བྱང་ཀོ་རེ་ཡ་དམར་ཤོག་གཞུང་གསར་འཛུགས་བྱེད་མཁན་དང་སྲིད་དབང་སྒེར་འཛིན་པ་ཐོག་མ་ཀེམ་སུང་ལོ་ ༡༠༠ འཁོར་བའི་སྐྱེས་སྐར་སྲུང་བརྩི་དང་མེ་ཤུགས་འཕུར་མདའ་ཚོད་ལྟ། ལོ་ན་གཞོན་པའི་ཚ་བོ་ཀེམ་ཆེ་མཐོའི་མགོ་ཁྲིད་དུ་བསྐོ་བཞག་གིས་གཏམ་བཤད་ཐོག་མ་དེ་བྱས་ཡོད།
གཟའ་ཉི་མའི་ཉིན། བྱང་ཀོ་རེ་ཡའི་རྒྱལ་སའི་ཀེམ་སུང་ཐང་ཆེན་(Kim II Sung Square)དུ། བྱང་ཀོ་རེ་ཡ་དམར་ཤོག་གཞུང་གསར་འཛུགས་བྱེད་མཁན་སྲིད་དབང་སྒེར་འཛིན་པ་ཐོག་མ་ཀེམ་སུན་ (Kim II Sung) སྐྱེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཡོད་ལ། ཉིན་དེར་བྱང་ཀོ་རེ་ཡའི་དྲག་ཆས་མཚོན་ཆ་འགྲེམས་སྟོན་དང་དམག་གི་ཟིལ་ཤུགས་ངོམ་པའི་དུས་དྲན་སྟེང་། རང་ལོ་ཉི་ཤུའི་ནང་ཡོད་པའི་བྱང་ཀོ་རེ་ཡའི་མགོ་ཁྲིད་གསར་པ་ཀེམ་ཇོང་ཨུན་(Kim Jong Un) གྱིས། ཐེངས་དང་པོར་གཞུང་འབྲེལ་ཐོག་བྱང་ཀོ་རེ་ཡའི་མང་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་གཏད་དེ་གཏམ་བཤད་སྤེལ་ཡོད།
ཕྱི་ཚེས་ ༡༥ ཉིན་གྱི་དུས་དྲན་མཛད་སྒོའི་ཐོག ཀེམ་གྱིས་བྱང་ཀོ་རེ་ཡ་དམར་པོའི་གཞུང་གི་རྩ་དོན་གལ་ཆེ་ཤོས་དམག་དོན་སྟེང་འཇོག་རྒྱུ་དང་། ད་ལྟའི་བྱང་ཀོ་རེ་ཡའི་དྲག་མཚོན་བཟོ་སྐྲུན་གྱི་ཚན་རྩལ་ཚད་མཐོ་པོར་སླེབས་པ་དེས། བཙན་རྒྱལ་རིང་ལུགས་པའི་དྲག་མཚོན་སྟོབས་ཤུགས་སྒེར་སྤྱོད་མེད་པར་བཟོས་པ་ཞིག་དང་། ད་ཆར་བྱང་ཀོ་རེ་ཡ་ལ་དྲག་པོའི་རྡུལ་མཚོན་དང་ནག་ཚོང་གིས་འཇིགས་རྒོལ་བྱེད་པའི་དུས་རབས་ཡོངས་སུ་མཇུག་བསྒྲིལ་ཡོད་པ། ཁོས་གདེང་ཚོད་དང་བློ་སྟོབས་ཆེར་མངོན་པའི་སྟེང་ནས་ཁོང་གི་ཕ་དང་སྤོ་བོ་གཉིས་ཀྱི་གཟི་བརྗིད་གླེང་པ་མ་ཟད། ཁོང་གཉིས་ཀྱི་རྒྱལ་ཁབ་སྐྱོང་སྟངས་ཇི་བཞིན་གཞུང་གི་རྩ་དོན་ཨང་དང་པོ་དམག་དོན་སྟེང་བཞག་པའི་སྲིད་ཇུས་(military first policy) མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཚུལ། བྱང་ཀོ་རེ་ཡ་སོ་སོའི་རྒྱལ་ཁོངས་བདེ་འཇགས་དང་དགྲ་བོར་ཕར་རྒོལ་བྱ་རྒྱུ་སོགས་ཕྱོགས་གང་ཐད་ནས། དེང་གི་སྤྱི་ཚོགས་ནང་དམག་དོན་དང་རྡུལ་མཚོན་དྲག་ཆས་ཀྱི་ནུས་སྟོབས་འདང་ངེས་ཡོད་པར་བརྗོད་ཡོད་ལ། ཁོས་ “བྱང་ཀོ་རེ་ཡ་ཟེར་བ་ཙམ་མིན་པར་མ་འོངས་པར་སྤོ་བོ་ཀེམ་སུང་གིས་སྔོན་ཆད་བརྗོད་མྱོང་པའི་ཀོ་རེ་ཡ་ཟེར་བ་དེ་གཅིག་གྱུར་ཡོང་རྒྱུར་འབད་པ་བྱ་རྒྱུ་ཡིན”ཞེས་བརྗོད་ཡོད། ཀེམ་གྱི་གཏམ་བཤད་གྲུབ་རྗེས་དྲག་ཆས་དམག་མི་ཁྲི་སྟོང་མང་པོས་ཁོང་ལ་གུས་འདུད་དང་། མེ་ཤུགས་འཕུར་མདའ་སོགས་དྲག་མཚོན་གྱི་ཟིལ་ཤུགས་འགྲེམས་སྟོན་བྱས་ཡོད།
དུས་དྲན་དངོས་གཞིའི་ཉིན་གཉིས་ཀྱི་གོང་སྟེ། ཕྱི་ཚེས་༡༣ཉིན་གྱི་ཞོགས་པར་བྱང་ཀོ་རེ་ཡས་ཟླ་གཅིག་གི་གོང་ནས་གྲ་སྒྲིག་བྱས་པའི་མེ་ཤུགས་འཕུར་མདའ་ཞིག་མཁའ་དབྱིངས་སུ་བཏང་ཡོད་ཀྱང་།དེ་ལེགས་འགྲུབ་མ་བྱུང་བར་མཁའ་དབྱིངས་སུ་ཅུང་ཙམ་བསྐྱོད་མཐར་ལྷོ་ཀོ་རེ་ཡའི་རྒྱལ་སའི་ནུབ་ངོས་ཕྱོགས་ཀྱི་སྤྱི་ལེ་ ༡༠༠ ཙམ་གྱི་སར་ཡོད་པའི་མཚོ་ནང་ (yellow Sea) ཟགས་ཡོད་འདུགབྱང་ཀོ་རེ་ཡའི་ཕྱོགས་ནས་མེ་ཤུགས་འཕུར་མདའ་དེ་མཁའ་དབྱིངས་རྒྱུ་སྐར་རྟོག་ཞིབ་ཆེད་ཡིན་ཚུལ་བསྒྲགས་ཡོད་ཀྱང་། ལྷོ་ཀོ་རེ་ཡ་དང་ཉི་ཧོང་སོགས་ཀྱིས་དེ་ནི་རྡུལ་མཚོན་ཚོད་ལྟ་དང་། ཁ་གཏད་ས་ཁུལ་ཁག་ལ་འཇིགས་རྒོལ་བྱ་འཆར་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱལ་ཚོགས་དང་ཨ་རི་སོགས་རྒྱལ་སྤྱིའི་སྤྱི་ཚོགས་དང་སྲིད་གཞུང་ཁག་གིས་ཀྱང་། དེ་ནི་རྒྱལ་ཚོགས་ཀྱི་རྡུལ་མཚོན་མཚམས་འཇོག་གི་ཆོད་དོན་དང་འགལ་ཡོད་པའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་ཞིག་ཆགས་ཡོད་སྟབས།ལས་གཞི་དེ་ཕྱིར་འཐེན་བྱ་དགོས་པའི་འབོད་སྐུལ་དང་གནོན་ཤུགས་རིམ་པར་སྤྲད་ཡོད་ལ། ཕྱི་ཟླ་ ༢ ནང་ཨ་རི་དང་བྱང་ཀོ་རེ་ཡའི་བར་གྲོས་མོལ་བརྒྱུད། ཨ་རིས་བྱང་ཀོ་རེ་ཡར་བཟའ་འབྲུ་ཊོན་(Tons) ༢༤༠༠༠༠ རོགས་སྐྱོར་བྱ་རྒྱུ་བྱས་ཀྱང་། བྱང་ཀོ་རེ་ཡས་མེ་ཤུགས་འཕུར་མདའ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་ཨ་རིས་བྱང་ཀོ་རེ་ཡར་བཟའ་འབྲུའི་རོགས་སྐྱོར་བྱ་རྒྱུའི་གྲོས་དོན་ཕྱིར་འཐེན་བྱས་ཡོད།
བྱང་ཀོ་རེ་ཡས་ཟླ་གཅིག་ཙམ་གོང་ནས་ཀེམ་སུང་སྐྱེས་སྐར་དུས་དྲན་དང་སྟབས་བསྟུན། བྱང་ཀོ་རེ་ཡའི་ཚན་རྩལ་འཕྲུལ་རིག་གི་ལག་རྩལ་ཚད་མཐོ་བོར་བསླེབས་ཡོད་པའི་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་གཏོང་རྒྱུ་བསྒྲགས་ཡོད་སྟབས། ཕྱི་ཚེས་ ༡༢ ཉིན་གྱི་གོང་ནས་ཉི་ཧོང་དང་ལྷོ་ཀོ་རེ་ཡ།ཧྥེ་ལེ་ཕེན་བཅས་ཀྱི་རྒྱལ་ཡོངས་བདེ་འཇགས་དམག་གིས་ཉིན་མཚན་མེད་པར་བྱང་ཀོ་རེ་ཡའི་ཕྱོགས་ལ་དོགས་ཟོན་གཟབ་ནན་བྱས་ཡོད་པ་མ་ཟད།བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་དམིགས་འབེན་དུ་བཟུང་ནས་དམིགས་བསལ་རྒྱང་བཤེར་རྟོག་ཞིབ་འཕྲུལ་ཆས་བཙུགས་ཏེ། བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདར་སོ་ལྟ་བྱས་ཡོད་པ་དང་།གནམ་ཐང་ཁག་གི་གནམ་གྲུའི་འཕུར་ལམ་ལའང་འགྱུར་བ་བཏང་སྟེ། གལ་སྲིད་བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་དེ་ཁོ་ཚོའི་རྒྱལ་ཁོངས་སུ་བསླེབས་ཚེ་ཐད་ཀར་གཏོར་རྒོལ་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ལ།ཉེན་འཚབ་ཅན་གྱི་མཚོ་ངོགས་ཁག་ཅིག་གི་ཉ་བ་དང་གྲུ་གཟིངས་གཏོང་མཁན་ཚོ་གནས་སྤོར་བྱེད་བཅུག་ཡོད་འདུག
གཟའ་ཉི་མའི་ཉིན་བྱང་ཀོ་རེ་ཡས་དམག་དང་དྲག་ཆས་མཚོན་ཆའི་ཟིལ་ཤུགས་མངོན་པ་དེའི་ཐད་དཔྱད་བརྗོད་པ་དག་གིས་ “དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་དང་། ཁ་གཏད་སྲིད་གཞུང་ཁག བྱང་ཀོ་རེ་ཡའི་ནང་ཁུལ་གྱི་ཤོག་འགལ་བ་དག་ལ་རྫིག་ཉམས་བསྟན་ཏེ་མགོ་རྨོངས་ཐབས་བྱས་པ་ཞིག་རེད ”ཅེས་བརྗོད་ཡོད་ལ། ཡང་དཔྱད་བརྗོད་པ་ཁག་ཅིག་གིས་སྲིད་འཛིན་གསར་པའི་གཏམ་བཤད་དེ་ནི། ལོ་ན་གཞོན་པའི་ཀེམ་གྱིས་བྱང་ཀོ་རེ་ཡ་དམག་དོན་དང་དྲག་ཆས་མཚོན་ཆ་གང་ཐད་ནས་སྟོབས་ལྡན་ཆགས་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་སྲིད་དབང་ཁོ་རང་ཉིད་ཀྱི་སྟངས་འཛིན་འོག་ཡོད་པ་གསལ་འདོན་བྱས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། གནད་དོན་དེའི་ཐད་ལོན་ཊོན་(London)རྒྱལ་སྤྱིའི་དམག་དོན་ཞིབ་འཇུག་ཁང་གི་འགན་འཛིན་མར་ཁི་(Mark Fitzpatrick) ཡིས། ཐེངས་འདིར་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་གཏོང་རྒྱུ་དེ་ནི་ཀེམ་ཇོང་ཨུན་གྱི་ཕ་རྒན་ཀེམ་ཇོང་ཨེལ་(Kim Jong il) མ་ཤི་གོང་གི་བཀའ་ཁྱབ་ཅིག་ཡིན་པར་བརྗོད་འདུག་ལ། བྱང་ཀོ་རེ་ཡས་མུ་མཐུད་མེ་ཤུགས་འཕུར་མདའི་ཚོད་ལྟ་བྱ་རྒྱུར་སྔོན་དཔག་བྱེད་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་མེ་ཤུགས་འཕུར་མདའ་དེ་ནི་བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་ཆེ་ཤོས་དེ་མིན་པར་གླེང་།
བྱང་ཀོ་རེ་ཡའི་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་མ་བཏང་པའི་གོང་གི་ཕྱི་ཚེས་ ༡༢ ཉིན་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧེ་ལཱ་རེ་ཡིས་ “བྱང་ཀོ་རེ་ཡའི་མདུན་དུ་གདམ་ཀ་གཉིས་ལྷག་ཡོད་པ་རེད། གཅིག་ནི་ཞི་བདེ་ལ་ཁ་ཕྱོགས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་འབྲེལ་ཐག་ཉེ་བའི་ཁེ་ཕན་བསྒྲུབ་རྒྱུའམ། ཡང་ན་དེ་ལས་ཟློག་སྟེ་མུ་མཐུད་རྒྱལ་སྤྱིའི་གནོན་ཤུགས་འོག་བྱང་ཀོ་རེ་ཡ་ཁེར་རྐྱང་དུ་ལྷག་རྒྱུ་གཉིས་རེད་”ཅེས་བརྗོད་ཡོད་ཀྱང་། གཟའ་པ་སངས་ཉིན་མེ་ཤུགས་འཕུར་མདའ་འཕངས་རྗེས། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཀར་ནེ་(Jay Carney) ཡིས་ “མེ་ཤུགས་འཕུར་མདའ་ལེགས་གྲུབ་བྱུང་མིན་གང་ལྟར་ཡང་། བྱ་སྤྱོད་དེ་ནི་བྱང་ཀོ་རེ་ཡས་ས་ཁུལ་བདེ་འཇག་ལ་འཇིགས་རྒོལ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ། ཉེ་ཆར་ཁས་ལེན་བྱས་པའི་ཁོ་ཚོ་རང་ཉིད་ཀྱི་དམ་བཅའ་རྩིས་མེད་བཏང་བ་ཞིག་རེད་”ཅེས་བསྒྲགས་ཡོད།
དེ་བཞིན། ཕྱི་ཚེས་ ༡༣ ཉིན་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་ཛ་དྲག་ཚོགས་ཆེན་བསྐངས་ཏེ། བྱང་ཀོ་རེ་ཡའི་བྱ་སྤྱོད་ལ་ཁ་ཕྱོགས་གང་འདྲ་འཛིན་རྒྱུ་ཡིན་མིན་སྐོར་གྲོས་བསྡུར་བྱས་ཡོད་ལ། ལྷོ་ཀོ་རེ་ཡའི་སྲིད་འཛིན་ལེ་མའེ་ཨང་(Lee Myung-Bak) གིས་ཀྱང་ཛ་དྲག་བདེ་འཇགས་ཚོགས་འདུ་བསྐངས་ཏེ། མུ་མཐུད་བྱང་ཀོ་རེ་ཡའི་བྱ་སྤྱོད་ལ་ལྟ་རྟོག་ནན་མོ་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་ཝེལ་ལེམ་(William Hague) གྱིས། བྱང་ཀོ་རེ་ཡས་མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་འཕངས་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ་བཏང་བ་ཞིག་ཡིན་སྟབས། དེ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་ཡ་ལན་ཚ་བོ་ཞིག་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། བྱང་ཀོ་རེ་ཡས་ ༢༠༠༦ དང་ ༢༠༠༩ སོ་སོར་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པར་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་རིམ་བཞིན་འགོག་རྐྱེན་སྤྲད་ཡོད་པ་དང་། ཐེངས་འདིའི་གནད་དོན་ཐད་འགོག་རྐྱེན་སྤྲོད་རྒྱུའི་ཉེན་བརྡ་བཏང་ཡོད།
ཀེམ་སུང་གི་སྐྱེས་སྐར་སྲུང་བརྩིའི་མཛད་སྒོ་འཚོགས་ལ་ཉེ་བའི་ཉིན་འགའི་སྔོན། བྱང་ཀོ་རེ་ཡའི་གཞུང་འཛིན་ཚོགས་པའམ་ཀོ་རེ་ཡའི་ངལ་རྩོལ་ཚོགས་པའི་ (Korean Worker’s Party) ཚོགས་ཆེན་དང་། ཆབ་སྲིད་འཐུས་མིའི་ཚོགས་ཆེན་བཅས་རིམ་པར་ཚོགས་ཏེ། ལོ་ན་གཞོན་པའི་ཀེམ་ཇོང་ཨུན་ལ་ཁོང་གི་ཕ་རྒན་ཀེམ་ཇོང་ཨེལ་གྱི་གོ་གནས་ངལ་རྩོལ་ཚོགས་པའི་དྲུང་ཆེ་དང་། བྱང་ཀོ་རེ་ཡའི་མི་མང་དམག་གི་སྤྱི་ཁྱབ་བཀོད་འདོན་པ། དབུས་དམག་དོན་ཁང་གི་སྤྱི་ཁྱབ་པ། རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་སྤྱི་ཁྱབ་པ་བཅས་ཀྱི་གོ་གནས་སྤྲད་དེ། བྱང་ཀོ་རེ་ཡའི་ཆེ་མཐོའི་མགོ་ཁྲིད་དུ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། འོན་ཀྱང་། ཆབ་སྲིད་དཔྱད་བརྗོད་པ་དག་གིས་ཀེམ་ཕྱི་ཚུལ་ནས་ཆེ་མཐོའི་མགོ་ཁྲིད་དུ་བསྐོ་བཞག་བྱས་པ་ཙམ་ལས་དབང་ཤུགས་གཙོ་བོ་དམར་ཤོག་ཚོགས་པོའི་རྒན་རབས་པ་ཁག་ཅིག་གི་སྟངས་འཛིན་འོག་ཡོད་པ་དང་། ཁོའི་གཏམ་བཤད་དུ་མུ་མཐུད་ཕ་རྒན་གྱི་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཚུལ་བསྒྲགས་པ་དེ་ནི། ལོ་ན་གཞོན་ཞིང་ཆབ་སྲིད་ཀྱི་ཉམས་མྱོང་མེད་པའི་ཀེམ་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་གསར་པ་མེད་པའི་རྟགས་མཚན་ཞིག་ཏུ་གླེང་། དབྱིན་ཡུལ་ཀམ་བྷི་རེ་ཇི་(Cambridge University) མཐོ་སློབ་ཀྱི་ཨེ་ཤ་ཡའི་སྲིད་དོན་ཆེད་མཁས་པ་སྐུ་ཞབས་ཇོན་(Dr John Swenson-Wright) གྱིས་ “ལོ་ན་གཞོན་པའི་ཀེམ་གྱི་རྒྱབ་ལྗོངས་སུ་ཡོད་པའི་མི་སྣ་གཙོ་བོ་ཞིག་ཁོང་གི་ཨ་ཞང་ཇང་སོང་(Jang Song-thaek) ཡིན་པ་དང་། ཇང་ནི་གུ་ཡངས་བཅོས་སྒྱུར་གྱི་བསམ་བློ་ཡོད་མཁན་ཞིག་ཡིན་པ་མ་ཟད། བྱང་ཀོ་རེ་ཡའི་དཔལ་འབྱོར་སྲིད་ཇུས་གུ་ཡང་གཏོང་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ཞིག་ཡིན་སྟབས། ཕྱོགས་གཅིག་ནས་རྒྱལ་ཁོངས་ཟིང་ཆ་མི་ལངས་ཆེད་སྔར་གྱི་སྲིད་ཇུས་རྒྱུན་འཁྱོངས་ཐོག ཀེམ་གྱི་རྒྱབ་ལྗོངས་ནས་གོ་སྐབས་དང་བསྟུན་བཅོས་སྒྱུར་བྱ་སྲིད་པ་རེད”ཅེས་ཚོད་དཔག་བྱས་ཡོད། ཡིན་ནའང་། ཀེམ་གྱིས་“ཞི་བདེ་གལ་ཆེན་པོ་རེད། དེ་ལས་གལ་ཆེ་ཤོས་ནི་རྒྱལ་ཁབ་ཀྱི་གཟི་བརྗིད་ཡིན། ང་ཚོར་མཐའ་མའི་རྒྱལ་ཁ་མ་འཐོབ་བར་མདུན་དུ་བསྐྱོད་དགོས” ཞེས་བརྗོད་ཡོད།
བྱང་ཀོ་རེ་ཡའི་ཡུལ་མི་ས་ཡ་ ༢༣ ལས་ས་ཡ་ ༡་༢ ཙམ་དམག་མི་ཡིན་པ་དེ་ནི། རྒྱལ་ཁབ་ཀྱི་སྤྱིའི་མི་འབོར་ཐད་ནས་འཛམ་གླིང་ནང་གི་དམག་གྲངས་མང་ཤོས་ཆགས་ཡོད་ཅིང་། འཛམ་གླིང་དམག་ཤུགས་ཆེ་ཤོས་ཨང་ ༥ ཆགས་ཡོད་འདུག ཐོན་སྐྱེད་ཤུགས་ཆེ་ཤོས་དམག་མིའི་མཁོ་ཆས་རིགས་ཡིན་པ་དང་། མི་མང་གི་ཉིན་རེའི་འཚོ་བ་ནི་གཞུང་གི་སྟངས་འཛིན་འོག་གནས་ཤིང་། རྒྱལ་ཁོངས་ཐོན་སྐྱེད་ཕལ་ཆེ་བ་དམར་ཤོག་གཞུང་དང་ཀེམ་ཁྱིམ་རྒྱུད་ཀྱིས་བཟུང་ཡོད་སྟབས། མང་ཚོགས་ཕལ་ཆེ་བ་དབུལ་ཕོངས་དང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཆེན་པོའི་འོག་གནས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
ཁ་སང་དེ་རིང་དུས་བབ་དྲ་ཐོག་ཏུ་གསར་འགྱུར་མཐོང་རྒྱུ་མི་འདུག བན་ཏེ་སྐྱབས་གསར་པའི་གསར་འགོད་པ་འདི་སྔོན་མ་ལས་ཡར་རྒྱུས་ཤུགས་ཆེན་པོ་འགྲོ་བཞིན་འདུག ང་རང་གི་མོས་ཕྱོགས་བརྗོད་ན། བོད་ཡིག་གི་དྲ་རྒྱ་དང་ཚག་ཤོག་དག་གི་སྟེང་དུ་རྒྱལ་སྤྱིའི་གསར་འགྱུར་གལ་ཆེན་དག་གང་མང་མང་སྤེལ་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་དེ་ནི་སོ་སོའི་དགའ་ཕྱོགས་དང་། སོ་སོའི་མཚར་སྣང་གཙོ་བོར་བཟུང་སྟེ་འབྲི་རྒྱུ་ལས་རྒྱལ་སྤྱི་གསར་ལམ་ཆེ་ཁག་དག་གིས་གལ་ཆེན་དུ་བརྩི་བཞིན་ཡོད་པའི་གསར་འགྱུར་བོད་ཡིག་ནང་བསྒྱུར་ཏེ་སྤེལ་ན་ཡག་པོ་འདུག
ནམ་ཡིན་ཡང་གཞན་ལ་བཙན་འཛུལ་རྒྱ་བསྐྱེད་ལ་དགའ་བའི་དམར་ཕྱོགས་པ་འདི་ཚོ་མགོ་འབུར་དུ་འཇུག་མི་རུང་། ཕམ་པར་རྒྱོབ།
དཔོན་ངན་ཁོ་མཐའ་ལ་ལ་མ་གཏོང་།
སྤྱིར་བཏང་གསར་འགྱུར་ཡག་པོ་འདྲ་ཞིག་ཏུ་མཐོང་སོང་། འབྲི་སྟངས་ཀྱི་དབང་གིས་དོན་དག་མགོ་མཇུག་ལྡོག་པ་མང་པོ་འདུག་ལ། ཡིག་ཉོག་ཀྱང་མང་པོ་ཞིག་སྤུངས་འདུག ཁ་སང་དེ་རིང་དུས་བབ་ཀྱི་གསར་འགྱུར་ཚིག་འགྲོས་ཇེ་སྡུག་ཏུ་འགྲོ་བཞིན་འདུག ངས་བསམ་ཚོད་བྱས་ན་གསར་འགྱུར་རིང་པོ་འདིའི་ནང་དུ་དོན་དག་གསུམ་མ་གཏོགས་མི་འདུག
1 སྤྱི་ཚེས་ ༡༥ ཉིན་བྱང་ཀོ་རེ་ཡའི་རྒྱལ་སའི་ཀེམ་སུང་ཐང་ཆེན་དུ་ཀེམ་སུང་ལོ་ ༡༠༠ འཁོར་བའི་སྐྱེས་སྐར་སྲུང་བརྩི་རྒྱ་ཆེན་བྱས་འདུག
2 སྤྱི་ཚེས་ ༡༣ ཉིན་བྱང་ཀོ་རེ་ཡས་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་པ་ལྷོ་ཀོ་རེ་ཡའི་རྒྱལ་སའི་ནུབ་ཕྱོགས་མཚོ་ནང་དུ་ལྷུང་ཡོད་ཅིང་། དེ་ལ་རྒྱལ་སྤྱིའི་སྟེང་ནས་ཁ་རྡུང་བཏང་འདུག
3 སྐྱེས་སྐར་མཛད་སྒོའི་སྟེང་བྱང་ཀོ་རེ་ཡའི་སྲིད་འཛིན་ཀེམ་ཇོང་ཨུན་གྱིས་གཏམ་བཤད་སྤེལ་ཏེ། གཞུང་གི་རྩ་དོན་ཨང་དང་པོ་དམག་དོན་སྟེང་འཇོག་རྒྱུ་ཡིན་པ་གསུང་འདུག