར་བསླེབས་སོང་ངམ།
ལན། ང་རང་ ༢༠༠༥ ལོར་མདོ་དབུས་ལྕགས་ལམ་གསར་བསྐྲུན་སྐོར་གྱི་གནས་ཚུལ་འཚོལ་བསྡུའི་ཆེད་ལྷ་སར་ཕྱིན་པ་ཡིན། སྐབས་དེར་བོད་མི་ཚོར་ཐུག་འཕྲད་ཀྱི་གོ་སྐབས་བྱུང་སོང་། ཉིན་ཞིག་ང་རང་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་སྡོད་སྐབས། བོད་མི་ཞིག་གིས་རུམ་ནས་ཏཱ་ལའི་བླ་མའི་སྐུ་པར་སྟོན་ཞོར་ཁོང་ཚོ་ཏཱ་ལའི་བླ་མར་མཇལ་འདོད་ཡོད་པའི་སྐོར་ང་ལ་བརྗོད་བྱུང་། སྐབས་དེའི་བོད་ཀྱི་གནས་སྟངས་དང་བོད་མི་དེའི་སྐད་ཆས་ང་ལ་སྔར་མེད་ཀྱི་ཚོར་སྣང་ཞིག་སྤྲད་སོང་། དེ་ལ་བརྟེན་ནས་བོད་དོན་སྐོར་གྱི་གནས་ཚུལ་ཤེས་འདོད་ཀྱི་འདུན་པ་སྐྱེས་བྱུང་། རྒྱ་ནང་ལ་མཚོན་ན་གནས་ཚུལ་འདིའི་རིགས་བཀག་སྡོམ་ནན་མོ་བྱས་ཏེ། རྒྱ་རིགས་མང་པོ་ཞིག་གིས་ཞིབ་ཕྲའི་གནས་ཚུལ་ཤེས་ཀྱི་མེད་སྟབས། སོ་སོའི་ངོས་ནས་ཏཱ་ལའི་བླ་མར་ཐུག་འཕྲད་ཀྱིས་བཅར་འདྲི་བྱ་རྒྱུའི་སེམས་ཐག་བཞག་པ་ཡིན། མདོ་དབུས་ལྕགས་ལམ་གྱི་གནས་ཚུལ་མཁོ་གཏོང་བྱས་ཚར་རྗེས། ཏཱ་ལའི་བླ་མར་ཇི་ལྟར་ཐུག་འཕྲད་བྱེད་དགོས་མིན་ཐད་བསམ་བློ་མང་པོ་བཏང་ཡིན། ཕྱིས་སུ་ཏཱ་ལའི་བླ་མར་ཐའེ་ཝན་ནང་དོན་གཅོད་ཁང་ཞིག་ཡོད་པ་ཤེས་རྟོགས་བྱུང་སྟེ། ཐོག་མར་དོན་གཅོད་ཁང་གི་འགན་འཛིན་ཚེ་རྒྱམ་ལགས་ལ་འབྲེལ་བ་བྱས་ཏེ། ཁོང་ལ་བོད་དོན་ཐད་བཅར་འདྲི་བྱས་པ་ཡིན། སྐབས་དེར་ “ དབུ་མའི་ལམ ” དང་ “ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ ”ཞེས་པའི་མིང་འདི་དག་ངས་ཐེངས་དང་པོར་གོ་ཐོས་བྱུང་། དེ་བཞིན། ཐེ་ཝན་དོན་གཅོད་ཁང་དང་འབྲེལ་ལམ་བརྒྱུད་ཏཱ་ལའི་བླ་མར་ཐུག་འཕྲད་ཀྱི་བགོ་སྐལ་ཐོབ་སྟེ་དྷ་རམ་ས་ལར་སླེབས་རྒྱུའི་མགོ་བརྩམས་པ་ཡིན།
དྲི་བ། ད་ལྟའི་བར་༼ ཨེ་ཤ་ཡའི་བདུན་རེའི་དུས་དེབ༽ཀྱིས་བོད་དོན་སྐོར་གྱི་གནས་ཚུལ་ག་རེ་འདོན་སྤེལ་བྱས་ཡོད་དམ།
ལན། ༢༠༠༦ ལོར་ང་ངྷ་རམ་ས་ལར་ཡོང་ཐུབ་པ་བྱུང་སྟེ་ཏཱ་ལའི་བླ་མར་བཅར་འདྲི་བྱས་པ་མ་ཟད། བཙན་བྱོལ་བོད་གཞུང་དང་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་གནས་སྟངས་སོགས་ཀྱི་ཐད་ནས། ང་ཚོའི་དུས་དེབ་ཀྱི་ཤོག་ངོས་ ༡༣ ལྷག་གི་ནང་ཆེད་བསྒྲིགས་ལེ་ཚན་ཞིག་སྤེལ་བ་ཡིན། གནས་ཚུལ་འདིའི་རིགས་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནང་ཧ་ཅང་མཐོང་དཀོན་པོ་དང་། ལྷག་པར་དུ་ཞིབ་ཕྲའི་གནས་ཚུལ་ཤེས་མེད་པའི་རྒྱ་རིགས་རྣམས་ལ་ཕན་ཐོགས་ཆེན་པོ་བྱུང་འདུག ཕྱིས་སུ་ངས་ཧོང་ཀོང་ནས་ཏཱ་ལའི་བླ་མའི་ཕུ་བོ་རྒྱལ་ལོ་དོན་འགྲུབ་ལགས་དང་ཐུག་འཕྲད་བྱས་ཏེ། སྔོན་ཆད་ཏིན་ཞའོ་ཕིན་དང་ཐུག་འཕྲད་ཀྱིས་བོད་དོན་ཐག་གཅོད་ཐད་འབད་བརྩོན་གནང་པའི་ལོ་རྒྱུས་སྐོར་ནས་བཅར་འདྲི་དང་། ཁོང་གིས་སྐབས་དེའི་གནས་ཚུལ་དང་པར་རིས་ཁག་ཅིག་ང་ལ་མཁོ་སྤྲོད་གནང་བ་ལྟར་དེའི་སྐོར་གྱི་གནས་ཚུལ་སྤེལ་བ་ཡིན། ༢༠༠༧ ལོར་ང་བསྐྱར་དུ་འདི་གར་སླེབས་སྐབས་དྷ་རམ་ས་ལར་སྔོན་དང་མ་འདྲ་བའི་འགྱུར་བ་ཆེན་པོ་ཕྱིན་འདུག སྐབས་དེར་ངས་ཏཱ་ལའི་བླ་མ་གཙོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཀྱི་གནད་ཡོད་མི་སྣ། དེ་བཞིན་མི་མང་བཅས་ལ་བཅར་འདྲི་བརྒྱུད་བཙན་བྱོལ་བོད་མིའི་རེ་འདུན་ངོ་མ་དེ་གང་ཡིན་པ་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་པ་ཡིན། ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དང་ཨོ་ལིམ་ཕིག་རྩེད་འགྲན་བཅས་ཀྱི་གནས་ཚུལ་བསྡུ་ལེན་བྱ་ཆེད་སྔ་ཕྱི་ཐེངས་གཉིས་ལ་འདིར་ཡོང་བ་ཡིན། ༢༠༠༩ ལོར་པེ་ཅིན་དང་བཙན་བྱོལ་བོད་མིའི་འབྲེལ་མོལ་མཚམས་འཇོག་བྱས་པ་ནས་བཟུང་ད་ལྟའི་བར་ཡོང་ཐུབ་མ་བྱུང་།
དྲི་བ། འདས་པའི་མི་ལོ་ ༥༣ རིང་གི་བོད་མིའི་རང་དབང་འཐབ་རྩོད་ཐད། ཁྱོད་ཀྱིས་ལྟ་སྟངས་དང་གདེང་འཇོག་ཇི་ལྟར་གནང་གི་ཡོད་དམ།
ལན། ང་རང་གི་ངོས་ནས་བོད་ཀྱི་འཐབ་རྩོད་དེ་ནི་འདས་པའི་ལོ་ལྔ་བཅུའི་ཡར་སྔོན་གྱི་དྲག་པོའི་འཐབ་རྩོད་ནས། ལོ་རབས་བརྒྱད་ཅུ་བའི་མང་ཚོགས་རང་བཞིན་གྱི་འཐབ་རྩོད་ངོ་བོར་གྱུར་པ་དང་། ༢༠༠༨ ལོའི་ཕྱི་ཟླ་ ༣ པའི་ནང་ཡང་བསྐྱར་མང་ཚོགས་རང་བཞིན་གྱི་ངོ་རྒོལ་བྱུང་རྗེས། ད་ལྟའི་ཆར་མང་ཚོགས་རང་བཞིན་གྱི་ངོ་རྒོལ་བྱེད་པའི་གོ་སྐབས་མེད་པར་གྱུར་ཏེ། མི་སྒེར་གྱི་ངོས་ནས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་པའི་ལུགས་སྲོལ་གསར་པ་ཞིག་གི་མགོ་བརྩམས་ཡོད་སྟབས། གནད་དོན་འདི་བོད་མི་ཚོར་རང་དབང་དང་གུ་ཡངས་ཀྱི་རང་སྐྱོང་ཞིག་ཐོབ་མེད་པའི་དབང་གིས། མུ་མཐུད་ནས་འཐབ་རྩོད་རྒྱུན་འཁྱོངས་བྱས་ཏེ་གནས་རིམ་གསར་པ་ཞིག་ཏུ་བསླེབས་ཡོད་པ་རེད། ངས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་མི་ཁག་ཅིག་བརྒྱུད་ཤེས་རྟོགས་བྱུང་དོན། བོད་ཀྱི་གནད་དོན་ཐོག་བཟང་ཕྱོགས་ཀྱི་དུས་སྐབས་ཤིག་བྱུང་བ་ནི། ཧུའུ་ཡོ་པཱང་གིས་རྒྱ་གཞུང་གི་དབུ་ཁྲིད་གནང་བའི་སྐབས་ཡིན་འདུག ཁོང་གིས་བོད་ལ་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱས་པ་མ་ཟད། དངོས་སུ་བོད་ཀྱི་ས་ཁུལ་ཁག་ཏུ་ཕྱིན་སྟེ་མི་མང་གི་གནས་སྟངས་ལ་རྟོག་ཞིབ་བྱས་ཡོད་པ་རེད། ཕྱིས་སུ་ཧུའུ་ཡོ་པཱང་ལས་གནས་ནས་ཕབ་རྗེས་བསྐྱར་དུ་བོད་ཐོག་དམ་དྲག་སྲིད་ཇུས་ལག་བསྟར་བྱས་སྟབས། གནད་དོན་འདི་ད་དུང་མུ་མཐུད་ལྷག་བསྡད་པ་རེད།
དྲི་བ། སྔ་ཕྱིར་བོད་རྒྱ་འབྲེལ་མོལ་ཐེངས་ ༩ གནང་ཡང་དམིགས་བསལ་གྲུབ་འབྲས་མ་ཐོན་པའི་ཐད་ཁྱོད་ལ་ལྟ་ཚུལ་ཅི་ཞིག་ཡོད་དམ།
ལན། འདས་པའི་འབྲེལ་མོལ་ལ་བལྟས་པ་ཡིན་ན། ཡང་དང་བསྐྱར་དུ་འབྲེལ་མོལ་བྱས་པ་ཙམ་ལས་དངོས་ཡོད་གནས་སྟངས་ཀྱི་ཐད་ནས་དམིགས་བསལ་གླེང་སློང་བྱས་མི་འདུག བཙན་བྱོལ་བོད་མའི་སྒྲིག་འཛུགས་ལ་མཚོན་ན་འབྲེལ་མོལ་དེ་ཧ་ཅང་དགོས་མཁོ་ཆེན་པོ་ཞིག་ཡིན་ཡང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་ངོས་ནས་དམིགས་བསལ་དགོས་མཁོ་ཞིག་ཏུ་རྩིས་མེད། འདི་ལྟར་འབྲེལ་མོལ་བྱས་པ་ཡིན་ན་མཐའ་མར་གྲུབ་འབྲས་ཤིག་ཡོང་མི་སྲིད་པ་རེད། ཕྱོགས་གཉིས་ཀྱི་ངོས་ནས་གནད་དོན་ཐག་གཅོད་འདོད་ཀྱི་བློ་དང་ཀུན་སློང་ཡོད་པའི་ཐོག་ནས་འབྲེལ་མོལ་བྱས་པ་ཡིན་ན་གྲུབ་འབྲས་ཐོན་སྲིད་པ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མཚོན་ནའང་། སོ་སོའི་བསམ་པར་འབྲེལ་མོལ་སྐབས་གནད་དོན་ཆེན་པོ་ཞིག་སེལ་འདོད་ཀྱི་འདུན་པ་བཅངས་ཡོད་པ་རེད། དེ་ལྟར་བྱས་པ་ཡིན་ན་འབྲེལ་མོལ་ལ་གྲུབ་འབྲས་ཡག་པོ་ཞིག་ཡོང་གི་མ་རེད། གནད་དོན་ཆུང་ཚེགས་ཀྱི་རིགས་ནས་མགོ་རྩོམ་དགོས་པ་རེད། དཔེར་ན། བོད་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་དང་། སློབ་གྲྭའི་ནང་བོད་སྐད་ཡིག་གི་སློབ་ཁྲིད་མུ་མཐུད་རྒྱུན་འཁྱོངས་ཀྱི་སྐོར། ཏཱ་ལའི་བླ་མ་བོད་ནང་ཐེངས་གཅིག་ཕེབས་ཐུབ་མིན་བཅས་ཀྱི་ཐོག་འབྲེལ་མོ་བྱས་ཏེ། རིམ་པས་གནད་དོན་ཆེན་པོ་ཐག་གཅོད་དགོས་པ་རེད། དེ་མ་ཡིན་པར་ཆེས་མཐོའི་རང་སྲིད་རང་སྐྱོང་སོགས་གནད་དོན་ཆེན་པོའི་སྐོར་གླེང་བ་ཡིན་ན། དེ་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད། ངས་བལྟས་ན་མ་འོངས་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་འབྲེལ་མོལ་གྱི་ཐབས་ཇུས་ཐད་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་བསམ།
དྲི་བ། ད་ལྟའི་གུང་ཁྲན་ཏང་གི་སྲིད་དབང་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཞིག་འཐོབ་ཐུབ་རྒྱུ་རེད་དམ།
ལན། ཏཱ་ལའི་བླ་མས་ཀྱང་རྒྱ་ནག་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་ཞིག་གསུངས་ཀྱི་ཡོད་པ་རེད། པེ་ཅིན་གྱིས་ཀྱང་ཀྲུང་གོའི་གྲངས་ཉུང་མི་རིགས་ཁག་ལ་རང་སྐྱོང་ལམ་ལུགས་ཤིག་བཟོས་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་ནི་རང་སྐྱོང་ས་ཁུལ་ཞིག་ཆགས་ཡོད་པ་རེད། དེར་བརྟེན། ཚང་མས་དམིགས་ཡུལ་གྱི་ཐད་གནད་དོན་གང་ཡང་མེད་པར་གཞི་གཅིག་གི་སྟེང་དུ་ཡོང་གིན་འདུག ཡིན་ནའང་། དངོས་ཡོད་ལག་བསྟར་ཁྲོད་ཀྱི་དཀའ་རྙོག་ཅིག་ལྷག་འདུག ལག་བསྟར་སྐོར་གྱི་རྩོད་རྙོག་དེ་ཕན་ཚུན་འབྲེལ་མོལ་བརྒྱུད་ཐག་གཅོད་ཐུབ་པ་ཞིག་རེད། པེ་ཅིན་གྱིས་སྤྲད་པའི་རང་སྐྱོང་དེ་ཏཱ་ལའི་བླ་མ་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་སྐྱོང་མིང་དོན་མཚུངས་བ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད་པ་མ་རེད། འདིའི་ཐད་དམིགས་བསལ་གྱི་དཀའ་རྙོག་ཆེན་པོ་གང་ཡང་མེད་སྟབས་ལས་སླ་བོའི་སྒོ་ནས་ཐག་གཅོད་ཐུབ་པ་ཞིག་རེད་བསམ་གྱི་ཡོད། ཡིན་ནའང་། བོད་ཀྱི་གནད་དོན་ཐོག་ཏཱ་ལའི་བླ་མ་ཕྱི་ཕྱོགས་སུ་བཞུགས་ཡོད་སྟབས། འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣ་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཅི་ཞིག་ཡིན་ཡང་ཆབ་སྲིད་ཀྱི་ངོ་བོར་བལྟ་བཞིན་ཡོད། རྒྱ་ནག་ལ་མཚོན་ན་གནད་དོན་གང་ཞིག་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་རྗེས་ཐག་གཅོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།
དྲི་བ། རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ནི། ཏཱ་ལའི་བླ་མ་དང་ཕྱི་སྡོད་བོད་མིས་བརྒྱུད་སྐུལ་ཡིན་ཚུལ་བཤད་ཀྱིན་པ་དེར་ཁྱོད་ལ་ལྟ་ཚུལ་ག་རེ་ཡོད་དམ།
ལན། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་བོད་མི་ཚོར་ཆོས་ལུགས་དད་མོས་དང་དམངས་གཙོའི་རང་དབང་ཆ་ཚང་མེད་པའི་གནས་སྟངས་འོག་བྱུང་བའི་ངོ་རྒོལ་གྱི་རྣམ་པ་གསར་པ་ཞིག་རེད། འདས་པའི་དྲག་པོའི་ངོ་རྒོལ་ནས་མང་ཚོགས་རང་བཞིན་གྱི་ངོ་རྒོལ། ད་ལྟའི་མི་སྒེར་གྱི་ངོ་རྒོལ་ཕན་ཚུན་བར་འབྲེལ་བ་ཡོད་པ་རེད། ཐོག་མའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མེད་པ་ཡིན་ན་མེར་བསྲེགས་ཀྱི་གནས་ཚུལ་རྗེས་མ་དག་བྱུང་མི་སྲིད་པ་ཞིག་རེད། མེར་བསྲེགས་ཀྱི་གནས་ཚུལ་ལ་མཚོན་ནའང་ཐོག་མའི་དུས་སུ་གནས་ཚུལ་བྱུང་སྐབས། མི་མང་གིས་མཐའ་འཁོར་ནས་བལྟས་བསྡད་དེ་ཉེན་རྟོག་པས་ཕུང་པོ་སྨན་ཁང་དུ་འཁྱེར་བའི་གནས་ཚུལ་བྱུང་ཡོད། ཡིན་ནའང་། ཉེ་ཆར་རེབ་གོང་དུ་བྱུང་བའི་མེར་བསྲེགས་ལས་འགུལ་ལྟ་བུར་མཚོན་ན། མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཁོང་གི་ཕུང་པོར་སྲུང་སྐྱོབ་ཀྱིས་ཉེན་རྟོག་པར་བེམ་པོ་འཁྱེར་བཅུག་མེད་པ་རེད། དེ་ལྟར་མི་སྒེར་བའི་མེར་བསྲེགས་ལས་འགུལ་དེའི་རྒྱབ་དུ་མང་ཚོགས་རང་བཞིན་ལས་འགུལ་ཞིག་ཡོང་བཞིན་པའི་གནས་སྟངས་ཆགས་ཡོད། གཙོ་བོ་ལས་འགུལ་གྱི་རང་བཞིན་ཅི་ཞིག་ཡིན་མིན་ལ་ལྟ་དགོས་པ་རེད། གལ་སྲིད། པེ་ཅིན་གྱིས་བཤད་ཚུལ་ལྟར་ལས་འགུལ་དེ་ཏཱ་ལའི་བླ་མའི་བརྒྱུད་སྐུལ་ལ་ངོས་འཛིན་བྱས་པ་ཡིན་ན། ལས་འགུལ་དེ་ཆབ་སྲིད་ཀྱི་ལས་འགུལ་ངོ་མ་ཞིག་ཆགས་པ་རེད། པེ་ཅིན་ལ་ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱེད་མི་ཆོག་ཅེས་བཤད་པའི་དབང་ཆའང་ཡོད་པ་མ་རེད། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དེའང་གནད་དོན་ཐག་གཅོད་མ་བྱུང་བར་མུ་མཐུད་གནས་རྒྱུ་ཡིན་པར་མ་ཟད། གུང་ཁྲན་ཏང་གིས་འགོག་ཐུབ་རྒྱུ་དཀའ་མོ་ཆགས་ཀྱི་རེད། ཕྱོགས་གཞན་ཞིག་ནས་དང་ཐོག་མེར་བསྲེགས་གཏོང་མཁན་གྱིས་འབོད་སྒྲ་ཅི་ཞིག་བསྒྲགས་ཡོད་མེད་ལ་བལྟ་དགོས་པ་རེད། ཁོང་གིས་བོད་ལ་ཆོས་དད་རང་དབང་དགོས། ཏཱ་ལའི་བླ་མ་བོད་ནང་གདན་འདྲེན་ཞུ་དགོས་ཞེས་པ་དེ་རེད། ང་རང་ངོས་ནས་འདི་ནི་ཆོས་ལུགས་ཀྱི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ཆོས་ལུགས་གནད་དོན་ལ་བལྟས་པ་ཡིན་ན། རིག་གནས་གསར་བརྗེ་ཡི་སྔ་རྗེས་སུ་དགོན་སྡེ་མང་པོ་གཏོར་བཤིག་དང་གྲྭ་བ་མང་པོ་ཁྱིམ་པ་བཟོ་བཅུག་པ་རེད། གནས་ཚུལ་དེ་དག་སྐོར་གྱི་དཔེ་དེབ་ཀློག་སྐབས་ཧ་ཅང་འཇིགས་ཡེར་བ་ཞིག་རེད། རིག་གནས་གསར་བརྗེའི་རྗེས་སུ་བོད་ཀྱི་ཆོས་ལུགས་རིག་གནས་མང་པོ་ཞིག་སླར་གསོ་བྱུང་ཡོད་ཀྱང་། རིག་གནས་གསར་བརྗེ་སྔོན་གྱི་གནས་སྟངས་ལྟ་བུ་ཞིག་སླར་གསོ་མ་ཐུབ་པར་བར་སྟོང་ཆེན་པོ་ཞིག་ལྷག་ཡོད། དེ་དག་གིས་བོད་མིའི་རིག་གཞུང་དང་མི་རིགས་ཀྱི་རེ་བ་བཅས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། གལ་སྲིད། གནད་དོན་འདིའི་རིགས་ཐག་གཅོད་དང་བཅོས་བསྒྱུར་བྱ་ཐུབ་པ་ཡིན་ན། མེར་བསྲེགས་ཀྱི་གནས་ཚུལ་ཐག་གཅོད་ཐུབ་ཀྱི་རེད། དེ་མིན་ཡོད་ཚད་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་པ་ཡིན་ན་ལས་སླ་བོར་ཐག་གཅོད་ཐབས་བྲལ་བ་ཞིག་རེད།
ལན། རྒྱ་ནག་ལ་མཚོན་ན་བོད་ནི་ཆེས་རྩ་ཆེའི་ས་ཁུལ་ཞིག་དང་རང་བྱུང་གཏེར་ཁ་སྣ་མང་ཡོད་པའི་ས་ཁུལ་ཞིག་ཆགས་ཡོད་པ་རེད། བོད་མི་རིགས་ལ་མཚོན་ན་སྔོན་ཆད་མཐོ་སྒང་དུ་འཚོ་བ་རོལ་བཞིན་པའི་དབང་གིས་ཚང་མར་གསལ་ཆ་མེད་ཀྱང་། ད་ལྟའི་དུས་འདིར་མི་རིགས་མང་པོ་ཞིག་གིས་བོད་མི་རིགས་ནི་ལས་ལ་བརྩོན་ཞིང་བྱམས་བརྩེ་ལྡན་པའི་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ང་རང་ལ་མཚོན་ནའང་བོད་མི་མང་པོ་ཞིག་ལ་འབྲེལ་འདྲིས་ཟབ་མོ་ཡོད་པའི་ཆ་ནས། ཏཱ་ལའི་བླ་མས་གསུངས་པ་ལྟར་བོད་རྒྱ་མི་རིགས་གཉིས་འཆམ་མཐུན་ཡོང་གི་རེད་བསམ་གྱི་འདུག གུང་ཁྲན་ཏང་གིས་མི་རིགས་སོ་སོར་རང་སྐྱོང་གི་གནས་བབ་ཅིག་སྤྲད་ཡོད་པ་དེའི་མགོ་འཛུགས་ས་ནོར་ཡོད་པ་མ་རེད་བསམ། ཡིན་ནའང་། བོད་ཀྱི་རང་སྐྱོང་ས་ཁུལ་ལ་མཚོན་ན་སྟངས་འཛིན་ཆ་ཚང་རྒྱ་རིགས་ཁོ་ནའི་འོག་ཡོད། མགོ་ཁྲིད་དང་གནད་ཡོད་མི་སྣའི་ཁྲོད་དུ་བོད་མི་ཁ་ཤས་ཡོད་ཀྱང་། ལམ་ལུགས་དང་གོ་སྒྲིག་རྒྱ་རིགས་དང་གུང་ཁྲན་ཏང་གིས་བྱེད་ཀྱི་ཡོད་པ་རེད། གནད་དོན་འདིའི་ཐད་ངས་ ༢༠༠༦ ལོར་ཏཱ་ལའི་བླ་མ་བཅར་འདྲིའི་སྐབས། ཁོང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཀྱི་ཡོད་གསུངས་སོང་། དེ་ནི་ཀྲུང་གོའི་མི་རིགས་ཁག་མང་པོ་འཆམ་མཐུན་མཉམ་གནས་ཡོང་ཐུབ་པའི་གཞི་རྩ་ཞིག་རེད་བསམ་གྱི་འདུག
དྲི་བ། ཁྱོད་རང་ཕྱི་ནང་གཉིས་ཀྱི་རྒྱ་རིགས་སྤྱི་ཚོགས་ཁྲོད་འབྲེལ་འདྲིས་ཡོད་པ་རེད། ད་ལྟའི་ཆར་རྒྱ་རིགས་ཤེས་ལྡན་པ་དང་མི་མང་གིས་བོད་དོན་ཐད་དོ་སྣང་དང་ལྟ་སྟངས་ག་འདྲ་ཡོང་གི་འདུག་གམ།
ལན། ང་རང་ཉིད་དང་འབྲེལ་འདྲིས་ཡོད་པའི་རྒྱ་རིགས་ཤེས་ལྡན་པ་མང་པོ་ཞིག་གིས། དང་པོ། ཁོང་ཚོས་བོད་རང་བཙན་ངོས་ལེན་བྱེད་ཀྱི་མི་འདུག གཉིས་པ། ཏཱ་ལའི་བླ་མར་གུས་བཀུར་ཆེན་པོ་བྱེད་ཀྱི་འདུག གསུམ་པ། བོད་ཀྱི་ཆེས་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་ཐད་ནས་རྒྱ་ནག་གཞུང་གིས་གུ་ཡངས་པོ་བྱ་རྒྱུ་དང་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་ཀྱི་འདུག རྒྱ་རིགས་མང་ཚོགས་ལ་མཚོན་ན་སྔོན་ཆད་རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཐོག་སྟངས་འཛིན་དང་དམ་དྲག་བྱེད་ཀྱིན་པའི་དབང་གིས་ཤེས་མཁན་ཧ་ཅང་དཀོན་པོ་ཆགས་ཡོད་ཀྱང་། ཉེ་བའི་དུས་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་ཆགས་ཏེ། རྒྱལ་སྤྱིིའི་ནང་གླེང་སློང་བྱེད་མཁན་མང་དུ་ཕྱིན་ཡོད་སྟབས། མི་མང་ཁྲོད་སྔོན་དང་བསྡུར་ན་ཤེས་རྟོགས་ཡོད་མཁན་མང་དུ་འགྲོ་བཞིན་འདུག ཡིན་ནའང་། རྒྱ་ནག་ནང་ཁུལ་ལ་མཚོན་ན་ལོ་རེར་མི་མང་རང་བཞིན་གྱི་ལས་འགུལ་ཁྲི་ ༢༥ ལྷག་བྱུང་སྟེ། རང་ཉིད་འཚོ་སྡོད་བྱེད་སའི་ཁོར་ཡུག་བདེ་འཇགས་མེད་པའི་གནས་སྟངས་འོག་ལྷག་ཡོད་པ་དང་། དོ་སྣང་བྱེད་མཁན་ཚོར་ཡང་གསར་འགྱུར་བརྒྱུད་ལམ་དང་དྲ་རྒྱ་སྟངས་འཛིན་བྱས་ཡོད་སྟབས། དམིགས་བསལ་བོད་ཀྱི་གནད་དོན་ཐོག་དོ་སྣང་བྱེད་མཁན་ཉུང་ཉུང་རེད།
དྲི་བ། རྒྱ་ནག་ནང་འཚོ་བའི་དཀའ་ངལ་ཐད་ལོ་རེར་ངོ་རྒོལ་ཁྲི་ ༢༥ ལྷག་འབྱུང་གི་ཡོད་ཀྱང་། མི་མང་རང་བཞིན་གྱི་དམངས་གཙོའི་ལས་འགུལ་ཅིག་སླེབས་ཐུབ་ཀྱི་མེད་པ་དེར་ཁྱོད་ལ་ལྟ་སྟངས་ག་རེད་ཡོད་དམ།
ལན། རྒྱ་ནག་ནང་ཁུལ་ལ་མཚོན་ན་ལས་འགུལ་མང་ཆེ་བ་དངོས་ཡོད་ཀྱི་གནས་སྟངས་དང་མི་མང་གི་འཚོ་བའི་གནད་དོན་སྐོར་ཆགས་ཡོད་པ་རེད། ཡིན་ནའང་། གནད་དོན་འདིའི་རིགས་ཐག་གཅོད་བྱེད་པར་ངེས་པར་དུ་དམངས་གཙོའི་གནད་དོན་ཞིག་ཡོང་གི་ཡོད་པ་རེད། རྒྱ་ནག་ཀོང་ཏུང་ཝུ་ཁེན་ལྟ་བུར་མཚོན་ན་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་བྱུང་རྗེས། གྲོང་ཚོའི་སྡེ་དཔོན་འོས་བསྡུའི་ལམ་ནས་འདེམས་ཐོན་བྱེད་ཀྱི་ཡོད་པ་རེད། མི་མང་གི་ལས་འགུལ་མང་ཆེ་བ་སེལ་ཐུབ་ཀྱི་མེད་པའི་གནད་འགག་གཙོ་བོ་ཡང་། འདྲ་མཉམ་དང་དྲང་བདེན་གྱི་ལམ་ནས་ཐག་གཅོད་བྱེད་ཐུབ་མིན་ལ་ཐུག་ཡོད་སྟབས། དེའང་དམངས་གཙོའི་གནད་དོན་ཞིག་ཆགས་ཡོད། གནད་དོན་འདི་དག་ཕན་ཚུན་འབྲེལ་བ་དམ་པོ་ཡོད་པ་རེད། རྒྱ་ནག་ལ་མཚོན་ན་ད་ལྟའི་ཆར་དམངས་གཙོའི་ཆེད་དུ་ལས་འགུལ་སྤེལ་བའི་དུས་ལ་བསླེབས་མི་འདུག ལས་འགུལ་མང་ཆེ་བ་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་ཆགས་ཡོད་པ་རེད།
དྲི་བ། གུང་ཁྲན་ཏང་གི་སྲིད་དབང་ལམ་ལུགས་འོག མ་འོངས་པར་རྒྱ་ནག་དམངས་གཙོའི་ལམ་དུ་འགྲོ་ཐུབ་རྒྱུར་ཁྱོད་ཀྱི་ངོས་ནས་རེ་བ་ཞིག་མཐོང་གི་འདུག་གམ།
ལན། དམངས་གཙོའི་ལམ་ལུགས་ཀྱི་གནད་དོན་ལ་མཚོན་ན། མའོ་ཙེ་ཏུང་གི་དུས་སྐབས་ནས་བཟུང་ད་ལྟའི་བར་གླེང་བསྡད་པ་རེད། གནད་དོན་འདི་ཡང་བོད་ཀྱི་རང་སྲིད་རང་སྐྱོང་དང་འདྲ་བར། གུང་ཁྲན་ཏང་གིས་དུས་ནམ་ཡང་བོད་ལ་རང་སྲིད་རང་སྐྱོང་གནས་བབ་སྤྲོད་ཀྱི་མིན་ཚུལ་དང་རྒྱ་ནག་དམངས་གཙོ་ཕྱོགས་སུ་འགྲོ་རྒྱུ་མིན་པའི་སྐད་ཆ་བཤད་མྱོང་མེད། གནད་དོན་གཙོ་བོ་དམངས་གཙོའི་ལམ་ལུགས་ག་འདྲ་ཞིག་ལག་བསྟར་བྱ་མིན་དང་། དམངས་གཙོའི་གནས་རིམ་གང་འདྲ་ཞིག་ལ་བསླེབས་མིན་དེ་ཆགས་ཡོད། ང་རང་ངོས་ནས་རྒྱ་ནག་གི་མ་འོངས་པའི་ཁ་ཕྱོགས་དམངས་གཙོ་རེད་བསམ་གྱི་ཡོད། དམངས་གཙོ་འདིའི་ཁ་ཕྱོགས་གཙོ་བོ་ཀྲུང་གོའི་དབང་འཛིན་མི་སྣའི་ལག་ཏུ་ཡོད་པ་རེད། ད་ལྟའི་ཆར་སྲིད་དབང་འཛིན་མཁན་གུང་ཁྲན་ཏང་ཆགས་ཡོད་པ་རེད། གུང་ཁྲན་ཏང་ལ་མཚོན་ན་ད་ལྟའི་བར་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། ལྷག་པར་དུ་མི་ལོ་ ༣༠ བཅོས་བསྒྱུར་སྒོ་འབྱེད་ཀྱི་བརྒྱུད་རིམ་ཁྲོད་ས་གནས་སྲིད་གཞུང་དང་། གཞུང་ཞབས་ལས་བྱེད་རིམ་པའི་ནང་གུང་ཁྲན་ཏང་གི་ངོ་གདོང་ངོ་མ་དེ་མེད་པར་འགྱུར་བཞིན་ཡོད། གུང་ཁྲན་ཏང་གིས་དྲག་ཆས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་རེད། ད་ལྟའི་དུས་སྐབས་འདིར་ཁོ་ལ་ཁྲིམས་མཐུན་གྱི་འོས་འདེམས་ལམ་ལུགས་མེད་ལ། མི་མང་གི་འོས་འདེམས་བརྒྱུད་སྲིད་དབང་འཛིན་གྱི་མེད། འདི་ནི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཆགས་ཡོད།
དྲི་བ། ད་ལྟའི་བར་ཁྱེད་རང་དྷ་རམ་ས་ལར་གནས་ཚུལ་བསྡུ་ལེན་ཆེད་བསྐྱོད་རྒྱུར་རྒྱ་གཞུང་གིས་བཀག་འགོག་གང་ཡང་བྱུང་མ་སོང་ངམ།
ལན། ཐེ་ཝན་དོན་གཅོད་ཚེ་རྒྱམ་ལགས་བརྒྱུད་དེ་ ༢༠༠༦ ལོའི་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཏཱ་ལའི་བླ་མར་མཇལ་འཕྲལ་གནང་ཆོག་པའི་བརྡ་ལན་འབྱོར་བའི་རྗེས། གནས་ཚུལ་དེ་པེ་ཅིན་གྱིས་ཤེས་རྟོག་བྱུང་སྟེ་ང་ཡོད་སར་མི་སྣ་ཆེད་གཏོང་གིས། ཏཱ་ལའི་བླ་མར་ཐུག་འཕྲད་བྱས་པ་དེས་བོད་དོན་ལ་ཕན་ཐོགས་མེད་ཚུལ་དང་། རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་བྱ་བ་འདྲ་མིན་བྱེད་མི་ཆོག་སྐོར་བརྗོད་བྱུང་། སྐབས་དེར་ངས་ཁོང་ཚོར་རང་ཉིད་ཀྱིས་ཨེ་ཤ་ཡའི་བདུན་རེའི་དུས་དེབ་ཀློག་མཁན་རྣམས་ཀྱི་ཚབ་བྱེད་ཀྱིན་པ་ལས་རྒྱལ་ཁབ་ཀྱི་ཚབ་བྱེད་ཀྱི་མེད། ང་རང་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་ལས་འགན་གཙོ་བོ་ནི་གནས་ཚུལ་ངོ་མ་གང་ཡིན་པ་མི་མང་ལ་བརྒྱུད་སྒྲོག་བྱ་རྒྱུ་དེ་ཡིན་པ་ལས། རྒྱལ་ཁབ་ཀྱི་གནད་དོན་ལ་འབྲེལ་བ་གཏན་ནས་མེད། བོད་ཀྱི་གནད་དོན་ཇི་ལྟར་ཐག་གཅོད་བྱ་མིན་ཏཱ་ལའི་བླ་མ་དང་ཁྱོད་ཚོའི་བར་གྱི་ལས་དོན་རེད། གལ་སྲིད་ང་རང་འགྲོ་རུ་མ་བཅུག་པ་ཡིན་ནའང་། ལས་མི་གཞན་ཞིག་བཏང་སྟེ་ཏཱ་ལའི་བླ་མར་བཅར་འདྲི་བྱེད་རྒྱུ་ཡིན་ཞེས་བཤད་པ་ཡིན། གང་ལྟར་རྗེས་སུ་ང་རང་དྷ་སར་བསྐྱོད་དེ་ཏཱ་ལའི་བླ་མར་བཅར་འདྲི་ཞུ་རྒྱུའི་བགོ་སྐལ་ཐོབ་སོང་།
དྲི་བ། ཐེངས་འདིའི་གོ་སྐབས་བརྒྱུད་དེ་ཁྱེད་ཀྱི་བོད་དོན་དང་འབྲེལ་བའི་ཐོག་དམིགས་བསལ་བཤད་འདོད་པའི་སྐད་ཆ་ག་རེ་ཡོད་དམ།
ལན། ང་རང་ཉིད་ཀྱི་ངོས་ནས་གོ་སྐབས་འདི་བརྒྱུད་དེ་བཤད་འདོད་པ་ཞིག་ནི། ད་ལྟའི་བར་ང་རང་བོད་ཕྱི་ནང་གཉིས་དང་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མི་ཚོར་ཐུག་འཕྲད་བྱས་པའི་ཉམས་མྱོང་ལས། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་འདི་རིག་གནས་རྒྱུན་འཛིན་བྱེད་སའི་བསྟི་གནས་ལྟ་བུ་ཆགས་ཡོད་པ་རེད། འཛམ་གླིང་རྒྱལ་ཁབ་གཞན་དག་གིས་བོད་ཀྱི་རིག་གནས་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་པའི་དུས་སྐབས་ཤིག་ཀྱང་ཆགས་ཡོད་སྟབས། གོ་སྐབས་འདི་དམ་འཛིན་བྱས་ཏེ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་སོ་སོའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་མི་རིགས་ལ་མཚོན་ན་མི་རིགས་གཞན་དང་མི་འདྲ་བའི་ལོ་རྒྱུས་དང་རིག་གནས་ཁྱད་པར་བ་ཡོད་པ་མ་ཟད། འཚོ་གནས་སོགས་ཕྱོགས་ཡོངས་ནས་གཞན་དང་མ་འདྲ་བ་ཞིག་དང་། དུས་ནམ་ཡང་མི་རིགས་གཞན་དང་འདྲེས་ཐབས་མེད་པ་ཞིག་ཆགས་ཡོད་པ་རེད། གཙོ་བོ་བོད་མི་ཚོས་སོ་སོའི་རིག་གཞུང་དང་གོམས་གཤིས་ལ་བདག་པོ་བརྒྱབ་སྟེ། ཁྱད་འཕགས་ཀྱི་རིག་གཞུང་འདི་རྒྱུན་འཛིན་ལ་འབད་པ་བྱ་རྒྱུ་གལ་ཆེན་པོ་རེད།
གསར་འགོད་པ། དོན་གོ།
༼བོད་ཀྱི་དུས་བབ་གསར་ཤོག་ལས་འདིར་བཀོད།༽
རྒྱ་རིག་པ་སྤྱང་བ་ང་ཡིས་ཤེས་ལ་སྤྱི་ཡིས་ཤེས།།
དོན་མེད་པ་མིན་འདུག་རྒྱང་གིས་བལྟ་ལ་ངང་གིས་རིག།
བློ་གཟུར་དུ་གནས་ཚེ་རྣལ་གྱིས་ཉན་ལ་ངང་གིས་དགའ།།
ཁྱེད་བྱེད་སྒྲ་གསུམ་ལྡན་ཚད་མས་རིག་ལ་གཏན་གྱིསའབེབས།།
ཁ་སྔོན་འདི་སྟེང་མཆན་ཞིག་བཏབ་པ་ཡིན་ཡང་འཁོད་མི་འདུག སྲིད་དོན་དང་འབྲེལ་བའི་བགྲོ་གླེང་བྱ་དགོས་ན་དོན་དག་ཏིག་ཏིག་དེ་བརྗོད་དོན་འདི་ལ་ཚང་སྙམ་ཡང་། རྒྱུན་གཏན་ཁ་སྟོང་བཤད་མཁན་གྱི་རིག་པ་འདོན་པའི་དྲ་གྲོགས་རྣམས་དགོས་སར་བསམ་ཚུལ་མ་གླེང་བར་དོན་ལ་བབས་ས་མེད་པ་དང་ནང་ཁུལ་ཕྲག་དོག་གི་ལབ་གླེང་ལ་དགའ་བ་ཅི་འདྲ་བློ་ཕམ་རེད་ཨཱ།
སྤྱིར་ཡིད་ཆེས་ཟེར་བ་དེ་ཧ་ཅང་སླེབས་དཀའ་བ་ཞིག་ཡིན་ནའང་། རང་ཉིད་ཤེས་ལྡན་པ་ཞིག་ཡིན་ན་དངོས་གནས་དྲང་བདེན་གྱིས་གསར་འགོད་བྱེད་རྒྱུ་གལ་ཆེན་པོ་རེད། སོང་ཙང་ཁོང་ལ་གསར་འགོད་པའི་ཁྱད་ཆོས་ལྡན་ཡོད་པར་བསམ།
དྲི་ལན་ལ་འདོད་པ་མ་ཚིམ་པ་དེ་འདྲ་འདུག་ཀྱང་། རྒྱ་མི་རིགས་ཤིག་ཡིན་དུས་དགའ་བསུ་ཡོད། ལྷག་དོན་ཁོ་པས་བཤད་པའི་མཐའ་མའི་འབོད་སྐུལ་འདིར། རང་རིགས་ཡོངས་ཀྱིས་ཐུགས་སྣང་བྱེད་དགོས་པའི་གནད་དོན་གལ་ཆེན་རེད།
རྒྱ་རྒན་འདིའི་ཁ་ནང་ནས་བ་སོ་བྱུང་མི་སྲིད་པ་ཞིག་རེད། རྒྱ་ནག་ཤེས་ལྡན་པའི་ཁྲོད་དུ་བོད་རང་བཙན་ལ་རྒྱབ་བསྐྱོར་རྒྱག་མཁན་བྱུང་ཡོད་པར་མ་ཟད། རྒྱལ་ཁབ་བསྐྱར་གསོའམ་སླར་གསོ་བྱེད་རྒྱུར་བཤད་སྟངས་བསྒྱུར་འོས་པའི་བསམ་ཚུལ་ཡང་བྱུང་ཡོད་པ་རེད།
བཙན་བྱོལ་ནང་དུ་ཤེས་རིག་བརྒྱུད་འཛིན་ཇི་ལྟར་བྱེད་ཐུབ་བམ། མི་འབོར་ཆིག་འབུམ་ལྷག་གི་འགན་གཙོ་བོ་དེ་ངོ་རྒོལ་རྒྱུན་སྐྱོང་བྱེད་རྒྱུ་དེ་རེད། བོད་ནང་གི་གནས་སྟངས་ངོ་སྤྲོད་བྱེད་རྒྱུ་དེ་རེད། རང་དབང་ཇི་ལྟར་སླར་གསོར་དབུ་ཁྲིད་ཨེ་ཐུབ་ལྟ་རྒྱུ་དེ་རེད། གལ་སྲིད་ཤེས་རིག་ཐད་ལག་རྗེས་ཤིག་འཇོག་དགོས་ཀྱི་ཡོད་ན། རིགས་གཅིག་རྐང་འཛིན་པ་མང་པོ་བསྐྱེད་བསྲིངས་དང་དགོན་སྡེ་ཁག་གིས་བསླབ་པ་སློབ་གཉེར་དང་འདུལ་ཁྲིམས་གཙང་སྲུང་གིས་བོད་ནང་མིག་དཔེ་སྟོན་རྒྱུ་ལས་ལྷག་མེད། ཡིན་ནའི། རྡ་ས་ནི་གྲྭ་ལོག་བཙུན་ལོག་གི་བསྟི་གནས་ཤིག་ཆགས་ཡོད། འདི་ནི་འཕྱ་སྨོད་ཅིག་ཆགས་ཡོད། དེ་འདྲ་ཞིག་མ་རེད་དམ།