མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་མི་གཤིས་དང་བོད་དོན་འཐབ་རྩོད་ཀྱི་རླབས་མི་འདྲ་བ་གསུམ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྫ་སྲས་བདེ་ཆེན།

བོད་དོན་འཐབ་རྩོད་དང་ལྷག་པར་བོད་མེ་རུ་སྦར་སྟངས་ལ་འགྲེལ་བ་ཡང་དག་ཅིག་རྒྱག་རྒྱུ་དང་། ཡང་ན་དེ་འདྲའི་སྙིང་སྟོབས་ཤིག་ཇི་ལྟར་མངོན་གྱུར་བྱེད་ཐུབ་པའི་རྒྱུ་མཚན་ནི་བོད་མི་རིགས་ཀྱི་སེམས་ཁམས་གཤིས་སྤྱོད་ལ་ནང་རྒྱུས་ཡོད་མཁན་ཞིག་གིས་བཤད་ཤེས་པ་ལས། མཁས་པ་ཡིན་ཟེར་མཁན་དང་ཞིབ་འཇུག་པ་ཡིན་ཟེར་མཁན་གཞན་ཞིག་གིས་གསར་འགྱུར་ཙམ་ལ་གཞི་བཅོལ་ནས་བསྡོམས་རྒྱག་ཐུབ་པ་ཞིག་མིན་ལ། ལྷག་པར་དུ་བོད་མིའི་ཚེ་སྲོག་སྲེག་སྦྱོར་གྱི་ལས་འགུལ་བླ་ན་མེད་པ་འདི་ཆོས་ལུགས་ཀྱི་སྟོབས་ཤུགས་ཙམ་ལ་སྒྲོག་པ་དང་། ཆབ་སྲིད་ཀྱི་ཕུད་རྒྱག་ཆིག་རྐྱང་ལ་སྦྱོར་བ་དག་ནི་གནད་དུ་མ་ཐིེངས་པའི་འོལ་ཚོད་ཀྱི་དཔྱད་པ་ཙམ་དུ་འགྱུར་ཡོང་།

བོད་མེ་རུ་སྦར་སྟངས་འདིའི་སྒང་ནས་ཆབ་སྲིད་ཀྱི་དཀའ་རྙོག་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་བསམ་བློའི་ཆ་དང་། མི་གཤིས་ཀྱི་ཆ། སྙིང་སྟོབས་ཀྱི་ཆ་སོགས་གནད་ཀ་མང་བོ་ཞིག་མཐོང་ཐུབ་ལ། མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་ཀྱི་འཚོ་བའི་གོམས་ཕྱོགས་དང་དགའ་ཁ་འཁྱེར་ཕྱོགས་སོགས་ཀྱི་གཤིས་ཀ་དང་བསྡུར་ཏེ་བོད་དོན་འཐབ་རྩོད་ཀྱི་རླབས་ལ་བལྟས་ཚེ། དོན་དག་མང་བོ་ཞིག་ལ་གསལ་བཤད་དང་འབྱུང་འགྱུར་གྱི་བོད་དོན་འཐབ་རྩོད་ཀྱི་ཕྱོགས་ལ་ཡང་ཚོད་དཔག་གང་འཚམ་ཞིག་བྱེད་ཐུབ་པར་འདོད། དོན་ཀྱི་གནད་ཀ་གཞན་ཞིག་གི་སྒང་ནས་བལྟས་ན། བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་ངོ་རྒོལ་གྱི་ལས་འགུལ་ཆེ་ཕྲ་ཆུང་གསུམ་པོ་གཞིས་ལུས་སྤུན་ཟླ་ཚོས་རང་ཉིད་ཀྱིས་ཐག་གཅོད་དང་། རང་གི་མི་གཤིས་ཀྱིས་ཐག་གཅོད་བྱས་པ་ཤ་སྟག་ཡིན་པ་ལས་དེའི་ལྟག་རྒྱབ་ན་བརྒྱུད་སྐུལ་བྱེད་མཁན་གྱི་མིང་ཙམ་ཡང་མེད་པ་གསལ་བོར་ཆགས་ཐུབ་པ་འདུག

བོད་མི་རིགས་ཀྱི་མི་གཤིས་ལ་ནང་རྒྱུས་ཡོད་མཁན་གྱི་བོད་མི་ཚོས་དོན་གནད་འདི་གླེང་ཐུབ་ན་ལྷག་ཏུ་གནད་ལ་ཐིངས་བ་ཞིག་ཡོང་རེ་ཆེ་བས། གཤམ་ནས་ལོ་རྒྱུས་ཁྲོད་དུ་ངོས་འཛིན་བྱས་པའི་བོད་རིགས་སོ་སོའི་མི་གཤིས་དང་། རང་ཉིད་འདི་དག་ལ་འགྲོགས་འདྲིས་ཡོད་པའི་ཉམས་མྱོང་། བོད་དོན་འཐབ་རྩོད་ཀྱི་རླབས་མི་འདྲ་བ་དག་ལ་གཞི་བཅོལ་ནས་རང་གི་དྲན་སྟངས་ཤིག་གླེང་འདོད་པ་ཡིན་ན། འདི་ལ་ཀློག་པ་པོ་རྣམ་པས་ཀྱང་ལྷག་པ་འཕྲི་བ་དང་ཆད་པ་སྣོན་པ་ནོར་བ་བཅོས་པ་སོགས་ཀྱི་བགྱི་བ་ལྷུ་རུ་ལེན་རོགས་ཟེར་གྱི་ཡིན།

 གཅིག བོད་མིའི་སྤྱང་གྲུང་གི་མི་གཤིས་དང་བོད་དོན་འཐབ་རྩོད།

ལོ་རྒྱུས་ཀྱིས་བོད་མི་རིགས་ལ་མདོ་དབུས་ཁམས་གསུམ་ཞེས་རྣམ་པ་གསུམ་དུ་བཀར་ཡོད་ཅིང་། དོན་དངོས་སུ་ཡང་བོད་རིགས་འདི་གསུམ་ལ་མི་གཤིས་ཀྱི་ཆ་ནས་མི་འདྲ་ས་ཆེན་པོ་ཡོད་པ་དང་། མི་གཤིས་མི་འདྲ་བ་གསུམ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་རླབས་མི་འདྲ་བ་གསུམ་འཕྱུར་ཡོང་གི་ཡོད་པ་དེ་འདྲ་རེད། དབུས་གཙང་གི་མི་རིགས་ནི་བསྟུན་མཁས་པོ་དང་། ཇུས་བཟང་པོ། སྤྱང་གྲུང་ཅན་གྱི་མི་རིགས་ཤིག་རེད། ཁོང་ཚོ་ནི་སྤྱང་གྲུང་གི་མི་གཤིས་འདི་བརྒྱུད་ནས་དགྲ་ལ་དགྲ་ལན་དང་གཉེན་ལ་གཉེན་ལན་སྤྲོད་མཁན་ཞིག་ཡིན་པས། རང་གི་ཐུན་མིན་གྱི་མི་གཤིས་འདིའི་སྟེང་ནས་བོད་དོན་འཐབ་རྩོད་ཀྱི་ཁྲོད་ལ་ཞུགས་ཡོད། སྔོན་ཆད་ང་ལྷ་སར་སྡོད་སྐབས་སུ་དངོས་སུ་མཐོང་ཐོས་བྱུང་བ་ཞིག་ལ། ལྷ་ས་ནི་བོད་ས་གཞན་ལས་དམ་དྲག་ཆེ་ཞིང་ལྷ་ས་བ་ཚོས་ཀྱང་ཕྱི་ཚུལ་ནས་རྒྱའི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཀི་མེད་ལ། ལྡོག་སྟེ་དགའ་བསུ་ཡོད་པའི་རྣམ་འགྱུར་ཡང་མཐོང་རྒྱུ་འདུག འོན་ཀྱང་། དོན་དུ་ཁོང་ཚོའི་སེམས་ཀྱི་དཀར་ས་དེ་གཞན་ཞིག་ལ་གཏད་འདུག ཁོང་ཚོ་བོད་དོན་དང་འབྲེལ་བའི་གནས་ཚུལ་ཚང་མར་དོ་སྣང་ཆེ་ལ་དེ་ལྟར་ཤེས་རྟོགས་ཀྱང་ལྡན། ལྷ་སའི་སྤོ་བོ་རྨོ་མོ་ཚོའི་སྨོན་ལམ་ཚུན་ཆད་ནས་༧གོ་ས་མཆོག་སྐུ་ཚེ་བརྟན་པ་དང་བོད་གཞིས་བྱེས་ལྷན་འཛོམས་ལ་སྨོན་པའི་རེ་བ་དང་ངང་སྒུག་ནི་གཞན་ལས་ཀྱང་ཟབ་མོ་ཡོད་ལ། དབུས་པ་ཚོས་༧གོང་ས་མཆོག་གི་འཁྲུངས་སྐར་དང་། ཞི་བདེའི་གཟེངས་རྟགས་བཞེས་ཉིན། གསུམ་བཅུའི་དུས་དྲན་སོགས་དུས་ཚིགས་གལ་ཆེན་རྣམས་སུ་རྟག་པར་བོད་ཆས་གྱོན་པ་དང་། བསངས་གཏོང་བ་སོགས་མངོན་པ་མི་གསལ་བའི་སྟེང་ནས་བོད་དོན་ལ་སྙེག་གི་འདུག རྒྱ་གཞུང་གི་ཉེན་རྟོག་པ་སྟོང་ཕྲག་མང་བོས་ཉིན་མཚན་མེད་པར་ཉི་མ་ལྷ་ས་སྲུང་བསྡད་ཡོད་པར་མ་ཟད། བོད་མི་ཚོའི་སེམས་ཁམས་འགུགས་ཐབས་ཀྱི་གཡོ་ཇུས་མཐའ་ཡས་པ་ཞིག་འཐེན་གྱིན་ཡོད་མོད། ཁོང་ཚོས་བོད་དབུས་ཀྱི་མི་མང་གི་བློ་ཁ་གང་ལ་ཕྱོགས་ཡོད་མེད་ཤེས་ཀྱི་མེད་ལ་དེ་དག་གི་སེམས་ཁམས་ལ་ཁ་ལོ་དེ་ལས་ཀྱང་བསྒྱུར་ཐུབ་མེད།

 ཉིས་སྟོང་བརྒྱད་ལོར་ལྷ་ས་གཙུག་ལག་ཁང་དུ་གསར་འགོད་པའི་མིག་སྔུན་ལ། རྒྱ་གཞུང་གིས་ཡིད་ཆེས་བློ་འགེལ་བྱས་ནས་གྲྭ་བ་འགའ་འཁྲིད་ཡོང་བ་དེ་ཚོས་གནད་འགག་ལ་ཐུག་དུས་ག་རེ་བྱེད་མིན་དང་། དོན་དམ་པར་ཁོ་ཚོའི་སེམས་ལ་ཅི་ཞིག་ཉར་བསྡད་ཡོད་མེད་གསལ་བོར་ཆགས་པ་རེད། སྐབས་དེར་རྒྱ་གཞུང་ནི་ངོ་ཚ་བའི་སྒང་ལ་མགོ་འཐོམས་པ་རེད། དབུས་ཀྱི་བོད་རིགས་རྣམས་མདོ་ཁམས་ཕྱོགས་ཀྱི་བོད་མི་ལྟར་སྐད་བརྒྱབས་ནས་གདོང་ལ་མཆོངས་མི་ཡོང་བར་ཐབས་ཇུས་གཞན་ཞིག་གི་སྟེང་ནས་བོད་དོན་སྒྲུབ་སྟངས་དེས། རྒྱ་གཞུང་གིས་དྲག་སྡོམ་བྱེད་པར་ཆེས་ཁག་པོར་གྱུར་ཡོད་ལ། རྣམ་འགྱུར་འདི་འདྲའི་སྒང་ལ་རྒྱ་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་ཀྱང་ཐང་ཆད་ཡོད། དེས་མི་ཚད་ཉེ་ཆར་ཕྱི་ལོགས་སུ་འབྱོར་བའི་ཉིས་སྟོང་བརྒྱད་ལོར་ལྷ་སར་བོད་མི་ཚོ་གང་བྱུང་ལ་བཙན་ཁྲིད་བྱས་ཚུལ་གྱི་བརྙན་འཕྲིན་ཐུང་ངུ་དེའི་ཡོང་ཁོངས་ཀྱང་ཚོད་དཔག་མི་ཐུབ་ས་གང་ཡང་མེད། བརྙན་འཕྲིན་དེ་ཉེན་རྟོག་པ་འམ་དེ་དང་མཉམ་འགྲོ་བྱེད་མཁན་ཞིག་གིས་བླངས་འདུག་པས་ལུས་རྒྱ་གཞུང་གི་ལས་ཁུངས་ནང་དུ་སྡོད་དགོས་བྱུང་ཡང་། སེམས་བསམ་པ་རང་མི་རིགས་ཀྱི་ཕྱོགས་སུ་ཀ་ལངས་ལངས་ཡིན་པའི་བོད་རིགས་ལས་བྱེད་པ་ཚོའི་ལག་ནས་ཡོང་བ་གསལ་བོ་རེད། གནས་སྟངས་འདི་འདྲར་བརྟེན་ནས་ཉེ་ཆར་རྒྱ་གཞུང་གིས་དབུས་གཙང་ཕྱོགས་ཀྱི་བོད་རིགས་ལས་བྱེད་པ་ཚོར་གཟས་པའི་སྒྲིག་ཁྲིམས་མི་འདྲ་བ་མང་བོ་བཟོས་ཏེ་དོགས་ཟོན་ཆེན་པོ་བྱེད་ཀྱི་ཡོད་འདུག མདོར་ན། དབུས་གཙང་མི་རིགས་ལ་མདོ་ཁམས་ཀྱི་མི་གཤིས་དང་མི་འདྲ་བའི་སྤྱང་གྲུང་གི་མི་གཤིས་རང་ཆས་སུ་མངའ་བ་དང་། མི་གཤིས་དེའི་ཐག་གཅོད་ལྟར་ཁོང་ཚོའི་བོད་དོན་འཐབ་རྩོད་ཁྲོད་ཀྱི་རྣམ་འགྱུར་འཛིན་སྟངས་ཀྱང་མི་འདྲ་བ་ཞིག་ཡིན་པ་གསལ་བོ་རེད་འདུག

གཉིས། བོད་མིའི་ཚོར་རྟོག་གི་མི་གཤིས་དང་བོད་དོན་འཐབ་རྩོད།

ཨ་མདོའི་མི་རིགས་ནི་ཚོར་བ་རྣོན་པོ་ཅན་དང་། བདེན་སྐྱོང་གི་སྙིང་སྟོབས་ཅན། བློ་རིག་བཀྲ་བའི་མི་རིགས་ཤིག་རེད། ལྷག་ཏུ་ཁོང་ཚོའི་ཚོར་རྟོག་གི་བསམ་བློ་ནི་གཞན་ལས་རྣོ་ཞིང་དབལ་ཚ་བ་ཞིག་ཡིན་པས། བླ་ན་མེད་པའི་ཚོར་རྟོག་གི་བསམ་བློ་དེ་ལ་བརྟེན་ནས་རིགས་ཞེན་དང་བདེན་སྐྱོང་གི་བསམ་བློ་ཐམས་ཅད་ལག་ལེན་གྱི་ཁྲོད་དུ་ཚུར་སྣང་བྱེད་ཀྱི་འདུག་ལ། ཁོང་ཅག་ནི་མི་གཤིས་འདིས་བཏེགས་ཏེ་བོད་ཀྱི་རྩོམ་རིག་དང་འཐབ་རྩོད་གཉིས་ཀྱི་ཁྲོད་ན་གཞན་ལས་འབུར་དུ་ཐོན་ཡོད་པ་ཞིག་ཀྱང་རེད། ལོ་འདི་གར་སྨྱུ་གུ་བཟུང་ནས་གཉའ་གནོན་སྲིད་གཞུང་གི་གདོང་ཐད་ལ་ཚེ་སྲོག་བློས་བཏང་གིས་བུད་པའི་བོད་ཀྱི་ཤེས་ཡོན་པ་མང་ཤོས་དེ་ཨ་མདོ་ནས་བྱུང་ཡོད། ངས་བལྟ་དུས་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ལྟོས་འཇོག་གིས་ཤེས་ཡོན་པ་དང་། སྙན་ངག་པ་སོགས་གྲངས་ཀ་དང་སྤུས་ཀ་གཉིས་འཛོམས་ཀྱི་དཔུང་ཁག་ཆེན་པོ་ཞིག་ཨ་མདོ་ནས་འཚར་ལོངས་བྱུང་ཞིང་། ལེགས་འགྲུབ་བྱུང་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ཆེ་ཤོས་དེ་འདི་རེད་བསམ་གི་ཡོད་ལ། ཚོར་སྐྱེན་གྱི་མི་གཤིས་འདི་ལ་བརྟེན་ནས་ཁོང་ཚོའི་བོད་དོན་འཐབ་རྩོད་ཁྲོད་ཀྱི་རྣམ་འགྱུར་ཀྱང་བོད་རིགས་སྤུན་ཟླ་གཞན་དག་དང་མི་འདྲ་ས་ཆེན་པོ་ཞིག་འདུག་བསམ་གྱི་ཡོད། ལོ་འདི་གར་གཅིག་ཤོར་གཉིས་ཤོར་གྱིས་ཚེ་སྲོག་སྲེག་སྦྱོར་བྱེད་པའི་ལས་འགུལ་བློ་ཡུལ་དུ་མི་ཤོང་བ་དེ་གཙོ་བོ་ཨ་མདོའི་ཕྱོགས་ནས་བྱུང་དོན་དང་། དེ་ཡང་ལོ་ན་ཉི་ཤུ་ཟིན་མ་ཟིན་གྱི་གྲྭ་ཕྲུག་ཚོའི་ཁྲོད་ནས་མང་དུ་བྱུང་དོན་ནི་ཚོར་རྟོག་གི་བསམ་བློ་དེ་ལ་བརྟེན་ནས། འདི་ལྟ་བུའི་བླ་ན་མེད་ལ་གོང་ན་མེད་པའི་སྙིང་སྟོབས་ཤིག་མངོན་གྱུར་བྱ་ཐུབ་སོང་བ་རེད་བསམ་གྱི་ཡོད།

དེ་ཡང་ཁ་ཇེ་གསལ་དུ་བཏང་ནས་བཤད་ན། བདེན་དོན་ཀྱི་ཆེད་དུ་རང་སྲོག་རང་གཅོད་བྱེད་པ་དེ་ཨ་མདོའི་ཕྱོགས་ལ་གསར་བ་ཞིག་མིན་ཏེ། ༡༩༨༥ ལ་དཔལ་དོན་གྲུབ་རྒྱལ་དང་ཉེས་སྟོང་བརྒྱད་ལ་གཅན་ཚ་ནས་སློབ་ཕྲུག་གཡུང་ལྷུན་འགྲུབ་གཉིས་ཀྱིས་ཀྱང་རང་སྲོག་བདེན་དོན་དུ་བསྔོས་པ་རེད། འོན་ཀྱང་། ཉེ་བའི་ལོ་ནས་རང་སྲོག་སྲེག་སྦྱོར་བྱེད་པའི་རླབས་གསར་བ་ཞིག་གཙོ་བོ་ཨ་མདོ་རྔ་པའི་གཙོས་པའི་མདོ་སྨད་ཕྱོགས་ནས་འཕྱུར་ཞིང་། དེ་ད་ལྟ་མུ་མཐུད་དེ་འགྲོ་བཞིན་ཡོད་པ་དང་བོད་ཡུལ་གང་སར་ཁྱབ་བཞིན་ཡོད་པ་འདི་རེད། གོང་སྨྲོས་ཀྱི་རང་སྲོག་རང་དོར་གྱི་རླབས་ཆེ་བའི་ལས་འགུལ་སྔ་ཕྱི་ཀུན་པོར་རྒྱུ་རྐྱེན་སྣ་ཚོགས་པ་ཞིག་ཡོད་པའི་ནང་གི་ཐུན་མོང་དང་གཙོ་བོ་གཅིག་དེ། ཨ་མདོའི་མི་རིགས་འདི་ལ་ཚོར་རྟོག་གི་ཤེས་རབ་གཞན་ལས་མཆོག་ཏུ་གྱུར་བ་ཞིག་ཡོད་པ་དེ་རེད། རང་སྲེག་གི་ལས་འགུལ་འདི་བོད་མི་གཞོན་སྐྱེས་ཚོའི་ཁྲོད་ལ་ཤུགས་ཆེན་པོ་བྱུང་དོན་ཀྱང་དེ་ག་རང་རེད། ནུབ་ཕྱོགས་ཀྱི་མཁས་པ་ཚོས་སྤྱི་བསྡོམས་བརྒྱབ་པ་ལྟར་གཞོན་རབས་པ་ནི་ཚོར་སྣང་གི་རང་བཞིན་ཅན་ཡིན་པས་རེད། གཞོན་རབས་པས་རང་གི་ཚོར་རྟོག་ལ་བརྟེན་ནས་གསར་བཏོད་དང་། གཏོར་བཤིག ཐོལ་བརྒལ་སོགས་བྱེད་ཐུབ་ལ། ཐ་ན་རང་གི་ཚེ་སྲོག་ཀྱང་གཏོར་བརླག་བྱེད་ཕོད་པ་ནི་གཞོན་རབས་པའི་གཤིས་ཀ་རེད། མདོར་ན། ཚོར་རྟོག་གི་ཤེས་རབ་གང་དུ་བདོག་པའི་གནས་སུ་བླ་ན་མེད་པའི་གསར་བཏོད་དང་། བྱ་དཀའ་བའི་རླབས་ཆེན་གྱི་ལས་དོན་ཡོད་པ་ཡིན་པས་བོད་ནང་དང་ལྷག་པར་ཨ་མདོའི་ཕྱོགས་ཀྱི་རང་སྲོག་རང་དོར་གྱི་བྱ་དཀའ་བའི་ལས་འགུལ་འདི་ཡང་དེ་ལྟར་བྱུང་བ་ཡིན་ནོ།།

གསུམ་པ། བོད་མིའི་རྒོལ་འཛིང་གི་མི་གཤིས་དང་བོད་དོན་འཐབ་རྩོད།

ཁམས་མི་རིགས་ནི་བློ་ཁོག་ཆེ་ཞིང་། བློ་རྩ་བརྟན་པ། ཡིད་རྟོན་རུང་བ། རྒོལ་འཛིང་ལ་མཁས་པའི་མི་རིགས་ཤིག་རེད། གླིང་སྒྲུང་ནང་གི་དཔའ་རྟུལ་སུམ་ཅུའི་མི་གཤིས་ཀྱང་འདི་ལ་གཞི་བཅོལ་ནས་བཀོད་འབྲི་བྱས་པ་ཞིག་དང་མཚུངས་ཤིང་། སྔོན་ཆད་དཔའ་བོ་ལ་རིན་ཐང་ཆེ་དུས་དང་གཡུལ་འཁྲུག་གིས་ལོ་རྒྱུས་བསྐྲུན་པའི་དུས་སྐབས་ལ། བོད་དམངས་ཁྲོད་དུ་མི་རིགས་འདི་ལ“མྱིའི་ཆོལ་ཁ”ཞེས་ཡོངས་སུ་གྲགས་ཡོད། དེ་ཡང་དཔའ་འཛིང་ལ་མཁས་པ། སྒམ་རླིང་ལྡན་པ་སོགས་སྐབས་དེའི་མིའི་ཚད་གཞི་དང་རིན་ཐང་མང་དག་ཅིག་མི་རིགས་འདིའི་མི་གཤིས་ཀྱི་སྒང་དུ་འཛོམས་ཡོིད་པས་བོད་མདོ་དབུས་ཁམས་གསུམ་གྱི་ནང་ནས། ཁམས་མི་རིགས་ལ་མྱིའི་ཆོལ་ཁ་ཞེས་གདེང་འཇོག་གམ་ངོས་འཛིན་བྱས་པ་ཞིག་ཡིན་སྣང་འཆར། བོད་ལ་ཐོག་མར་རྒྱ་དམར་གྱིས་བཙན་འཛུལ་བྱེད་སྐབས་སུ་རྒྱ་རྒན་མོ་ཙེ་ཏུང་གིས་ཀྱང་ཁམས་པ་ཚོར་གླགས་འཁེལ་ན་དེ་ནས་བོད་དབང་སྒྱུར་བྱ་རྒྱུ་ལས་སླ་བོ་ཡིན་རབས་བཤད་མྱོང་སྐད་འདུག གང་ལྟར་ངས་བཤད་འདོད་པ་ནི། ཁམས་མི་རིགས་ལ་རྒོལ་འཛིང་གི་མི་གཤིས་ཆེན་པོ་ཡོད་པ་དང་མི་གཤིས་དེ་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཁྲོད་ཀྱི་ཁོང་ཚོའི་རྣམ་འགྱུར་དང་གྲུབ་འབྲས་ཀྱང་བོད་རིགས་སྤུན་ཟླ་གཞན་དག་དང་མི་འདྲ་བ་ཞིག་རེད། ཁོང་ཚོས་རང་གི་རྒོལ་འཛིང་གི་མི་གཤིས་དེ་ལ་བརྟེན་ནས་ལྔ་བཅུ་ང་དགུ་ཡས་མས་སུ་གུང་བྲན་ཏང་གི་དམར་དམག་ལ་ཁ་གཏད་བཅག་ཅིང་། ལྷག་པར་དུ་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླང་དམག་དཔུང་གིས་༧་གོང་ས་མཆོག་གིས་དབུས་པའི་བོད་སྡེ་བ་གཞུང་རྒྱ་གར་ལ་གདན་འདྲེན་ཞུས་པ་རེད། འདི་ནི་ཁམས་མི་རིགས་ཀྱི་རང་གི་མི་གཤིས་ཀྱི་ཐག་གཅོད་ལྟར་བོད་དོན་འཐབ་རྩོད་བྱེད་སྟངས་དང་། བོད་དོན་འཐབ་རྩོད་ཁྲོད་ཀྱི་རྣམ་འགྱུར། བོད་དོན་འཐབ་རྩོད་ལ་བཞག་པའི་གྲུབ་འབྲས་བཅས་རེད།

སྤྱིར་ད་ལྟ་བར་དུ་བོད་ཡུལ་བྱིངས་སུ་འཚེ་མེད་ཞི་བའི་རྣམ་པ་འབའ་ཞིག་གི་སྟེང་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མུས་ཡིན་ཡང་། ཁམས་ཕྱོགས་སུ་ཉིས་སྟོང་བརྒྱད་ནས་ད་བར་འབར་གས་ཀྱི་དོན་རྐྱེན་ཆུང་ཆུང་རེ་ཐེངས་དུ་མར་བྱུང་ཡོད། གསར་འགྱུར་དུ་ཐོན་གསལ་ལྟར་ན་སྨར་ཁམས་ནས་དོན་རྐྱེན་དེ་འདྲ་ཐེངས་དགུ་ལ་བྱུང་ཞིང་། འདམ་ཁོག་ཏུ་ཐེངས་གཉིས། ཇོན་འདའ་རུ་ཐེངས་གཅིག ཆབ་མདོར་ཐེངས་གཅིག སྡེ་དགེ་རུ་ཐེངས་གཅིག་བཅས་བྱུང་སྐད་འདུག འོན་ཀྱང་། ད་ལྟ་བར་དུ་༧གོང་ས་མཆོག་ལ་མཚན་དམོད་བྱེད་པར་ངོ་རྒོལ་ཆེད་བརྙན་འཕྲིན་གྱི་འཕྲུལ་ཆས་ཨ་མ་གཏོར་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སའི་ཏང་ཡོན་ཚོགས་ཁང་། དེ་བཞིན་དམག་དཔུང་གི་རླངས་འཁོར་སོགས་གཏོར་བ་མ་གཏོགས་མིའི་ཚེ་སྲོག་ལ་འཚེ་བ་བྱེད་པའི་སྦྱོར་བ་བརྩམས་ཡོད་པ་མ་རེད། དེས་མི་ཚད་ཁམས་ཕྱོགས་ཀྱི་ས་ཆ་མང་བོ་ཞིག་ནས་ཉེན་རྟོག་པའི་རླངས་འཁོར་མེར་བསྲེགས་པ་དང་། ཉེན་རྟོག་པ་དང་འཁྲུག་འཛིང་བྱུང་བའི་གནས་ཚུལ་ཀྱང་མང་བོ་བྱུང་འདུག རྒྱ་གཞུང་གི་རྣམ་འགྱུར་ཡག་ཏུ་མ་ཕྱིན་པ་དང་བོད་མིའི་གནས་སྟངས་སྡུག་པོ་འདི་མུ་མཐུད་དེ་ཕྱིན་ཚེ། མི་རིགས་འདིས་རང་གི་མི་གཤིས་དང་འཚམས་པའི་ལས་ཀ་བློ་ཡུལ་དུ་མི་ཤོང་བ་ཞིག་བྱེད་མི་སྲིད་པ་ཁྱོན་ནས་མ་རེད་ལ། འབྱུང་འགྱུར་ཁམས་ཕྱོགས་ནས་བོད་དོན་འཐབ་རྩོད་ཀྱི་རྣམ་པ་གཞན་དུ་འགྱུར་ཞིང་དེ་ནས་བོད་ཡུལ་བྱིངས་ལ་རྒྱ་ཁྱབ་ཏུ་འགྲོ་མི་སྲིད་པ་གཏན་ནས་མ་རེད། ཕྱོགས་གཅིག་ནས་བལྟས་ན་དེ་འདྲའི་ས་བོན་ཙམ་ད་ལྟ་ནས་ཡོད་པ་གོང་སྨྲོས་ལྟར་རེད། སྤྱིར་བོད་མི་རིགས་ཟེར་བ་འདི་ཤི་རྒྱུར་སྐྲག་མཁན་གྱི་སྡར་མའི་མི་རིགས་དེ་འདྲ་མ་རེད། ལྷག་ཏུ་ཁམས་མི་རིགས་ལ་སྐུ་མཁྱེན་ང་ཚོར་རང་དབང་སྤྲོད་རོགས་ཟེར་ནས་གཉོམ་སྐད་རྒྱག་པའི་མི་གཤིས་དེ་འདྲ་མེད་པའི་སྒང་ལ། ཁྱོད་ཀྱིས་ངའི་སྤུན་ཟླ་ཚོ་དམར་གསོད་བཏང་ན་ངས་ཁྱོད་ལ་དགྲ་ཤ་རྩོད་རྒྱུ་ཡིན་ཟེར་ནས་ཐད་ཀར་རྒོལ་འཛིང་བྱེད་པའི་མི་གཤིས་དང་བློ་ཁོག་གཉིས་ཀ་ཡོད་པའི་མི་རིགས་ཤིག་རེད།

མཇུག་གཏམ།

འབྱུང་འགྱུར་གྱི་བོད་དོན་འཐབ་རྩོད་ཁྲོད་ནས་བོད་མིའི་སྤྱང་གྲུང་གི་མི་གཤིས་ཀྱིས་རྒྱ་རྒན་ཚོ་འུ་ཐུག་གི་འཇུག་རྒྱུ་རེད། འཚོལ་རྟོག་གི་མི་གཤིས་ཀྱིས་འཛམ་གླིང་ཧང་སངས་གི་འཇུག་རྒྱུ་རེད། རྒོལ་འཛིང་གི་མི་གཤིས་ཀྱིས་པེ་ཅན་ལ་དངངས་སྐྲག་ཤོར་དུ་འཇུག་རྒྱུ་རེད། འཐབ་རྩོད་ཁྲོད་ཀྱི་མི་གཤིས་དང་རྣམ་འགྱུར་མི་འདྲ་བ་འདི་གསུལ་ལ་ཡག་བཙོག་དང་མཆོག་དམན་གྱི་ཁྱེད་པར་གང་ཡང་མེད་པར། བོད་དོན་འཐབ་རྩོད་ལ་མེད་དུ་མི་རུང་བའི་ངོ་ལོག་གི་སྙིང་སྟོབས་མི་འདྲ་བ་གསུམ་ཡིན་པས། བདག་ཅག་གིས་སྙིང་ཐག་པ་ནས་བཀུར་བར་འོས་པའི་གནས་རེད། བོད་ཀྱི་མི་རབས་གསར་བ་ཚོའི་རིགས་ཞེན་དང་སྙིང་སྟོབས་ལ་བལྟས་ཡོང་ན། ལོ་རྒྱུས་ཀྱི་བདེན་པ་བློས་བཏང་ནས་ཁྱིམ་ཚང་གཞན་ཞིག་ནས་བདེ་བདེ་སྐྱིད་སྐྱིད་ཀྱིས་འཚོ་བའི་དུས་ཤིག་འབྱུང་མི་སྲིད་པ་ཇེ་གསལ་ནས་ཇེ་གསལ་རེད་པས། དོན་དངོས་འདི་བོད་མི་དང་རྒྱ་མི། ད་དུང་འཛམ་གླིང་གི་མི་ཐམས་ཅད་ཀྱི་མིག་སྔུན་ལ་དྲང་ཐད་ཀྱིས་འཇོག་རྒྱུ་ནི་གཡོལ་དུ་མེད་པའི་བདག་ཅག་གི་འོས་འགན་རེད་ཅེས་ཐལ་ལོ།།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༣ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༤ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 25

  1. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    མཆན་བུ་ཐམས་ཅད་ལས་ཏྲེ་ཧོར་བ་ཁྱེད་ཀྱི་མཆན་བུ་དེ་བསམ་རིན་ཡོད་པ་ཞིག་ལ་བསམ་མོད། སློབ་གཉེར་གྱི་བྲེལ་ཟིང་ཁྲོད་ནས་ཨ་ལན་ཞིག་ད་བར་འདེབས་མ་བཏུབ་པས་དགོངས་སེལ་ཞུ། རེད། ངས་རྐང་བཙུགས་ནས་ཆོལ་ཁ་ཞེས་པའི་སོག་སྐད་རུལ་དྲི་མ་འདི་བེད་སྤྱོད་བཏང་མེད། ངས་བལྟས་ན་ང་ཚོས་འདི་ལ་ཞེན་ཆགས་ཆེན་པོ་ཞིག་བྱེད་རིན་མི་འདུག་བསམ་གྱི་ཡོད། འོན་ཀྱང་། འུ་ཚང་གི་གྲོས་ཚོགས་ཀྱི་ལམ་ལུགས་འདི་ལ་བསྟུན་པ་དང་། རྒྱལ་གླུ་ཚུན་ཆད་ནང་དུ་ཡང་སོག་སྐད་འདི་ལ་གོ་ས་ཆེན་པོ་ཞིག་བཞག་འདུག མ་ཟད་བོད་པ་བཙན་བྱོལ་བ་རྒན་གཞོན་དར་གསུམ་གྱིས་འདི་ལ་ཞེན་ཆགས་དང་དགའ་ཞེན་བྱེད་སྟངས་ནི་བློ་ལ་མི་ཤོང་བ་ཞིག་རེད། མདོར་ན་སོག་སྐད་འདི་ཡོན་གོང་མའི་ཕྱོགས་ཀྱིས་བོད་ཡུལ་དུམ་བུ་་གསུམ་དང་ཚལ་བ་བརྒྱ་རུ་གཏོང་ཕྱིར་ཆེད་བཟོས་ཐ་སྙད་ཅིག་རེད་བསམ་ནས་བེད་སྤྱོད་བྱེད་སྙིང་སྤྲོ་ཡི་མེད། དེ་ལས་བོད་མདོ་དབུས་ཁམས་གསུམ་ཞེས་པའི་ཐ་སྙད་འདི་བོད་སྐད་གཤའ་མ་ཞིག་ཡི་པའི་སྒང་ལ་བོད་ཡུལ་གྱི་ཆགས་བབ་དང་བསྟུན་ནད་བཏགས་པའི་བརྡ་ཆད་སྙིང་རྗེ་བོ་དང་ལྷད་མེད་པ་ཅིག་རེད་པས་དེ་ལྟར་བཀོལ་བ་ཡིན། འོན་ཀྱང་། ལོ་རྒྱུས་ཀྱི་གནད་ཀ་གཞན་ཞིག་གླེང་སྐབས་སོག་སྐད་འདི་ལ་དོན་སྙིང་གཞན་ཞིག་ཡོད་སྲིད་ལ་དེ་ནི་ལོ་རྒྱུས་ཀྱི་ཁྲོད་ནས་གླེང་ན་མཛེས་པ་ལས། ཚོད་ཚོད་ལ་སོག་སྐད་འདིའི་རྗེས་སུ་རྒྱུག་དགོས་དོན་གང་ཡོད་པ་མ་རེད། གཞན་དབུས་སོགས་ཀྱི་མི་རིགས་ཞེས་བརྗོད་ཚེ་དེ་དག་སྐད་ཡིག་དང་རིག་གནས་མི་འདྲ་བའི་ཐ་དད་པའི་མི་རིགས་ཤིག་ལ་གོ་འགྲོ་ཚུལ་བརྗོད་པ་དེའི་སྐོར་ལ་བསམ་བློ་བཏང་བ་ཡིན་ཏེ། ཁམས་སོགས་ཀྱི་མི་རིགས་ཟེར་བ་ཞིག་ཡོད་པར་ཁས་བླངས་ཚར་བའི་གཞུག་ཏུ་འདི་ལ་འགལ་བ་མི་འདུག ཁམས་མི་རིགས་དང་། དབུས་མི་རིགས། ཨ་མདོའི་མི་རིགས་ཟེར་བ་ཞིག་མེད་ཅེས་ཁས་ལེན་རུང་ཚེ་ཁྱེད་ཀྱིས་བཤད་པ་ལྟར་ངས་ཐ་སྙད་བེད་སྤྱོད་བྱས་པ་ནོར་འདུག རྡོག་བསྒྲིལ་ནན་དེ་འདྲ་ཞིག་རེད་བསམ་སོང་།

    གྲོགས་པོ་བྱམས་པ་རྒྱལ་མཚན་ཕེབས་པས་ཤུན་ཏུ་དགའ་ཡོད།

    Reply
  2. བྱམས་པ་རྒྱལ་མཚན says:
    ལོ་ 14 སྔོན།

    གྲོགས་པོ་ལགས། ཧ་ཅང་གནད་ལ་འཁེལ་བ་ཞིག་རེད། དྲ་གྲོགས་ཤིག་གི་བཤད་པ་ལྟར་རེད། ཆོལ་ཁ་རེ་རེའི་མཇུག་ཏུ་མི་རིགས་ཞེས་པ་ཞིག་སྦྱར་ཡོང་དུས་མི་རིགས་ཁ་ཁ་འདྲ་བོ་ཞིག་གི་གོ་བ་སྟེར་བས་བདེ་བོ་དེ་ཙམ་མི་འདུག ཡིན་ཡང་། དེའི་ཚབ་ཏུ་གཞན་ཅི་ཞིག་སྦྱོར་དགོས་པའང་ཤེས་མ་སོང་། རྩ་བའི་ཡག་པོ་འདུག་ལ། མུ་མཐུད་དུ་ཕྲིས།

    Reply
  3. ཏྲེ་ཧོར་ཐུབ་བསྟན་གྱི་ཟིན་བྲིས། says:
    ལོ་ 14 སྔོན།

    སྤྱིར་རྫ་སྲས་ལགས་ཀྱི་རྩོམ་ཡིག་འདི་དོན་སྙིང་ཡོད་པ་མཐོང་སོང་ལ་རྒྱབ་སྐྱོར་ཀྱང་ཡོད། ཡིན་ནའང་ཡག་པའི་ཕྱོགས་དེ་ཟུར་དུ་བཞག་ནས་ཞུ་རྒྱུ་ཞིག་ལ། ཁྱོད་ཀྱིས་རྩོམ་ཡིག་གི་འགོ་མཇུག་བར་གསུམ་དུ་དབུས་མི་རིགས་དང་མདོ་དང་ཁམས་མི་རིགས་ཞེས་ཆོལ་ཁ་རེར་མི་རིགས་ཞེས་སྦྱར་ཏེ་ལོགས་སུ་བཀར་ནས་བྲིས་འདུག་པ་དེའི་ཐད་གསལ་བྱེད་ཅིག་ཞུ་འདོད་བྱུང་། ཆོལ་ཁ་ཞེས་པ་ནི་སྔོན་གྱི་དུས་སུ་སྲིད་འཛིན་མངའ་ཁུལ་ཁག་སྟབས་བདེའི་སྟངས་འཛིན་གྱི་ཆེད་དུ་ས་ཁོངས་ཀྱི་བཅད་བགོས་ཀྱི་བཏགས་མིང་ཙམ་རྒྱུན་འཇགས་སུ་སོང་བ་ཙམ་ལས་དོན་དུ་སྐད་དང་ཡི་གེ་ཆོས་དང་རིག་གཞུང་། རིགས་དང་རྒྱུད་པ་ཐམས་ཅད་བོད་མི་རིགས་ཆེན་པོའི་ཁོངས་སུ་གཏོགས་པའི་གཅིག་གྱུར་གྱི་རིགས་མཐུན་སྤུན་ཟླ་ཡིན་པ་ལས། འདི་གསུམ་ལ་ཐུན་མིན་གྱི་ཁྱད་ལྷག་མངོན་གསལ་ཅིའང་མེད་པར་མ་ཟད། ཡང་སྒོས་སུ་དབུས་དང་མདོ་དང་ཁམས་སོ་སོར་མི་རིགས་ཞེས་ནན་གྱིས་སྦྱར་ཡོད་པ་དེ་ཁྱོད་ཀྱིས་ཐ་སྙད་བཀོལ་སྟངས་ཐད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཏུ་སེམས། གཞན་རྒྱབ་སྐྱོར་ཡོད།

    Reply
  4. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    འཁྱོམས་པོས་བཤད་པ་ལ་མངོན་པར་བཀུར་ཏོ། མཆན་བུ་དེ་མཇུག་གཏམ་དུ་བསྣན་ཚེ་ཡག་ན་ཐང་གི སྤྱིར་བཤད་ན་ཡང་རྩོམ་ཡིག་འདིས་སྡུད་མ་བཏུབ་པའི་དོན་གནད་གང་མང་ཞིག་ཡོད་པ་དང་ཁ་སྣོན་བྱེད་དགོས་ཡག་མང་བོ་ཞིག་ཡོད་པ་དེ་བཞིན། ངས་ཀྱང་རྕོམ་ཡིག་འདིའི་ཐོག་མ་ཉིད་ནས་འབོད་སྐུལ་དང་རེ་བ་འདི་ལྟར་བྱས་ཡོད། ༼འདི་ལ་ཀློག་པ་པོ་རྣམ་པས་ཀྱང་ལྷག་པ་འཕྲི་བ་དང་ཆད་པ་སྣོན་པ་ནོར་བ་བཅོས་པ་སོགས་ཀྱི་བགྱི་བ་ལྷུ་རུ་ལེན་རོགས་ཟེར་གྱི་ཡིན།༽ འོན་ཏང་། རེ་བ་ནང་བཞིན་འགྲུབ་མ་སོང་།

    Reply
  5. འཁྱམས་པོ། says:
    ལོ་ 14 སྔོན།

    རྫ་སྲས་ལགས་ཧ་ཅང་ཡག་པོ་བྲིས་འདུག་དེ་ག་རང་རེད།
    ང་ལ་ཞུ་རྒྱུ་ཞིག་ཡོད་པ་ནི་ཁྱེད་ནས་ ཆབ་བྲག་ལ་བྲིས་པས་ལན་ལས།
    (བོད་མི་རིགས་ནི་བོད་མི་རིགས་རང་གིས་འགྲེལ་ཤེས་པ་ལས་ཕྱི་རྒྱལ་མགོ་སེར་ཞིག་གམ། རྒྱ་རྒན་མི་ཤེལ་ཅན་ཞིག་གིས་རྒྱང་ལྟ་བྱས་ནས་འགྲེལ་ཤེས་པ་ཞིག་མིན།) ཞེས་པ་དེ་མཇུག་གི་གཏམ་ལ་ཁ་སྣོན་དུ་བྲིས་ན་དེ་ལས་ཡག་པ་འདུག

    Reply
  6. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    ཆབ་བྲག་ལགས་ཀྱིས་གསུངས་བ་ལྟར་རེད། ངས་ཀྱང་དེ་ལྟར་འདོད་ཀྱི་ཡོད། བོད་མི་རིགས་ནི་བོད་མི་རིགས་རང་གིས་འགྲེལ་ཤེས་པ་ལས་ཕྱི་རྒྱལ་མགོ་སེར་ཞིག་གམ། རྒྱ་རྒན་མི་ཤེལ་ཅན་ཞིག་གིས་རྒྱང་ལྟ་བྱས་ནས་འགྲེལ་ཤེས་པ་ཞིག་མིན། ང་ཚོས་བདེན་པ་ཟེར་བའི་བླ་ན་མེད་པ་དེ་གཞི་རྩར་བཟུང་ནས་རིགས་པའི་རྣམ་གྲངས་མཐའ་ཡས་པ་སྤྱད་དེ་བོད་རང་དབང་འཐབ་རྩོད་ཀྱི་རླབས་ལ་བལྟ་དགོས་གྱི་འདུག ཞིབ་འཇུག་བྱེད་དགོས་འདུག བཀའ་ཤག་གསར་བས་ས་བྱི་ཞི་རྒོལ་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་སྐོར་བཤད་སོང་བས། དེ་ཡང་མགྱོགས་ཙམ་བྱེད་དགོས་ཚོད་རེད།

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱུ་མཚན་འདི་རིགས་ཀྱིས་བདག་གིས་ཀྱང་༢༠༠༧ལོར། ང་བོད་ལ་ཡིད་ཆེས་ཡོད། ཅེས་པའི་རྩོམ་ཐུང་ཞིག་སྤེལ་ཡོད། ད་བར་དུ་ཡིད་ཆེས་དང་རེ་བའི་མེ་ལྕེ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།
    རང་གིས་རང་ལ་ཡིད་ཆེས་དང་རེ་བ་སྦར་དགོས་ལ། དེ་ཡང་རྒྱུ་མཚན་ནམ་གཏན་ཚིགས་ཤིག་གི་གཞི་རྟེན་ཡོད་དགོས། ང་ཚོས་འདི་ལྟར་རང་གི་མིག་གིས་རང་ཉིད་དང་རང་རིགས་མཐོང་རྒྱུ་ནི་ཧ་ཅང་གལ་ཆེན་རེད།

    Reply
  8. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    དྲ་རོགས་ལུང་རྟོགས་དང་། རྟུལ་ཕོད་གཉིས་ཕེབས་པས་དགའ་ཡོད། བསྟོད་བསྔགས་བྱས་པས་སྤྲོ་ཡོད། དུས་འདིར་བླ་ན་མེད་པའི་བོད་མིའི་སྙིང་སྟོབས་དང་ཆོད་སེམས་ལ་ཕྱོགས་ཡོངས་ནས་བལྟ་རྒྱུ་དེ་ཧ་ཅང་གལ་ཆེན་ཆགས་བསྡད་འདུག

    ཁ་སྔོན་ཝང་ལེ་ཞུང་གིས་ཀྱང་བོད་མི་རིགས་ནི་རྒྱ་རིགས་ཀྱང་སྙིང་སྟོབས་ཆེ་བ་འདུག་ཅེས་ཁས་ལེན་བྱས་སོང་། དེ་འདྲ་ཞིག་ཡིན་སྲིད་ལ་མིན་ཀྱང་སྲིད། གང་ལྟར་བོད་དོན་འཐབ་རྩོད་ཀྱི་ལེའུ་འདི་ང་ཚོའི་མི་རིགས་ལ་མཚོན་ན་ཉམས་སད་ཐེངས་གཅིག་རེད། བོད་མི་རིགས་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་དེ་འདི་དང་འདྲའི་སྒང་ནས་ལྷིང་ལ་འབུད་ངེས། ལོ་རྒྱུས་ཀྱི་ཁྲོད་ནས་ལྷིང་ལ་འབུད་ངེས། ཇོས་ཞུ་མི་རིགས་དང་རྒྱ་གར་མི་རིགས་ཀྱི་སྙིང་རུས་ཀྱང་འདི་དང་འདྲའི་སྒང་ནས་འབུར་དུ་ཐོན་ཡོད།

    Reply
  9. རྟུལ་ཕོད། says:
    ལོ་ 14 སྔོན།

    རྫ་སྲས་ལགས། ངོ་མ་ཡག་པོ་བྲིས་འདུག་ངས་ཁ་སང་ཐེངས་གཅིག་བཀླགས་པ་ཡིན་སེམས་ལ་ཟུག་འགྲོ་ནི་ཞིག་དང་སྙིངས་སྟོབས་སློང་ཡོང་ནི་ཞིག་བྲིས་འདུག་ངོ་མ་བཀྲིན་ཆེ། རྒྱུ་མཚན། འུ་ཚོས་དུས་སྐབས་འདི་འདྲ་བ་ཞིག་ལ་བོད་མི་ཚོར་སྙིང་སྟོབས་སློང་བྱེད་དང་གཅིག་སྒྲིལ་བཟོ་བྱེད་ཀྱི་རྩོམ་ཡིག་འབྲི་གལ་ཆེ་ཡ། ཉིད་ཀྱི་སྔོན་མ་ཅིག་བྲིས་ཡོན་ནོ་ཡང་རྣོ་ངར་དང་དཔྱོད་ཤེས་ཀྱིས་ཟིན་ཡོད་པས་ང་དགའ་སའི་རྩོམ་ཞིག་རེད། དུས་དེ་ནས་བཟུང་ངས་ཉིད་ལ་དོན་སྣང་སྤྲོད་རྒྱུའི་འགོ་བཙུག་པ་ཡིན།

    Reply
  10. ལུང་རྟོགས། says:
    ལོ་ 14 སྔོན།

    དོན་དངོས་དང་མཐུན་ཞིང་གཟུ་བོར་གནས་པའི་རྩོམ་ཡིག་ཅིག་བྲིས་འདུག ངོ་མ་བཟང་ཆ་ནས་བཤད་ན་དེ་འདྲ་ཞིག་རེད་འདོད་སོང་།

    Reply
  11. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    དྲ་རོགས་སྣང་རྒྱལ་ཤེར་དགེས་(ངོ་ལོག་གི་སྙིང་སྟོབས་མི་འདྲ་བ་གསུམ)ཞེས་པའི་ངོ་ལོག་གི་ཐ་སྙད་འདི་འུ་ཚང་གི་བྱེད་སྟངས་ལ་འབྱོར་བ་ཞིག་མ་རེད་སྙམ་གསུངས་སོང་། གཉའ་གནོན་སྲིད་གཞུང་གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལས་འགུལ་འདི་ལ་ངོ་ལོག་གི་ཐ་སྙད་སྦྱར་ཀྱང་འགལ་བ་ཡོད་གྱི་མ་རེད་བསམ་གི གསར་བརྗེ་ངོ་ལོག་པ་ཟེར་ནས་རྒྱ་གཞུང་གིས་སྡིགས་ར་སྐུལ་བྱེད་བྱས་བྱས་ཀྱིས་ང་ཚོས་ངོ་ལོག་ཟེར་དུས་རྡུགས་ཆགས་འདྲ་ཞིག་ལ་གོ་འགྲོ་ཡི་ཡོད་ན་ཐང་ཏེ། ངོ་རྒོལ་ཟེར་བ་དང་ངོ་ལོག་ཟེར་བ་གཉིས་ཀྱི་སྔ་མ་ལ་ཤུགས་དང་ནུས་པ་ཆེ་བ་མེད་ན་ཆུང་བ་ཡོད་པ་མ་རེད་བསམ་གི ངོ་ལོག་ཟེར་བ་ངོ་རྒོལ་གྱི་སྔོན་འགྲོ་ལ་དགོས་པ་ཞིག་ཡིན་སྣང་འཆར། དཔེར་ན། ངོ་ལོག་ནས་རྒོལ་བ་བྱས་ཟེར་བ་ལྟ་བུ་རེད།

    Reply
  12. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    དྲ་རོགས་གནས་ཚང་དང་། བདེ་རྒྱལ། ཨ། གདོན་སྲས། གསེར་འབྲུག་སྡེར་ལྔ་སོགས་ཀྱི་ཡི་རངས་ལ་ཡི་རངས་་དང་བསྔགས་བརྗོད་ལ་དགའ་བསུ་ཞུ་རྒྱུ་ཡིན།

    དྲ་གྲོགས་བོན་རྒྱ་དང་། གླག་སྨྱོན་གཉིས་ཕེབས་པས་སྙིང་ནས་དགའ་ཞིང་གླག་སྨྱོན་གྱི་དཔྱད་གཏམ་ལ་རེ་བས་བསྒུག་རྒྱུ་ཡིན། བོན་རྒྱ་ཚང་གིས་དེ་འདྲ་ཞིག་ད་ཕལ་ཆེར་ཡིན་ཁག་པོ་རེད་ཟེར་གི་འདུག རེད། གཅིག་བྱས་ན་དེ་འདྲ་ཞིག་གཏན་ནས་ཡིན་རྒྱུ་མ་རེད། འོན་ཀྱང་། ང་ཚོས་འདིའི་ཐད་ལ་རང་སོ་སོའི་རིགས་པ་སྤྲོས་རྒྱུ་དང་། དཔྱད་པ་གཏོང་རྒྱུ་དེ་གལ་ཆེན་པོ་འདུག བོད་ནང་གི་བླ་ན་མེད་པའི་ལས་འགུལ་དེ་ཚོ་གསར་འགྱུར་ཙམ་དུ་འགོད་པ་ལས། འདི་ལ་བསྐྱར་ཞིབ་སྣ་ཚོགས་དང་གདེང་འཇོག་འདྲ་མིན་གྱིས་སྔོག་འདོན་བྱེད་ཐུབ་གི་མེད་པ་དེ་ལ་ང་ནི་ཕངས་སེམས་སྐྱེ་བཞིན་ཡོད། སྤྱིར་དོན་རྐྱེན་ཆེ་ཕྲ་ཆུང་གསུམ་ག་རེ་ཡིན་ཀྱང་དེ་ལ་ཕྱི་ནང་གསང་གསུམ་གྱི་རྒྱུ་རྐྱེན་གྲངས་ཀྱིས་མི་ཆོད་པ་ཞིག་བདོག་པ་སྨྲོས་མེད་ཐོག ད་ལྟ་བར་དུ་བོད་དོན་འཐབ་རྩོད་གྱི་རྣམ་པ་སྣ་ཚོགས་པ་ཞིག་བྱུང་བ་དེ་ཚོ་ནི་རྒྱུ་རྐྱེན་མི་འདྲ་བ་སྣ་ཚོགས་ལ་བརྟེན་ནས་བྱུང་བ་ཞིག་ལ་ཁས་མ་བླངས་རང་བླངས་རེད་པས། ངས་བོད་ནང་གི་ངོ་རྒོལ་གྱི་རྣམ་པ་གཙོ་ཤོས་གསུམ་གཞི་ལ་བཟུང་ནས་དེ་དག་དེ་ལྟར་བྱུང་ཐུབ་པའི་རྒྱུ་རྐྱེན་ཀྱི་ཐད་ལ་བསམ་ཚུལ་བརྗོད་པ་ཡིན། བོད་མིའི་མི་གཤིས་དང་བོད་དོན་འཐབ་རྩོད་དབར་གྱི་འབྲེལ་བ་ཞིག་འཚོལ་ཁུལ་བྱས་པ་ཡིན། འོན་ཀྱང་། དེ་ལྟར་འབྱུང་ཐུབ་པའི་རྒྱུ་རྐྱེན་གཞན་ཡང་ཡོད་སྲིད་པས་ང་ཚོས་མུ་མཐུད་དེ་དཔྱད་པ་གཏོང་རྒྱུ་ན་ཡག་པོ་འདུག ང་ཚོས་ག་དུས་ཡིན་ན་དེའི་རྒྱུ་རྐྱེན་རྒྱ་གཞུང་གིས་བསྐྲུན་པ་རེད་ཟེར་ན། རྩ་བ་དེ་ནས་བྱུང་བ་བདེན་པ་རེད་དེ། གོང་དུ་བཤད་པ་ལྟར་དེ་ལྟར་བྱེད་ཐུབ་པའི་ཕྱི་ནང་གསང་གསུམ་གྱི་བྱེ་བྲག་གི་རྒྱུ་རྐྱེན་ཐམས་ཅད་སྣང་མེད་དུ་འཇོག་ཆོག་པ་ཞིག་མ་རེད།

    Reply
  13. རྫ་སྲས་བདེ་ཆེན says:
    ལོ་ 14 སྔོན།

    དྲ་རོགས་ཁྲག་འཐུང་ཧེ་རུ་ཀས་ཚྭ་བ་ཚང་གི་<<ཕྱིར་རྟོག>>ཐེངས་དུ་མ་བཀླགས་ཡོད་པའི་ཚོར་སྣང་བྱུང་། བརྗོད་བྱ་ལ་དོན་དངོས་ཐོག་ངོས་ལེན་མེད། ཕྱོགས་ཞེན་ཆེ་དྲགས་འདུག་གསུངས་སོང་། ངས་ཚྭ་བ་ཚང་གི་ཕྱིར་རྟོག་ཀློག་རྒྱུ་མ་བྱུང་བས་གང་མྱུར་ཀློག་དགོས་བསམ་བསྡད་ཡོད། ཁོང་གི་བོད་ཡུལ་ཆོལ་གསུམ་ཞེས་པའི་རྩོམ་ཡིག་དེ་སྔོན་མ་ཞིག་ལ་འཛིན་གྲོགས་ཤིག་གི་ལག་ནས་མཐོང་ཙམ་བྱས་མྱོང་ལ་དེའི་བར་ཞིག་ནས་ཅུང་ཙམ་བཀླགས་པ་ཡིན་དེ་ཡང་གང་མྱུར་ཀློག་དགོས་བསམ་བསྡད་ཡོད། ཅི་རེད། ཚྭ་བ་ཚང་གི་རྩོམ་ཡིག་མ་ཀློག་ན་བོད་ཡུལ་ཆོལ་ཁ་གསུམ་གྱི་མི་གཤིས་དང་བསམ་བློ་ལ་དཔྱད་པ་གཏོང་ཤེས་མཁན་ཞིག་ཡོད་རྒྱུ་མ་རེད་བསམ་གི་འདུག་གེ ་་་བརྩེད་མོ་ཡིན།

    ཨོ་རེད། ཁྱོས་བརྗོད་བྱ་ལ་ངོས་ལེན་མེད་ཕྱོགས་ཞེན་ཆེ་དྲགས་འདུག་ལབ་སོང་། རེད། ང་གང་ལ་ཕྱོགས་འདུག་གཡས་ལ་ཕྱོགས་འདུག་གམ་གཡོན་ལ། ཡང་ན་རྒྱབ་མདུན་གང་གང་རུང་ལ་ཕྱོགས་འདུག གསལ་བོར་ཤོད་རྒྱུ་ཨེ་ཡོད། ཡོད་ན་ཤོད་དང་ངས་ཁྱོད་ལ་ཉིན་མ་དཀར་ལ་མཆོད་མེ་དང་། གསལ་བའི་སྒང་ལ་འོད་སྣོན་ཆོག མ་གཞི་ཕྱོགས་ཞེན་ཅན་གྱི་མིག་ལམ་ལ་ཡོད་ཆད་ཕྱོགས་ཞེན་ཅན་ཡིན་པས་ཁྱོད་ཀྱང་དེ་འདྲ་ཞིག་ཡིན་སྣང་འཆར།

    དྲ་གྲོགས་ལྷོ་ཕྱོགས་ཉི་ཟླས་བོད་མིའི་མི་གཤིས་དང་བོད་དོན་འཐབ་རྩོད་ཀྱི་རླབས་མི་འདྲ་བ་གསུམ་གླེང་བ་འདི་ཧ་ཅང་རྫིག་སོང་བ་དང་། འདི་ཕྱོགས་གཅིག་ཡིན་པས་མུ་མཐུད་དུ་ཕྱོགས་ཡོངས་སུ་གླེང་དགོས་པ་འདི་གནད་འགག་ཆེན་པོ་རེད་གསུངས་སོང་། ཉིད་ཀྱིས་མོལ་བ་ལྟར་ཧ་ཅང་རྫིག་པ་དང་བརྗིད་པ་ཞིག་ཡིན་པ་ནི་དེ་དེ་བཞིན་ནོ།། རྫིག་དྲགས་པ་ནི་ཡིན་དོགས་མེད། རེད། ཕྱོགས་ཡོངས་ལ་དཔྱད་རྒྱུ་གལ་ཆེན་རེད། འོན་ཀྱང་། འདི་ནས་གཅིག་ཤེས་ཀུན་གྲོལ་གྱི་རྒྱུ་རུ་འགྲོ་ངེས་ཀྱི་བོད་ཀྱི་མི་གཤིས་དང་བོད་དོན་འཐབ་རྩོད་དབར་གྱི་མདོ་རྩ་ཞིག་བརྗོད་ཁུལ་བྱས་པ་ཡིན། རིགས་པས་མ་ཆུམ་ས་ཡོད་ན་ཁ་སྣོན་གནང་རོགས།

    Reply
  14. མི་ཆུང་། says:
    ལོ་ 14 སྔོན།

    བོན་རྒྱ་མགོ་རིལ་འདིས། ད་སོ་མར་ལོག་འགྲེལ་གཡག་འདྲ་བ་ཞིག་བྱས་འདུག ཨ་རོགས་བོན་རྒྱ། སྙིང་རྗེ་དང་སྙིང་སྟོབས་གཉིས་ལ་གནམ་སའི་ཁྱད་པར་ཡོད།

    སྙིང་རྗེ་ནི་དམན་པར་བརྩེ་བས་ཀུན་ནས་བསླངས་ཏེ་གྲོལ་འདོད་ཀྱི་བློ་ཞིག་ལ་གོ་བ་རེད། སྙིང་སྟོབས་ནི། འཇིགས་སྐྲག་དང་མཐོ་དམན་གང་ལ་ཡང་ཞུམ་པ་མེད་པར། རྒོལ་བར་ཕོད་པའི་བློ་སྟོབས་ལ་གོ།

    Reply
  15. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    རྫ་སྲས་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། དེ་དེ་བཞིན་ནོ།

    Reply
  16. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    བདེན་པ་རེད། བོད་པ་ཚོས་རང་ལ་ངེས་པར་ཐོབ་དགོས་པའི་རང་ཚོའི་འདོད་པ་གང་ཡིན་རྒྱ་གཞུང་ལ་ཞུ་བ་གང་མང་བྱས་པ་རེད། འོན་ཀྱང་མ་ཕན་པས་ཁྲོམས་བསྐོར་གང་མང་བྱས་པ་རེད།
    དེར་ཡང་ཡ་མ་བྱས་པས་གཞི་རྒྱ་ཆེ་བའི་ས་བྱིྀ་ཞི་རྒོལ་བྱུང་། དེར་ཡང་གདུག་རྩིབ་ལོག་བཤད་ཀྱིས་རྩོམ་ཡིག་ངོ་རྒོལ་བྱང། དེར་ཡང་མནར་གཅོད་བཏང་བས་རང་སྲེག་བྱུང་བ་རེད། དེ་ལ་ཡང་ལོག་འགྲེལ་སྡུག་སྦྱོང་གཏོང་བཞིན་འདུག་པས་རང་རྐྱང་ཁེར་ཤིས་མ་ཕན་ཚེ། ཉམ་ཤི་སྡེབ་ཤི་མ་གཏོགས་ཡོང་རྒྱུ་གང་ཡང་མེད་ངེས་རེད་དོ།

    Reply
  17. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བོད་མིའི་མི་གཤིས་དང་བོད་དོན་འཐབ་རྩོད་ཀྱི་རླབས་མི་འདྲ་བ་གསུམ་གླེང་བ་འདི་ཧ་ཅང་རྫིག་སོང་བ་འདྲ།
    རྫ་སྲས་ཁྱེད་ཀྱིས་གླེང་བ་འདི་ཕྱོགས་གཅིག་ཡིན་པས་མུ་མཐུད་དུ་ཕྱོགས་ཡོངས་སུ་གླེང་དགོས་པ་འདི་གནད་འགག་ཆེན་པོ་རེད།
    རྩོམ་རྩལ་བཟང་བས་གུས་པའི་དགའ་བསུ་གྲངས་མེད་ཞུ་བཞིན་ཡོད།

    Reply
  18. ཁྲག་འཐུང་ཧེ་རུ་ཀ says:
    ལོ་ 14 སྔོན།

    བལྟས་ཟིན། ཚྭ་བ་ཚང་གི་<<ཕྱིར་རྟོག>>ཐེངས་དུ་མ་བཀླགས་ཡོད་པའི་ཚོར་སྣང་བྱུང་། འོན་ཏང་སྐུ་ཉིད་འབྲི་རྩལ་གྱི་ཆ་ནས་ཡག་པོ་འདུག བརྗོད་བྱ་ལ་དོན་དངོས་ཐོག་ངོས་ལེན་མེད། ཕྱོགས་ཞེན་ཆེ་དྲགས་འདུག་བསམ་སོང་། ཁྲག་འཐུང་པས།

    Reply
  19. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    རྫ་སྲས་ལགས། བྲིས་པ་ཤིན་ཏུ་ལེགས། འོན་ཀྱང་(་ངོ་ལོག་གི་སྙིང་སྟོབས་མི་འདྲ་བ་གསུམ)ཞེས་པའི་ངོ་ལོག་གི་ཐ་སྙད་འདི་འུ་ཚང་གི་བྱེད་སྟངས་ལ་འབྱོར་བ་ཞིག་མ་རེད་སྙམ། ནོར་ཡོད་ན་དགོངས་དག་ཞུ།

    Reply
  20. གླག་སྨྱོན། says:
    ལོ་ 14 སྔོན།

    དབུག་གཏོང་ལེན་ཐེངས་གཅིག་ཀྱང་མ་བྱས་པར་བཀླགས་ཟིན་ཏོ། གཟའ་མིག་དམར་གྱི་ཉིན་སྐྱར་དུ་ཞིབ་ཚགས་པོ་ཀློག་ནས་མཐར་དཔྱད་ལྟམ་ཞིག་སྤེལ་ན་ཐང་། གང་ལྟར་ཧ་ཅང་བདེན་པའི་རང་བཞིན་ཅན་གྱི་སྐད་ཆ་ཞིག་རེད་པས་རིན་ཐང་འདུག

    Reply
  21. གདོན་སྲས། says:
    ལོ་ 14 སྔོན།

    རང་བློས་ཟིན་ཚོད་ཀྱིས་གང་ཡག་གང་དྲང་བྱས་འདུག་པས་དམིགས་བསལ་
    བསམ་འཆར་མེད།

    Reply
  22. བདེ་རྒྱལ། says:
    ལོ་ 14 སྔོན།

    དབྱེ་ཞིབ་འདི་ནི་ཧ་ཅང་གིས་ཞིབ་འཇུག་ལྡན་པ་ཞིག་དང་གཟུ་བོར་གནས་པའི་གཏམ་ཞིག་ལགས་པས་ཤེས་ཡོན་པ་ཞིག་གི་རང་ཚུགས་དངོས་མ་དེ་ཐོན་འདུག་ཅེས་བརྗོད་འདོད་བྱུང་།

    Reply
  23. ཨ says:
    ལོ་ 14 སྔོན།

    གང་ལྟར། རང་རིགས་རང་གིས་མིག་མཐོང་དང་ལག་སྙོབ་བྱེད་ཀྱི་ངོ་མ་གནད་དོན་རེད་སྙམ།།

    Reply
  24. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཆོལ་ཁ་གསུམ་པོ་སྙིང་སྟོབས་གསུམ་ལ་བསྒྱུར་འདུག དེ་ཡང་སྤྱང་གྲུང་སྙིང་སྟོབས། ཚོར་རྟོག་སྙིང་སྟོབས། རྒོལ་འཛིང་སྙིང་སྟོབས་མྱིང་སྙིང་རྗེ་རེ་བཏགས་ཡོད་ཀི ཡིན་ནའང་། དོན་དངོས་ལ་དེ་འདྲ་ཧ་ཅང་དཀའ་ཚོད་རེད་སྙམ།

    Reply
  25. གནས་ཚང་། says:
    ལོ་ 14 སྔོན།

    ཏག་ཏག་ཅིག་བསྡད་ཡོད་མེད་མི་ཤེས་ཏེ། གསར་བ་ཞིག་གསུངས་འདུག་པས། ཡི་རངས་དང་གོང་བཀུར་གཉིས་ཆ་ཡོད། ད་འགྲེལ་བཤད་ཀྱང་གསར་བ་ཞིག་རྒྱག་རན་འཁེལ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese