མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་ཝུན་ཇ་པོའོ་ཡིས་ནག་ཉེས་ངོས་ལེན་བྱས་པ།

བོད་ཀྱི་དུས་བབ།
༢༠༡༢/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

 ས་འོད་ཀྱིས།

༡༩༤༩ ལོར་དམར་ལུགས་པས་རྒྱ་ནག་དང་རིམ་གྱིས་བོད་སོག་ཡུ་གུར་བཅས་ལ་དབང་བསྒྱུར་པ་ནས་མི་ལོ་བཅུའི་ནང་ལོག་སྤྱོད་པར་བསྙད་བཏགས་པའི་གོ་མིན་ཏང་དང་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་འགྲོ་ལུགས་བཅས་རྩ་མེད་གཙང་དག་བྱས། དེ་ནི་གཅིག་གཅོད་གཅིག་སྡུད་རིང་ལུགས་པའི་མཚོན་རྟགས་སུ་ཟད་ཅིང་། ཕྱོགས་གཞན་ཞིག་ནས་འཛམ་གླིང་སྤྱིའི་འགྲོས་ལུགས་ལྟར་བློ་འགུག་གོ་སྐོན་སོགས་ཞི་བའི་ཐབས་ལམ་མི་སྤྱོད་པར་དམར་ལུགས་ལས་ཐ་དད་པའི་ལྟ་ཚུལ་འཛིན་མཁན་རྣམས་དམར་གསོད་དང་བཙོན་འཇུག་གི་ལམ་ནས་མེད་པར་བཟོས་པས་དྲག་སྤྱོད་པའི་རྨང་གཞི་བཏང་། ༡༩༦༢ ལོ་ནས་གུང་ཁྲན་དམར་གཞུང་གཏིང་ཚུགས་པ་དང་ཆབས་ཅིག་མའོ་སོགས་ཀྱིས་ནང་ཁུལ་དབང་ཆའི་འཐབ་རྩོད་བརྒྱུད་མུར་བྱས་པ་ལས་བོད་རྒྱ་སོག་གུར་མི་མང་ཡ་ས་མང་བོའི་རང་སྲོག་ཤོར་དགོས་བྱུང་། དོན་དངོས་ལོ་རྒྱུས་ཀྱི་ནག་ཉེས་འདི་ལྟར་བསགས་པའི་དམར་ལུགས་པའི་བྱེད་བབ་འདི་ནི། ཀྲོའོ་ཙི་ཡང་དང་སྐུ་ཞབས་ཝུན་ཇ་ལ་མཚོན་ན། འགྲོ་མི་གྲངས་མེད་ཀྱི་ཚེ་སྲོག་འཕྲོག་མཁན་གྱི་རྗེས་བསྐྱོངས་བྱེད་རྒྱུར་བློ་འཚབ་སྐྱེས་སུ་བཅུག་ཡོད་སྲིད། ༡༩༨༠ ལོ་ནས་མི་རིགས་ཆེན་པོ་བཞིའི་རང་རང་གི་སྲོལ་རྒྱུན་རིག་གཞུང་ཆོས་དང་བཅས་པར་སྤྱོད་ཆོག་པའི་སྒོ་མོ་འབྱེད་ནའང་ཆབ་སྲིད་ཀྱི་དམ་དྲག་སྔར་བཞིན་དུ་བྱས། ལོ་རབས་བརྒྱད་ཅུའི་ནང་རྒྱ་ནག་གུང་ཁྲན་གྱིས་རང་གི་བྱས་ཉེས་ངོས་ལེན་བྱེད་ཁུལ་གྱིས་མི་མང་ལ་བོང་ལྤགས་གྱོན་པའི་སྤྱང་ཀིའི་རྣམ་འགྱུར་བསྟན་ནས་མི་མང་གི་བསམ་བློ་ཅུང་ཟད་བདེར་བབ་མོད་དེ། སྤྱང་ཀི་ནི་དུས་ནམ་ཡང་ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པའི་འཚོ་གནས་ལ་བརྟེན་པར་སོང་། ཕྱི་མདོག་ཙམ་གྱིས་དེ་ཙམ་ཁྱད་པར་འགྲོ་མི་སྲིད་པ་ཡིན། དེའི་ཕྱིར་རྒྱ་བོད་མི་མང་གིས་ཡིད་ཆེས་རྩ་བ་ནས་བྱེད་ཕོད་ཀྱི་མེད་པ་རེད། སྐུ་ཞབས་ཝུན་ལགས་ཀྱང་འགྲོ་མི་གྲངས་མེད་ཀྱི་ནང་དུ་ཐེ་བས་རང་དང་དམར་ལུགས་པའི་མགོ་གཙོ་གཞན་གྱི་བྱེད་སྤྱོད་དང་། ཐལ་སྤྱོད། དྲག་སྤྱོད། ཇག་སྤྱོད་བཅས་ཀྱིས་དུས་ནམ་ཡང་ཁོངས་མི་ཆོད་པར་མ་ཟད། ཕྱི་གས་ཙམ་གྱིས་སུ་ལའང་མགོ་སྐོར་འཐེབ་ཏུ་འཇུག་མི་ནུས་པའི་དངོས་མཐོང་གི་ཉམས་མྱོང་མང་བས། དྲག་སྤྱོད་སྲིད་གཞུང་སྟེ་དམར་ལུགས་སྒེར་གཅོད་པའི་སྟེགས་བུའི་སྟེང་དུ་བསྡད་ཐེངས་རེར་ཡིད་བློ་གཡོ་བསྐྱམས་བྱས་ཡོད། གལ་ཏེ་དེ་ལྟར་བྱུང་མེད་པ་ཡིན་ན་དམར་སྟེགས་ལ་གྱེས་གཏམ་གྱིས་དམར་ལུགས་བསྡུ་གསོག་བྱ་དགོས་པར་བརྗོད་མི་སྲིད་པས་སོ།།

དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་བའི་འཇུག་ནས་ལྔ་བཅུ་ནང་སྟེ། ༡༩༥༩ ཙམ་ལ་དམར་གཞུང་གིས་ཡོངས་ཁྱབ་སྒོས་བོད་ཤར་ཕྱོགས་ནས་བཙན་གནོན་གྱི་མགོ་བརྩམས། ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་གནོན་བྱས་པའི་ལོ་འདི་ཚོའི་རིང་ལ། བོད་མི་ས་ཡ་གཅིག་ལྷག་ཙམ་དམར་གསོད་བཏང་། འོན་ཀྱང་དམར་ལུགས་དྲག་སྤྱོད་པས་བཅིངས་གྲོལ་དམག་ནི་བོད་མི་མང་ལ་རོགས་སྐྱོར་བྱེད་ཏུ་ཡོང་བ་ཡིན་ཞེས་ཁ་ལག་གོ་ལྡོག་གི་སྐད་ཆ་བཤད་ཡོད། སྐུ་ཞབས་ཝུན་ལགས་ཀྱིས་བློ་ཕམ་དང་བཅས་ཏེ་བོད་མི་དམར་གསོད་ཀྱི་དུས་སྐབས་དེར་མྱ་ངན་དང་གདུང་སེམས་གྱི་སྒོ་ནས་དྲན་གསོ་བྱས་པ་སྟེ། དྲག་སྤྱོད་པའི་ལམ་ལུགས་བསྒྱུར་བཅོས་དགོས་ཞེས་པ་ལས་གོ་ནུས་པ་ཞིག་ཡིན་པས་སོ།། ཁོང་གིས་མི་ལོ་དྲུག་ཅུའི་རིང་གི་ཕྱིའི་ཡར་རྒྱས་གྱི་གནས་སྟངས་ལ་བརྩི་ནོར་མ་འཐེབ་པར་ངོས་འཛིན་བྱས་པའི་གཏམ་བ རྗོད་སྤེལ་ཡོད་ནའང་། དཔྱད་བརྗོད་པ་རྣམས་ཀྱིས་ཝུན་གྱི་གྱེས་གཏམ་ནི་རང་ཉིད་ལོ་རྒྱུས་སྟེང་གི་མི་ནག་ཅིག་ཏུ་གྱུར་ཟིན་པ་དེ་དཀར་འདོན་ཡོང་བའི་ཕྱིར་དུ་ཡིན་ཞེས་བརྗོད་ཀྱིན་ཡོད་ཀྱང་། དྲག་སྤྱོད་སྲིད་གཞུང་གིས་བཞེངས་བསྐྲུན་བྱས་པའི་ལག་དམར་ཞིག་གི་ངོས་ནས་བཤད་ན། སྐུ་ཞབས་ཝུན་གྱིས་འཛམ་གླིང་རང་བཞིན་གྱི་ལག་རྩལ་དྲ་འཕྲིན་གྱི་དུས་རབས་འདིར།  མི་ལོ་དྲུག་ཅུའི་དྲག་སྤྱོད་ཐལ་སྤྱོད་ཁོ་ནས་རྒྱུན་འཁྱོངས་བྱ་མི་ནུས་པའི་གནས་སྟངས་མཐོང་སྟེ། དམར་ལུགས་དྲག་སྤྱོད་པའི་སྲིད་སྟེགས་སྟེང་དུ་དམར་མཆོད་ཀྱི་ལས་བྱ་དགོས་པ་ནི་མངོན་པར་མི་གསལ་བའི་ཁྲིམས་ལུགས་སུ་གཏན་འཁེལ་ཟིན་པས། མི་ལོ་བཅུའི་རིང་ལ་སྡུག་སྦྱོང་གཏོང་མཁན་དང་མྱོང་མཁན་གཉིས་ཀྱི་ཚོར་བ་མྱོང་བ་ལས་བྱ་ཐབས་ཟད་པར་བརྗོད་ཆོག་གོ།

༡༩༥༨ ལོར་དམར་གཞུང་གིས་མི་མང་སྤྱི་ཁང་ཆེན་མོ་གསར་འཛུགས་ཀྱི་རླབས་རྒྱུན་བོད་དུ་ལྷགས་སྟེ། བོད་རང་བཙན་ཤོར་བ་ནས་མུ་གེ་དང་ནད་ཡམས་ཀྱི་མགོ་བརྩམས་ཤིང་། མི་ལོ་གསུམ་གྱི་རིང་བོད་དུ་རྩྭ་ཟ་དགོས་ཐུག་པ་དང་རྒྱ་ནག་ནང་མིས་མི་ཤ་ཟ་དགོས་ཐུག་པའི་མུ་གེའི་ལོ་རྒྱུས་དེ་བསླངས། མུ་གེའི་ལོ་རྒྱུས་དང་མི་ཤ་ཟ་བའི་བྱེད་ཐབས་ད་དུང་ཡང་དྲག་སྤྱོད་སྲིད་གཞུང་གི་ལག་བསྟར་བྱེད་བཞིན་མཆིས་པས་སྐུ་ཞབས་ཝུན་ཇ་པོའུ་ཡིས་གཞན་གྱི་ཚེ་སྲོག་གིས་རང་ཉིད་སྲུང་སྐྱོབས་བྱེད་པའི་ལམ་ལུགས་འཛིན་དགོས་བྱུང་མོད། ཡིན་ནའང་ཁོང་གི་གྱེས་གཏམ་གྱིས་དྲག་སྤྱོད་དང་སྲིད་དབང་སྒེར་འཛིན་ལམ་ལུགས་འདི་དུས་རབས་ཉེར་གཅིག་པའི་ནང་དུ་མི་འཚམ་པར་སྟོན་ཐབས་བྱས་ཡོད།

༡༩༦༢ ལོ་ནས་རྙིང་དོར་གསར་ལེན་ཏེ་རིག་གནས་གསར་བརྗེའི་ལས་འགུལ་གྱིས་བོད་ཀྱི་རྩ་ཆེའི་རིག་གཞུང་གི་ངོ་བོ་རྣམས་ཤུལ་མེད་དུ་གཏོར་བ་དང་བརྐུ་འཕྲོག་གི་མགོ་བརྩམས། དུས་དེ་ཙམ་ནས་དེ་རིང་བར་བོད་མི་ས་ཡ་གཅིག་ལྷག་བཅས་ཁྱོན་སྡོམ་ས་ཡ་གསུམ་ཡས་མས་ཙམ་གྱི་རང་སྲོག་འཕྲོག དེར་བརྟེན་ཧེ་ཐི་ལེ་དང་མའོ་ཙེ་ཏུང་གཉིས་ནི་འཛམ་གླིང་ལོ་རྒྱུས་ཐོག་གི་དྲག་སྤྱོད་དང་མི་མང་དམར་གསོད་བྱེད་མཁན་གྱི་སྡིག་ཅན་དེ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་པར་མ་ཟད། སྤྱང་ཀི་ལྟ་བུའི་མའོ་ཡིས་རྒྱ་བོད་ཀྱི་གནའ་བོའི་ཤུལ་བཞག་རིག་གནས་ཡོད་ཚད་རྩ་མེད་བཏང་སྟེ་རིག་གནས་གསར་བར་བརྗེ་བ་སྟེ། རྒྱ་བོད་མི་མང་ལ་ཕས་བུ་དང་བུ་མོ་གསོད་རྡུང་གཅར་གསུམ་བྱེད་པར་བསྐུལ་བ་དང་། བུས་རང་གི་ཕ་མ་གཉེན་ཉེ་ལ་དེ་ལྟར་འཐབ་རྩོད་བྱེད་དགོས་པའི་བཙན་དབང་བཏང་སྟེ་ཡ་ང་ཞིང་སྐྱི་ཡ་བའི་དམྱལ་བ་མངོན་སུམ་བཞིན་དུ་བསྒྱུར། འདི་ནི་གུང་ཁྲན་ཏང་གིས་རྙིང་པ་གཏོར་ནས་གསར་བ་བསྐྲུན་པའི་རིག་གནས་ངོ་མ་དེ་ཡིན། སྐུ་ཞབས་ཝུན་ཇ་ཡིས་གལ་ཏེ་མི་ལོ་དྲུག་ཅུའི་རིང་དྲག་སྤྱོད་ཀྱི་བྱེད་ཐབས་འདི་བཞིན་སྤྱད་དེ་མུ་མཐུད་ཕྱིན་པ་ཡིན་ན་རིག་གསར་སྐབས་ཀྱི་གནས་སྟངས་ངན་པ་དེ་ལྷགས་པར་བཤད་ཡོད། ཁོང་གིས་རིག་གསར་གྱི་གོད་ཆག་ལ་ངོས་ལེན་བྱས་ནའང་རང་གིས་མི་ལོ་བཅུའི་དྲག་སྤྱོད་རྣམས་ཞི་བར་བསྒྱུར་ཐབས་བྱས་པ་རེད། འདི་ནི་གུང་ཁྲན་དྲག་སྤྱོད་པའི་ངན་གཤིས་འཇགས་པའི་རྟགས་མཚན་ཞིག་ཡིན། དུས་ནམ་ཡང་རང་སྐྱོན་ངོས་ལེན་མི་བྱེད་པའི་དམར་གཞུང་གི་མགོ་གཙོ་ཞིག་ལ་མཚོན་ན་གྱེས་གཏམ་འདི་ནི་རང་སྲོག་དང་བརྗེ་མོ་བྱས་པའི་སྐད་ཆ་ཞིག་ཆགས་ཡོད་ལ། བོད་བཙན་པོའི་སྙིང་སྟོབས་མེ་རུ་འབར་བར་དངངས་སྐྲག་དང་ཁོང་ཁྲོས་སྐད་ངན་ཡང་ཤོར་ཡོད་པ་སྟེ། ཁོང་གིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ་ལ་དྲག་སྤྱོད་ལས་འགུལ་ཡིན་རབས་དང་། ༸གོང་ས་མཆོག་དང་བོད་དབུས་གཞུང་གིས་བརྒྱུད་བསྐུལ་བྱས་པར་བརྗོད་ཡོད། ཁོང་གི་གཏམ་བརྗོད་འདི་དང་གྱེས་གཏམ་གཉིས་ཞིབ་བསྡུར་གྱིས་ཤེས་པ་ནི་རང་ཉིད་མི་ནག་ཡིན་པའི་དངོས་ཡོད་སྦ་འདོད་ཡོད་པར་ཚོད་དཔག་ཐུབ་པ་ཞིག་ཡིན། ཕྱོགས་གཞན་ཞིག་ནས་བསམ་ན་ཁོང་ཡང་རྒྱ ་ནག་གི་ལོ་རྒྱུས་ཤེས་པའི་རྒྱ་མི་ཞིག་ཡིན་པའི་ངོས་ནས། སོག་མན་སྐབས་དང་རིག་གསར་བཅས་ཀྱི་རྒྱ་ནག་དམར་གསོད་དང་མཚུངས་པའི་བོད་མི་དམར་གསོད་ལ་སེམས་འཚེབ་དང་གནོང་འགྱོད་བྱེད་ཁུལ་བྱས་པར་བཤད་ཆོག དུས་རབས་ཉེར་གཅིག་པའི་ནང་དྲག་སྤྱོད་སྲིད་གཞུང་གིས་སྔོན་ཐོན་དང་ཡར་རྒྱས་ཀྱི་ཁ་གཡང་སྒྲོགས་ནས་མི་མང་ལ་ཡར་རྒྱས་ཀྱི་ལོངས་སྤྱོད་ཡོངས་སུ་བཀག་ཅིང་། སྒེར་གཅོད་རི ང་ལུགས་ཀྱི་རྫུན་དང་གཡོ་སྒྱུའི་འཁྲབ་སྟོན་ལ་མི་འདོད་བཞིན་དུ་ལྟ་དགོས་པར་བཙན་བསྐུལ་བྱེད་པ་དང་ཆབས་ཅིག་ཏུ། སྐུ་ཞབས་ཝུན་ལགས་ཀྱི་གྱེས་གཏམ་གྱིས་གསོན་ཤུགས་ཤོར་ཟིན་པའི་དྲག་སྤྱོད་སྲིད་གཞུང་གི་ནང་ཁྲོལ་ཕྱིར་མངོན་བྱས། ༡༩༤༩ ལོ་ནས་༡༩༨༠ བར་སྟེ་མི་ལོ་སུམ་བཅུའི་དཀའ་སྡུག་གི་དུས་ཚོད་དེ། རོ་བརྩིགས་ཁྲག་བཞུར་གྱི་དོན་རྐྱེན་བསླངས་པའི་དུས་རབས་དང་པོ་དང་། ༡༩༨༡ ལོ་ནས་ ༢༠༡༢ བར་སྟེ་མངོན་གསལ་མ་ཡིན་པའི་སྒོ་ནས་དམར་གསོད་དུས་རབས་གཉིས་པའི་སྐབས་སུ། གུང་ཁྲན་སྒེར་གཅོད་ལམ་ལུགས་བསྒྱུར་བཅོས་དགོས་པར་བཤད་པ་ནི་སྐུ་ཞབས་ཝུན་ཙམ་མ་ཡིན་ནའང་། ཝུན་གྱིས་དྲག་སྤྱོད་སྲིད་གཞུང་གི་ལས་དུས་རྫོགས་པ་དང་དུས་མཚུངས་སུ་དམར་ལུགས་པའི་ལྟ་བ་ལས་ཀྱང་ལོག་པར་མཚོན་ཐབས་བྱས་ཡོད། དེ་བས་ཀྱང་ཁོང་གིས་སྐྱོ་ཉམས་དོད་པས་དྲག་སྤྱོད་སྲིད་གཞུང་བསྒྱུར་བཅོས་དགོས་པའི་གྱེས་གཏམ་གྱིས་སྲིད་འཛིན་ཧོ་ཅིིན་ཐོ་ནི་གཏུམ་སྤྱོད་དང་དྲག་སྤྱོད་ལ་འབྱོངས་ཤིང་ཡ་ང་སྙིང་རྗེ་མེད་པར་རྒྱ་བོད་སོག་གུར་མི་མང་དམར་གསོད་བྱས་དང་བྱ་བར་ཅི་མི་སྙམ་པའི་“མ་ཧྥེ་ཡ་”དེ་ཡིན་པར་མཚོན་ཡོད་ལ། དུས་རབས་ཉེར་གཅིག་པའི་མའོ་དང་ཧེ་ཐི་ལེ། སི་ཏ་ལེན་བཅས་ཀྱི་ངོ་ཚབ་མཚོན་པར་བསྟན་ཏེ་རང་ཉིད་དྲག་སྤྱོད་ལམ་ལུགས་དང་ཁ་གྱེས་ཡོད།

༡༩༧༩ ལོ་སྟེ་འདི་ཙམ་ནས་གུང་ཁྲན་གྱི་སྲིད་ཇུས་ཅུང་ཙམ་གུ་ཡངས་པའི་རྣམ་པ་བསྟན་ནའང་སྨྲ་བརྗོད་རང་དབང་སོགས་འགྲོ་མིའི་གཞི་རྩའི་རང་དབང་སྤུ་ཙམ་མེད་པར་སྨྲ་མི་ཤེས་པའི་དུད་འགྲོ་དང་མཚུངས་པར་བསྡོད་དགོས་བྱུང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་བོད་མི་མང་གིས་གུང་ཁྲན་དམར་གཞུང་ལ་གཏན་དུ་ཡིད་ཆེས་མ་ནུས་པ་ཡིན་འདུག་ལ། དེ་བས་ཀྱང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཁྱད་ཆོས་ལྡན་པའི་བོད་རང་གི་འགྲོ་ལུགས་ལྟར་ཏེ། གཞུང་ས་དགའ་ལྡན་ཕོ་བྲང་བ་ཆེན་མོས་དབུ་ཁྲིད་པའི་རང་གཞུང་དབུ་ལྷན་བཙན་བྱོལ་དུ་གྱར་བ་སྟེ། རྒྱ་གར་རྡ་སར་གནས་འཆའ་བའི་བོད་གཞུང་ལ་རེ་བ་དང་ཡིད་ཆེས་སྔར་བཞིན་བརྟན་པོར་གྱུར་ཅིང་། སླར་ཡང་༸གོང་ས་སྐུ་འཁོར་གདན་འདྲེན་གྱིས་བོད་རང་དབང་ཆེད་བཙན་རྒོལ་གྱི་ལས་འགུལ་མཚམས་བཞག་མྱོང་མེད། ཕྱི་རྒོལ་དང་དམར་གསོད་ཀྱི་བྱུང་རབས་སྨྲ་བཟོད་བྲལ་བའི་དངོས་བྱུང་ལ་འཛམ་གླིང་མི་མང་ཧོན་ཐོར་ཏེ་རྟག་ཏུ་ཅི་ཕྱིར་ཞི་རྒོལ་ཙམ་བྱས་པར་དམར་གསོད་བྱ་དགོས་པ་རེད་ཅེས་དྲི་བ་འདྲི་དགོས་བྱུང་ཡོད། འོན་ཀྱང་བོད་ཙམ་དུ་མ་ཟད་ཀྱི་རྒྱ་ནག་མི་མང་ལའང་དེ་ལྟར་བྱས་ཡོད་དེ། དཔེར་ན། དྲུག་བཞིའི་བཙན་རྒོལ་ཆེན་མོ་ལྟ་བུས་མཚོན་ནུས་པ་ཞིག་རེད། སྐབས་དེར་སློབ་མ་རྣམས་ཀྱིས་ཞི་བའི་ངོ་རྒོལ་གནང་ནའ ང་དམར་གཞུང་དྲག་སྤྱོད་པས་ལྕགས་འཁྲབ་འཁོར་ལོ་དང་མེ་མདས་ཁྲག་དམར་གྱིས་ལམ་ཆེན་བཀབ་པ་བྱུང་ཡོད། མི་ལོ་ཉི་ཤུའི་རྗེས་སྟེ་ ༢༠༡༢ ལོར་སྐུ་ཞབས་ཝུན་ལགས་ཀྱིས་རང་གི་བྲང་ཁོག་ཏུ་ཡུན་རིང་སྦས་པའི་བསྒྱུར་བཅོས་གཏམ་བརྗོད་ཀྱིས་དྲུག་བཞིའི་དམར་གསོད་ཀྱིས་མཚོན་པའི་དྲག་སྤྱོད་ཀྱི་ཐལ་བར་བསྲེགས་པའི་མི་མང་གྲངས་མེད་ཀྱི་རྣམ་ཤེས་ལ་མཆོད་མེ་སྒྲོན་ཁུལ་བྱས་ཤིང་། དེ་སྔའི་མང་གཙོ་ལས་འགུལ་སྐབས་ཀྱི་དམར་གསོད་ཕྱིར་འཐེན་བྱས་པའི་སྐུ་ཞབས་ཀྲོའོ་ཙི་ཡང་ལ་དག་འབུལ་བྱས།

བསམ་མི་ཕོད་ཅིང་སྨྲ་མི་ནུས་པའི་དྲག་སྤྱོད་ཁོ་ནས་འཚོ་བའི་གུང་ཁྲན་ལ་ཅི་ཙམ་གྱིས་ཞི་བའི་ངོ་རྒོལ་བྱས་པ་ཡིན་ན། དེ་ཙམ་གྱིས་དྲག་སྤྱོད་པའི་མེ་མདའི་སོ་ཁ་ཐད་ཀར་གཏད་དེ་དམར་གསོད་བྱེད་རྐྱང་བྱས་པ་འདི་བསྒྱུར་བཅོས་མ་བྱས་ཕྱིན། ཁོག་ཏུ་མེ་འབར་ཡང་ཁར་དུ་བ་མ་ཐོན་ཞེས་པའི་དཔེ་ལྟར་རིག་གསར་དུས་རབས་ཀྱི་ངོ་བོ་དེ་དུས་རབས་ཉེར་གཅིག་པའི་ནང་དུ་ལྷགས་པ་དངོ ས་མཐོང་ལག་ཟིན་ཡིན་པས། དུས་རབས་ཉེར་གཅིག་པའི་ནང་དུའང་རང་གི་མི་མང་གསོད་རྡུང་གཅར་གསུམ་དང་བཙོན་མནར་དངངས་གསུམ་གྱིས་མི་ཚེ་བསྐྱལ་འཇུག་རྒྱུ་འདི་ངོ་ཚ་དགོས་པ་ཞིག་རེད། འོན་ཀྱང་གུང་ཁྲན་དམར་གཞུང་གིས་བསམ་ཤེས་དང་མཐུན་ལམ་སོགས་ཡ་རབས་ཀྱི་བྱ་སྤྱོད་ལྡན་པའི་སྒོ་ནས་དང་། ཡང་ན་ཁྲིམས་ལུགས་གཞིར་བཟུང་ཐོག་སྔར་ཡང་བོད་དོན་ཐད་ལས་དོན་སྒྲུབ་མྱོང་མེད་ལ། ད་ལྟ ་ཡང་དེ་བཞིན་དེ་བཞིན་དུ་འགྲོ་བཞིན་ཡོད་པར་མ་ཟད། བོད་ཀྱི་རིག་གཞུང་དང་ཆོས་ལུགས། སྲོལ་རྒྱུན། དད་མོས་བཅས་གཞི་རྩའི་འགྲོ་མིའི་ཐོབ་ཐང་ལ་བསམ་ཤེས་བྱེད་རྒྱུ་ལྟ་ཅི། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་ཁྱད་དག་ལ་ཁྱད་གསོད་དང་མཐོང་ཆུང་། དམའ་འབེབས་སོགས་སྔར་སོག་པོ་དང་མན་ཇུ། ཉིང་ཧོང་བཅས་ཀྱིས་རྒྱ་ནག་མི་མང་ལ་སྤྱད་པའི་ལོ་རྒྱུས་བཞིན་དུ་བྱས་པར་བརྟེན། བཙན་པོའི་བུ་རྒྱུད་དག་གིས་རང་གི་རིག་གཞུང་དང་ཆོས་ལུགས་ཀྱི་ནང་དོན་དང་འགལ་བར་མ་སོང་བའི་སྒོ་ནས་ཞི་རྒོལ་གྱི་མཐར་ཐུག་ཏུ་སོན་པའི་རང་སྲོག་མེ་རུ་སྒྲོན་པའི་ལས་འགུལ་གསར་བ་འདི་མི་རྩོམ་མཐུ་མེད་བྱུང་བ་རེད། ཞི་རྒོལ་གྱི་མར་མེ་ལ་དྲག་སྤྱོད་ཀྱི་མེ་མདའ་སྤྱད་པའི་བྱེད་བབ་འདིར་རྒྱ་བོད་མི་མང་ཙམ་དུ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་གུང་ཁྲན་དམར་གཞུང་ནི་དུས་ར བས་ཉེར་གཅིག་པའི་གོ་ལའི་སྟེང་གི་སྤྱང་ཀི་དང་སྣང་བ་མུན་པར་མཐོང་བའི་འུག་པ་ལྟ་བུར་མཐོང་གིན་ཡོད་པར་མ་ཟད། དྲག་སྤྱོད་སྲིད་གཞུང་ལ་འཇིགས་སྣང་གིས་ལྟ་སྟངས་ངན་པ་བྱུང་བའི་ཁར་བོད་སྐྱོབས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། ང་ཚོས་མཐོང་གསལ་ལྟར་དམར་གཞུང་གི་བྱེད་བབ་འདི་དག་ནི་དཀྱིལ་ཤར་ཨ་རབ་ཀྱི་སྒེར་གཅོད་པ་དག་དང་མཚུངས་པར་ངོས་འཛིན་གསལ་བོ་བྱུང་ཡོད། དེ་བས་ཀྱང་མི་ལོ་དྲུག་ཅུའི་ལོ་རབས་འདི་དག་གི་ཁྲག་བཞུར་རོ་བརྩིག་གི་དོན་རྐྱེན་རྣམས་གཞན་འགེབ་སྟེ། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྟེང་དུ་འགེབ་ཐབས་བྱས་དང་བྱེད་བཞིན་མཆིས་པར་བཙན་བྱོལ་བོད་གཞུང་གིས་རྒོལ་ལན་བརྣག་ཐོག་བཙག་འཁེལ་ལྟར་བཏབ་ཡོད། འོན་ཀྱང་དྲག་སྤྱོད་སྲིད་གཞུང་ནི་དུས་རབས་ཉེར་གཅིག་པའི་འུག་པ་དེ་ཡིན་པས་ན། འུག་པའི་མིག་ལ་མུན་པ་རན་པ་ལས་སྣང་བ་མཐོང་ནུས་ཀྱི་དབང་བོ་ག་ལ་ལྡན་དེ། ཝུན་ཇ་པའོས་བསྒྱུར་བཅོས་དགོས་པའི་གྱེས་གཏམ་བསྒྲགས་པས་མཚོན་ནུས་པ་ཡིན། རྒྱུ་མཚན་ནི་དྲག་སྤྱོད་པས་རང་དབང་གི་སྣང་བ་མཐོང་གི་ཡོད་ན་དྲག་སྤྱོད་སྲིད་གཞུང་བསྒྱུར་བཅོས་དགོས་པར་བརྗོད་འོས་པ་ཞིག་ག་ལ་ཡིན་ཏེ། གུང་ཁྲན་ཏང་མུ་མཐུད་བརྟན་དགོས་པའི་གྱེས་གཏམ་བརྗོད་ངེས་པས་སོ། དེས་ན་དུས་རབས་ཉེར་གཅིག་པའི་ནང་འདིར་ལོ་ངོ་དྲུག་ཅུ་ལྷག་གི་དྲག་སྤྱོད་ཀྱི་བབ་སྟངས་འགྲོ་ས་ཡེ་ནས་མེད་པར་ཕྱོགས་ཡོངས་ནས་ངོས་ཟིན་ཐོབ་པའི་གྱེས་གཏམ་ཞིག་ཏུ་བརྗོད་ཆོག་པ་ཡིན་ནོ།།

མདོར་ན། འུ་ཅག་གིས་ཤེས་གསལ་ལྟར་འུག་པའི་དབང་བོ་ཅན་གྱི་དམར་གཞུང་གིས་ནི་དཀར་སྣང་ཀུན་ཁྱབ་ཀྱི་འགྲོ་མིའི་རང་དབང་འདིས། སྲིད་དབང་སྒེར་སྤྱོད་པའི་དབང་ཚད་ལ་ཐད་ཀར་རྒོལ་རྡུང་གི་ནད་མ་ཆོག་ནས། དྲག་སྤྱོད་པས་བོད་དུ་དྲག་སྤྱོད་དང་གཏུམ་སྤྱོད། ཇག་སྤྱོད་བཅས་ཀྱི་སྒོ་ནས་དམར་གསོད་དང་འདེམས་ཀ་མེད་པའི་མེར་བསྲེགས་རིམ་བྱུང་གི་དོན་རྐྱེན་རྣམས་བོད་གཞུང་ལ་འགེལ་གྱི་ཡོད་པ་རེད། བོད་གཞུང་གིས་རླུང་འཕྲིན་དང་ཚགས་ཤོག་སོགས་ཀྱི་སྟེང་དུ་གསལ་གསལ་ཐིང་ཐིང་གི་དགག་ལན་གནང་གིན་འདུག་མོད་དེ། དོན་དངོས་ལ་བོད་གཞུང་ལ་མེར་བསྲེགས་དགོས་པ་སོགས་ཀྱི་བརྒྱུད་བསྐུལ་ལངས་ཕྱོགས་རྩ་བ་ནས་མེད་དེ། དེ་ལྟར་ཡོད་པ་ཡིན་ན་ལམ་དབུ་མའི་ལྟ་གྲུབ་རྒྱུན་བསྐྱོངས་གནང་དོན་མེད་ལ། བཙན་པོའི་སྙིང་སྟོབས་མངོན་པའི་མེ་དཔུང་གི་འབར་རྒྱུན་གཅོད་པའི་དབང་ཚད་ནི་དེ་བས་ཀྱང་ཡོད་པ་མ་ཡིན་ཏེི། བཙན་པོའི་སྙིང་སྟོབས་སླར་ཡང་འོད་དམར་དུ་འབར་བའི་མེ་ལྕེ་རེ་རེ་ནི། བོད་གངས་ཅན་གྱི་ཞི་བདེ་དང་རང་དབང་ཙམ་དུ་མ་ཟད་ཀྱི། གླིང་ཆེན་ཨེ་ཤ་ཡའི་རང་དབང་གི་ཉི་མ་འདྲེན་པའི་སྐྱེ་རངས་རེ་རེ་ཡིན་པས་སོ། མི་ལོ་བཅུ་ཙམ་གྱི་ཉམས་མྱོང་གི་སྟེང་ནས་སྐུ་ཞབས་ཝུན་ལགས་ཀྱིས་ཀྱང་བོད་ཀྱི་མེ་ལྩེ་འབར་ཐེངས་རེ་རེའི་ནུས་ཁྱད་དང་ཁྱབ་ཚད་རྟོགས་ཏེ། གུང་ཁྲན་དམར་གཞུང་བསྒྱུར་བཅོས་དགོས་པའི་མཐའ་མཇུག་གི་ཁ་འཆམ་འཇོག་དགོས་བྱུང་བ་རེད་ལ། དེ་ལྟའི་ཁ་འཆམ་གྱིས་ནི་དྲག་སྤྱོད་སྲིད་གཞུང་ཕྱིར་ར་ཤི་ཡའི་འཁྱགས་རོམ་གྱི་གཏིང་རིམ་ལ་སྦ་དགོས་པའི་སྔོན་བརྡ་བཏང་བ་ཞིག་ཡིན། བརྒྱ་གོ་གཅིག་ཆོད་ཀྱི་ཝུན་གྱི་གཏམ་བཤད་འདིས་ནི་ཀྲོའུ་བེ་ཆོན་གྱིས་གཙོས་ཡེ་རྡོར་སོགས་ནི་རང་སའི་མུན་ནག་གི་ཁོར་ཡུག་ནང་ཤིན་ཏུ་གསལ་བར་རློམ་པའི་འུག་ཚོགས་ཀྱི་འཁྱོག་བརྗོད་བསྒྲགས་བྱེད་ཀྱི་རླུང་ཡན་ཙམ་དུ་བསྟན་པ་ཞིག་རེད།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

༢༠༢༥/༠༧/༠༥
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༧/༠༥
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 1

  1. འཁྱམས་པོ། says:
    ལོ་ 13 སྔོན།

    དྲ་གྲོགས་ལགས། ཡག་པོ་འདུག ཁྱེད་ཀྱིས་་་་་་་་(་དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་བའི་འཇུག་ནས་ལྔ་བཅུ་ནང་སྟེ། ༡༩༥༩ ཙམ་ལ་དམར་གཞུང་གིས་ཡོངས་ཁྱབ་སྒོས་བོད་ཤར་ཕྱོགས་ནས་བཙན་གནོན་གྱི་མགོ་བརྩམས། ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་གནོན་བྱས་པའི་ལོ་འདི་ཚོའི་རིང་ལ། ) ཞེས་པའི་ལོ་ཚིགས་དེར་ཅུང་ཞིག་འཁྲིག་ཆ་ཡོད་པ་འདྲ་་་་་་་
    དངོས་གནས་བཤད་ན་ཝུན་གྱིས་དེ་ལྟར་ཐེར་འདོན་བྱས་པ་དེ་ཧ་ཅང་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese